མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་ཀྱིས་ཁྱེད་ཚོའི་རེ་སྐུལ་དང་ལེན་བྱ་ཐུབ་མ་སོང་།

བོད་ཀྱི་དུས་བབ།
༢༠༡༡/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་བདེན་དོན་གྱི་འཐབ་རྩོད་བློས་བཏང་བ་གཏན་ནས་མིན་པར་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནར་དམིགས་པ་ཞིག་ཡིན་སྟབས། ཁྱེད་ཚོའི་རེ་སྐུལ་དང་ལེན་བྱ་ཐབས་མ་བྱུང་ཡང་། བོད་མི་རྣམས་ཀྱི་ཡིད་ཆེས་བློ་འགེལ་ཡོད་པ་དེ་སྲིད་དུ་བོད་ཀྱི་ཡུལ་མི་ཞིག་ཡིན་པས་རང་འགན་ངེས་པར་བསྒྲུབ་རྒྱུ་ཡིན། ཞེས་༧གོང་ས་མཆོག་གིས་གསུངས་ཡོད།

ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པར་གཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མི་ཚོས་ ༡༩༥༩ ལོར་བོད་མི་ཚོས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཏེ་མི་ལོ་ ༥༢ འཁོར་དུས་དྲན་སྲུང་གཙི་བྱས་ཡོད། མཛད་སྒོའི་ཐོག་༸གོང་ས་མཆོག་དང་བཀའ་བློན་ཁྲི་མཆོག་དབུས་པའི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་འགན་འཛིན་དང་སྤྱི་འཐུས་རྣམ་པ། ཕྱི་རྒྱལ་ཡུལ་གྲུ་ཁག་གཞུང་དང་ཚོགས་སྡེ་ཁག་གི་སྐུ་ཚབ། རྒྱ་རིགས་དམངས་གཙོ་དོན་གཉེར་བ། བཞུགས་སྒར་སེར་སྐྱ་མི་མང་བཅས་འདུ་འཛོམས་ཐོག བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱལ་དར་བསྒྲེངས་འཛུགས་དང་སྦྲགས་རྒྱལ་གླུ་གྱེར་འདོན་བྱས་ཡོད།

སྐབས་དེར་༸གོང་ས་མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་ ༥༢ བའི་གསུང་འཕྲིན་སྒྲོག་སྦྱོང་གནང་དོན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་སྣ་མང་དང་སྐད་ཡིག་དང་རིག་གཞུང་ཕྱུག་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་སྟབས། མི་རིགས་སོ་སོའི་རིག་གཞུང་དང་དེ་དག་གི་གཞི་རྟེན་སྐད་ཡིག་དང་བཅས་པ་མི་ཉམས་རྒྱུད་འཛིན་དང་སྲུང་སྐྱོབ་བྱ་རྒྱུ་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་སྲིད་བྱུས་དང་མཐུན་པར་མ་ཟད། རྩ་ཁྲིམས་ནང་དུའང་གསལ་བོར་འཁོད་ཡོད། བོད་ཀྱི་སྐད་ཡིག་ནི་ནང་པའི་ཆོས་དང་ལྟ་གྲུབ། ཚན་རིག་བཅས་ཀྱི་རིག་གཞུང་དཔལ་ནཱ་ལེན་ཌའི་སྲོལ་རྒྱུན་ཡོངས་སུ་རྫོགས་པའི་མདོ་རྒྱུད་བསྟན་བཅོས་ཆ་ཚང་བཞུགས་པའི་སྐད་ཡིག་གཅིག་པུ་དེ་ཡིན་པ་དང་། དེ་བཞིན་ཚད་མ་རིག་པའི་གཞུང་ལུགས་ཆ་ཚང་དང་དེའི་འཆད་ཉན་གྱི་རྒྱུན་བོད་ཀྱི་སྐད་ཡིག་ནང་མ་གཏོགས་མེད། ནང་པ་སངས་རྒྱས་པའི་དཔལ་ཡོན་ནི་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་གཞི་རྩ་ཡིན་པ་དེ་དག་སྲུང་སྐྱོབ་དང་དར་སྤེལ་བྱ་རྒྱུ་ལས་ལྡོག་སྟེ། དངོས་ཤུགས་ཅི་རིགས་ནས་དོ་ཕོག་དང་ཉམས་དམས་གཏོང་བ་ནི་མི་རྣམས་ཀྱི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་བློ་མིག་ཆེད་གཉེར་གྱིས་མེད་པར་བཟོས་པ་ཞིག་ཡིན་སྟབས།ནམ་ཕུགས་རང་གཞན་ཡོངས་ལ་གནོད་པ་ཡོང་རྒྱུར་བརྟེན་ངེས་པར་དུ་མཚམས་འཇོག་བྱ་དགོས། ཞེས་དང་།

 ཡང་ཁོང་གིས། རྒྱ་ནག་དབུས་གཞུང་གིས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ནི་ཡུན་རིང་བདེ་འཁོད་ཀྱི་གཞི་རྩ་ཡིན་ཚུལ་བརྗོད་བཞིན་དུ་བོད་ས་ཡོངས་སུ་ད་ལྟའང་དམག་མི་ཁྱོན་ཆེན་འགྲེམས་འཇོག་གིས་དམ་དྲག་སྔར་ལས་ལྷག་པ་བྱས་ཏེ་བོད་མི་རྣམས་འཇིགས་སྣང་དང་དངངས་སྐྲག་འོག་སྡོད་དགོས་པའི་གནས་སྟངས་འདི་བརྟན་ལྷིང་དང་འཕེལ་རྒྱས་ལ་གནོད་རྒྱུ་ལས་མེད་ཅིང་། ལྷག་པར་ཉེ་བའི་ཆར་བོད་ནང་རྩོམ་པ་པོ་དང་སྙན་ངག་པ། རྩོམ་སྒྲིག་པ། སྒྱུ་རྩལ་པ། ཁོར་ཡུག་སྲུང་སྐྱོབ་པ་སོགས་བོད་མི་དཔྱོད་ལྡན་མང་པོ་འཆར་གཞི་ལྡན་པའི་སྒོ་ནས་འཛིན་བཟུང་དང་བཀག་ཉར། ཁྲིམས་ཞིབ་ཚད་ལྡན་དང་དན་རྟགས་གསལ་བོ་མེད་པར་“རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་”ཆབ་སྲིད་ཀྱི་ཉེས་འཛུགས་བྱས་ཏེ་བཙོན་འཇུག་ཁྲིམས་ཐག་བཅད་པ་འདི་དག་ནི་བློ་ཕམ་འབྱུང་གཞི་ཞིག་རེད། ཤེས་ཡོན་ཅན་གྱི་རང་དབང་དང་དྲང་བདེན་གྱི་སྨྲ་བརྗོད་འགོག་ཆེད་གདུག་རྩུབ་ཆེ་བའི་དྲག་གནོན་གྱི་ཐབས་ལམ་ལག་བསྟར་བྱས་པ་དེས། བོད་ཀྱི་བརྟན་ལྷིང་དང་འཆམ་མཐུན་ལ་གནོད་འཚབ་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད་ལ། དེ་བཞིན་རྒྱ་ནག་ནང་ཁུལ་དུའང་ཡུལ་མིའི་ཐོབ་ཐང་སྲུང་བའི་ཁྲིམས་རྩོད་པ་དང་རང་དབང་གི་རྩོམ་པ་པོ་སོགས་ཤེས་ཡོན་ཅན་མང་པོ་འཛིན་བཟུང་དང་བཀག་ཉར། ཁྲིམས་ཆད་བཏང་བ་བཅས་ནི་ཆེས་བློ་ཕམ་གྱི་གནས་སུ་གྱུར་ཡོད། མ་འོངས་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་ཀྱིས་གནས་ཚུལ་འདི་དག་ལ་བསྐྱར་ཞིབ་ནན་པོ་དང་འབྲེལ་སྲིད་དོན་གྱི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་འཕྲལ་དུ་ཀློད་གྲོལ་ཡོང་བར་འབོད་སྐུལ་ཞུ་བཞིན་ཡོད། ཅེས་དང་།
 གསུང་འཕྲིན་ནང་མུ་མཐུད་དོན། བོད་ཀྱི་ཁོར་ཡུག་ནི་ཤར་གླིང་ཡོངས་སུ་འབབ་པའི་ཆུ་བོ་ཆེན་པོ་རྣམས་ཀྱི་འབྱུང་ཁུངས་དང་། སའི་གོ་ལའི་སྣེ་མོ་གསུམ་པ་ལྟ་བུའི་འཁྱག་རོམ་གྱི་གནས་གཞི། ཤར་གླིང་གི་ཆར་ཞོད་ལ་ཚོད་འཛིན་གྱི་ནུས་པ་ལྡན་པ་བཅས་ཀྱི་ས་ཁུལ་ཁྱད་པར་ཅན་ཞིག་ཡིན། བོད་ཀྱི་ཁོར་ཡུག་ཉམས་ཆག་སོང་བ་ཡིན་ན། རྒྱ་དཀར་ནག་གཉིས་དང་དེའི་ས་འབྲེལ་གྱི་ཡུལ་ཁམས་གཞན་ཡོངས་ལ་གནོད་པ་ཚབས་ཆེན་ཡོང་ངེས་སྟབས། གང་བྱུང་གཏེར་ཁ་སྔོག་འདོན་དང་ཆུ་བོ་བཀག་བསྐྱིལ། ཤིང་ནགས་གཅོད་འབྲེག་སོགས་མཚམས་འཇོག་བྱ་དགོས། ཉམས་ཆག་འགྲོ་བཞིན་པའི་བོད་ཀྱི་ཁོར་ཡུག་ནི་འགྲོ་བ་མིའི་རིགས་གཙོས་སྲོག་ཆགས་སྐྱེ་དངོས་མང་པོའི་འཚོ་གནས་དང་འབྲེལ་བ་དམ་པོ་ཡོད་པས། རྒྱ་ནག་དབུས་སའི་གཞུང་དང་མང་ཚོགས་བཅས་ནས་དོ་སྣང་གིས་ཛ་དྲག་གི་ཉེན་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན། ཞེས་གསུངས་བྱུང་།

