མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུ་མོ་རྣམ་རྒྱལ་སྒྲོལ་དཀར་དང་རྒྱ་གར་མི་སེར་ལག་འཁྱེར།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྡེ་ར་རྡུན་བོད་མིའི་གཞིས་སྒར་བདེ་སྐྱིད་གླིང་གི་བུ་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་རྒྱ་གར་གཞུང་གི་རྩ་ཁྲིམས་ཀྱི་ནང་དོན་གཞིར་བཟུང་། ལྡི་ལི་གྲོང་ཁྱེར་རྒྱ་གར་ཡུལ་མིའི་ལག་འཁྱེར་ཐོ་འགོད་ལས་ཁུངས་(passport office)དང་། རིམ་གྱིས་རྒྱ་གར་ལྡི་ལི་མཐོ་རིམ་ཁྲིམས་ཁང་བཅས་ལ་ཞུ་གཏུག་བྱས་མཐར་རྒྱ་གར་མི་སེར་ལག་འཁྱེར་༼ Indian citizenship༽ཞེས་པ་དེ་རག་ཡོད་འདུག་ལ། དེ་ནི་རྒྱ་གར་ནང་ཡོད་པའི་བོད་པ་སྐྱབས་བཅོལ་བ་ཞིག་ལ་ཁྲིམས་ཐོག་ནས་རྒྱ་གར་མི་སེར་ལག་འཁྱེར་རག་པ་ཐེངས་དང་པོ་དེ་ཆགས་ཡོད་འདུག

བུ་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་ནི། ཕ་ལྷ་རྒྱལ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་དང་། མ་ལྷ་རྒྱལ་རི་ཕུན་ཚོགས་སྒྲོལ་དཀར་ལགས་གཉིས་ཀྱི་བུ་མོར་ཕྱི་ལོ་ ༡༩༨༦ ལོའི་ཟླ་ ༤ ཚེས་ ༡༣ ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་ཀཱང་ར་རྫོང་དུ་སྐྱེས་ཤིང་། རྗེས་སུ་རྡེ་ར་རྡུན་བདེ་སྐྱིད་གླིང་ལ་གཞིས་སྤོར་བྱས་ཡོད། རྣམ་རྒྱལ་སྒྲོལ་དཀར་གྱི་ཕ་ལགས་ནི་བོད་བཙན་པོའི་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པའི་གདུང་རྒྱུད་ཡིན་ཞིང་། ཕ་ལྷ་རྒྱལ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་མཆོག་འདས་གྲོངས་སུ་ཕྱིན་པའི་ལོ་རྗེས་མའི་ནང་། ཁོང་གི་སྲས་ལྷ་རྒྱལ་རི་ཁྲི་ཆེན་དབང་ཕྱུག་ལགས་ཕྱི་ལོ་ ༢༠༠༤ ཟླ་ ༦ པའི་ནང་༧གོང་ས་མཆོག་གིས་ཁྲི་འདོན་གནང་ཞིང་། རང་ལོ་ ༡༨ ཡིན་པའི་སྲས་ཁོང་ད་ལྟ་ཨ་རིའི་ཌེ་ལཱི་ཝར་ Delaware མངའ་སྡེའི་ནང་སློབ་གཉེར་བྱེད་བཞིན་ཡོད།

རྣམ་རྒྱལ་སྒྲོལ་དཀར་དང་ཁོང་གི་ཨ་མ་ལགས་ད་ལྟ་རྡེ་ར་རྡུན་བོད་མིའི་གཞིས་སྒར་དུ་སྐྱབས་བཅོལ་བ་སྤྱི་མཚུངས་ལྟར་འཚོ་བ་སྐྱེལ་བཞིན་ཡོད་ཅིང་། ཁོང་མོ་ད་ལྟ་རང་ལོ་ ༢༥ དང་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་ཐོན་རྗེས་ལྡི་ལི་མཐོ་སློབ་ཅིག་ཏུ་དབྱིན་ཇིའི་རྩོམ་རིག་ཐོག་རིག་གནས་རམས་འབྱམས་པ་ཐོན་ཞིང་། ད་ལྟ་རྡེ་ར་རྡུན་ངྒར་ཝལ་གཙུག་ལག་སློབ་གྲྭ་ Garhwal University རུ་དབྱིན་ཇིའི་རྩོམ་རིག་ཐོག་མཐོ་རིམ་རིག་གནས་རམས་འབྱམས་པའི་ལོ་རིམ་དང་པོའི་ནང་སློབ་སྦྱོང་གནང་མུས་རེད།

 

བོད་མི་སྐྱབས་བཅོལ་བ་ཚོར་ཁྲིམས་ཐོག་ནས་ངོས་འཛིན་ལག་འཁྱེར་ཡིག་ཆ་ཞིག་ཡོད་པ་ནི་སྐྱབས་བཅོལ་ལག་དེབ་ RC དང་དེ་བརྒྱུད་ཕྱི་བསྐྱོད་ལག་དེབ་སེར་པོ་ IC རག་གི་ཡོད་མོད། ལག་དེབ་དེ་དག་གི་སྟེང་ནས་ས་ཆ་ཉོ་དགོས་པ་དང་ཚོགས་པ་སྒྲིག་འཛུགས་ཀྱི་དེབ་སྐྱེལ་རིགས། མཐའ་ན་ཚོགས་པ་ཞིག་གི་སྒོ་བྱང་ཞིག་ཀྱང་ཁྲིམས་ཐོག་ནས་ལེན་ཐུབ་ཀྱི་མེད་པ་མ་ཟད། ལོ་ལྟར་སྐྱབས་བཅོལ་ལག་དེབ་འབྲེལ་ཡོད་རྒྱ་གར་ལས་ཁུངས་སུ་ཐོ་འགོད་བྱ་དགོས་པར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་པའི་གནས་སྟངས་སོགས་ལ་བརྟེན། ཁོ་མོས་རང་ཉིད་ལ་ཡོད་པའི་རྒྱ་གར་རྩ་ཁྲིམས་ནང་གི་ཐོབ་ཐང་རག་རྒྱུར་བརྩོན་ལེན་བྱ་རྒྱུའི་འདུན་པ་བྱུང་སྟེ། ཕྱི་ལོ་ ༢༠༠༨ ཟླ་ ༣ ནང་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ལྡི་ལི་གྲོང་ཁྱེར་ཡུལ་མིའི་ལག་འཁྱེར་ཐོ་འགོད་ལས་ཁུངས་སུ། རྒྱ་གར་ཡུལ་མིའི་ལག་འཁྱེར་ཞུ་བའི་སྙན་ཞུ་ཞིག་ཕུལ་ཡོད་ཀྱང་། མོའི་ཕ་མ་གཉིས་བོད་རིགས་ཡིན་པ་དང་སྐྱབས་བཅོལ་ཕྱི་བསྐྱོད་ལག་དེབ་སེར་པོ་ཡོད་པའི་རྒྱུ་མཚན་གྱིས་སྙན་ཞུ་དེ་རྩིས་མེད་བཏང་ཡོད་འདུག་ཅིང་། དེ་ནི་རྒྱལ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་བཀའ་ཡིན་ཚུལ་བརྗོད་ཡོད་སྟབས། རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་རྒྱ་གར་གྱི་རྩ་ཁྲིམས་ནང་། ཕྱི་ལོ་ ༡༩༥༠  ཟླ་ ༡ ཚེས་ ༢༦ ཉིན་ནས་ ༡༩༨༧ ཟླ་ ༦ ཚེས་ ༡ ཉིན་བར་རྒྱ་གར་ནང་སྐྱེས་མཁན་སུ་འདྲ་ཞིག་ཡིན་རུང་། རྒྱ་གར་མི་སེར་ལག་འཁྱེར་ཞུ་རྒྱུའི་ཐོབ་ཐང་ཡོད་པ་ཤེས་རྟོགས་ཡོད་སྟབས། ཁོང་མོས་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ལ་ཐད་ཀར་གཏུག་བཤེར་བྱས་འདུག བརྒྱུད་རིམ་དེའི་ཐད་རྣམ་རྒྱལ་སྒྲོལ་དཀར་གྱིས་གསུངས་དོན། ཐོག་མར་ངས་རྒྱ་གར་ཡུལ་མིའི་ལག་འཁྱེར་(Indian passport)ཆེད་སྙན་ཞུ་ཕུལ་བ་ཡིན་ཡང་། ཡུལ་མིའི་ཐོ་འགོད་ལས་ཁུངས་ཀྱིས་སྙན་ཞུ་དེ་རྩིས་མེད་བཏང་རྗེས། ངས་ལྡི་ལི་མཐོ་རིམ་ཁྲིམས་ཁང་ལ་རྒྱ་གར་མི་སེར་ལག་འཁྱེར་( Indian citizenship )བཟོ་དགོས་པའི་ཁྲིམས་གཏུག་བྱས་པ་ཡིན་ཟེར།

 

རྒྱ་གར་གཞུང་གི་རྩ་ཁྲིམས་ཀྱི་ནང་གསེས་༼ Citizenship(Amendment) Act 1986 ༽ ཞེས་པར། “ཕྱི་ལོ་ ༡༩༥༠  ཟླ་ ༡ ཚེས་ ༢༦ ཉིན་ནས་ ༡༩༨༧ ཟླ་ ༦ ཚེས་ ༡ བར་རྒྱ་གར་ནང་སྐྱེས་པའི་མི་སུ་ཞིག་ཡིན་རུང་སྐྱེ་ཁུངས་ཀྱི་ཆ་ནས་རྒྱ་གར་མི་སེར་ལག་འཁྱེར་ཞུ་ཆོག” ཅེས་བཀོད་ཡོད་སྟབས། རྣམ་རྒྱལ་སྒྲོལ་དཀར་གྱིས་རྒྱ་གར་གྱི་རྩ་ཁྲིམས་ལྟར་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་ལྕམ་རོ་ཛི་ནཱ་སིཝ་མཱེ་བརྒྱུད་ལྡི་ལི་མཐོ་རིམ་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་མཐར། ༢༠༡༠ ལོའི་ཟླ་ ༡༢ པའི་ཚེས་ ༢༢ ཉིན་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་ཁོ་མོར་ཁྲིམས་མཐུན་ཐོག་རྒྱ་གར་མི་སེར་ལག་འཁྱེར་སྤྲོད་རྒྱུའི་ཐག་གཅོད་བྱུང་ཡོད་པ་མ་ཟད། དེ་སྔོན་རྣམ་རྒྱལ་སྒྲོལ་དཀར་གྱིས་སྙན་ཞུ་ཕུལ་སྐབས་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་ཁོང་མོའི་སྙན་ཞུ་དེ་རྩིས་མེད་བཏང་བར་ཧིན་སྒོར་ ༥༠༠༠ གིས་གུན་གསབ་བྱ་རྒྱུ་དང་། མི་སེར་ཐོབ་ཐང་ལག་འཁྱེར་དེ་བདུན་ཕྲག་ ༨ ནང་ཚུན་དུ་སྤྲོད་རྒྱུ་ཐག་གཅོད་བྱས་ཡོད་འདུག

 

རྒྱ་གར་དབུས་གཞུང་གི་རྩ་ཁྲིམས་ Indian Constitution ཞེས་པའི་ཡིག་ཆ་ཨང ༥ ནས་ ༡༡ བར་གྱི་མི་སེར་ལག་འཁྱེར་ལེན་ཕྱོགས་སྐོར་གྱི་སྡེ་ཚན་གཉིས་པའི་ནང་འཁོད་མི་སེར་ཐོབ་ཐང་གི་ཚན་པ་དང་པོར། སྐྱེས་ཁུངས་མི་སེར་ཐོབ་ཐང་ནང་། “མི་སུ་ཞིག་ ༡༩༥༠ ལོའི་ཕྱི་ཟླ་ ༡ པའི་ཚེས་ ༢༦ ཉིན་ནམ། ཉིན་དེ་ནས་ ༡༩༨༧ ཟླ་ ༧ ཚེས་ ༡ ཉིན་བར་རྒྱ་གར་དུ་སྐྱེས་ཡོད་ཚེ། ཕྲུ་གུ་དེར་སྐྱེས་ཡུལ་གྱི་ཆ་ནས་རྒྱ་གར་མི་སེར་གྱི་ཐོབ་ཐབ་ལེན་ཆོག”  ཞེས་བཀོད་ཡོད་ཀྱང་། ཕྱི་ལོ་ ༡༩༨༦ ལོར་རྩ་ཁྲིམས་བསྐྱར་བཅོས་བྱས་ཏེ་འགྱུར་བ་ཕྲན་བུ་སོང་ཡོད། དེ་ནི་ ༡༩༨༤ ཡས་མས་ནས་སིང་གྷ་ལ་དང་བྷིང་ལཱ་ལྡེ་ཤུ་སོགས་སུ་ཆབ་སྲིད་ཀྱི་ཟིང་འཁྲུག་ཆེན་པོ་བྱུང་བའི་དབང་གིས་རྒྱལ་ཁབ་དེ་དག་གི་མི་སེར་ཕོན་ཆེན་རྒྱ་གར་ནང་ཉེན་གཡོལ་བྲོས་བྱོལ་དུ་འབྱོར་ཞིང་། རྒྱ་གར་གྱི་རྩ་ཁྲིམས་ལྟར་ན། ཕྱི་མི་དེ་དག་ལ་རྒྱ་གར་ནང་བྱིས་པ་སྐྱེས་རིགས་ཚང་མར་རྒྱ་གར་མི་སེར་ལག་འཁྱེར་སྤྲོད་དགོས་པ་ཆགས་སྟབས། ༡༩༨༦ ལོར་རྩ་ཁྲིམས་བསྐྱར་བཅོས་བརྒྱུད། ཕྱི་ལོ་ ༡༩༨༧ ཟླ་ ༦ ཚེས་ ༡ ཉིན་གྱི་ཕྱིས་སུ་རྒྱ་གར་ནང་སྐྱེས་པའི་ཕྲུ་གུ་རིགས་ཡིན་ཚེ། ཕ་མ་གཉིས་ལས་གང་རུང་ཞིག་ངེས་པར་དུ་རྒྱ་གར་མི་སེར་ཡིན་དགོས་པའི་ཆ་རྐྱེན་བཞག་ཡོད།

 

གནད་དོན་འདིའི་ཐད་ཕྱི་ཚེས་ ༧ ཉིན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད། བུ་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་རྒྱ་གར་མི་སེར་ལག་ཁྱེར་ཞུས་པའི་བརྒྱུད་རིམ་སྐོར་བཅར་འདྲི་ཞུས་སྐབས་ཁོང་མོས་ངོ་སྤྲོད་གནང་དོན། ༢༠༠༨ ལོའི་སྤྱི་ཟླ་ ༣ པའི་ནང་ང་རང་གིས་རྒྱ་གར་ཁོ་རང་ཚོའི་འགྲོ་སྟངས་ནང་བཞིན་ལྡི་ལི་ནས་རྒྱ་གར་ཡུལ་མིའི་ལག་འཁྱེར་ཞུ་བའི་ཡི་གེ་ཞིག་ཕུལ་བ་ཡིན། ཟླ་གཉིས་ཙམ་གྱི་རྗེས་ནས་ཁོ་ཚོས་ང་ལ་འབྲེལ་བ་གནང་སྐབས། ངའི་ཕ་མ་གཉིས་བོད་རིགས་ཡིན་པ་དང་ང་ལ་ IC ཡོད་པར་བརྟེན་རྒྱ་གར་ལག་འཁྱེར་རག་གི་མ་རེད། འདི་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་བཀའ་རེད་ཟེར། འོན་ཀྱང་ང་རང་གི་བསམ་པར། ཕ་མ་གཉིས་བོད་རིགས་ཡིན་མིན་དང་ང་ལ་ལག་དེབ་སེར་པོ་ཡོད་མེད་ལ་འབྲེལ་བ་མི་འདུག དེ་ནི་ཁོང་ཚོས་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་དྲང་པོ་མ་བྱས་པ་རེད་བསམ་སོང་། དེར་བརྟེན། ངས་ཨ་མ་ལགས་དང་གྲོས་བསྡུར་བྱས་ཏེ། ཁྲིམས་རྩོད་པར་བརྟེན་ནས་རྒྱ་གར་ལྡི་ལི་མཐོ་རིམ་ཁྲིམས་ཁང་ལ་རྒྱ་གར་རང་གི་རྩ་ཁྲིམས་གཞིར་བཟུང་ཁྲིམས་གཏུག་བྱས་པ་ཡིན། ཞེས་དང་།

 

ཡང་ཁོ་མོས། ཁྲིམས་ཁང་ལ་གཏུག་བཤེར་བྱས་སྐབས་ང་རང་རྒྱ་གར་ནང་སྐྱེས་པའི་བོད་རིགས་སྤྱི་མཚུངས་ལྟར་ཕ་མ་གཉིས་བོད་རིགས་ཡིན་པ་དང་། སྐྱབས་བཅོལ་ལག་དེབ་དང་ཕྱི་སྐྱོད་ལག་འཁྱེར་ཡོད་པ་ཁ་གསལ་བོ་བཟོས་པའི་ཐོག་ནས་རྒྱ་གར་གྱི་རྩ་ཁྲིམས་ནང་། མི་སུ་ཞིག་ཕྱི་ལོ་ ༡༩༥༠ ཟླ་ ༡ ཚེས་ ༢༦ ནས་ཕྱི་ལོ་ ༡༩༨༧ ཟླ་ ༧ ཚེས་ ༡ ཉིན་བར་རྒྱ་གར་ནང་སྐྱེས་མཁན་ཡིན་ཚེ། ཕྲུ་གུ་དེའི་ཕ་མ་མི་རིགས་གང་ཡིན་མིན་དང་། ལུང་པ་གང་ནས་ཡོང་མིན་ལ་ཁྱད་པར་མེད་པར་ཕྲུ་གུ་ཁོ་རང་སྐྱེས་ཡུལ་གྱི་ཆ་ནས་རྒྱ་གར་མི་སེར་གྱི་ཐོབ་ཐང་ལེན་ཆོག་གི་ཡོད་པ་གསལ་བོར་བཀོད་ཡོད་སྟབས། ངས་དེ་ལ་བརྩོན་ལེན་བྱེད་ཀྱི་ཡོད་ཅེས་བཤད་པ་ཡིན་ཟེར།

ཁོ་མོར་རྒྱ་གར་ཡུལ་མིའི་ལག་འཁྱེར་ཞུ་ཡིག་དེ་རྩིས་མེད་བཏང་ཡང་། ཁྱེད་ཀྱིས་སྔར་ལས་བློ་སྟོབས་ཆེར་སྐྱེད་ཀྱིས་ལྡི་ལི་མཐོ་རིམ་ཁྲིམས་ཁང་ལ་རྒྱ་གར་མི་སེར་ལག་འཁྱེར་ཞུ་རྒྱུའི་བསམ་བློ་ཇི་ལྟར་སྐྱེས་སོང་ངམ་ཞེས་དྲིས་པར་ཁོང་མོས། རྒྱ་གར་ཡུལ་མིའི་ལག་འཁྱེར་ལེན་ཆོག་པ་ངས་ཤེས་པའི་ཐོག་ནས་སྙན་ཞུ་ཕུལ་ཡང་། སྙན་ཞུ་རྩིས་མེད་བཏང་སྟེ་ང་ལ་ཁྲིམས་ལུགས་ལྟར་དྲང་པོ་བྱས་མ་སོང་། ངས་རྩ་ཁྲིམས་ནང་གི་ཐོབ་ཐང་གཞིར་བཟུང་མི་སེར་ལག་འཁྱེར་ཐོག་མུ་མཐུད་ཁྲིམས་གཏུག་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན། ཞེས་བརྗོད་བྱུང་།

    ཁྱེད་རང་དང་ཐོག་རྒྱ་གར་ཁྲིམས་ཁང་ལ་བཅར་ཏེ་རྩ་ཁྲིམས་ནང་གི་ཐོབ་ཐང་དེ་ཐོག་མར་གླེང་སྐབས། འབྲེལ་ཡོད་རྒྱ་གར་ཁྲིམས་ཁང་གིས་རྣམ་འགྱུར་གང་འདྲ་བསྟན་བྱུང་། ཁྲིམས་གཏུག་གི་བརྒྱུད་རིམ་ཁྲོད་དཀའ་ངལ་གང་དག་འཕྲད་སོང་ངམ་ཞེས་དྲིས་པར་ཁོང་མོས་ལན་འདེབས་གནང་དོན། ང་ཐེངས་དང་པོར་ཁྲིམས་ཁང་ལ་འགྲོ་དུས་ཁོང་ཚོས། ངའི་ཕྱི་བསྐྱོད་ལག་དེབ་སེར་པོའི་ནང་ང་བོད་རིགས་ཡིན་པའི་ཁས་ལེན་དང་མིང་རྟགས་བཀོད་ཡོད་པར་མ་ཟད། དེ་བཞིན་ལོ་ལྟར་སྐྱབས་བཅོལ་ལག་དེབ་སྟེང་ཐོ་འགོད་མཚན་རྟགས་ཞུ་མུས་ཡིན་པ་སོགས་ལ་བརྟེན་རྒྱ་གར་མི་སེར་ལག་འཁྱེར་ཞུ་རྒྱུའི་ཐོབ་ཐང་མེད་ཚུལ་ཤུགས་ཆེན་བཤད་ཀྱི་འདུག འོན་ཀྱང་ངས་ཁོ་ཚོར་ཕྱི་བསྐྱོད་ལག་འཁྱེར་སེར་པོའི་ནང་ང་བོད་རིགས་ཡིན་པར་བཀོད་ཡོད་པ་ལས། ང་བོད་ཀྱི་མི་སེར་ཡིན་པ་བཀོད་ཡོད་པ་མ་རེད་ལ། རྒྱ་གར་གཞུང་གིས་ཀྱང་ང་ཚོ་རྒྱལ་ཁབ་མེད་པར་( Stateless) ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ལོ་ལྟར་སྐྱབས་བཅོལ་ལག་དེབ་ཐོ་འགོད་མཚན་རྟགས་ཞུ་བར་འགྲོ་དགོས་པ་དེ་ང་ཚོར་གདམ་ཀ་ཡོད་པ་ཞིག་མིན་པ་སོགས་བཤད་པ་ཡིན། དཀའ་ངལ་ཤུགས་ཆེས་ཤོས་ཐོག་མ་ནས་འབྲེལ་ཡོད་ལས་ཁུངས་དང་ཁྲིམས་ཁང་སོགས་ལ་ཕྱིན་སྐབས། ང་ལ་ཉེས་ཅན་པར་འདྲི་གཅོད་བྱེད་སྟངས་ལྟ་བུ་བྱེད་ཀྱི་འདུག དེ་ནི་ཁོ་ཚོས་ངའི་སེམས་ཤུགས་གཅོག་རྒྱུ་དང་རེ་བ་མེད་པའི་སྣང་ཚུལ་ཞིག་བསྐྲུན་ཆེད་རེད་སྙམ་པའི་ཚོར་བ་བྱུང་སོང་།

 

ཡང་ཁོ་མོར་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་ཁྱེད་ལ་རྒྱ་གར་མི་སེར་ལག་འཁྱེར་སྤྲོད་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང་། ད་སྔ་ལག་ཏུ་རག་མེད་པ་མ་ཟད་བདུན་ཕྲག་ ༨ ཙམ་ལ་བསྒུག་དགོས་སྐོར་བརྗོད་ཡོད་སྟབས། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་གཏུག་བྱ་སྲིད་མིན་དྲིས་པར། གཅིག་བྱས་ན་དེ་འདྲ་ཡོང་སྲིད་པ་རེད། ངའི་གནད་དོན་འདི་དེ་ལྟར་ཐག་གཅོད་ལག་བསྟར་བྱས་པ་ཡིན་ན། རྗེས་ཕྱོགས་བོད་པ་མང་པོ་ཞིག་ལ་ཁྲིམས་ཐོག་ནས་རྒྱ་གར་མི་སེར་ལག་འཁྱེར་སྤྲོད་དགོས་ཆགས་ཡོད། དེ་ལས་སླ་བོར་འཇོག་གི་མ་རེད། གང་ལྟར་ཆེ་མཐོའི་ཁྲིམས་ཁང་ལ་གཏུག་བཤེར་བྱ་དགོས་ཀྱང་ང་ཚོས་ཁྲིམས་རྩོད་པ་གྲ་སྒྲིག་བྱས་ཡོད། ང་རང་གི་བསམ་པར་ཕལ་ཆེར་དེ་འདྲ་ཨེ་ཡོང་ན་དྲན་ཡོད། དེ་རིང་ཉིན་རྒྱབ་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་ཧིན་སྒོར་ ༥༠༠༠ གི་གུན་གསབ་དངུལ་འཛིན(cheque)དེ་ཡང་ང་ལ་འབྱོར་བྱུང་། ཞེས་བརྗོད་སོང་།

 

ཐེངས་འདིར་ཁྱེད་ལ་རྒྱ་གར་མི་སེར་ལག་ཁྱེར་རག་པ་དེ་འགའ་རེས་ཡག་པོ་འདུག་ཟེར་བ་དང་། ཡང་འགའ་རེས་བོད་པ་སྐྱབས་བཅོལ་བ་ཚོ་ཁ་འཐོར་དུ་མི་འགྲོ་ཆེད་གནས་ཡུལ་རྒྱལ་ཁབ་ཀྱི་མི་སེར་ལག་ཁྱེར་བླངས་ན་ཡག་པོ་མེད་སྐོར་ཡང་བཤད་མཁན་འདུག་སྟབས། འདིའི་ཐད་ཁྱེད་རང་ལ་བསམ་ཚུལ་གང་འདྲ་འདུག ང་རང་གིས་དང་ཐོག་རྒྱ་གར་མི་སེར་ལག་འཁྱེར་བཟོ་དགོས་པའི་དམིགས་ཡུལ་དེའང་བོད་པའི་རྩ་དོན་ཐད་ལས་དོན་བསྒྲུབ་རྒྱུར་འགོག་རྐྱེན་མི་ཡོང་བའི་ཆེད་དུ་ཡིན། མི་སེར་ལག་འཁྱེར་ཞུས་པའི་སྐབས་ཀྱང་ང་བོད་རིགས་ཡིན་པ་ཁ་གསལ་གཏིང་གསལ་བཟོས་ཡོད། བོད་པའི་ངོ་བོ་སྦས་ཐབས་གང་ཡང་བྱས་མེད། ལྷག་པར་དུ་ཕ་དམ་པ་ལགས་ཀྱིས་སྔོན་ཆད་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུའི་ཐུགས་རེ་བཅིངས་ཏེ། ཐེབས་རྩ་ཚོགས་པ་ཞིག་བཙུགས་ཤིང་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་པ་རེད། འོན་ཀྱང་ཡིག་ཆའི་དཀའ་ངལ་སོགས་རྒྱུ་རྐྱེན་གང་མང་ཞིག་གི་འོག ལས་དོན་དེ་འགྲུབ་ཡོད་པ་མ་རེད། ཕ་ལགས་ཀྱི་ཐུགས་རེ་དེ་མུ་མཐུད་བསྒྲུབ་ཐུབ་པ་བྱ་རྒྱུ་ནི་ངའི་ཕུགས་བསམ་ཡིན། སྐྱབས་བཅོལ་ལག་དེབ་ཅིག་ཉར་ཏེ་བོད་ཀྱི་རྩ་དོན་ལ་རྒྱང་ཐག་རིང་པོ་བྱས་ནས་སྡོད་རྒྱུ་ལས་དགོས་དབང་གིས་རྒྱལ་ཁབ་གཞན་ཞིག་གི་མི་སེར་ལག་འཁྱེར་བཟུང་སྟེ། བོད་ཀྱི་རྩ་དོན་ལ་ནུས་པ་ཞིག་འདོན་ཐུབ་ན་དེས་ཕན་ངེས་རེད། བོད་མིའི་ངོ་བོ་སྲུང་སྐྱོབ་ཐུབ་མིན་དེ་ལག་ཏུ་ཡིག་ཆ་གང་འདྲ་ཞིག་ཡོད་མེད་དེ་མ་རེད། གཙོ་བོ་བསམ་བློ་དང་ལག་ལེན་གྱི་བར་ན་ཡོད་པའི་རྩ་དོན་ཞིག་རེད། ཅེས་བརྗོད་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༩ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 32

  1. ཁམས་པའི་སྟག་སེང་ཁྱུང་འབྲུག says:
    ལོ་ 15 སྔོན།

    བུ་མོ་དེའི་བློ་སྤོབས་དང་འཇོན་ཐང་ལ་ང་ཚོ་ཧ་ལས་དགོས།

    Reply
  2. ཁང་མུན་གྲོལ། says:
    ལོ་ 15 སྔོན།

    སྤྱིར་བོད་མི་བཙན་བྱོལ་བ་ཚོས་རང་གི་གནས་བབ་བརྗེད་དེ་རྒྱ་གར་གྱི་མི་སེར་བཟོ་བཞིན་པ་འདིས་ནི། ཧ་ཅང་ཉེན་འཚབ་ཆེ་བ་ཞིག་ཡིན་སྲིད་ནའང་། ངའི་བསམ་པར་ད་ལྟའི་ང་ཚོའི་འཚོ་བའི་ཁ་སྟབས་ལ་གཞིགས་ན་དེ་ལྟར་བྱེད་འོས་པ་ཞིག་ཀྱང་རེད་དྲན་གྱིན་ཡོད། བུ་མོ་འདིས་རང་གི་རུས་རྒྱུད་བོད་ཀྱི་བཙན་པོ་ནས་ཆད་པ་མ་བརྗེད་པར། གནས་སྐབས་ཀྱི་ཁེ་ཕན་ཆེད་རྒྱ་གར་གྱི་མི་སེར་ལག་འཁྱེར་ལེན་པ་ནི། ཁཽ་བོར་མཚོན་ན་དེ་ཙམ་གྱིས་འཁང་ར་བྱེད་དགོས་པའི་གནས་ཤིག་ཏུ་མཐོང་མ་སོང་། འོན་ཀྱང་མི་ལ་ལས་འདི་ཕྱོགས་སུ་ངན་སྨྲས་སྣ་ཚོགས་བྱེད་བཞིན་པ་ནི། རང་གི་ཁ་ན་བའི་རྒྱུ་རུ་ཟད་དེ། དེ་དག་ལའང་རྒྱ་གར་ལག་འཁྱེར་ཁྲིམས་ཐོག་ནས་རིན་མེད་དུ་རག་ན་ལེན་རྐྱང་བྱེད་ཉེན་ཡོད་པས་སོ། །

    Reply
  3. ལུང་རྟོགས། says:
    ལོ་ 15 སྔོན།

    བུ་མོ་འདིས་རྒྱ་གར་མི་སེར་ལག་ཁྱེར་རགས་པར་དགའ་བསྲུ་མི་ཞུ་རུང་། བརྩན་པོའི་གདུང་རྒྱད་ཀྱི་བུ་མོ་འདིས་གཞན་གྱི་མནོན་ཤུགས་ལ་མགོ་བོ་མི་བསྒུར་བའི། བརྩན་པོ་སྙིང་སྟོབས་ཅན་ཚོའི་ཁྲག་རྒྱུན་ཅུང་ཞིག་ཁུར་ཡོད་པ་དེ་ལ་དངོས་གནས་ཡིད་སྨོན་འདྲ་ཞིག་ཤོར་སོང་།

    Reply
  4. ཁམས་པའི་ཕོ་རྒོད། says:
    ལོ་ 15 སྔོན།

    བུ་མོ་རྣམ་རྒྱལ་སྒྲོལ་དཀར་འདྲ་བོ་ལག་ཁྱེར་རག་པ་དེ་ང་ཚོ་བོད་པ་ཚངས་མ་ལ་རག་ན་གང་འདྲ་ཡག་པོ་འདུག་།

    Reply
  5. གཡུ་གྲའི་ཁ་བཏགས་དཀར་པོས། says:
    ལོ་ 15 སྔོན།

    ༄༅།།བོད་མི་བཙན་བྱོལ་བ་མང་པོ་རྩ་ཆུ་བཟང་སར་བུད་འགྲོ་བའི་དུས་སྐབས་འདིར་རྒྱ་གར་ནང་དུ་ལྷག་པའི་བོད་མི་ཚོར་རྒྱ་གར་ཡུལ་མི་སྤྱི་མཚུངས་ལྟར་ཐོབ་ཐང་ཆེད་ཁྲིམས་དང་མཐུན་པའི་སྒོ་ནས་མི་སེར་ལག་ཁྱེར་རག་པ་ལེགས་མོས་ཀྱང༌། ད་ལྟ་བར་རྒྱ་གར་ནང་བོད་མི་མང་ཆེ་བ་བཙན་བྱོལ་གྱི་ངོ་བོ་གཙང་མ་ཞིག་སླད་སྐྱབས་བཅོལ་ལག་ཁྱེར་གྱི་འགྲིགས་བསྡད་ཡོད།་ བོད་མི་ལས་སྣེ་རེ་འགས་གཞུང་དང་ཚོགས་པ་ཁག་གི་སྤྱི་དོན་དུ་ས་ཁང་འགྲོ་ལུགས་གཉེར་བར་སོགས་ལ་ཡུལ་མིའི་མི་སེར་ལག་ཁྱེར་བཟོས་དགོས་བྱུང་བར་དེས་ཕན་རླབས་ཆེན་པོ་ཐོན་ཡོད་ནའང། ཉེ་རབས་ནས་བོད་མིའི་བཟང་སྤྱོད་ཇེ་ཞན་རྐྱེན་པས་ཕྱི་རྒྱལ་དུ་བསྐྱོད་རྒྱུ་ཁོ་ནའི་བེད་སྤྱོད་སླད་རྒྱ་གར་མི་སེར་ལག་ཁྱེར་ཐབས་ཤེས་གང་ཡོང་གི་བཟོ་བཞིན་ཡོད། འོན་ཀྱང་བུ་མོ་ཁྱེད་རང་གིས་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་དང་། བོད་པའི་རྩ་དོན་སྒྲུབ་རྒྱུར་དགོས་དབང་གི་གསུང་པ་བཞིན་མིང་དོན་མཚུངས་པ་ཞིག་ཡོང་མིན་དེར་ལྟ་རྒྱུ་རེད་སྙམ།

    Reply
  6. དམ་ཆོས་རབ་འབྱོར། says:
    ལོ་ 15 སྔོན།

    བོད་པ་རྣམས་རྒྱ་གར་ཡུལ་མིའི་ཐོང་ཐང་ནང་འོས་ཤོག་མ་གཏོགས་ཆ་ཚང་ཡོད་པ་རེད།

    Reply
  7. ནད་པ says:
    ལོ་ 15 སྔོན།

    དྲ་གྲོགས་སྒྲོལ་མ་མེ་ཏོག་ལ་ཞུ་རྒྱུར། ༡༩༢༡ ལོར་རྒྱ་ནག་ཏུ་གུང་ཁྲན་རིང་ལུགས་གསར་འཛུགས་བྱས། ༡༩༤༩། ཟླ་༡༠། ཚེས་༡ ཉིན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་དམག་མི་དང་མི་སེར་འབུམ་ ༣ ཙམ་འདུ་འཛོམས་བྱས་ཏེ་མའོ་ཙེ་ཏུང་གིས་ད་ནས་བཟུང་རྒྱ་ནག་མི་དམངས་དུང་༥ ལྷག་ཙམ་ཡར་ལངས་ཟིན་པ་མ་ཟད་བོད་དང་ཐེ་ཝན་གཉིས་བཅིངས་གྲོལ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས།

    ༡༩༥༡ ནས་རྒྱ་དམག་བོད་དུ་དཔུང་བསྐྱོད་བྱས་ཏེ་མཐར་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་དབང་དུ་བསྡུས།

    ༡༩༥༩ ལོའི་ སྤྱི་ ༣ ཚེས་ ༡༧ གྱི་ལྷ་སའི་མཚན་མོའི་ཆུ་ཚོད་ ༡༠ ཐོག་༸ བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་དབུ་འཁྲིད་༸ གོང་ས་ཡིད་བཞིན་ནོར་བུ་རྒྱ་གར་དུ་གནས་སྐབས་སྐྱབས་བཅོལ་དུ་ཕེབས།

    ༡༩༦༦ ནས་༡༩༧༦ བར་མི་ལོ་ ༡༠ རིང་བོད་ནང་རི་གནས་གསར་བརྗེ་བྱས་ཏེ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག དགོན་སྡེ་བཅས་ ༦༠༠༠ ལྷག་ཙམ་གཏོར་བཤིག་བཏང་།

    བོད་མི་རྒྱལ་གཅེས་རིང་ལུགས་པ་དང་། བླ་ཆེན། གྲྭ་བཙུན། སྔགས་འཆང་། སྐུ་དྲག འབྱོར་ལྡན། ས་བདག འབྲོག་བདག ཞིང་བདག་སོགས་ཚང་མར་ལོག་སྤྱོད་པའི་མིང་བཏགས་ནས་སྤྱི་བསྒྱུར་བྱས་ཏེ་ཁྱོན་བོད་མི་འབུམ་གཅིག་ལྷག་ ༡༠༠༠༠༠། དམར་གསོད་དང་། མནར་གཅོད། བཙོན་བཅུག ངལ་རྩོལ། བཀྲེས་ལྟོག་སོགས་ཀྱིས་ཚེ་སྲོག་འཕྲོག

    རྒྱ་གར་དུ་༸ གོང་ས་མཆོག་གིས་སྐྱབས་བཅོལ་དུ་བོད་གཞུང་གསར་འཛུགས་དང་། གཞིས་ཆགས། སློབ་གྲྭ དགོན་སྡེ་སོགས་དཀའ་ཚེགས་ཆེན་པོའི་ངང་རྒྱ་གར་ཡུལ་མི་ལས་ལོགསུ་སུ་དགར་ཏེ། གསར་འཛུགས་བཀའ་དྲིན་བསམ་ལས་འདས་པ་བསྐྱངས།

    ༡༩༨༧ ལོར་ བོད་དུ་གཞི་ལུས་བོད་མིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་རྒྱ་ནག་གིས་དྲག་གནོན་ཚད་ལས་འདས་པ་བྱས་ཏེ་དམར་གསོད་དང་། བཙོན་བཅུག སྡུག་སྦྱོང་སོགས་ཡ་ང་བའི་དམྱལ་བ་མི་ཡུལ་དུ་མྱངས་པ་ལྟར་གྱུར།

    ༢༠༠༨ ལོར་སླར་ཡང་བོད་ཆོལ་ཁ་གསུམ་གྱི་གཞི་ལུས་རྒྱ་ཆེའི་མི་དམངས་ཀྱིས་རྒྱ་ནག་དམར་པོའི་གཞུང་གི་དམག་མི་དང་མེ་མདའི་དྲག་གནོན་འོག་རང་ཀྱི་གཅེས་པའི་ཚེ་སྲོག་དང་། ནང་མི། བུ་ཕྲུག ཁྱིམ་ཚང་།མི་ཚེའི་མདུན་ལམ་སོགས་བློས་བཏང་བྱས་ཏེ་ཞི་རྒོལ་སྐད་འབོད་བྱས་ཏེ། རྒྱ་གར་དུ་ཡོད་པའི་༸ གོང་ས་མཆོག་དང་། བོད་གཞུང་། ཕྱི་ཕྱོགས་སུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོར་རེ་བའི་མིག་འབུར་བལྟ་ཞིང་བློས་གཏོང་ཚད་ལས་པ་བྱས་དང་བྱེད་བཞིན་ཡོད།

    ༡༩༥༩ ལོར་ནས་ ༢༠༡༡ ལོ་བར་ཁྱོན་མི་ལོ་ཧྲིལ་པོ་ ༥༠ ལྷག་གི་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸ གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་བླ་ན་མེད་པའི་མཛད་འཕྲིན་དང་གཞལ་བར་དཀའ་བའི་ཐུགས་རྗེའི་བཀའ་དྲིན་ལ་བསམ་གཞིགས་དང་། བཙན་བྱོལ་བོད་གཞུང་གི་ལམ་སྟོན། གཞི་ལུས་བོད་འབངས་ཀྱི་རེ་བ། བོད་མི་རིགས་ཀྱི་ལ་རྒྱ། བོད་མིའི་ལས་དབང་བཅས་ལ་སྐྱབས་བཅོལ་བོད་མི་སུ་ཞིག་ཡིན་ཀྱང་ངེས་པར་བསྲུང་བརྩི་ཞུ་དགོས།

    གང་ཡིན་ཟེར་ན ༸ གོང་ས་མཆོག་བླ་ན་མེད་པའི་བོད་ཀྱི་དབུ་འཁྲིད་གཅིག་དང་། བཙན་བྱོལ་བོད་གཞུང་། བོད་རིགས་ནང་པ་ཞིག སྐྱེ་བ་སྔ་ཕྱི། ལས་རྒྱུ་འབྲས། རང་ཉིད་ཤ་ཁྲག་རུས་གསུམ་གཅིག་ལས་མཆེད་པའི་བོད་རིགས་གཅིག་ཡིན་པ་ཁས་ལེན་བྱས་ཕྱིན་ངེས་པར་དུའང་གོང་གསལ་གྱི་གནད་དོན་སྤྱི་དང་སྒོས་སུ་བོད་ཀྱི་རྩ་དོན་ཐོག་ལ་བློ་གགཅིག་སེམས་གཅིག་བྱེད་དགོས།

    ཅིའི་ཕྱིར་ཞེ་ན། སྐྱིད་ལ་མོའི་ཁ་ལ་མཉམ་སྐྱིད་དང་། སྡུག་སྔོན་པོའི་ཆུ་ལ་མཉམ་སྡུག ཅེས་པ་ལྟར་ལས་རང་ཉིད་རྒྱ་གར་ནང་སྐྱབས་བཅོལ་བ་ཡིན་པས་ཁེ་ཕན་མི་འདུག་ཟེར་ནས་ས་ཆ་ཉོ་རྒྱུ་དང་། ཁང་པ་རྒྱག་རྒྱུ། འཚོ་བ་སྐྱིད་པོ་སྐྱལ་རྒྱུ་བཅས་བྱུང་ན་བོད་རྒྱལ་ཁབ་དང་བོད་མི་རིགས་ཤི་ནའང་ཆོག་ཟེར་ན་ག་ལ་འགྲིག

    ད་དུང་རང་ཉིད་རྒྱ་གར་ནང་འཚོ་དགོས་སྟབས་བོད་སྐད་བརྒྱབ་པ་ལས་རྒྱ་གར་གྱིས་སྐད་བརྒྱབ་ན་ཞེ་དྲག་ཁེ་ཕན་ཆེ་བ་འདུག་ཟེར་ན་ག་ལ་འགྲིག

    རང་ཉིད་རྒྱ་གར་རང་དབང་ལྡན་པའི་ལུང་པའི་གནས་སྡོད་བྱེད་བཞིན་ཡོད་སྟབས་ཚ་བ་ཆེན་པོ་འདུག་ཟེར་ནས་བོད་པའི་ཆས་གོས་ཕུད་ནས་རྒྱ་གར་བའི་བརླ་དང་ནུ་ཤ་མཐོང་བའི་གོས་གྱོན་ན་ག་ལ་འགྲིག

    ང་ཚོ་ཕྱི་རྒྱལ་དུ་འཚོ་བ་སྐྱེལ་བཞིན་ཡོད་སྟབས་ཕྱི་རྒྱལ་གྱི་ཡི་གེ་སྦྱོང་དགོས་པ་ལས་བོད་ཀྱི་ཡི་གེ་སྦྱོང་ན་བེད་སྤྱོད་མི་འདུག་ཟེར་ནས་རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་མ་སྦྱང་ན་འགྲིག་གམ།

    ད་དུང་ང་ཚོ་ཕྱི་རྒྱལ་དུ་རང་དབང་དང་དམངས་གཙོ་ཡིན་ཟེར་ནས་ཡིད་ལ་གང་དྲན་བྱས་ན་ཉིད་གཅིག་རང་དབང་ཡིན་ཟེར་དེ་ལུས་དམར་ཧྲེང་མར་འགྲོ་གི་ཡིན་ཟེར་ནས་འགྲོ་ན་འགྲིག་གམ།

    དྲ་གྲོགས་སྒྲོལ་མ་མེ་ཏོག་ཁྱོད་ཀྱིས་གོང་གསལ་གནད་དོན་དེ་ཚོར་བསམ་གཞིགས་རྣལ་མ་གཅིག་བྱོས་ཡ།

    Reply
  8. བོད་ཀྱི་བུ་རྒོད་པོ། says:
    ལོ་ 15 སྔོན།

    ང་ཚོ་བོད་མི་ཞིག་གིས་ངོས་ནས་རྒྱལ་ཁབ་གཞན་གྱི་མི་སེར་བཟོས་པ་དེ་ཡག་སྡུག་ཇི་ཡིན་ཚད་འཛིན་ས་གཙོ་བོ་ནི།་བོད་ཀྱི་ཡུལ་མིའི་ངོ་བོ་མ་དོར་བའི་ཐོག་ནས་རྒྱལ་ཁབ་གཞན་གྱི་མི་སེར་བཟོས་ཏེ།་དེ་ཉིད་བོད་ཀྱི་རྩ་དོན་ཆེད་བེད་སྤྱོད་བཏང་ན་དེ་ནི་དགེ་མཚན་ལས་སྐྱོན་ཆ་མ་མཐོང་ཞིང།་དེ་རིང་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ཀྱང་དེ་བཞིན་གནང་ཡོད་ན་དེ་ནི་འཇོན་ཐང་དང་ལེགས་ཆ་ཡིན་ཞིང།་མོ་རང་གིས་ཀྱང་དམིགས་ཡུལ་དེ་བོད་ཀྱི་དོན་དུ་ཡབ་དམ་པའི་ཞལ་ཆེམས་འགྲུབ་ཆེད་ཡིན་པ་གླེང་འདུག་པས།་དེ་བཞིན་ཡིན་པའི་རེ་བ་ཡོད།
    ་་་དེ་མིན་བོད་ཀྱི་ཡུལ་མིའི་ཆ་རྐྱེན་དོར་བའི་ཐོག་ནས་རྒྱལ་ཁབ་གཞན་གྱི་མི་སེར་བཟོས་ན།་དེ་ནི་ལོ་རྒྱུས་ཀྱི་ནག་ཉེས་ཤིག་ལོས་ཡིན།

    Reply
  9. སྤེན་རྡོར། says:
    ལོ་ 15 སྔོན།

    good news གསར་འགྱུར་ཡིག་པོ་སྤེལ་འདུག གསར་འགོད་པ་བན་ཏེ་སྐྱབས་ཟེར་བ་འདིའི་མཚམས་རེེར་གསར་འགྱུར་ཡག་པོ་དང་ཚིག་སྡོམ་བདེ་བོ་བཏང་ཡོང་གི་འདུག རྒྱལ་སྤྱིའི་གསར་འགྱུར་རེ་ཟུང་འབྲི་སྟངས་ཆོལ་མེད་པ་ཡང་བཏང་ཡོང་གི་འདུག ད་བཤད་ཤཻས་མ་སོང་། གང་ལྟར། ཐེངས་འདིའི་གསར་འགྱུར་འདི་གནད་དོན་ལ་ཞིབ་འཇུག་ཡག་པོ་བྱས་འདུག རྒྱལ་སྤྱི་གསར་འགྱུར་ཚོ་ཡང་འདི་དང་འདྲ་བར་ཏན་ཏན་ཏིག་ཏིག་དང་། ཞིབ་འཇིག་གནད་དུ་འབབ་པའི་ཐོག་ནས་སྤེལ་རྒྱུར་རེ་སྐུལ་ཞུ་བཞིན་ཡོད། ཨོ་་་་་་་་་་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་རིགས་གང་མང་མང་སྤེལ་རྒྱུ་གལ་ཆནེ་རེད་ཟེར་གྱི་ཡོད།

    Reply
  10. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ད་ཡག་པོ་བྱུང་སོང་། གང་ལགས་ཤེ་ན། ང་ཚོ་བོད་ཀྱི་རྒྱལ་བརྒྱུད་ཀྱིས་རྒྱ་གར་གྱི་ལག་འཁྱེར་བཞེས་ཚར་བའི་རྗེས་ལ། དེའི་མངའ་འབངས་རྣམས་རང་བཞིན་གྱི་རྒྱལ་ཁབ་སུ་འདྲ་ཞིག་གི་ཐོབ་ཐང་ལེན་པར་དཀའ་ངལ་མི་ཡོང་། དཔེར་གོང་རིམ་ལ་གཟིགས། ཧ་ཧ་རྩེད་མོ་ཡིན།

    Reply
  11. སྒྲོལ་མ་མེ་ཏོག says:
    ལོ་ 15 སྔོན།

    ནད་པ་འདི་དངོས་གནས་ནད་གཞི་ལྗིད་པོ་ཡོད་པ་ཞིག་ཡིན་ས་རེད། སྐད་ཆ་གང་བྱུང་མང་བྱུང་ཤོད་ཀྱི་འདུག རིག་པ་དྭངས་གསལ་མེད་པ་འདྲ། རྒྱ་གར་གྱི་མི་སེར་བཟོས་ན་བོད་ཀྱི་མི་སེར་མ་ཡིན་པའི་ཁྱབ་པ་ག་ལ་ཡོད། རྒྱ་གར་གྱི་རྩ་ཁྲིམས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སོགས་གང་ན་བཀོད་འདུག་གམ།
    རྒྱ་གར་གྱི་མི་སེར་ལག་འཁྱེར་བླངས་ན་བོད་མི་རིགས་ཀྱི་ལ་རྒྱ་དོར་སྟངས་གང་འདྲ་རེད།
    བོད་པ་ཟེར་བ་དེ་ཤོག་བུ་ཞིག་གིས་ངོས་འཛིན་དགོས་རེད་དམ། རྒྱལ་ཁབ་གཅིག་གམ། གཉིས་སམ། ཇི་ཙམ་གྱི་མི་སེར་ལག་འཁྱེར་བླངས་ནའང་བོད་པ་ནི་བོད་པ་རང་རེད། དེ་ལས་གཞན་གང་དུ་འགྱུར།
    དཔེར་ན་བོད་ནང་གི་བོད་མི་ཚོར་རྒྱ་གཞུང་གིས་Shenfenzheng ཞེས་པའི་རྒྱའི་མི་སེར་ལག་འཁྱེར་སྤྲོད་ཀྱི་ཡོད། ད་འོ་ན་གཞིས་ལུས་བོད་མི་འདི་དག་གིས་ལ་རྒྱ་བོར་སོང་བ་རེད་དམ། མི་རིགས་ཀྱི་ལ་རྒྱ་ནི་འདུ་ཤེས་འཛིན་སྟངས་ཤིག་རེད། མི་སེར་ལག་འཁྱེར་ནི་ཁྲིམས་ལུགས་དང་ཆབ་སྲིད་ཀྱིས་ངོས་འཛིན་སྟངས་ཤིག་རེད། འདི་གཉིས་ཀྱི་ཁྱད་པར་ཙམ་ཡང་མ་ཤེས་ན། མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ཀྱི་ཞེན་ཁོག་ཟེར་བ་འདི་ཚོ་ཨུ་ཚུགས་ཀྱི་སྐད་ཆ་ཙམ་མ་རེད་དམ།
    ང་ཚོ་བོད་པ་ཚོར་ཁྲིམས་ལུགས་ཀྱི་གོམས་གཤིས་ཞན་པས་ཆབ་སྲིད་རང་བཞིན་གྱི་རྣམ་པ་གསར་པ་འདི་ཚོར་དང་ལེན་བྱེད་ཁག་པ་ལ་ཨང་། ཆོས་རྒྱལ་མེས་དབོན་རྣམ་གསུམ་ལོ་ངོ་སྟོང་གི་སྔ་རོལ་ན་བྱོན་པ་སྟབས་ལེགས་འདུག གཞན་མི་འདི་ཚོས་ཞེན་ཁོག་རྫུས་མ་ཞིག་གི་མིང་འཁུར་ནས་འགྲོ་སྟངས་ཤོར་བཅུག་ངེས་འདུག

    Reply
  12. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ད་ལྟའི་དུས་ཚོད་འདིར་ང་ཚོས་རྩོད་བཞིན་པ་ནི་སོ་སོའི་མི་རིགས་ཀྱི་ཐོབ་ཐང་དང་། སོ་སོའི་རྒྱལ་ཁབ་དགྲ་ལག་ནས་ཚུར་ལེན་རྒྱུ་དེ་རེད་མ་གཏོགས་རྒྱལ་ཁབ་ག་གེ་མོ་ཞིག་གི་མི་སེར་ཆགས་མི་ཆགས་ཀྱི་གནད་དོན་མ་རེད། ཡང་གཅིག་བཤད་ན། བོད་གཞིས་ལུས་རྒྱ་ཆེའི་མི་མང་ཚང་མ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་མ་ཡིན་ནམ། དེས་ང་ཚོར་ཕན་ཡོད་དམ་གནོད་ཡོད། ཐུགས་བསམ་བཞེས་རོསག་གནང།
    དྲྭ་གྲོགས་ཚོ། ང་ཚོས་རྩ་དོན་གྱི་གནད་ལ་བཀར་ནས་གྲོས་མོལ་བྱེད་ན་མི་ལེགས་སམ།

    Reply
  13. ལྷག་པ་ཚེ་རིང་། says:
    ལོ་ 15 སྔོན།

    གསར་འགྱུར་འདི་བཟོ་སྟངས་དང་དབྱེ་ཞིབ་བྱེད་སྟངས་། ནང་དོན་བསྡུ་སྟངས་སོགས་ཕྱོགས་མང་པོ་ཞིག་ལ་ཧ་ཅང་ཡག་པོ་འདུག་པར་མཐོང་སོང་ལ། ལྷག་པར་དུ་རྒྱ་གར་གྱི་རྩ་ཁྲིམས་ལས་གལ་གནད་ཆེ་བའི་འབྲུ་དོན་འགའ་ལུང་འདྲེན་བྱས་ཡོད་པ་དེས་ཡིད་ཆེས་ཕེར་བ་ཞིག་དང་། མི་སུ་ཞིག་ཡིན་རུང་རྩ་འཛིན་བྱེད་ཆོག་པ་ཞིག་རེད། གསར་འགོད་པར་ཐུགས་རྗེ་ཆེ། དེ་གཅིག་ཡིན།
    གཉིས་པ། བུ་མོ་རྣམ་རྒྱལ་སྒྲོལ་དཀར་ལ་རྒྱ་གར་མི་སེར་ལག་འཁྱེར་ཐོབ་པ་དེ་ཡག་པོ་རེད་བསམ་ཡོད། གང་ཡིན་ཟེར་ན། རྒྱ་བལ་འབྲུག་གསུམ་གྱི་བོད་མི་ཚོས་གལ་གནད་ཆེ་བའི་ལས་ཀ་མང་པོ་ཞིག་བྱ་ཐུབ་ཀྱི་མེད། དེ་ལག་འཁྱེར་གྱི་ཐོག་ན་འགག་བསྡད་ཡོད། ཞབས་ཞུའི་ལས་ཀའི་ཐད་ནས་གནམ་གྲུའི་ནང་གི་ཞབས་ཞུ་བ་དང་། རྒྱལ་སྲུང་དམག་མིའི་ཞབས་ཞུ། དེ་བཞིན་གཞུང་གི་སྲིད་དོན་རིགས་མང་པོ་ཞིག་ཏུ་བོད་པ་ཚོར་འགྲོ་ས་མེད། དེ་ནས་བོད་པ་མི་སྒེར་ངོས་ནས་ཀྱང་། ཚོང་ལས་རིགས་ཁག་ཅིག་དང་། ས་ཆ་དང་གཞིས་ཁ་ཉོ་ཚོང་། ལས་ཁུངས་དང་ཚོགས་པ་དེབ་སྐྱེལ་སོགས་ཀྱང་བོད་པ་སྐྱབས་བཅོལ་བའི་མིང་ཐོག་ནས་ཡོང་ཐུབ་མེད་སྟབས། ད་བར་བོད་མི་ཚོས་ལས་དོན་འདི་རིགས་གཞན་ལ་བརྟེན་བསྡད་ཡོད་ལ། དྲང་མོར་བཤད་ན་ལས་ཀ་འདི་རིགས་ཁྲིམས་འགལ་ཐོག་བྱེད་ཀྱོ་ཡོད་ཟེར་ནའང་འགྲིག་པ་ཞིག་ཆགས་ཡོད་པས། ཐེངས་འདིར་བོད་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་རྒྱ་གར་མི་སེར་ལག་ཁྱེར་རེག་པ་དེ་ཡག་པོ་རེད་ལ། ད་དུང་མོ་རང་ལྟར་བོད་པ་སྐྱབས་བཅོལ་བ་ཚོས་ཁྲིམས་ཐོག་ནས་རྒྱ་གར་མི་སེར་ལག་འཁྱེར་གང་མང་མང་ཞིག་ལེན་ཐུབ་ན་ཡག་གི་རེད་དྲན་ཡོད།

    Reply
  14. རྨེ་སྨྱོན། says:
    ལོ་ 15 སྔོན།

    མང་པོ་ཞིག་བུ་མོ་རྣམ་རྒྱལ་སྒྲོལ་མ་ལགས་སྙད་བཀོས་འདུག ལག་དེབ་ཉོས་ནས་རྒྱ་གར་མི་ཁུངས་རྫུན་བཟོ་བྱས་ལས་ཀྱང་ཐོབ་ཐང་གི་ཐོག་ནས་མི་ཁུངས་རག་པ་དེ་དགའ་འོས་པའི་གནས་རེད། གལ་ལྟེ་བོད་དོན་ལ་བསམ་ན་བོད་མི་ཚང་མས་རྒྱལ་ཁབ་གཞན་དག་གི་ལགས་དེབ་ཀྱང་མ་བཟོས་ལེགས། ཕྱི་རྒྱལ་གྱི་མི་ཁུངས་བཟོས་ན་འཇོན་འདུག་ཟེར་བ་དང་རྒྱ་གར་གྱི་མི་ཁུངས་ཆགས་ན་མི་འགྲིག་པའི་རྒྱུ་མཚན་གང་ཡོད། དེ་ཚོ་ཚང་མ་བརྙེས་བཅོས་ཀྱི་སྐད་ཆ་རེད།

    Reply
  15. སྒྲོལ་མ་མེ་ཏོག says:
    ལོ་ 15 སྔོན།

    ཡག་པོ་འདུག ལག་པར་RCཙམ་ཡང་མེད་མཁན་མི་ཁ་ཅིག་གིས་རྣམ་སྒྲོལ་གྱིས་རྒྱ་གར་མི་སེར་ཐོབ་ཐང་བླངས་པར་མ་དགའ་བའི་རྣམ་པ་སྟོན་པ་ནི་ཕྲག་དོག་ཙམ་རེད།
    གཞོན་སྐྱེས་ཚོས་བཙན་བྱོལ་བྱ་ཡུལ་གྱི་རྒྱལ་ཁབ་གང་དེའི་ཡུལ་མིའི་ཐོབ་ཐང་བླངས་ནས་ཆབ་སྲིད་སོགས་ཀྱི་སྡིངས་ཆར་སླེབས་ཐབ་བྱ་དགོས་ཞེས་བཀའ་ཁྲི་མཆོག་ནས་བཀའ་སློབ་རིམ་པར་གནང་ཡོད་པ་རེད། འོན་ཀྱང་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་ཡུལ་མིའི་ཁེ་དབང་ཐོབ་པ་ནི་རྣམ་སྒྲོལ་ཁོ་ན་ཙམ་རེད།
    འགའ་ཤས་ལ་passportལག་དེབ་ཙམ་ཡོད་མོད་དེ་དག་ནི་ཁྲིམས་མཐུན་མིན་པ་ཀུན་གྱི་ཤེས་གསལ་ཡིན། ལར་ནས་རྣམ་སྒྲོལ་ལ་ཐོབ་པ་ནི་Citizenshipཡུལ་མིའི་ཐོབ་ཐང་ཡིན་པས་ Bhutia ཞེས་པ་སོགས་དང་བསྡུར་ས་མེད། གཞན་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བཙན་བྱོལ་དུ་གནས་ཡུལ་རྒྱལ་ཁབ་དེའི་ཡུལ་མིའི་ཐོབ་ཐང་བླངས་ཆོག་པའི་ཐོབ་ཐང་སྤྲད་ཡོད་པས། རྣམ་སྒྲོལ་གྱི་གནད་དོན་འདི་བོད་དོན་དང་འབྲེལ་བ་ཡོད་མེད་གང་ལྟར་རུང་། ཁྲིམས་ལུགས་ཀྱི་གོམས་གཤིས་མེད་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་འདི་ནི་རྣམ་པ་གསར་རྐྱང་ཞིག་རེད། ཁྲོམ་ལམ་གྱི་སྐད་ཆ་བཤད་སྟངས་བྱས་ན་ད་ཐེངས་”རྣམ་སྒྲོལ་གྱིས་ཟིང་བླངས་འདུག”

    Reply
  16. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ཐོབ་ཐང་ཡོད་པ་ཙམ་གྱི་ཧ་ལས་རྒྱུ་ཅི་ཡོད། གཙོ་བོ་དགོས་པ་རྒྱུ་མཚན་ལ་གཟིགས་རྒྱུ་གལ་ཆེན་པོ་རེད།

    Reply
  17. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    གནས་ཚུལ་དེ་དངོས་གནས་བསམ་བློ་གཏང་དགོས་པ་ཞིག་འདུག ང་ཚོ་བོད་པ་མང་ཆེ་བས་རྒྱ་གར་དང་ཕྱི་རྒྱལ་ཡུལ་མིའི་ལག་ཁྱེར་རག་ཐབས་ལ་མི་དང་རྒྱུ་དངོས་མང་པོ་ཞིག་གཏང་བཞིན་ཡོད་ཀྱང་ལག་ཁྱེར་དངོས་གནས་དེ་རགས་ཀྱི་མེད་ལ་དེར་རྟེན་སྐབས་འགར་ཉེན་ཁ་ཡང་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད། ཡང་བསམ་དགོས་པ་ཞིག་ལ་སླད་ཕྱིན་བོད་ལ་རང་བཙན་ཐོབ་ཚེ་ལག་ཁྱེར་དེས་ཕན་ནམ་གནོད།

    Reply
  18. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    བོད་ཀྱི་རྒྱལ་བརྒྱུད་ཀྱི་བུ་མོ་ཞིག་གིས་ཡུལ་གྱི་ཁྲིམས་ལ་བཏུག་ནས་མངའ་འབངས་ཀྱི་ཐོབ་ཐང་ལེན་པ་དེ། དངོས་གནས་བསྔགས་འོས་པ་ཞིག་ཡིན། གོང་གསལ་དྲྭ་གྲོགས་ཁ་ཤས་ཀྱིས་དེ་ལྟར་ལེན་ཚེ་བོད་པའི་རྩ་དོན་ལ་ནུས་མེད་འགྲོ་བའི་ཟུར་ཟ་དང་། དེ་ཀ་རྡོར་སྒང་གསུམ་གྱིས་བོད་རིགས་ཚོས་རྒྱ་གར་གྱི་ཡུལ་མིའི་ཐོབ་ཐང་ལེན་ཚར་བའི་བཀའ་སྐྱོན་སོགས་གནང་ནའང་། ནང་དོན་རྒྱལ་ཁབ་སུ་འདྲ་ཞིག་གི་མི་སེར་ཆགས་ཀྱང་བོད་རིགས་ནི་བོད་པར་ཆགས་རྒྱུ་ལས་གཞན་མི་ཆགས་པ་དཔེར་ན། ཁེ་ན་འདྲ་དང་། སུས་སི། ཨ་རི་སོགས་ནང་བོད་རིགས་རྣམས་རྒྱལ་ཁབ་དེ་དག་གི་མི་སེར་ཆགས་རྒྱུར་གཞུང་སྒེར་ཕྱོགས་ཐམས་ཅད་ནས་སྐོམ་པ་ཆུ་འདོད་ལྟར་གཉེར་བཞིན་པ་དེ་གོང་གསལ་དྲྭ་གྲོགས་རྣམ་པའི་མ་མཁྱེན་པ་ག་ལ་ཡིན། དེ་རྣམས་ལ་བཀའ་སྐྱོན་མེད་པར་རྒྱ་གར་གྱི་མི་སེར་ཆགས་པར་བཀའ་སྐྱོན་དེ་འདྲ་གནང་བ་ནི་ཆེས་མི་རིགས་པར་སེམས།

    Reply
  19. ཁམས་པའི་ཕོ་རྒོད། says:
    ལོ་ 15 སྔོན།

    དཔེ་ཡག་པོ་བྱུང་འདུག། ང་ཚོ་བོད་པས་དེ་འདྲ་དགོས་ས་རེད།

    Reply
  20. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 15 སྔོན།

    གསར་འགྱུར་འདི་ཀློག་དུས་ཧ་ཅང་དགའ་པོ་བྱུང། དེས་གཅིག་ནས་བུད་མེད་ཅིག་གི་སྙིང་སྟོབས་མཚོན་ཐུབ་ཀྱི་འདུག། གཉིས་ནས་ད་ལྟའི་དུས་འདིར་བོད་པའི་སྤྱི་ཚོགས་ཀྱི་མཐོ་རིམ་གང་མང་ཕྱི་རྒྱལ་དུ་རྐང་པ་བཙུགས་ཟིན་པ་དང་བཙུགས་བཞིན་པ། བཙུགས་རྒྱུར་རྨང་གཞི་ལེགས་པ་སོགས་ཡིན་པ་ཀུན་ཤེས་རེད། ལྷག་པར་དུ་བཀའ་བློན་དང་སྤྱི་འཐུས་ཚོ་ཕྱི་རྒྱལ་ལ་རྐང་པ་བཙུགས་ཆོག་ཆོག་རྐྱང་རེད། ཁོང་མོ་མ་གཞི་རྒྱལ་པོའི་གདུང་རྒྱུད་ཡིན་ཀྱང་མི་མང་དཀྱུས་མའི་གནས་སྟངས་ལས་མ་འདས་པས་རྒྱ་གར་མི་སེར་ཞིག་བཟོས་པར་ཁ་གཏོང་རྒྱུ་ག་རེ་ཡོད། ཡང་རྒྱ་གར་ལ་བསྡད་ན་རྒྱལ་བཅེས་པ་དང། ཕྱི་རྒྱལ་དང་རྒྱ་གར་མི་སེར་བཟོས་ན་བོད་ཞེན་མེད་པ་གང་ནས་ཡིན་སྲིད།
    མ་གཞི་ངས་བུ་མོ་དེ་མིག་གིས་མཐོང་མྱོང་མེད། བདེན་གཏམ་བཤད་པ་རང་ཡིན།

    Reply
  21. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    བཙན་པོའི་གདུང་རྒྱུད་ཡིན་ཀྱང་འོས། མགར་བའི་བུ་མོ་ཡིན་ཡང་འོས།
    དམངས་གཙོའི་ཐོབ་ཐང་ལོངས་སྤྱོད་ཀྱི། འཇོན་ཐང་གང་ཡིན་བསྔགས་པར་འོས།

    ལྷག་པར་རྩོམ་རིག་ཆེད་གཉེར་གྱི། དབྱངས་ཅན་པི་ཝང་འཚོལ་བ་ཁྱོད།
    གངས་ཅན་བུ་མོའི་སྟེགས་བུ་རུ། ངག་གི་རྒྱལ་མོར་འགྱུར་བར་སྨོན།

    Reply
  22. གནམ་ལྕགས། says:
    ལོ་ 15 སྔོན།

    གནས་ཚུལ་འདི་ཡག་རྒྱུ་ཅང་མེད་ཀི ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཁྲོད་རྣམ་པ་མི་འདྲ་བ་ཞིག་གི་སྟེང་ནས་རྒྱ་གར་མི་སེར་བཟོས་པ་ཐོག་མ་ཡིན་ཡང་། ཀ་རྡོར་སྒང་གསུམ་གྱི་བཙན་བྱོལ་བ་མང་ཤོས་ལ་རྒྱ་གར་མི་སེར་གྱི་ལག་ཁྱེར་ཡོད་པ་རེད། དེའི་མིང་ལ་དབྱིན་ཡིག་གི(Bhutia)ཟེེར་བ་དེའི་ལག་ཁྱེར་མེད་པ་མི་འདུག

    བོད་གཞུང་གིས་ཀྱང་ཡུལ་དེ་གའི་མི་མང་ལ་(Rc)བཟོ་ཐུབ་ཀྱི་མི་འདུག དེའི་སྐོར་ལ་སེམས་ཁྲལ་དང་གླེང་སློང་མ་བྱས་ན། བཟོ་ཐུབ་པ་ལ་དགའ་རྒྱུ་སྔ་མེད་འགྲོ རྒྱལ་ཁབ་གཞན་གྱི་མི་སེར་བཟོས་ན་རང་གི་རྒྱལ་ཁབ་ལ་ཁེ་ཕན་ཡོད་དམ།

    Reply
  23. བོད་ཀྱི་བུ་རྒོད་པོ། says:
    ལོ་ 15 སྔོན།

    ང་ཚོ་བོད་མི་ཞིག་གིས་ངོས་ནས་རྒྱལ་ཁབ་གཞན་གྱི་མི་སེར་བཟོས་པ་དེ་ཡག་སྡུག་ཇི་ཡིན་ཚད་འཛིན་ས་གཙོ་བོ་ནི།་བོད་ཀྱི་ཡུལ་མིའི་ངོ་བོ་མ་དོར་བའི་ཐོག་ནས་རྒྱལ་ཁབ་གཞན་གྱི་མི་སེར་བཟོས་ཏེ།་དེ་ཉིད་བོད་ཀྱི་རྩ་དོན་ཆེད་བེད་སྤྱོད་བཏང་ན་དེ་ནི་དགེ་མཚན་ལས་སྐྱོན་ཆ་མ་མཐོང་ཞིང།་དེ་རིང་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ཀྱང་དེ་བཞིན་གནང་ཡོད་ན་དེ་ནི་འཇོན་ཐང་དང་ལེགས་ཆ་ཡིན་ཞིང།་མོ་རང་གིས་ཀྱང་དམིགས་ཡུལ་དེ་བོད་ཀྱི་དོན་ཡབ་དམ་པའི་ཞལ་ཆེམས་འགྲུབ་ཆེད་ཡིན་པ་གླེང་འདུག་པས།་དེ་བཞིན་ཡིན་པའི་རེ་བ་ཡོད།
    ་་་དེ་མིན་བོད་ཀྱི་ཡུལ་མིའི་ཆ་རྐྱེན་དོར་བའི་ཐོག་ནས་རྒྱལ་ཁབ་གཞན་གྱི་མི་སེར་བཟོས་ན།་དེ་ནི་ལོ་རྒྱུས་ཀྱི་ནག་ཉེས་ཤིག་ལོས་ཡིན།

    Reply
  24. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    ངས་ཀྱང་གནས་ཚུལ་འདི་དྲྭ་ཐོག་ལ་བཏངས་ནས་ཟླ་ཤས་བྱིན་སོང་། སྐབས་དེར་མི་སྣ་མང་པོ་ཞིག་གིས་བསམ་འཆར་འདྲ་མིན་ཐོན་སོང་
    ཁ་ཅིག་གིས་ཡག་ཚུལ་དང་ཁ་ཅིག་གི་སྡུག་རབས་ལུང་པ་གང་བཤད་ཀྱི་འདུག
    དེའི་ནང་ནས་ང་ནི་དགག་པ་རྒྱག་མཁན་དང་འཇོན་ཐང་ཡིན་ལུགས་གླེང་བ་དང་སྤོབས་བཤད་བྱེད་པ་འདི་སྔ་གྲགས་ལུགས་བཤད་མཁན་ཞིག་ཡིན་ནོ།།

    Reply
  25. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གཙོ་བོ་མོ་ལ་མཚོན་ན་ཁྲིམས་རྩོད་པ་ཡག་པོ་ཞིག་རག་འདུག་པ་དེའི་བཀའ་དྲིན་རེད། ཁྲིམས་རྩོད་པ་དེ་ནི་མོའི་སེམས་ནས་བརྗེད་མི་ཉན་པར་ཉར་དགོས་པ་ཞིག་ཆགས་འདུག

    Reply
  26. གངས་རྒོད says:
    ལོ་ 15 སྔོན།

    བོད་རྒྱལ་གདུང་བརྒྱུད་ཀྱི་སྲས་མོས་རྒྱ་གར་མི་སེར་ཆགས་རྒྱུར་ཁྲིམས་ཐོག་ནས་གཏུགས་བཤེར་བྱས་ཏེ་མི་སེར་ལག་འཁྱེར་ཐོབ་པར་ཧ་ལས་ཧངས་སངས་དགོས་དོན་གང་ཡང་མིན་འདུག་་་་འདིས་བོད་པའི་རྩ་དོན་ལ་ཕན་པའི་ལས་ཀ་གང་ཡང་མ་རེད་་་་་་གལ་སྲིད་ཁོང་ལ་འཇོན་ཐང་ཡོད་ན་རྒྱལ་བ་ཀརྨ་པའི་གནད་དོན་དེ་རིགས་ཁྲིམས་ཐོག་ལ་གཏུགས་བཤེར་བྱས་ཏེ་འགྲུབ་འབྲས་ཐོན་པ་དེ་འདྲ་བྱུང་ཚེ་དངོས་གནས་ང་ཚོ་ཧ་ལས་ཧོན་འཐོར་ནས་ཁྱེད་ལ་བཀྲིས་བདེ་ལེགས་གྲངས་མེད་ཞུ་སྲིད་་་་་དགོངས་དག་ད་རེས་ཁྱེད་ལ་ངས་བཀྲིས་བདེ་ལེགས་ཞུ་རྒྱུ་ཕར་བཞག་་་་་་རྒྱ་གར་མི་སེར་གྱི་ཐོབ་ཐང་རྩོད་པ་འདི་བོད་རྒྱལ་གདུང་བརྒྱུད་ཀྱི་ཞབས་འདྲེན་དུ་འགྲོ་མི་སྲིད་པའི་ངེས་པ་གཏན་ནས་མེད་་་་་་དེ་ལས་བོད་ཡིག་སྦྱངས་ཏེ་བོད་པའི་གོམས་གཤིས་རྣམས་ཉར་ཚགས་བྱ་ཐུབ་ཚེ་བོད་རྒྱལ་གདུང་བརྒྱུད་ཡིན་པའི་གོ་ཆོད་པ་ཞིག་རེད་་་་་་་་དངོས་གནས་སྙིང་རྗེ་་་་་་་་་་ཡ་ང་སོང་ང་་་་་་་་ཧ་གང་ཡང་ལས་མ་སོང་་་་་ང་་་་་ང་་་་་་

    Reply
  27. ལྷག་པ་ཚེ་རིང་། says:
    ལོ་ 15 སྔོན།

    སྤྱིར་དེ་སྔོན་ནས་གསར་ལམ་ཁག་ཏུ་གནས་ཚུལ་འདི་ཐོན་ཟིན་པ་མ་ཟད། དེའི་ཐད་གླེང་སློང་ཡང་ཤིགས་ཆེ་ཙམ་གནང་སོང་མོད། བུ་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་ཐད་ཀར་བཅར་འདྲི་ཞུས་ཡོད་པ་དང་། དོན་གནད་རེ་ཟུང་ཐོག་དབྱེ་ཞིབ་ཀྱིས་རྒྱས་འབྲི་བྱས་ཡོད་པ་འདི་དུས་བབ་ཀྱི་ཁྱད་ཆོས་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  28. འཁྱམས་པོ། says:
    ལོ་ 15 སྔོན།

    ཡག་པོ་འདུག བོད་རྒྱལ་པོའི་སྲས་མོའམ་གདུང་རྒྱུད་ཞེས་གླེང་དུས་དགའ་ནི་ཞིག་རེད་འོན་ཀྱང་ཁོ་མོས་རྒྱ་གར་མི་སེར་ལག་འཁྱེར་ཐོབ་ཐང་ལ་རྩོད་ཀྱིན་འདུག་ཟེར་བ་དེ་ཅུང་་་་་ ད་མ་ཤི་ན་བལྟ་རྒྱུ་དང་ཉན་རྒྱུ་ཡིན། བོད་རྒྱལ་པོའི་སྲས་མོ། ཨ་ཕའི་གདུང་རྒྱུད་ལ་གདེངས་འཇོག་གིས་བོད་རང་གི་རིག་གཞུང་ངམ་རྩོམ་རིག་གི་གཞུང་ལ་སྦྱང་པ་གཤིས་ཕྱིན་པས་སྟེང་ལ་གཞན་རིག་པའི་གཞུང་ལ་སྤྱོང་ན་ཡག་གི་ཐོག་བརྒྱན་རེད། དེ་མིན་བོད་རང་གི་སྐད་གཙང་དག་ཞིག་བཤད་ཤེས་མི་ཤེས་ཙམ་ལ་གཞན་སྐད་ལས་ཅིག་བྱ་དགོས་ཟེར་པ་དེ་འཚམ་པོ་དེ་འདྲ་ཨེ་ཡོད་དམ།
    ངས་འདི་ལྟར་ལྟ་དུས་དེང་སང་གཞོན་སྐྱེས་མང་པོ་ཞིག་རྒྱ་གར་ནས་མཚར་པས་ནང་བོད་རང་གི་ཡི་གེ་འབྲི་ཀློག་དང་བོད་རང་གི་སྐད་དྭངས་མོ་ཞིག་བཤད་མི་ཐུབ་མཁན་མང་པོ་འདུག
    ངའི་རང་གི་གྲོགས་པོ་དང་གྲོགས་མོ་མང་པོ་ཞིག་དེ་འདྲ་རེད། ངས་ཁོང་ཚོར་ནམ་རྒྱུན་དེ་ལྟར་བཤད་ཀྱིན་ཡོད་ལ་ངས་དེ་འདྲ་བསམ་བཞིན་ཡང་འདུག ཡིན་ཡང་ངས་སྲས་མོ་ལགས་དེ་འདྲ་རེད་ཞེས་པ་མིན།
    ལྷག་པར་དུ་བོད་རྒྱལ་པོའི་སྲས་མོ་ལ་མཚོན་ན་རང་གི་སྐད་ཡིག་རིག་གཞུང་གཤིས་ཕྱིན་པ་ཞིག་མ་ཤེས་ན་དེ་ངོ་ཚ་རེད་ལ་དེར་ཕྱི་ལོག་ནས་ལྟ་ཚུལ་ཡང་ཡག་པོ་མི་འདུག

    Reply
  29. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ཀྱི་རྒྱལ་བརྒྱུད་བུ་མོས་ལམ་ཁ་གསར་གཏོད་བྱས་པ་ལ་དགའ་བསུ་ཞུ་དགོས་པ་ལས་ཕམ་ཁ་ཡོད་མ་རེད། བོད་ཀྱི་རྩ་དོན་བསམས་ནས་གནས་སྐབས་ལམ་དེ་ནང་འཇུག་དང་མ་འཇུག་སོ་སོའི་ལག་པར་ཡོད་རེད། ཨ་ནེ་ཆོས་དབྱིངས་དང་བུ་མོ་རྣམ་སྒྲོལ་གཉིས་ཀའི་བྱས་རྗེས་ལ་བྱས་རྗེས་དང་། སྐྱོན་ཡོད་སར་ཡོ་སྲོངས་དགོས་པ་རེད།

    Reply
  30. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    འདི་ནི་བཀྲིས་ཤིས་པའི་གཏམ་བཟང་གང་ཡང་མ་རེད། འདི་ནི་མི་རིགས་ཤིག་ལ་མཚོན་ན་གཙོ་དོན་རྩ་བརླག་ཏུ་འགྲོ་རྒྱུའི་སྔ་བལྟས་འདྲ་ཞིག་མཐོང་སོང།

    Reply
  31. གདོང་དམར་བོད་པ། says:
    ལོ་ 15 སྔོན།

    བོུ་ཁྱོད་ཀྱི་ལས་དོན་འདིའང་བཙན་བྱོལ་བོད་མིའི་རྒྱལ་རབས་ནང་འཁོད་དགོས་པའི་གནད་དོན་གལ་ཆེ་ཞིག་རེད་འདུག
    ཁྱེད་ཀྱི་རྒྱ་གར་མི་སེ་ལེན་དགོས་དོན་དམིགས་ཡུལ་ཁ་གསལ་སྣང་བ་ཧ་ལས་པ་འགྲོ་སོང།
    རྒྱ་གར་དུ་སྐྱེས་པའི་བོད་རིགས་རྣམས་ལ་སྐྱབས་བཅོལ་བ་ཞེས་གང་ཅིར་དཀའ་ངལ་དུ་ལྷུང་ཡོད་པ་རྣམས་དཔེ་འདིར་སླངས་ཏེ་བྱེད་སྒོ་བཙུགས་ན་སྔ་གྲགས་མ་སོང་བསམ།
    ཐུགས་རྗེ་ཤིག་ཏུ་ནས་ཆེ་བོུ་རྣམ་རྒྱལ་སྒྲོལ་དཀར་ལགས།

    Reply
  32. གནམ་ལྕགས། says:
    ལོ་ 15 སྔོན།

    གསར་འགྱུར་འདི་རྙིང་བ་ཞིག་ཡིན་ནའང་ཀློག་པ་པོ་ཁ་ཤས་ལ་གསར་བ་ཆགས་ངེས་རེད། ཞིབ་ཚགས་ཀྱིས་བཀོད་པར་ཐུགས་རྗེ་ཆེ།

    འོན་ཀྱང་གསར་འགོད་པར་ཞུ་རྒྱུར། གོང་གི་གསར་འགྱུར་རྩོམ་ཡིག་འདིའི་ནང་དུ་ཉམས་འཇོག་བྱེད་དགོས་སའི་ཡིག་ནོར་ཁ་ཤས་ཡོད་པར་མཐོང་། དཔེར་ན་མཐའ་ན་ཞེས་པར་མཐའ་དེའི་སྔོན་རྗེས་གཉིས་མི་དགོས་པ་དང་། ཡང་འཕྲད་ཀྱི་ཐོབ་ཐང་གི་སྐོར་ནས་ཅེས་འབྲི་དགོས་སར་ཞེས་བྲིས་པ་སོགས་མང་བོ་འདུག་ན། རྗེས་སོར་ལེགས་བཤད་ལྗོན་དབང་ལ་འདྲིས་ཆ་ཆེ་ཙམ་གཏོང་རྒྱུའི་འབོད་སྐུལ་ཡོད། དུས་དང་རྣམ་པ་ཀུན་ཏུ་ཡིག་ནོར་གྱི་ཕྱོགས་ནས་བརྒྱ་ཆའི་བརྒྱ་ཚགས་ཚུད་པོ་མི་ཡོང་ནའང་བརྒྱ་ཆའི་ལྔ་བཅུར་འབད་བརྩོན་གནང་ན་ལེགས།

    ལྷག་བསམ་རྣམ་དག་གིས་བཤད་པ་ཡིན། ཅག་ཅག་བྱས་པ་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese