ཨོ་སི་ཊོ་ལི་ཡའི་ཀན་བྷི་རིར་གྲོང་ཁྱེར་དུ་ལོ་ལྟར་མི་རིགས་ཁག་འདྲ་མིན་གྱི་རིག་གཞུང་དུས་སྟོན་ཞིག་གོ་སྒྲིག་བྱེད་སྲོལ་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་༢ ཚེས་ ༡༡ ནས་ ༡༣ ཉིན་བར་ཡུལ་དེར་གོ་སྒྲིག་བྱས་པའི་འགྲེམས་སྟོན་དེར། བོད་གཞུང་སྐུ་ཚབ་དོན་གཅོད་ཀྱིས་གཙོ་འགན་འཁུར་བའི་འོག་རིག་གཞུང་འགྲེམས་སྟོན་གྱི་གོ་སྐབས་བྱུང་ཡོད་པར་མ་ཟད། སྐབས་དེར་བོད་གུར་དང་སྐུ་བརྙན། མཆོད་བཤམས། མཎྜལ། བོད་ལྭ། བོད་གཞུང་ཟློས་གར་གྱི་དབྱར་སྐྱིད་འོད་སྡེར། མཆོད་རྐོང་། གསོལ་ཅོག དེ་མིན་བོད་ཀྱི་རིག་དངོས་རྩ་ཆེན་བཅས་འགྲེམས་སྟོན་གནང་འདུག
བོད་དོན་ལ་དོ་སྣང་ཡོད་མཁན་ཚོར་༧གོང་ས་མཆོག་གི་ཕྱག་དཔེ་དང་བོད་དོན་སྐོར་གྱི་དྲ་རྒྱ། ༧གོང་ས་མཆོག་ཆིབས་བསྒྱུར། བོད་གཞུང་ཟློས་གར་དང་ཤེས་རིག་ལས་ཁུངས་ཀྱི་ཕྲུ་གུའི་སློབ་ཡོན་དང་འབྲེལ་བའི་ཡིག་ཆ་སོགས་ངོ་སྤྲོད་བྱས་པར། ས་གནས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། ཀན་བྷི་རིར་རིག་གཞུང་གོ་སྒྲིག་ཚོགས་ཆུང་གིས་བོད་མིའི་འགྲེམས་སྟོན་དེར་ཚགས་ཚུད་ཤོས་ཀྱི་བྱ་དགའ་ཨང་དང་པོ་སྤྲད་ཡོད་འདུག
ཀན་བྷི་རིར་གྲོང་ཁྱེར་དུ་ལོ་ལྟར་གོ་སྒྲིག་བྱེད་བཞིན་པའིོ་རིག་གཞུང་སྣ་འཛོམས་དུས་སྟོན་སྐབས། རྒྱལ་ཁབ་དེར་གནས་སྡོད་བྱེད་བཞིན་པའི་མི་རིགས་ཁག་འདྲ་མིན་གྱིས་རང་རང་གི་ཁྱད་ཆོས་ལྡན་པའི་ཁ་ཟས་ཚོང་འགྲེམས་དང་གཞས་སྣ་འཁྲབ་སྟོན་སོགས་བྱེད་ཀྱི་ཡོད་ལ། དུས་སྟོན་དེར་རྒྱལ་ཁབ་ཁག་གི་གཞུང་ཚབ་ཚོས་ཀྱང་ཆ་ཤས་བླངས་ཏེ་འགྲེམས་སྟོན་དྲིལ་བསྒྲགས་སོགས་བྱེད་ཀྱིན་ཡོད་འདུག
བོད་ཀྱི་རིགས་དངོས་འགྲེམས་སྟོན་བྱེད་པ་གཙོ་བོ་མིན་པར་བོད་ཀྱི་ད་ལྟའི་གནས་སྟངས་དང་སྔར་གྱི་ལོ་རྒྱུས་ཁྱབས་བསྒྲགས་གནང་རྒྱུ་ཤིན་ཏུ་གལ་ཆེན་རེད།
བཀྲ་ཤིས་བདེ་ལེགས་དང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ན་མ་འོངས་པ་མུ་མཐུད་དེ་སེམས་ཤུགས་ཀྱིས་ཡར་རྒྱས་དང་། ཚགས་ཚུད་སྤུས་གང་ལེགས་ཡོང་ཐབས་ལ་འབད་རོགས། བོད་པ་ལ་ཡོད་པའི་ན་ངན་ཤིག བསྟོད་བསྔགས་ཚར་ནས་སྡུག་ཏུ་འགྲོ་བའི་སྲོལ་ཞིག་ཡོད་པས་དེ་སྤོང་དགོས།