མཐའ་མར་ཁོང་གིས། ང་ཚོའི་ངོས་ནས་བོད་ཀྱི་གནད་དོན་འགྲིག་ཆགས་ཡོང་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་ཐོག དབུས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀྱི་སྣེ་མོ་བ་རྣམས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཆ་རྐྱེན་གཞིར་བཟུང་ཐོག་བོད་མིའི་མངོན་འདོད་དང་རེ་འདུན་གསལ་ཞིང་ཞིབ་པ་ངོ་སྤྲོད་བྱས་ཟིིན་རུང་། ད་བར་དོན་མཐུན་གྱི་ལམ་གསལ་གང་ཡང་མ་བྱུང་བ་མ་ཟད། བོད་དོན་ཐག་གཅོད་བྱ་རྒྱུའི་འདུན་པ་ཡོད་པའི་མངོན་རྟགས་གང་ཡང་མ་མཐོང་སྟབས། ང་ཚོའི་འགྲེལ་བརྗོད་དང་དགོས་འདུན་གསལ་བཤད་ཁག་རྒྱ་ནག་གཞུང་གི་གོང་རིམ་དབུ་ཁྲིད་ལ་བཅོས་སླད་མེད་པའི་ཞུ་བརྒྱུད་བྱེད་ཀྱི་ཡོད་མེད་ཐེ་ཚོམ་གྱི་གནས་སུ་གྱུར། ཅེས་གསུངས་བྱུང་།

 ཡང་གསུང་འཕྲིན་ནང་ཁོང་ཉིད་བགྲེས་ཡོལ་ཕེབས་རྒྱུའི་སྐོར་བཀོད་དོན།  མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པ་ཡོང་ཆེད་ངོས་ནས་མིང་གནས་རྗེས་འབྲེལ་གྱི་མི་རིགས་དང་འཛིན་སྐྱོང་གི་མགོ་ཁྲིད་བྱེད་མ་དགོས་པར་བོད་མིའི་ཆབ་སྲིད་ཀྱི་ལས་དོན་མཐའ་དག་མང་ཚོགས་ཀྱིས་རང་དབང་གི་སྒོ་ནས་འོས་འདེམ་བྱས་པའི་མགོ་ཁྲིད་རྣམས་ཀྱི་བྱེད་ཐུབ་པ་དགོས་རྒྱུ་དྲུག་ཅུ་རེ་གྲངས་ནས་སྐུལ་འདེད་ལམ་སྟོན་བྱེད་བཞིན་པ་ལྟར། ད་ཆ་དེ་དག་དངོས་སུ་ལག་བསྟར་བྱ་རྒྱུའི་དུས་ཚོད་སྨིན་པར་མཐོང་སྟེ། ཟླ་འདིའི་ཕྱི་ཚེས་ ༡༤ ནས་མགོ་འཛུགས་བྱ་རྒྱུའི་སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་འཕྲིན་ཡིག་གི་ལམ་ནས་བཅའ་ཁྲིམས་ཀྱིས་གཙོས་ཁྲིམས་སྒྲིག་ཁག་ལ་གཞི་རྩའི་བསྐྱར་བཅོས་བྱ་དགོས་པ་རྣམས་བྱེད་དགོས་པའི་ལམ་སྟོན་བྱས་ཏེ། ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འོས་འདེམས་བྱས་པའི་མགོ་ཁྲིད་རྣམས་ལ་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་ཟིན་ཡོད། གནས་ཚུལ་འདི་བརྒྱུད་ལམ་ཁག་གིས་གསལ་བསྒྲགས་བྱུང་རྗེས། བོད་ཕྱི་ནང་གང་སར་གནས་པའི་མང་ཚོགས་དང་སྒྲིག་འཛུགས་ཁག་གིས་ངོས་ལ་སྔར་བཞིན་ཆབ་སྲིད་ཀྱི་ལས་འགན་མུ་མཐུད་བྱ་དགོས་པའི་རེ་སྐུལ་ནན་པོ་བྱུང་ཡང་། དེ་ནི་ངོས་ཀྱིས་འགན་འཁུར་འདོད་མེད་པའམ་སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་གྱི་འཐབ་རྩོད་བློས་བཏང་བ་སོགས་གཏན་ནས་མིན་པར་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་པས། ཁྱེད་ཚོའི་རེ་སྐུལ་དང་ལེན་བྱ་ཐབས་མ་བྱུང་ཡང་། བོད་མི་རྣམས་ཀྱི་ཡིད་ཆེས་བློ་འགེལ་ཡོད་པ་དེ་སྲིད་དུ་བོད་ཀྱི་ཡུལ་མི་ཞིག་ཡིན་པས་རང་འགན་ངེས་པར་བསྒྲུབ་རྒྱུ་ཡིན་ལ། རིམ་བཞིན་གནད་དོན་འདིའི་དགག་དགོས་པའི་རྒྱུ་མཚན་རྣམས་གོ་རྟོགས་ཀྱིས་ངོས་ཀྱི་ཐག་གཅོད་ལ་མོས་མཐུན་དང་ལེན་བྱེད་པའི་ཡིད་ཆེས་ཡོད། ཅེས་གསུངས་བྱུང་།
 

སྐབས་དེར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱོང་གནང་དོན། རྒྱ་ནག་གིས་བར་སྐབས་ཤེས་ཡོན་ཅན་དང་། རྩོམ་པ་པོ། སྒྱུ་རྩལ་བ། ཁོར་ཡུག་སྲུང་སྐྱོབ་པ་སོགས་ལ་ཆེད་དམིགས་ཀྱི་ཉེས་མེད་ཉེས་འཛུགས་བཙོན་འཇུག་ཁྲིམས་ཆད་གཏོང་སྟངས་འདིས་བོད་ཀྱི་རིག་གཞུང་དང་ལེགས་བྱང་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་ངེས་ཅན་ཡོད་པའི་དངོས་རྭ་འཕྲོད་ཡོད། དེ་བཞིན་བོད་མིའི་ངོས་འཛིན་དང་རིག་གནས་ཀྱི་རྟེན་གཞིི་བོད་ཀྱི་སྐད་ཡིག་ཀྱང་སློབ་གྲྭ་ཁག་གི་སློབ་སྟོན་གྱི་བརྒྱུད་ལམ་མིན་པ་བཟོ་རྒྱུའི་ལས་འཆར་དེའི་ཆ་ཤས་ངེས་ཅན་ཞིག་ཡིན་པ་སྨོས་མ་དགོས། གནས་བབ་འདི་འདྲའི་འོག་གཅེས་པའི་ལུས་སྲོག་ལའང་འཛེམས་ཟོན་མེད་པར་བོད་ཀྱི་རིག་གནས་དང་སྐད་ཡིག་འཛིན་སྐྱོང་སྤེལ་བའི་ལས་དོན་ལས་ཧུར་བརྩོན་གནང་མཁན་གྱི་གཞིས་བཞུགས་བོད་རིགས་རྣམས་ནི་དམིགས་གསལ་བཀའ་དྲིན་རྗེས་དྲན་ཞུ་འོས་ཤིག་ཡིན་པས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་བསྟན་འདུག

༧གོང་ས་མཆོག་གི་བགྲེས་ཡོལ་སྐོར་ལ། བར་སྐབས་བཙན་བྱོལ་བོད་མི་གཞིས་སྒར་ཁག་ད་སྒྲིག་འཛུགས་ཁག ཆོས་སྡེ་ཁག་སོགས་དང་ཁྱད་པར་དུ་གཞིས་བཞུགས་བོད་མི་སྤྱི་སྒེར་མང་པོས་ཡིག་ངག་ཅི་རིགས་ཀྱི་ལམ་ནས་༸གོང་ས་མཆོག་ལ་དེ་འདྲའི་དགོངས་བཞེས་མི་མཛད་པའི་གསོལ་འདེབས་གནང་བ་ལྟར། བཀའ་ཤག་ཐུན་མོང་གིས་ཀྱང་བསྐྱར་དུ་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན། ཞེས་གསུངས་བྱུང་།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་གནང་དོན། རྒྱ་གཞུང་གིས་ཤར་ནུབ་གཅིག་ཕན་གཅིག་གྲོགས་ཟེར་བའི་སྲིད་ཇུས་བཅོས་སྒྲིག་གིས། ད་ཆ་བོད་ས་ཡོངས་རྫོགས་ཐེ་བའི་ནུབ་རྒྱུད་ས་ཁུལ་ནས་རྒྱ་ནག་ཤར་རྒྱུད་ས་ཁུལ་ལ་རང་བྱུང་ཐོན་ཁུངས་དང་ལས་ཞུགས་ཀྱི་གོ་སྐབས་སོགས་མཐུན་འགྱུར་བྱ་དགོས་པའི་འབོད་ཚིག་བསྒྲགས་ཏེ། གཞུང་གི་དགོས་མཁོ་ལྟར་ཁྱིམ་གཞིས་བརྗེ་སྤོ། ལྕགས་ལམ་དང་། གཞུང་ལམ་དྲ་བ། གནམ་གྲུ་འབབ་ཐང་གསར་བཟོ་རྒྱ་བསྐྱེད། ལྷག་པར་དུ་རང་བྱུང་ཐོན་ཁུངས་འཚོལ་བཤེར་སྔོག་འདོན་སོགས་ཀྱི་ལས་གཞི་དང་འབྲེལ་བོད་དུ་གནས་སྤོས་ལས་འཚོལ་གྱི་རྒྱ་རིགས་ཚོས་སྤྱི་ཚོགས་ཀྱི་ཐོན་ཁུངས་ཕལ་མོ་ཆེ་བདག་ཏུ་བཟུང་སྟེ། ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་ཞིང་འབྲོག་མང་ཚོགས་རྣམས་མཐར་འབུད་བཏང་ཡོད་པ་སོགས། བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་གཏོར་གཏོང་རྒྱུའི་ངན་ཇུས་འཇིགས་ཡེར་བ་ཞིག་བཏིང་དང་འདིང་བཞིན་པ་མངོན་གསལ་དུ་མཐོང་ཐུབ་ཡོད། ཅེས་དང་། རྒྱ་གཞུང་གིས་ད་ལྟའི་ཆར་བཙོན་འཇུག་མནར་བཏང་དང་གཏོང་བཞིན་པའི་བོད་ནང་གི་གླུ་བ་དང་རྩོམ་པ་པོ། ཁོར་ཡུག་སྲུང་སྐྱོབ་པར་ཉེམས་མེད་ཁྲིམས་ཆད་དང་། མི་སེར་སྤེལ་ཡུལ་གྱི་བྱ་སྤྱོད་ཐ་ཤལ་རིགས་སྤེལ་གྱིན་པ་དེ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་ཡང་གནང་འདུག 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༢༡ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 22

  1. ཀརྨ་རྣམ་རྒྱལ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་རྒན་ཡོལ་དུ་འཕེབས་རྒྱུ། དངོས་གནས་མ་འོངས་བོད་དོན་ལ་དགོས་པ་རྒྱུ་མཚན་ཆེན་པོ་ཞིག་གཟིགས་པ་ཡིན་ནམ། ཡང་ན་དེང་སང་མི་ངན་རེ་ཟུང་གི་༧གོང་ས་མཆོག་གི་མཚན་ལོགས་པ་སྤྱད་ཏེ་ཆོལ་ཁ་དང་ཆོས་ལུགས་སོགས་ཁྲག་བཞིན་དཀྲུགས་བཞིན་པ་ལ་སྐྱོ་བ་སྐྱེ་བ་ཡིན་ཐུགས་བསམ་བཞེས་དགོས་པ་འདུག ༧གོང་ས་མཆོག་རྒན་ཡོལ་དུ་འཕེབས་ན་ངེད་བོད་པ་ཚངས་གི་ཉི་མ་ནུབ་ཟིན།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དེང་སང་བོན་རྒྱལ་བསྟན་འཛིན་རབ་རྒྱས་མི་སྨྲ་རྟུལ་ཞུགས་འཛིན་ནས་བསྡད་པའི་དུས་མ་རེད། ཆོས་རྒྱུད་ཁག་གི་སྤྱི་འཐུས་ཚོ་ཕུད་ཐུབ་པའི་གོ་སྐབས་བཟང་པོ་རེད་ད། ཤོག་ཤོག ཕེབས་ཤོག མི་རབས་གསར་པའི་བསྒྲགས་གཏམ་ག་ཡོད་དམ། གནད་ལུགས་དམ

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རེད་རེད་་་་ཆིག་སྒྲིལ་དང་འཆམ་མཐུན། འདྲ་མཉམ་དང་མཉམ་འབྲེལ་ཟེར་འདི་ཚོ་ཁྲིམས་ལུགས་ཤིག་གི་འོག་ནས་ཡོང་དགོས་པ་ཡང་དངོས་ཡོད་རེད་སྙམ། ཕྱོགས་ཀུན་ནས་འདྲ་མཉམ་ཟེར་བ་ཞིག་སྤྱི་ཚོགས་ནང་དུ་ཡོང་རྒྱུར་མེད་པ་ཡང་དངོས་ཡོད་རེད། ཡིན་ནའང་སྤྱི་པའི་གནད་དོན་དམངས་ཀྱིས་ཐག་གཅོད་བྱེད་དབང་ཡོད་པའི་མང་གཙོ་ཁྲིམས་ལུགས་འདིའི་འོག་ནས་ཆིག་སྒྲིལ་དང་འཆམ་མཐུན་ཡོང་གི་ཡོད་པར་མཐོང་ཆོས་སུ་ཡོད།

    དང་པོར་གོ་ལ་འདིའི་ཐོག་ཏུ་གནས་པའི་བོད་མི་རྩམ་ཟན་པ་ཡོངས་སུ་འདྲ་མཉམ་གྱི་དབང་ཆ་མེད་ན་ཆིག་སྒྲིལ་ཟེར་བ་ཞིག་ཡོང་མི་སྲིད། དེ་ཡང་གཙོ་བོ་བདག་དབང་འདྲ་མཉམ་དགོས་པ་འདོད། བདག་དབང་ཡོད་མེད་ཟེར་བ་དེར་ཁྲིམས་ལུགས་ཀྱི་ཐོག་ནས་ཡོང་གི་ཡོད་དུས་ཁྲིམས་བཟོ་ཡི་དབང་ཚད་འདྲ་མཉམ་དགོས་པ་འདོད།

    འདྲ་མཉམ་སྟངས་ཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཤད་འདོད་མེད་པ་ཆགས་སོང་་་་་དགོངས་དག་ཞུ་རྒྱུ་ཡིན།

    Reply
  4. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    གོངས་ལྗོངས་ལྷ་མིའི་རྣམ་འདྲེན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག༸སྤྱི་ནོར་གོང་ས་ཡིད་བཞིན་ནོར་བུ་མཆོག་སྐུ་ཚེའི་དུས་བབ་དང་བསྟུན་ནས་ཆབ་སྲིད་ཀྱི་འགན་ཁུར་ལས་མི་བཞུགས་པར་ཆོས་ཕྱོགས་གཅིག་པུའི་འདྲེན་པ་ཆེན་པོར་བཞུགས་པའི་ཕྱག་བྲིས་དངོས་སུ་དེ་རིང་གནང་བ་ལ་ཡིད་ཕམ་པ་དང་སྐྱོ་བ་ཚད་མེད་པ་ཞིག་བྱུང་། ཞོར་དུ་བརྗོད་འདོད་པ་ཞིག་ལ། གནའ་མིའི་བོད་གྱི་གཏམ་དཔེ་ལ། བྱ་རེས་བྱིའུ་ལ་བབ། ཅོ་ག་གི་ནམ་ཚོད་བཟུང་དགོས་ཞེས་པ་བཞིན་༸གོང་ཏཱ་ལའི་བླ་མ་མཆོག་རྒན་ཡོལ་དུ་ཕེབས། མཁས་དབང་ཟམ་གདོང་རིན་པོ་ཆེ་ཡང་རྒན་ཡོལ་དུ་ཕེབས་བོད་བླ་དང་བོད་གྲྭ་མང་དག་ཞིག་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་གང་སར་བོད་རྒྱུད་ནང་པའི་ཆོས་ཚོགས་རྫིག་པོ་དང་དཀར་ནག་སེར་པོའི་སློབ་ཚོགས་ཀྱིས་གང་ནས་སྲིད་ཀྱི་འཁོ་སྒྲུབ་བར་སྣང་གི་འཇའ་རིས་བཞིན་ཡལ་ལ་ཉེ་བ་མ་ཚད་དགོས་འདུན་ཡང་མེད་པའི་ཁུག་སོ་འདིར། ངས་ལྟས་ན་དེང་སང་གཞོན་སྐྱེས་སྐོར་གཅིག་གི་མངོན་འདོད་བཞིན་རྩོམ་ཡིག་དང་།
    ལྟ་ཕྱོགས་བོད་བླ་མའི་རྒྱལ་ཁབ་དང་ནང་ཆོས་གཙོས་པའི་ཆོས་ལུགས་ཡོད་ཚད་ཀྱིས་དཔལ་འབྱོར་ཡར་རྒྱས་དང་། མིའི་ཤེས་བྱ། སྲིད་དོན། རང་བཙན། མ་འོངས་མདུན་འཆོང་སོགས་ཀྱིས་ལམ་ཁ་བཙན་གྱིས་བཀག་པ་འདི་ཆོས་ལ་རྨོང་དད་བྱས་ནས་ད་བཟོད་རྗེས་ལུས་ཀྱི་འཕྲང་འགག་འདི་བྱུང་བ་ཡིན་པའི་ངོས་འཛིན་དང་ཆོས་ལུགས་དང་བླ་མས་སྲིད་ཀྱི་འགན་ལེན་གཉིས་སོ་སོར་ཕྲལ་དགོས་པའི་རྩོམ་ཡིག་མང་དག་ཞིག་དུས་དེབ་དང་ཚག་ཤོག་གང་སར་འཁོད་དང་འགོད་བཞིན་པ་ལ།
    ད་ནི་དུས་ཐོག་ཏུ་ཁེལ་འདུག་པས་དགེ་མཚན་འདུག་ན་དེ་ཚོ་ལེན་དགོས་པའི་དུས་ལ་སླེབ་པར་སེམས། ཕ་རོལ་པོས་བསམ་དོགས་དང་། དྲན་དོགས་ལ་མགོ་སྒུར་ནས་མི་སྡོད་པར་ཤེས་འཇོན་ནུས་གསུམ་ཡོད་ན་འགྲོ་སྟང་འདུག་སྟང་གང་དགོས་བླ་མ་རྣམས་ལ་རེ་བ་རྒྱག་མི་སྡོད་པར་སོའི་སོའི་རྐང་པ་གང་ལ་ལང་རན་པའི་དུས་དངོས་མ་སླེབ་འདུག་པས་དེ་དག་གི་མི་སྨྲ་བའི་བརྟུལ་ཞུགས་མི་འཛིན་པར་དུས་རབ་གསར་པ་བརྗེ་བའི་ས་མཚམས་དང་ཆོས་སྲིད་ཀྱི་སྒྲ་དོད་སྣུབ་ནས་མང་སྲིད་ཀྱི་རྒྱལ་དར་སློང་དགོས་པའི་དུས་སུ་སླེབ་མི་འདུག་གམ། ཁ་བ་གངས་ཅན་པའི་སྙིང་དང་མིག་ལྟ་བུ་མདོ་སྔགས་གཉིས་ཚང་གི་བསྟན་པ་རིན་པོ་ཆེ།
    གཅིག་ཆོག་ནོར་བུའི་ལྷུན་པོ་འདི་སྒོ་གང་སར་ནས་འདིས་ཕུང་རབ་དང་བརླག་རབ་རྐྱང་གཅིག་བཤད་པའི་བོད་མི་ཕོ་སར་བ་ཁ་ཤས་ཀྱིས་དེ་འཛིན་གྱི་བླ་མ་དབང་ཆེན་འདི་ཚོ་མེད་ན་དགའ་རབ་བྱེད་རྒྱུ་ཡོད་མདོག་གི་དཔྱད་རྩོམ་ཆུ་ལུག་ལུག སྐྱོན་བརྗོད་སེར་བ་འབབ་འབབ་བྱེད་མཁན་ཚོ། འཇོན་ན་ད་ལོང་ཤོག ཨ་མའི་བུ་ལ་འཇོན་ཐང་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད། ཞེས་པ་དེ་འདི་ཡིན།
    ད་ནས་བཟུང་གཞིས་བྱས་གཉིས་ཀྱི་གྲྭ་བཙུན་མཆེད་པོ་ཚོ་བོད་དོན་སྲིད་ཀྱི་འདུ་འགོད་ལ་དེ་ཙམ་སྨྱོ་མི་དགོས་པར་སེམས།
    ངེད་ཚོ་སྲིད་ཀྱི་ལས་ཀ་མིན་གྱི་སྲིད་བྲལ་དམ་པའི་ཆོས་ཀྱི་བྱ་བ་ལ་འབད་འབུང་ཅི་ཐུབ་དགོས། ངེད་ཚོ་འཁོར་བའི་ལམ་ཁ་ལ་ཇུས་རྟོག་མི་བྱེད་ནས་མྱ་ངན་ལས་འདས་པའི་ལམ་སྣེ་ཟིན་པ་ལ་ཐོས་བསམ་སྒོམ་གསུམ་རྡོ་རུས་ཐུག་པ་དགོས། ད་དུང་དབྱེ་མཚམས་འདི་མ་ཤེས་པར་རང་མི་རིགས་ཀྱི་ཆགས་སྒོར་སེམས་ནས་སྐད་འབོད་དང་གྱེན་ལང་། ཆབ་སྲིད་ཀྱི་བཀོད་སྒྲིག ཆབ་སྲིད་ལ་ཇུས་ཏོག་བྱེད་ཆེ་ན་ཆོས་ཀྱི་དམག་དཔུང་མི་སེར་ནུས་མེད་ཀྱི་སྟེང་དུ་བརྒྱག་པ་བཞིན་ལས་མི་སྔོན་ལ་མཛའ་བ་དང་དོན་དངོས་ཐོག
    བོད་དོན་ལ་ཕན་པ་ཞིག་མི་འབྱུང་བ་མ་ཚད། ནམ་ཞིག་དམར་པོ་ཡུག་གྱོན་གྱི་ཆོས་ལུགས་པའི་མི་མཐོང་དུས་ཕྱི་ནང་སུ་ཡིན་ན་དད་མེད་གུས་མེད་ཁྱི་སྤྱང་གི་འདུ་ཤེས་ཞིག་མི་འབྱུང་བའི་བདེན་དཔང་སུས་ཀྱང་བྱེད་མི་ཐུབ་པས་ངེས་པར་དུ་མཚམས་འདི་ནས་འཇོག་དགོས། གོང་ས་ཡིད་བཞིན་ནོར་བུས་སྲིད་ཀྱི་རྒན་ཡོལ་ཞུས་ཆོག་ན་བོད་ཀྱི་བླ་གྲྭ་རྣས་ཀྱིས་དེ་བས་ཀྱང་སྲིད་ཀྱི་ཇུས་ཏོག་ལས་ཉེན་ཡོལ་བྱེད་མི་ཆོག་པའི་རྒྱུ་མཚན་རྩ་བ་ནས་ཤོད་རྒྱུ་མེད་པར་སེམས། མི་སྡོད་མགྲོན་པོ་འགྲོ་ན་དགའ་བ་དང་། མི་གྲག་པའི་ནད་པ་དེ་ཤི་ན་དགའ་བའི་དཔེ་ལས་མི་འདུག་པས།
    གྱེན་ལང་སྐད་འབོད་ཅི་དགོས་ཐམས་ཅད་ཚོགས་པ་ཁག ལས་ཁུང་ཁག གཞིས་ཆག་ཁག སློབ་གྲྭ་ཁག་སོགས་ནས་དང་བླང་གནང་ན་དེས་མི་ཆོག་པར་སེར་མོ་བའི་འབོད་སྐད་འདི་ཚོ་ཆོས་འཇིག་རྟེན་གང་ལ་ཡང་དགོས་མཁོ་མི་འདུག་པའི་ལས་ཀ་ཁོ་ནར་ངེས་པས་ཕྱི་ནང་གང་ལ་ཡང་མི་ཕན་པའི་བྱ་བ་དེ་ཚོ་ངེས་པར་དུ་དགོང་ཡོལ་ཞུ་དགོས་འདུག་པར་སེམས།

    Reply
  5. འཁྱམས་པོ། says:
    ལོ་ 15 སྔོན།

    དོན་མེད་རྙོག་གླེང་གིས་ཉི་མ་ཕུད་པ་ལས་རྡོག་རྩ་གཅིག་སྒྲིལ་གྱི་ཁུ་ཚུར་དགྲ་ལ་ངོམ་ན་གདོང་དམར་ཚང་གི་གཟི་བརྗིད་རེད།
    འཚང་འདྲི་དམོད་ཚིགས་ཀྱི་མདའ་མོ་སྤུན་ཟླའི་གདོང་ལ་འཕེན་པ་ལས་ཡིད་ཆེས་བློའི་འགེལ་གྱི་བོད་པ་གཅིག་མཐུན་ཞིག་བཟོ་ཐུབ་ན་༧གོང་ས་ཁོང་གི་བཀའ་དགོངས་རེད།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཀུར་འོས་དྲ་གྲོགས་འཇིགས་བྲལ་ལགས།
    སྤྱིའི་ཆ་ནས་གྲོས་འཚོགས་ཀྱི་དབང་ཚད་དང་མི་དམངས་ཀྱི་དབང་ཚད་ཐོག་ནས་ཞུས་པ་ཡིན་ན་བཙན་བྱོལ་མི་དམངས་སུ་ཡོད་པའི་དབང་ཚད་ནི་བཀའ་སྤྱི་གཉིས་ཀྱི་འོས་ཤོག་འཕེན་དབང་ཡོད་ཙམ་རེད། དེ་ཙམ་གྱིས་མང་གཙོ་ཚད་ལྡན་ཡིན་ཟེར་མི་འོས་སྙམ།

    བཙན་བྱོལ་རྒྱ་ཆེ་མི་དམངས་ཀྱིས་གདམ་པའི་བཀའ་སྤྱི་གཉིས་ཀྱིས་མི་དམངས་ཀྱི་འདོད་མོས་དང་དམིགས་ཡུལ་ལ་གུས་བཀུར་མེད་པའི་ཐོག་ནས་བཅའ་ཁྲིམས་གཏན་འབེབས་དང་གྲོས་ཆོད་བཞག་བསྡད་པ་འདི་ཚོ་ནི་སྲིད་དབང་སྒེར་གཅོད་པའི་ལམ་སྲོལ་ཙམ་ལས་དམངས་ཀྱི་དམིགས་ཡུལ་དང་འདོད་མོས་ཡོད་པའི་ལྟ་གྲུབ་མིན།

    དཔེར་ན། ཀྲུང་ཧྭ་མི་དམངས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་མི་ཚོགས་ཆེན་སྐབས་སུ་འཐུས་མི་རྣམས་ཀྱིས་ཀྱང་ས་གནས་རང་སྐྱོང་གི་བཅའ་ཁྲིམས་བཟོས་པ་ཡོད་པ་རེད། ཡིན་ནའང་ས་གནས་མི་དམངས་ཀྱིས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སུ་འདོད་མོས་ཡོད་མེད་ལ་མ་ལྟོས་པ་ངོ་ལེན་བྱེད་རྒྱུ་ལས་མི་དམངས་ཀྱི་འདོད་མོས་དང་དམིགས་བཤད་ས་མེད་པ་རེད། འདི་ནི་གོང་ཁྲན་ཏང་གི་འཐུས་མི་རྣམས་ཀྱིས་སྲིད་དབང་སྒེར་གཅོད་བྱས་པ་ཞིག་རེད་སྙམ་མོ།

    བཙན་བྱོལ་བོད་གཞུང་འདི་མང་གཙོ་ཚད་ལྡན་གྱི་ལམ་དུ་སྐྱོད་དགོས་ན་ངེས་པ་ཏུ་བཙན་བྱོལ་མི་དམངས་སུ་ཁྲིམས་བཟོ་དབང་ཚད་དགོས་པ་གལ་ཆེན་རེད་འདོད། མ་གཏོགས་ང་རང་ཚོས་གདམ་པའི་བཀའ་སྤྱི་གཉིས་ཀྱིས་ང་རང་ཚོ་ལ་ཁྲིམས་ལུགས་ཀྱི་ཁ་ཕྱོགས་འགྱུར་བའི་དབང་ཆ་མ་སྤྲད་པ་ཡིན་ན་སྲིད་དབང་སྒེར་གཅོད་ཡིན་པ་ལས་མང་གཙོ་མིན།

    དཔེར་ན། སུད་སི་རྒྱལ་ཁབ་ལྟ་བུ་མཚོན་ན་རྒྱལ་ཁབ་སྤྱིའི་ཁྲིམས་ལུགས་ཐག་གཅོད་ཀྱི་དབང་ཚད་ཆ་ཚང་མི་དམངས་སུ་ཡོད། མཐའ་ན་སྤྱི་པའི་གསང་སྤྱོད་གཅིག་གསར་རྒྱབ་བྱེད་དགོས་ཚེ་ཡང་འོས་བསྡུའི་ལམ་ནས་མི་དམངས་ཀྱིས་དགོས་མིན་ཐག་གཅོད་བྱེད་རྒྱུར་དབང་ཆ་ཡོད།

    རྒྱལ་ཁབ་སུ་ཡིན་ནའང་འཐུས་མི་ལ་དབང་ཚད་ངེས་ཅན་ཞིག་ཡོད་པ་ནི་དངོས་ཡོད་ཡིན་ཀྱང་རྒྱལ་ཁབ་ཀྱི་བྱ་བཞག་ཐམས་ཅད་ཐག་གཅོད་ཀྱི་དབང་ཆ་འཐུས་མི་ཁོ་ན་ལ་ཡོད་པ་ནི་སྲིད་དབང་སྒེར་གཅོད་པའི་ལུགས་སྲོལ་ཡིན་པ་ལས་མང་གཙོ་ཚད་ལྡན་ལུགས་སྲོལ་ག་ལ་ཡིན།

    བཙན་བྱོལ་བོད་གཞུང་གི་བཀའ་སྤྱི་གཉིས་ཀྱིས་ཀྱང་ནོར་འཁྲུལ་ཆེ་ཤོས་བཙན་བྱོལ་མི་དམངས་ཀྱི་འདོད་མོས་དང་བརྟེན་ནས་ཁྲིམས་ལུགས་བཟོ་ཡི་མེད་པ་འདིར་ཡིན། འཐུས་མིས་རང་གི་མངའ་འོག་གི་མི་སེར་གྱི་དམིགས་ཡུལ་དང་བསམ་ཚུལ་ལ་གུས་བཀུར་མ་བྱས་པ་ནི་འཐུས་མི་དེས་སྲིད་དབང་སྒེར་གཅོད་བྱས་པ་རེད་འདོད་ཀྱི་ཡོད་དོ།

    Reply
  7. གངས་རིའི་བུ says:
    ལོ་ 15 སྔོན།

    རྡོ་རྗེ་ལགས་ཁྱེད་ཀྱིས་དེ་འདྲ་ལབ་ན་འགྲིགས་ཀྱི་མི་འདུག གང་ཡིན་ཅེས་ན། ལས་འགན་དེ་རིགས་ནི་བོད་མི་ཡོད་དོ་ཅོག་ལ་འགན་ཡོད་པ་རེད། བྱས་ཙང་ཁྱེད་ཀྱིས་ཀྱང་མ་འོངས་ལས་གཞིའི་སྐོར་བསམ་བློ་གཏང་དགོས་ཀྱིས་རེད།

    Reply
  8. རྡོ་རྗེ says:
    ལོ་ 15 སྔོན།

    བོད་པ་ཚོས་འཇོན་རུང་མ་འཇོན་ད་དུས་ལ་སླེབས་ཚར་བ་རེད། རྒྱལ་པ་རིན་པོ་ཆེ་མེད་པའི་དུས་དེ་ལ་ང་ཚོས་ང་འདྲ་ཞིག་བྱེད་ཀྱིན་ཡིན།

    Reply
  9. ལྷ་སྲིན་གྱི་བུ། says:
    ལོ་ 15 སྔོན།

    སྐྱབས་མགོན་རིན་པོ་ཆེས་སྐུ་ཕྲེང་བཅུ་བཞི་པ་ལས་ལྷག་པའི་བོད་ཀྱི་དབུ་འཁྲིད་ཅིག་ད་ལྟའི་བར་དུ་བོད་ཀྱི་ལོ་རྒྱུས་ཐོག་ལ་བྱུང་མྱོང་མེད་པ་ནི་ང་ཚོས་ཤེས་ཀྱིན་ཡོད་ཀྱང།
    མ་འོངས་པར་སྐུ་ཕྲེང་བཅུ་ལྔ་པ་དེ་བོད་ཀྱི་དབུ་འཁྲིད་བྱེད་ཐུབ་པའི་ནུས་པ་ཡོད་མཁན་ཞིག་ཡོང་མིན་དེ་ད་ལྟ་སུས་ཀྱང་བཤད་མི་ཐུབ་པས་སྐྱབས་མགོན་རིན་པོ་ཆེས་ངའི་མིང་གནས་རྗེས་འབྲེལ་གྱིས་ཆབ་སྲིད་ཀྱི་འཛིན་སྐྱོངས་ཐོག་ནད་དགོངས་པ་ཆ་ཚང་ཞུ་རྒྱུ་ཐག་བཅད་ཟིན་པ་ཡིན་ཞེས་པ་འདི་ལ་གནས་ལུགས་མེད་པ་ཞིག་གཏན་ནས་མིན།
    སྐུ་ཕྲེང་བཅུ་བཞི་པས་ཏཱ་ལི་བླ་མའི་མིང་གནས་རྗེས་འབྲེལ་འདི་མུ་མཐུད་ནས་བོད་ཀྱི་ཆབ་སྲིད་འཛིན་སྐྱོངས་བྱ་ན་མི་འགྲིགས་པ་གཏན་ནས་མེད་ཀྱང་སྐུ་ཕ།ེང་བཅུ་ལྔ་པ་དེ་ཏཱ་ལི་བླ་མ་སྐུ་ཕྲེང་སྔ་མ་རྣམས་མིང་གནས་རྗེས་འབྲེལ་བྱ་ཐུབ་པའི་ནུས་པ་ཡོང་མཁན་ཞིག་མ་ཕེབས་ན་དེ་དུས་བོད་མི་རྣམས་ཁ་ནང་ལ་མཛུབ་མོ་བཅུག་ནས་སྡོད་དགོས་པའི་དུས་ཤིག་མི་ཤར་བའི་ངེས་པ་མེད་པ་མིན་པས་ཚང་མས་འདིའི་ཐོག་ལ་བསམ་གཞིགས་ནན་པོ་བྱ་དགོས།

    ད་ལྟའི་གནས་ཚུལ་འདི་སྐུ་ཕྲེང་བཅུ་བཞི་པའི་འགྲིགས་མ་འགྲིགས་ཀྱི་གནས་སྟངས་ཤིག་ཐུག་མེད་སྐུ་ཕྲེང་བཅུ་ལྔ་པའི་འགྲིགས་མ་འགྲིགས་ཀྱི་གནས་སྟངས་ཤིག་ལ་ཐུག་ཡོད།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ད་ལྟའི་བར་ལ་ རྒྱལ་བ་རིན་པོ་ཆེའི་ ཕྱག་མོ་དང་། ཐག་གཅོད་ལ་ ནོར་བ་འཁྲུལ་བ་ ཁྱོན་བྱུང་མྱོང་ ཡོད་མ་རེད། དེ་ལ་ བརྟེན་ནས་ ད་བོད་མི་ཚོས་ རང་རང་སོ་སོའི་ འཇོན་ཚོད་དཔག་ཚོད་ལ་ རིགས་པ་ གཅིག་ཏུ་ འགྲིམ་པའི་ དུས་ཚོད་ལ་ སླེབས་པ་ མ་ཡིན་ནམ།

    Reply
  11. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    མ་འོངས་བོད་ཀྱི་སྒྲོམ་གཞིའི་ཁྲིམས་ཡིག་གི་འཆར་ཟིན་འདི་ག་རང་ ཟེར་བ་ཏག་ཏག་སྡོད་ཀྱི་མ་རེད།

    སྤྱི་འཐུས་ལྷན་ཚོགས་ལ་དབང་ཚད་ཡོད་པ་དེའང་མཐར་གཏུག་ན་རྒྱུ་མཚན་གཅིག་རང་ལས་མེད་དེ། དེ་ནི་གཞིས་བྱེས་མི་མང་གི་སྐུ་ཚབ་བོ་ཞེས་པ་འདི་རེད། ཟེར་བ་འདིའི་ཐད་བསམ་ཚུལ་ཤོད་རྒྱུ་ཞིག་ལ། སྤྱི་འཐུས་ལྷན་ཚོགས་ལ་དབང་ཚད་ཡོད་དོན་ནི་བཙན་བྱོལ་བོད་གཞུང་འདི་བོད་ཀྱི་ཁྲིམས་མཐུན་སྲིད་གཞུང་ཡིན་ཟེར་བ་དེ་རེད། དེར་བརྟེན་མང་གཙོའི་སྤྱི་ཚོགས་ནང་ཁྲིམས་བཟོ་གྲོས་ཚོགས་ནི་དབང་ཚད་ཆེ་ཤོས་ཡིན་པ་དེ་རེད། དེ་ནས་འདས་པའི་ལོ་འགར་ང་ཚོས་སྐབས་བཅུ་བཞི་པའི་སྤྱི་འཐུས་རྣམ་པ་ཚོར་སྡུག་བཤད་ཁོ་ན་བྱས་པ་རེད། ཡིན་ནའང་སྐབས་བཅུ་བཞི་པའི་སྤྱི་འཐུས་ལས་རྒྱུན་འདིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དོན་དག་གལ་ཆེན་སྐོར་ཅིག་ཐག་གཅོད་བྱས་ཡོད་པ་དེ་ཡང་དྲན་དགོས་པ་རེད།
    གཅིག ༢༠༠༨ ལོའི་ཞི་རྒོལ་སྐབས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་སྣེ་ཁྲིད་དེ་རྩ་དོན་ཐོག་གལ་ཆེའི་ལས་དོན་སྤེལ་ཡོད་པ་རེད།
    གཉིས། ༢༠༠༨ ལོར་བཅའ་ཁྲིམས་དོན་ཚན་ང་གཅིག་པའི་དགོངས་དོན་བཞིན་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་བསྐོངས་ཚོགས་ཀྱིས་ཛ་དྲག་གི་དུས་སྐབས་སུ་བོད་ཀྱི་ཆབ་སྲིད་ལངས་ཕྱོགས་སྲ་བརྟན་རྒྱུན་འཁྱོངས་གནང་བ་བརྒྱུད་འཕྲལ་ཕུག་གཉིས་ཀར་ཕན་པའི་ཐག་གཅོད་གནང་ཡོད་པ་རེད།
    གསུམ། ༢༠༡༠ ལོར་རྩ་དོན་ཐོག་གི་གླེང་སློང་ལ་གྲོས་ཚོགས་ཉན་ཞིབ་ཚོགས་ཏེ་༸གོང་ས་མཆོག་གི་དགོངས་པའི་དབུ་མའི་ལམ་དེ་གའི་ཐོག་ཤར་བསྐྱོད་བྱེད་རྒྱུར་གྲོས་ཆོད་བཞག་ཡོད་པ་རེད།
    བཞི། ༢༠༡༠ ལོར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་བསྐོངས་ཏེ་བཙན་བྱོལ་བོད་གཞུང་མང་གི་མ་འོངས་ལས་དོན་བྱེད་ཕྱོགས་ཐད་གལ་ཆེའི་བསམ་ཚུལ་གསན་བཞེས་གནང་ཡོད་པ་རེད།
    དེར་བརྟེན་ཀྱོན་ཡོངས་ནས་བལྟ་དགོས་པ་གལ་ཆེན་པོ་ཡིན་པར་སེམས།

    Reply
  12. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གིས་གྲོས་ཚོགས་སུ་གནང་རྒྱུའི་བཅའ་ཁྲིམས་བསྐྱར་བཅོས་དེ་ལམ་སྟོན་གྱི་ངོ་བོར་ཕེབས་ཀྱི་ཡོད་དང་། ཡང་ན་བཀའ་རྩ་ཁྱབ་བསྒྲགས་ཀྱི་ལམ་ནས་བཀའ་ཕེབས་ཀྱི་རེད།
    དེ་ལ་དཔག་པའི་བཅའ་ཁྲིམས་བཟོ་བཅོས་བྱེད་ཕྱོགས་ཐད་བསམ་འཆར་འདོན་དགོས་པར་སེམས།

    Reply
  13. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་མི་ཚོས་རྩ་འཛིན་བྱེད་ཡུལ་དུ་གྱུར་པའི་ཆེས་མཐོའི་ཡིག་ཆ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཡིན་ལ། བཅའ་ཁྲིམས་ནང་གསལ་བའི་དབང་ཚད་ལ་བརྩི་བཀུར་བྱེད་དང་མི་བྱེད་ནི་བོད་གཞུང་བརྩི་བཀུར་བྱེད་ཀྱི་ཡོད་མེད་ཀྱི་ཚད་འཛིན་ས་མཐར་ཐུག་པ་དེ་ཡིན།

    དེ་ཡང་རྒྱུ་མཚན་ནི། བཅའ་ཁྲིམས་འདི་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་དབུ་ཁྲིད་༸གོང་ས་མཆོག་གིས་ཐད་བསྐོས་འོག་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དང་། ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་རྣམ་གཉིས་ཀྱིས་དབུ་ཁྲིད་པའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་མ་ཟིན་གཏན་འབེབ་དང་། འཛམ་གླིང་གི་ཐོག་ཡོད་པའི་རྒྱལ་སྤྱིའི་མཁས་དབང་བོད་ལ་སེམས་ཐག་ཉེ་བ་ཁག་ལས་དགོངས་འཆར་ཞུ་གནང་དང་། མཐར་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐོག་ཞིབ་འཇུག་བརྒྱུད་མཐའ་མའི་གཏན་འབེབས་ལ་༸གོང་ས་མཆོག་གིས་ཆོག་མཆན་བསྩལ་བ་ཞིག་ཡིན།
    དེ་འདྲའི་བཅའ་ཁྲིམས་ཀྱི་འབྲུ་དོན་ལ་བརྩི་བཀུར་ཞུ་རྒྱུ་ནི་བོད་ཀྱི་ཡུལ་མིའི་ལས་འགན་དང་པོ་ཡིན།

    དེ་ནས་ད་ལྟ་ང་ཚོས་བསམ་བློ་གཏོང་དགོས་པ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བཞི་པའི་དགོངས་དོན་ལག་བསྟར་བྱེད་ཕྱོགས་དང་། ཁྲིམས་དོན་བཟོ་བཅོས་བྱེད་ཕྱོགས་ཐད་བསམ་འཆར་འབུལ་དགོས་པ་དེ་ཡིན།

    Reply
  14. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    ༼ དུས་ཚོད་སྨིན་མ་སྨིན་༽ འདི་འང་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་སྟེ། སུ་ཞིག་གིས་༧རྒྱལ་བ་རིན་པོ་ཆེར་བློ་ཕམ་གྱི་གནས་ཚུལ་མེད་ཅེས་ཤོད་ཐུབ་བམ། ང་ཚོའི་གྲོས་ཚོགས་ནང་ནས་གསུང་འཕྲིན་ལ་བགྲོ་གླེང་བྱེད་ཐེངས་རེ་རེར། ཉན་ཞིབ་དོགས་འདྲིའི་སྐབས་སྤྱི་འཐུས་རེ་འགས་བཀའ་མོལ་གསུང་སྟངས་རེ་རེར། སྤྱི་ཚོགས་ནང་ཁ་ཚད་ཡོང་ནང་གི་ཚིག་ཚོད་མེད་ཤོད་མཁན་རེ་རེར་ལ་བསམ་བློ་ཞིག་བཏང་དུས། དུས་ཚོད་སྨིན་པོ་འདི་དོན་དངོས་རང་ཆབ་སྲིད་ཀྱི་གནས་ཚད་སྨིན་པོ་ཞིག་ཨེ་ཡིན་ནམ་བསམ་ཁར། འདི་བོད་མི་རིགས་ཀྱི་འབྱུང་འགྱུར་ལ་ཁེགས་ཐེག་ཐུབ་པའི་བབ་བརླིང་བརྟན་གསུམ་གྱི་དུས་ཚོད་སྨིན་པ་ཞིག་ཨེ་ཡིན་བསམ་ནས་རྣམ་རྟོག་གི་ཆར་བབས། བསམ་གཞིག་གི་གཏིང་དུ་དེད་ནས། ཟས་ཀྱི་དང་ཀའང་འགག་འགྲོ་གི་འདུག

    Reply
  15. གངས་རིའི་བུ says:
    ལོ་ 15 སྔོན།

    སྐད་ཆ་དེ་ཚོ་ཐོས་པ་དང་མིག་ནས་མཆི་མ་ལྷུང་འུང་གི ད་ནི་མི་ཡུལ་དུ་སྡོད་ཐབས་བྲལ། ངོ་མ་ད་ནི་འཇིག་རྟེན་འདི་རུ་འཚོ་ཐབས་བྲལ། བླ་མ་ལགས་ཁྱེད་ཀྱིས་སྙིང་རྗེས་གཟིགས་རོགས། ཁྱེད་ནི་ད་བར་དུ་ང་ཚོའི་དབུ་ཁྲིད་དང་སྐྱབས་གནས་གཉིས་ཀ་ཡིན་ལ་ད་དུང་ཡང་མུ་འཐུད་དེ་དེ་ལྟར་ཡིན།

    Reply
  16. གངས་རིའི་བུ says:
    ལོ་ 15 སྔོན།

    སྐད་ཆ་དེ་ཚོ་ཐོས་པ་དང་མིག་ནས་མཆི་མ་ལྷུང་འུང་གི ད་ནི་མི་ཡུལ་དུ་སྡོད་ཐབས་བྲལ། ངོ་མ་ད་ནི་འཇིག་རྟེན་འདི་རུ་འཚོ་ཐབས་བྲལ། བླ་མ་ལགས་ཁྱེད་ཀྱིས་སྙིང་རྗེས་གཟིགས་རོགས། ཁྱེད་ནི་ད་བར་དུ་ང་ཚོའི་དབུ་ཁྲིད་དང་སྐྱབས་གནས་གཉིས་ཀ་ཡིན་ལ་ད་དུང་ཡང་མུ་འཐུད་དེ་དེ་ལྟར་ཡིན།

    Reply
  17. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ༸གོང་ས་ཡིད་བཞིན་ནོར་བུས་མཁྱེན། ཁྱེད་ཀྱིས་བོད་ཁ་བ་ཅན་རྣམས་ཐུགས་རྗེའི་ཕྱག་གིས་མ་གཏོང་རོགས། ད་ནི་བོད་ཁ བ་ཅན་རྣམས་ཀྱིས་བསམ་བློ་གཏོང་རན་པས་མི་ཚད་ཕྱིས་དྲག་གྲབས་འདུག ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུ་ནི་ང་ཚོས་ཇི་ལྟར་བསམ་ཀྱང་བསམ་ཕོད་པ་ཞིག་མ་རེད། ཀླུ་མཁར་བྱམས་ལྟ་བུས་འཇོན་ཡོང་བསམ་པ་ནི་སྟོང་བསམ་རང་རེད། རྒྱུ་མཚན་ནི་ཁོ་པར་བོད་མི་གཉིས་གསུམ་ཙམ་གཅིག་སྒྲིལ་བྱེད་པའི་ནུས་པ་མེད་པར་ཆོལ་ཁ་གསུམ་གཅིག་སྒྲིལ་བྱེད་ཐུབ་པ་ནི་སྣ་འཐེན་ནས་ཁར་བཅུག་རེ་དང་། གནམ་སྔོན་པོ་གོས་སུ་གོན་འདོད་དང་། ཡིད་འོང་འཇའ་ཚོན་ལ་རྒྱན་དུ་བྱེད་འདོད་པ་དང་འདྲ་བ་ལོང་བས་ཤེས་ནུས་སོ། ༸ཡིད་བཞིན་ནོར་བུས་ཁྱེད་ཀྱིས་བོད་ཁ་བ་ཅན་ཕྱག་གིས་མ་གཏོང་རོགས། ༸ཡིད་བཞིན་ནོར་བུས་ཁྱེད་ཀྱིས་བོད་ཁ་བ་ཅན་ཕྱག་གིས་མ་གཏོང་རོགས།
    ༸ཡིད་བཞིན་ནོར་བུས་ཁྱེད་ཀྱིས་བོད་ཁ་བ་ཅན་ཕྱག་གིས་མ་གཏོང་རོགས།
    ༸ཡིད་བཞིན་ནོར་བུས་ཁྱེད་ཀྱིས་བོད་ཁ་བ་ཅན་ཕྱག་གིས་མ་གཏོང་རོགས།
    ༸ཡིད་བཞིན་ནོར་བུས་ཁྱེད་ཀྱིས་བོད་ཁ་བ་ཅན་ཕྱག་གིས་མ་གཏོང་རོགས།
    ༸ཡིད་བཞིན་ནོར་བུས་ཁྱེད་ཀྱིས་བོད་ཁ་བ་ཅན་ཕྱག་གིས་མ་གཏོང་རོགས།
    ༸ཡིད་བཞིན་ནོར་བུས་ཁྱེད་ཀྱིས་བོད་ཁ་བ་ཅན་ཕྱག་གིས་མ་གཏོང་རོགས།
    ༸ཡིད་བཞིན་ནོར་བུས་ཁྱེད་ཀྱིས་བོད་ཁ་བ་ཅན་ཕྱག་གིས་མ་གཏོང་རོགས།
    ཐུགས་རྗེས་གཟིགས།

    Reply
  18. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    ༧དཔལ་ལྡན་རང་གཞུང་གིས་བཞེད་པའི་མང་གཙོ་ཞེས་པའི་མང་དང་རྒྱ་ནག་གཞུང་གིས་འདོད་པའི་དམངས་གཙོ་ཞེས་པའི་དམངས་དང་མང་གཉིས་ཀའི་ནང་ནས། ང་ཚོའི་༼ མང་༽ འདིར་གྲངས་འབོར་དང་གྲལ་གྱི་མཐའ་ན་གནས་པའི་མི་མང་གི་བདེ་སྡུག་དབུས་སུ་འཇོག་གི་ཡོད་པ་གཉིས་འཛོམས་ཡིན་པ་ནི་རང་གཞུང་གི་མང་གཙོའི་འཕེལ་རིམ་ལ་ལྟོས་པས་ཤེས་ཐུབ་ལ། བོད་མི་རིགས་ཀྱི་མང་གཙོའི་ཤིང་རྟ་བ་ཆེན་པོ་༧རྒྱལ་མཆོག་བསྟན་འཛིན་རྒྱ་མཚོའི་ཟབ་ཡངས་དགོངས་གཞི་དེ་ག་རང་ཡིན་པའང་ཡིག་ལམ་དང་དངོས་ཡོད་གཉིས་ཀ་ནས་མཐོང་ཐུབ་པ་ཞིག་རེད།
    འོ་ན། ང་ཚོའི་མང་གཙོ་འདིའི་ནང་དོན་ཡོངས་སུ་ཚང་རྒྱུའི་ཚབ་མཚོན་གསུམ་ཡོད་པ་ནི། ༧རྒྱལ་བ་རིན་པོ་ཆེ་མཆོག་དང་། མི་མང་གིས་ཐད་འདེམས་བྱས་པའི་བཀའ་བློན་ཁྲི་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་རེད། ང་ཚོའི་སྤྱི་ཚོགས་དང་། ལྷག་པར་གྲོས་ཚོགས་ནང་དུ་བཀའ་ཁྲི་དང་ཚོགས་གཙོ་རྣམ་གཉིས་ཀྱི་སུས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་ཀྱི་ཡོད་མེད་ལ་བཀའ་མོལ་དངོས་ཤུགས་བརྒྱུད་གསུམ་ནས་བྱུང་ཚར་བ་རེད། ཡིན་ནའང་། ང་ཚོས་དངོས་ཡོད་གནས་ཚུལ་ལ་ལྟོས་ཡོང་དུས། མི་མང་གིས་ཐད་འདེམས་བྱས་པའི་བཀའ་ཁྲི་སྐབས་གཉིས་ཀྱི་ལས་ཐོག་པའི་བོད་མི་མང་གི་སྐུ་ཚབ་མཚོན་ཐུབ་པ་ནང་ལྟར། སྤྱི་འཐུས་ཚོགས་གཙོས་མི་མང་གི་སྐུ་ཚབ་མཚོན་ཐུབ་རྒྱུའི་གཟི་བརྗིད་དང་ཡིད་ཆེས། ནུས་སྟོབས་ད་དུང་རེག་མེད། དེ་ནི་ཚོགས་གཙོ་གཅིག་པུའི་དགེ་སྐྱོན་ནས་མིན་པར། ཁྲིམས་བཟོ་ལྷན་ཚོགས་ཁོ་རང་གི་སྤྱི་ཡོངས་ཀྱི་ཆིག་སྒྲིལ་དང་ནུས་ཤུགས་ལ་རག་ལས་སྟབས། གནད་དོན་འདིར་ད་དུང་ཁྲིམས་བཟོ་ལྷན་ཚོགས་ཀྱིས་འདང་ངེས་བསྐྲུན་ཐུབ་མེད། དཔེ་མཚོན་གསལ་བོ་གཅིག་ནི། མི་མང་གིས་བཀའ་ཁྲི་གལ་ཆེན་པོ་ཅི་ཙམ་ཡིན་པར་མཐོང་བ་དེ་བཞིན་ཁྲིམས་བཟོ་ལྷན་ཚོགས་ཀྱི་གལ་གནད་མཐོང་གི་མེད། དེ་ནི་མི་མང་རང་ངོས་ཀྱི་མ་ཤེས་པའི་ཆ་ཁོ་ན་མིན་པར་སྤྱི་འཐུས་རྣམ་པའི་ཤེས་འཇོན་ལྷག་བསམ་གྱིས་སྤྱི་འཐུས་ཀྱི་མཚན་མཐོང་ལ་གཟི་བརྗིད་མ་བསྐྲུན་པས་རེད་ལ། དེང་སྐབས་ཕལ་ཆེར་ཁ་ཐོག་ཚད་དང་དགའ་ཉེ་ཕྱོགས་གཏོགས་ཀྱིས་སྤྱི་འཐུས་ལ་འདེམས་རྒྱུའི་ལུགས་ངན་ཞིག་ཀྱང་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
    རྒྱུ་མཚན་དེ་འདྲ་མང་པོ་ཞིག་གིས། བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་མཁན་ལ་ཨང་རིམ་ཞིག་བཀར་དགོས་པའི་དབང་དུ་བཏང་ན། ༡ ༧རྒྱལ་བ་རིན་པོ་ཆེ། ༢ བཀའ་ཁྲི་ཟམ་གདོང་རིན་པོ་ཆེ། ༣ སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་བཅས་རེད་འདུག་པས།
    ༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་འགན་དབང་གི་ཁྲིམས་འཆར་ཕར་ཞོག གྲོས་ཚོགས་ནང་སྐད་ཆ་ཙམ་བྱུང་རྒྱུར་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་ལ་བཀའ་འདྲི་ཞུ་དགོས་པར་འདོད།

    Reply
  19. གནས་ཚང་། says:
    ལོ་ 15 སྔོན།

    གོང་ས༸ཏཱ་ལའི་བླ་མ་མཆོག་གི་གསུང་ལ་གུས་བརྩི་དང་ཐུགས་རྗེ་ཆེ་ཞུ་འདུན་བྱུང་སོང་།

    ཁ་སང་རྒྱ་མིའི་གཞུང་གིས་ཁོང་ནས་རྫུན་འཁྲབ་ཀྱི་ཡོད་པ་རེད་ཅེས་བཤད་ཀྱི་འདུག ད་དངོས་གནས་དྲང་གནས་བོད་མི་ཚོས་ཧ་གོ་དགོས་པའི་དུས་ལ་བབས་འདུག དགོས་མེད་ཐུགས་དགོངས་མི་དཀྲུགས་རྒྱུ་གལ་ཆེན་རེད།

    Reply
  20. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    ད་དུང་པེ་ཅིན་སྲིད་གཞུང་གི་བཀའ་དྲིན་ལ། གནམ་གྲུའི་གླ་ཆའི་རྩོད་སྙོག་གིས་སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་གདོང་གཞིས་ལུས་མི་མང་གིས་མཇལ་འདུག་པས། བསམ་ཚུལ་སྣ་ཚོགས་ཡོད་པའང་ཐོས།
    དེ་བས་སྐབས་བཅུ་བཞི་པ་འདིས་ངེས་པར་དུ་གཞིས་ལུས་རྒྱ་ཆེ་མི་མང་ལ་བསམ་ཚུལ་བསྡུ་དགོས་ངེས་རེད།

    Reply
  21. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་ལུས་དོན་གྱི་བདག་པོ་བསམ་ཚུལ་བསྡུས་ན་མ་གཏོགས། ༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་འགན་དབང་ལ་དགོངས་པ་སྤྲོད་རྒྱུའི་དབང་ཚད་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་འགན་དབང་ལ་དགོངས་པ་སྤྲོད་རྒྱུ་དང་། བོད་མི་རིགས་ཀྱི་མངོན་འདོད་མཐར་ཐུག་ཐག་གཅོད་བྱེད་རྒྱུ་གཉིས་ཀྱི་གལ་གནད་རང་བཞིན་གཅིག་པ་ཡིན་པས། གཞིས་ལུས་དོན་གྱི་བདག་པོར་བསམ་ཚུལ་བསྡུས་ན་མ་གཏོགས་ཅི་ལྟར་བསྒྱུར་བཅོས་གཏོང་ཐུབ་བམ།

    བོད་ཀྱི་མཁས་པ་ཆེན་པོ་དག་གིས། གནད་དོན་ཐག་གཅོད་བྱེད་སྐབས། ༧རྒྱལ་བ་རིན་པོ་ཆེས་ཅི་ཙམ་བོད་མི་མང་གི་སྐུ་ཚབ་མཚོན་ཐུབ་པ་ནང་བཞིན་༧སྤྱི་འཐུས་ལྷན་ཚོགས་ཀྱིས་མཚོན་ཐུབ་ཀྱི་མེད། དེ་གཉིས་པང་སྒྲིག་ན། དང་པོ་༧རྒྱལ་བ་རིན་པོ་ཆེ་དང་། གཉིས་པ་སྤྱི་འཐུས་ལྷན་ཚོགས་ཡིན་པར་བདེན་ཚིག་གསུང་གིས་སྡོམ་ཚིག་གནང་ཡོད་པས་རེད།

    དེ་བས་སྤྱི་འཐུས་ལྷན་ཚོགས་ཀྱིས་རང་ཉིད་ཀྱི་ལྗིད་ཚད་མ་ནོར་བར་རྩ་དོན་ཐག་གཅོད་བྱེད་དགོས་ཀྱི་རེད།

    Reply
  22. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ༸གོང་ས་མཆོག དགུང་ལོ་ ༡༡༣ བར་ བཞུགས་རོགས་གནང་ དེ་ལས་ལྷག་པ་ ང་ལ་ནི་ རང་བཙན་སོགས་ གང་ཡང་ མི་དགོས་ ལགས། ། ༸གོང་ས་མཆོག་ རྒྱལ་ལོ། བོད་རྒྱལ་ལོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese