མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཞབས་ཞོཊ་དུང་ངོ་ཤེས་རིམ། – ཤར་ཕྱོཊ་ཁུག་རྟ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

སྐུ་ཞབས་ཞོགས་དུང་གླེང་སྐབས་དེང་སང་སྐྱ་སེར་གཉིས་ལ་གྲིམ་རིག་སེ་འདུག  དེས་དགའ་བྱུང་། སྔ་མོར་དཔྱོད་ཤེས་རྒྱང་འབོད་ཀྱི་རྗེས་ནས་བོད་ཕྱི་ནང་གཉིས་ནས་སྐྱ་སེར་གཉིས་ཀས་རྣམ་རྟོག་བྱེད་ཀི  དགག་བཞག་བྱེད་ཀི    སྐབས་དེ་ཤེད་དུ་རང་ཉིད་ལོ་ ༢༡ དང་ ༢༢ བར་ཡིན། ཁུག་མའི་ནང་དུ་དེབ་སྔོན་པོ་དེ་བཅུག་ནས་ཡང་ཡང་ཀློག་ཁུལ་བྱེད་ཀྱི་ཡོད། ལོ་ ༢༣ ཐོག་རྒྱ་གར་ལ་ཐར་བ་རེད། དེ་དུས་ཀྱང་དེབ་སྔོན་པོ་འདི་ལག་ནས་བོར་མེད། སློབ་གྲྭའི་ནང་ནས་བར་གསེང་རེ་ཡོད་དུས་དང་གུང་གསེང་རེ་སླེབས་སྐབས་ཅིག་ཡིན་མདོག་གིས་ཀློག་ཁུལ་བྱེད་ཀྱི་ཡོད། སྐབས་དེར་རྒྱ་གར་མཐོ་སློབ་ཁག་ཏུ་དེ་ཙམ་གྱིས་སྐུ་ཞབས་ཞོགས་དུང་གླེང་ཤུགས་ཆེན་པོ་མ་རེད། མཐོ་རིམ་སློབ་མ་ཚོས་རབ་རིབ་ཅིག་གོ་བའི་སྐབས་རེད། ཡིན་ནའང་། དགག་རྒྱག་གི་གཏོར་མ་རྡེབ་མཁན་ཀྱང་རེ་གཉིས་འདུག  དེབ་སྔོན་ལག་ཏུ་བཟུང་ནས་གང་ཞིག་ཏུ་ལྟ་ལོག་ཆགས་ཡོད་མེད་སོགས་ཀྱི་ནག་འདེད་འདྲ་བོ་བྱེད་ཁུལ་བྱས་མྱོང་། ཡིན་ནའང་། ང་ཐུག་ས་ཚང་མས་སྐུ་ཞབས་ཞོགས་དུང་གླེང་གི་ཡོད་པ་ལས། ཁོང་གི་བརྩམས་དེབ་ཚར་རེ་ཀློག་མཁན་ཀྱང་མང་པོ་མ་བྱུང་པའི་ཚོར་བ་སྤྲད།  གང་ལྟར་སྐབས་དེའི་ཚོར་བ་དང་དག་སྣང་། སྙིང་སྟོབས་སོགས་ནི་ད་ལྟ་བསམས་ཚེ་སྨྲ་འདོད་ཀྱང་བརྗོད་མི་ཐུབ་པ་ཞིག་རེད།  དེ་ལྟར་ལོ་ངོ་ཁ་ཤས་འདས་མཚམས་སྙོང་སྟོབས་ལྔ་བརྩེགས་བསླེབས་སོང་ཟེར་བའི་གསར་འགྱུར་ཞིག་ཐོས།

 

སྐབས་དེ་ནི་དེ་བས་ཀྱང་ཚད་གཟུང་དུ་མེད་པའི་ཚོར་བ་ཞིག་གི་སྔ་རྗེས་རེད་ལ། རེ་བ་ཞིག་གི་སྔ་རྗེས་རེད་ལབ་ཀྱང་མི་ཆོག་པ་ཅི་ཡང་མི་འདུག སྟབས་ཡག་ནས་ང་ཚོའི་སློབ་གྲྭར་བོད་ནས་དཔེ་དེབ་ཚོང་འདྲེན་བྱེད་མཁན་དེ་བསླེབས་སོང་། ངའི་སྤུན་གྲོགས་དང་ངེད་གཉིས་གཞུང་ལ་དེབ་ཕྲེང་གཅིག་ཉོས་པ་ཡིན། དེབ་དེ་ཉོས་ཚར་དུས་སློབ་གྲྭ་རང་དུ་སྡོད་རྒྱུ་ལས་མེག་ལོར་དང་རྡ་སར་སླེབས་ཀྱི་མ་རེད་ཅེས་པ་སྐབས་དེའི་ངེད་སྤུན་གཉིས་ཀྱི་ཧབ་དགོད་ཤོར་སའི་སྐད་ཆ་ཆེས་སྙན་མོ་དེ་ཡིན། ཡིན་ནའང་། དེབ་འདི་དག་༧རྒྱལ་བ་རིན་པོ་ཆེའི་གཟིགས་མོར་སོན་ཐུབ་ན་ཅི་འདྲའི་དགའ་བ་ལ་བསམ་པ་ཞིག་ཡོད། དེ་ནི་མི་རིགས་ཤིག་གི་ཆེད་དང་བདེན་དོན་ཞིག་གི་ཆེད་དུ་ཡིན་པའི་དེབ་འདི་༧རྒྱལ་བ་རིན་པོ་ཆེའི་སྒོ་གསུམ་གྱི་ཆ་ཤས་ཤིག་ནམ་ཞར་དུ་ཡིན་ཡང་། བོད་ནང་ལ་ཁོང་ལ་རེ་བའི་མིག་འབུར་གཏོད་མཁན་ཚོའི་བསམ་ཚུལ་ཞིག་ཁོང་གི་གཟིགས་མོར་སོན་དགོས་པ་ནི་ལས་རྒྱུ་འབྲས་དང་མཐུན་པར་བསམས་ཏེ། སླར་ཡང་པེད་ཤག་གཡར་དུ་ཕྱིན་པ་ཡིན། ངེད་སྤུན་གཉིས་ཀྱིས་པེད་ཤག་གཡར་ས་མ་རྙེད་པའི་ལོ་རྒྱུས་ནི་བཤད་ཀྱང་ཡིད་མི་ཆེས་པ་ཞིག་ཡིན། ཅི་ཁེགས། ཟས་ཟ་མ་སློབ་ཡོན་དང་བཅས་པ་འབད་འབད་ལྷུག་ལྷུག་གིས་སྩོལ་བཞིན་པས་མ་ཆོག  ངེད་གཉིས་ལ་དགོས་རྒྱུ་དེ་གཞན་ཞིག་ཡིན་པས་རེད། གྲོས་བསྡུར་བྱས་སྐབས། གལ་སྲིད་སློབ་གྲྭའི་དཔེ་མཛོད་ཁང་གིས་དེབ་ཕྲེང་གཅིག་ཉོས་པ་ཡིན་ན་ངེད་གཉིས་གཞུང་གི་དེབ་དེ་༧རྒྱལ་བ་རིན་པོ་ཆེ་འབུལ་རྒྱུ་ཞུས་ཏེ། དཔེ་མཛོད་དོ་དམ་པར་སྐད་ཆ་དྲིས་སྐབས། དེ་ནི་ད་དུང་ཐག་གིས་གཅོད་རྒྱུར་ཉི་མ་ཟླ་འགོར་རེད་ཟེར། ཡ་མཚན་དང་ཡི་མུག་གི་སེམས་ཚོར་རིམ་བསྟུན་ཡིན་ཡང་། རང་དབང་ལུང་པ་ན་བཤད་ས་ཅང་མི་འདུག སྐབས་དེར་སྐུ་ཞབས་ཞིག་གིས་ངེད་གཉིས་ལ་པེད་ཤག་གཡར་བྱུང་། དེ་མ་ཐག་དེབ་ཕྲེང་དེ་ཉོས་པ་ཡིན། ངེད་གཉིས་རང་ཚོད་ཀྱིས་དགའ་བ་དཔག་མེད་སྐྱེས། དེབ་ཅི་ལྟར་འབུལ་རྒྱུར་གྲོས་བསྡུར་བྱས། རིང་ཐུང་ཀུན་དུ་སྐད་ཆ་སྣ་ཚོགས་ཡོང་གི་ཡོད་ཀྱང་དེ་དག་ནི་དོན་དངོས་ཞོགས་ཀའི་ན་བུན་དང་ཤིན་ཏུ་རིག ངེད་གཉིས་ཀ་མེག་ལོར་ཕྱིན་པ་ཡིན་ན་འགྲིག་གི་མི་འདུག དེ་བས་ངས་དེབ་དེ་ཁྱེར་ནས་༧རྒྱལ་བ་རིན་པོ་ཆེར་འབུལ་དུ་ཕྱིན་པ་ཡིན།

 

སྐབས་དེའི་མེག་ལོར་ནི་དངོས་གནས་དུས་ཡུན་རིང་པོར་མཐོང་མི་ཐུབ་པའི་ས་ཆ་འགྲོ་ཉན་སྤྲོ་ས་དེ་ཡིན། སྐབས་དེ་དུས་མེག་ལོར་དང་གངས་སྐྱིད་དུ་བློ་བཟང་ཡེ་ཤེས་དང་ཧོར་གཙང་འཇིགས་མེད། ཆབ་བྲག་ཕོ་ཉ་སོགས་ནི་ཅུང་མང་པོ་ཐོས་རྒྱུ་ཡོད་པ་དག་རེད། སྟབས་ཡག་ནས་ཆབ་བྲག་ཕོ་ཉ་ཕྱི་འགྲོགས་མ་ཟད་ནང་འགྲོགས་ཀྱང་བྱེད་སྐལ་བྱུང་སོང་། ཡིན་ནའང་། ཀླུ་ཧོར་གཉིས་ཀས་སྐུ་ཞབས་ཞོགས་དུང་གི་སྐོར་ལ་དོ་སྣང་ཡོད་མེད་ངེས་ནས་གཏན་ནས་མ་ཤེས། མེག་ལོར་འགྲོ་ཞོར་དུ་ཙོང་ཁ་ཟ་ཁང་གི་ཐོག་ཁར་བློ་བཟང་ཡེ་ཤེས་ཇ་གང་རེ་འཐུང་ནས་ཐུག་པ་ཡིན། ཁོང་གིས་ཞོགས་དུང་གི་སྐོར་ཞེ་དྲག་གསན་མི་འདུག་ཀྱང་སྙན་ངག་ལ་དགའ་བ་ནི་བརྗོད་མི་ཤེས་པ་ཞིག་ཡིན་ས་རེད། ཡིད་སྐྱོ་བ་ཞིག་ལ་དེ་ནས་ཞེ་དྲག་མ་ལོན་པར་ཁོང་དུས་ཆོས་སུ་གྱུར་སོང་ཟེར། མི་རྣམས་ཀྱི་ཁ་རུ་འཇགས་པའི་ཧོར་འཇིགས་ཟེར་བ་དེ་གདོང་ཐུག་རྒྱུ་མ་བྱུང་ལ། ཁོང་གིས་ཞོགས་དུང་གླེང་སྟངས་ནི་གོ་ཐོས་བྱས་ན་ཅུང་ཡ་མཚན་ཞིག་རེད་ཟེར།

 

ངེད་གཙུག་ལག་ཁང་གི་སྒོ་འགྲམ་དུ་སླེབས་མཚམས། ཡིན་གཅིག་མིན་གཅིག་༧རྒྱལ་བ་རིན་པོ་ཆེའི་སྤྱན་སྔར་སོན་ཐུབ་པ་ཞིག་བྱ་དགོས་བསམས་ནས། མི་ཆེན་པོ་ཅིག་ཅིག་ཅིག་ལ་ཐུག་དགོས་ཞེས་ཧམ་པ་བཤད་པ་ཡིན། སྐུ་སྲུང་བས་དེ་མ་ཐག་ཁ་པར་བཏང་སོང་། རྒྱུས་མེད་ཡིན་མིན་ཅི་ལྟར་ཡང་ཆེན་པོ་དག་གི་སྒོ་ཁ་ནས་ནང་དུ་འཛུལ་རིམ་གཅིག་པུས་ཀྱང་ངེད་ལ་བག་ཆགས་མ་འདྲ་བ་ཞིག་བཞག་ལ། ཉམས་མྱོང་མེད་རྐྱེན་གྱིས་ཞེད་སྣང་ཀྱང་ཅུང་ཙམ་ལངས་སོང་། མི་ཆེན་པོ་དེ་སྐུ་ངོ་རྟ་ར་ལགས་རེད། མདོ་སྨད་པ་ཡོན་ཏན་རྒྱ་མཚོའི་དོལ་རྒྱལ་སྐོར་གྱི་དེབ་སེར་ལས་ཁོང་གི་མཚན་ཡང་ཡང་མཇལ་སྟབས་དགའ་སྣང་ཞིག་ཡོད། ཁོང་གི་གམ་དུ་བཅར་སྐབས། གྲྭ་བ་སྐུ་བགྲེས་ཤིག་ཁང་མིག་ཆུང་ཆུང་ཞིག་གི་ནང་དུ། མདུན་ཅོག་སྟེང་གི་རས་ཧྲལ་ཟིན་པའི་འཁྲིས་སུ་ཉ་ཁྲི་ཆུང་ཆུང་ཞིག་གི་སྒང་དུ་བསྡད་འདུག ངས་སྐུ་ངོ་རྟ་ར་ཁང་མིག་གཞན་གང་ཞིག་ཏུ་ཡོད་ན་བསམས་ནས་ཡར་མར་ལྟ་སྐབས། གྲྭ་བ་སྐུ་བགྲེས་དེས་ཕྱག་བརྡ་བཏང་ནས་བཞུགས་ཟེར། ཁོང་སྐུ་ངོ་རྟ་ར་བ་རེད་འདུག ཁོང་གི་གསུང་སྒྲ་དང་ཉམས་འགྱུར་བཅས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཡིད་ལ་འཁོར་གི་བཅུགས་སོང་། ངས་དེབ་ཕྲེང་ཁོང་གི་ཕྱག་ཏུ་འབུལ་རྒྱུ་ནི་སྙིང་སྟོབས་ཀྱིས་མ་ལོངས་པའི་བཞག་མེད་ལ། ༧རྒྱལ་བ་རིན་པོ་ཆེའི་ལས་ཁུངས་དང་ཁ་ཐག་ཅུང་རིང་པོ་འདུག་པས་གྲྭ་བ་སྐུ་བགྲེས་ཤིག་ཕེབས་ཐུབ་ཀྱི་ཡོད་ན་བསམས་ནས་ལུས་སོང་།

 

ཕྱིར་སྒོ་འགྲམ་དུ་སླེབས་མཚམས། ཡང་ཅིག་ཅིག་ཅིག་ལ་མཇལ་དགོས་ཡོད་ཅེས་ཞུས་པར། དེ་མ་ཐག་ཁ་པར་བཏང་སོང་། ཕེབས་ཤོག་ཟེར་བཞིན་སྦུག་སྦུག་ཅིག་ཏུ་ཁྲིད་སོང་། སྟབས་ཡག་པའམ་ལས་བཟང་ནས་ད་ཐེངས་༧རྒྱལ་བ་རིན་པོ་ཆེའི་ཕྱག་ཏུ་སོན་རྒྱུར་ཐེ་ཚོམ་མེད་པ་འདྲ། གང་ཡིན་ཞེ་ན། ཡར་བཅར་དུས་གོམ་པ་ག་ལེར་སྤོ་དགོས་ཀྱི་འདུག དེའི་རྒྱུ་མཚན་ནི་༧སྐུ་མདུན་གྱི་འཁྲིས་སུ་སླེབས་ཡོད་པའི་བརྡ་སྟོན་གྱི་འདུག སྦུག་གི་གྲྭ་བ་མཁས་པ་དེ་ནི་བོད་ནང་གི་ཤེས་ཡོན་པའི་གནས་སྟངས་ནང་བྱུན་ཆུད་པ་ཞིག་རེད། མིང་དང་བརྩམས་ཆོས། ནང་དོན་སོགས་བཤད་སྐབས་ཆུ་བཞུར་བཞུར་རེད། ཁོང་གིས་ངའི་གླེན་ཚུགས་མཐོང་བས་ཡིན་ནམ། ཅུང་ཉེ་པོས། སྐུ་ཞབས་ཞོགས་དུང་གི་སྐོར་ལ་སྙན་ཞུ་འདྲ་མིན་འབུལ་མཁན་ཡོད་ས་རེད་ཟེར། ངས་ནན་བརྗོད་ཀྱིས་ཁོང་གིས་ནང་བསྟན་མི་ཤེས་པ་དང་མི་བརྩི་བ་ཟེར་བ་སོགས་ནི་དཔྱོད་ཤེས་རྒྱང་འབོད་ལས་ཤེས་ཐུབ་ཀྱི་འདུག་ལ། དེ་དག་ནི་གཡམ་སྒྲོགས་རང་རེད་ཅེས་ཞུ་ཁུལ་ཞུས། ཁོང་གིས་ཁྱེད་རང་ལོ་ག་ཚོད་རེད་ཟེར། ལོ ༢༣ ཡིན་ལབ། ཁྱེད་ནས་སེམས་ཁྲལ་བྱེད་མི་དགོས་ངས་དེ་རིང་རང་༧སྐུ་མདུན་ལ་སྤྱན་འབུལ་ཞུ་ཡི་ཡིན་ཟེར། དེ་ལས་ཀྱང་ལས་ལམ་དུ་འགྲོ་བ་ཞིག་ལ། གཟིམ་མཇལ་ཐེངས་གཉིས་པའི་སྐབས་༧སྐུ་མདུན་རིན་པོ་ཆེར་དངོས་སུ་བཀའ་འདྲི་ཞུས་སྐབས། ཐམས་ཅད་མཁྱེན་པ་ནི་ཐམས་ཅད་མཁྱེན་པ་རང་ཡིན་པས་ངེས་ཤེས་འདྲ་ཞིག་ཐོབ་སོང་།

 

ངེད་སྤུན་གཉིས་དགའ་ནས་སྡོད་པའི་སྐབས་དེ་དག་ཏུ། མཐོ་རིམ་སློབ་མའི་ཚོགས་མགོན་དུ་༧སྐུ་མདུན་རིན་པོ་ཆེས་གསུང་ཆོས་བཀའ་དྲིན་བསྩལ་སོང་། གླེན་པ་ལུག་འདྲ་བ་ཞིག་གིས་སྐུ་ཞབས་ཞོགས་དུང་གི་སྐོར་ལ་དྲི་བ་བཏང་སོང་། དྲི་བ་དེའང་ཞོགས་དུང་གི་བསམ་བློའི་དཀྱིལ་དུ་མེད་པ་ཞིག་བཏང་སོང་། ཡིན་ནའང་། ༧ཐམས་ཅད་མཁྱེན་པས་བཀའ་ལན་དེ་འདྲ་རླབས་ཆེན་ཞིག་གནང་སོང་། དེ་མ་ཐག་ངའི་སྤུན་ཆུང་ལ་མིག་ཆུ་ཤོར་སོང་། དེ་ནི་གནམ་སའི་བར་མཚམས་ཀྱི་འཚོ་བ་རོལ་བའི་ནང་གི་བརྗེད་པ་མེད་པའི་ཉིན་མོ་ཡིན་པས་སེམས་ཐག་འདྲ་ཞིག་ཆོད་སོང་། ཡིན་ནའང་། སྐབས་དེ་ནས་ད་དུང་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་སྐུ་ཞབས་ཞོགས་དུང་གི་བརྩམས་ཆོས་མཇལ་བ་ཞེ་དྲག་ཉུང་ཉུང་རེད། ཚང་མས་མཁྱེན་མཁྱེན་ལྟར། ༢༠༠༨ལོའི་ཞི་རྒོལ་ཚུགས་པ་ནས། བཙན་བྱོལ་ནང་གི་རེ་ཤོས་ཀྱིས། བསམ་གཟས་ནས་སྐུ་ཞབས་ཞོགས་དུང་སོགས་ཀྱི་མཚན་འབོད་གནང་སྟེ་ཧ་ལམ་མ་སོང་ན་སྐུ་ཞབས་ཞོགས་དུང་གིས་རྒྱ་མི་ཁྲིད་ནས་སླེབས་པ་འདྲ་བས་གཤེ་གཤེ་བཏང་། གང་དུ་ཡོད། ག་རེ་བྱེད་ཀྱི་ཡོད་ཟེར་བ་སོགས་ཆར་བ་ལྟར་བབས། རང་ཉིད་ཤེས་ཡོན་པ་དང་བསམ་བློ་བ། རིག་གནས་འཕེལ་འགྲིབ་སྨྲ་བ་ཡིན་པའི་གླེན་ལུག་གི་ང་རྒྱལ་གནམ་སའི་བར་དུ་བརྐྱངས།

 

དངོས་གནས་ཅང་མ་འགོར་བར། གནམ་ས་གོ་འབྱེད་ཀྱིས་བོད་ཕྱི་ནང་གཉིས་སྦྲེལ་བར་བྱས། སྒུལ་བར་བྱས། སྐྱ་སེར་ཐམས་ཅད་གནམ་ས་གོ་འབྱེད་ལ་འཁོར། མཁས་བརྫུ་ཚོས་གནམ་ས་གོ་འབྱེད་གླེང་། དཔོན་པོ་ཚོས་གནམ་ས་གོ་འབྱེད་སྐྱོར། ཐ་ན་བྱིས་པ་ཚུན་ཆད་ཀྱི་ངག་ཏུ་ཞོགས་དུང་གིས་ཁྱབ་སྟེ། དྲ་རྒྱ་རླུང་འཕྲིན་ཁང་སོགས་ཀྱིས་ཞོགས་དུང་གླེང་དྲགས་ནས་བསམ་འཆར་བཤད་མཁན་ཀྱང་འདུག སྐབས་དེར་ཁོང་གི་ཆེད་དུ་མི་མང་ལས་འགུལ་ཚོགས་པ་འཛུགས་ཟེར་མཁན་ཡང་འདུག དམངས་ཁྲོད་ཤེས་ཡོན་པའི་ཚོགས་པ་འཛུགས་ཟེར་མཁན་ཡང་འདུག དེ་དག་ཚང་མར་གང་བཙུགས་ན་དགའ་བསུ་ཡོད་ལ། རང་ཉིད་མཉམ་ཞུགས་དང་ཧིན་སྒོར་གང་འཚམས་རེ་འབུལ་རྒྱུའི་དམ་བཅས་པ་ཡིན་མོད། དེ་འདྲ་དངོས་སུ་བྱུང་མ་སོང་། གཞན་ཤེས་ཡོན་གྱི་ཆ་ནས་ནག་ཁུངས་ཡིན་པའི་གཞིས་ཆགས་ཁག་གི་ཁོ་ར་ཁོར་ཡུག་ཀུན་ཏུའང་སྐུ་ཞབས་ཞོགས་དུང་གི་མིང་འདི་ཡང་ཡང་གླེང་། རྒྱལ་སྤྱིའི་སྡིངས་ཆ་ནས་སྲིད་དོན་པའི་གྲས་ར་ཚུན་ཆད་དུ་སྐུ་ཞབས་ཞོགས་དུང་ནི་མི་གླེང་མཁན་དང་མི་ཤེས་མཁན་སུ་གང་མི་འདུག

 

རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྐབས་ཁོང་ཉིད་ད་དུང་བཙོན་འོག་ཏུ་ཡོད། སྒྲིག་འཛུགས་དག་གི་ཚེར་སྣང་དེའང་ཡལ་འདུག ཞོགས་དུང་ནི་ཚིག་གི་འགོ་མ་བྱས་ཏེ་ཁ་ནས་ཐོན་གྱི་འདུག ད་དུང་སྐུ་ཞབས་ཟེར་བའི་ཚིག་འདི་མི་སྦྱོར་མཁན་གཅིག་ཀྱང་མེད། ང་དང་གྲོགས་བོན་རྒྱས་ཁོང་གི་ཆེད་དུ་བགྲོ་གླེང་དང་། ས་རྟགས་བསྡུ་རུབ། རྒྱལ་ཚོགས་ཀྱི་འཐུས་མི་ཚོར་རྒྱབ་གཉེར་སོགས་ཞུ་སྐབས། འུ་ཚོའི་ཆེན་པོ་དག་གིས་ཁོང་གི་སྐོར་ལ་བགྲོ་གླེང་བྱེད་རྒྱུའི་བློ་ཁོག་ཀྱང་འདར་སུག་སུག་བྱེད་ཀྱི་འདུག དེ་ནི་སྐུ་ཞབས་ཞོགས་དུང་ནི་རང་ག་བ་ཞིག་གིས་གླེང་མི་ཐུབ་པ་ཞིག་ཡིན་པས་དན་རྟགས་དངོས་གནས་དེ་རེད།

 

ལས་འགུལ་དེ་དག་གྲུབ་ནས་རྡ་སར་འཁོར་ནས་ཉིན་ཁ་ཤས་ཀྱི་རྗེས་སུ། གྲོགས་བོན་རྒྱས་ཁ་པར་བསླེབས་ནས། བྱ་བ་ལམ་དུ་སོང་བའམ། རང་ངོས་ན་མགོ་མཇུག་ཚང་པའི་ལྟ་གྲུབ་དང་། མཁས་ཚད། གྲ་སྒྲིག་ཡོད་པའི་སྐུ་ཞབས་ཞོགས་དུང་བཙོན་ནས་གློད་འདུག་ཟེར། སྐབས་དེའི་སེམས་ཚོར་ནི་བརྗོད་མི་ཤེས་པ་ཞིག་རེད་ལ། མངར་མོ་རིག་ན་ལྡགས་ཀྱང་བྱེད་མཁན་ཚོ་ལས་སེམས་ཚོར་རེ་སྨྲས་ཆོག་ཀྱང་། དེ་དག་ནི་གནས་སྐབས་དེབ་ཐེར་དུ་ཁུ་སིམ་མེར་ཉལ་ན་དགའ། རང་གི་སྤུན་གྲོགས་དང་བློ་སེམས་རིག་གནས་ཀྱིས་མཐུན་པ་ཁག་ཅིག་གིས་སྦི་རག་ཚད་མེད་པ་ཞིག་འཐུང་ནས་སྐུ་ཞབས་ཞོགས་དུང་གློད་པ་དང་། སྐུ་ཞབས་ཞོགས་དུང་དང་བོད་མི་རིགས་ལ་གླེང་སློང་བྱས་ནས་མཚན་གཅིག་བསྐྱལ་བ་ཡིན།

 

དེང་སྐབས་ནི་སྐུ་ཞབས་ཞོགས་དུང་མཆོད་ཁྲིའི་སྟེང་དུ་སླེབས་གྲབས་ཡོད་པའམ། ཁོང་གི་བསམ་བློའི་དཀྱིལ་སྙིང་ལའང་ངེས་ཤེས་ཡོད་མདོག་མདོག་མང་དུ་འགྲོ་བ་སོགས་ནི། ང་ཐེ་བས་བོད་མི་ཚོས་སྐུ་ཞབས་ཞོགས་དུང་ངོ་ཤེས་རིམ་ལྷད་མེད་པ་དེ་ཡིན་པར་སེམས་ལ། ཞོགས་དུང་མར་མེ་བཞིན་འབར་དུས། གློག་འོད་དང་ཟླ་འོད་ལས་མར་མེ་དེ་ལ་དུངས་ཤ་ཞིག་ཡོད། ཞོགས་དུང་ཉི་མ་བཞིན་འཆར་དུས། གློག་འོད་དང་ཟླ་འོད་ལས་མར་མེ་དེ་སྔར་བཞིན་སེམས་ཁོངས་སུ་འབར་གི་འདུག

༢༠༡༡།  ༣།  ༦ །

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༡༦ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 7

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    གཤམ་དུ་ངས་སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་བཤད་དུམ་བུ་ཞིག་དགོས་དབང་གིས་བཀོད་ཡོད།

    ༼ སྤྱིར་བཏང་ང་ཚོ་ཆབ་སྲིད་ཀྱི་ཐད་ནས་ཡིན་རུང་འགྱུར་བ་མང་པོ་ཞིག་འགྲོ་གི་ཡོད་ རེད། བཀའ་བློན་ཁྲི་པ་གསར་པ་སླེབས་དགོས་རྒྱུ་དང༌། སྤྱི་འཐུས་སྐབས་བཅོ་ལྔ་པ་གསར་པ་སླེབས་དགོས་རྒྱུའི་གནས་སྟངས་ཆགས་ཡོད། དེ་མིན་སྤྱིར་བཏང་གི་སྤྱི་ཚོགས་ནང་དུ་འགྱུར་བ་མང་པོ་ཞིག་འགྲོ་གི་ཡོད་རེད། སྔོན་མའི་དུས་ཚོད་ལ་ྋརྒྱལ་བ་རིན་པོ་ཆེར་ཁ་བཏང་བ་ཙམ་གྱིས་ཉེས་རྡུང་རག་པའི་ དུས་ཚོད་དེ་འདྲ་ཡོད་རེད། དེང་སང་ྋརྒྱལ་བ་རིན་པོ་ཆེར་ཁ་བཏང་བ་ཡིན་ན་ད་དུང་ཁ་གཏོང་མཁན་གྱི་མི་དེ་ལ་ རྒྱབ་སྐྱོར་བྱེད་པའི་དུས་ཚོད་ལ་སླེབས་བསྡད་ཡོད་རེད། དེ་ག་རེ་ཟེར་དགོས་རེད། ང་རང་ཚོའི་བསོད་ནམས་དམན་པའི་རྐྱེན་གྱིས་ཡིན་ནའང་འདྲ་འདུག ྋརྒྱལ་བ་རིན་པོ་ཆེར་སྐུར་འདེབས་ཞུ་མཁན་གྱི་མི་དེ་གང་ཟག་མི་གཅིག་རེད་དེ། ད་གིན་སྤྱི་འཐུས་གཅིག་གིས་གོང་དུ་གསུངས་པ་ནང་བཞིན་སྐྱོན་བརྗོད་ཟེར་དུས་ སྐྱོན་གཅིག་ལ་མཛུབ་མོ་བཙུགས་ནས་སྐྱོན་བརྗོད་བྱེད་དགོས་པ་རེད་མ་གཏོགས། ཡོན་ཏན་ལ་མཛུབ་མོ་བཙུགས་ནས་སྐྱོན་བརྗོད་བྱས་པ་ཡིན་ན་འགྲིག་ཐབས་ཡོད་མ་རེད་ ཅེས་གསུངས་པ་དེ་ངའི་སེམས་ལ་བབས་པོ་ཞིག་བྱུང༌། ད་དུང་མི་དེའི་རིགས་དེ་སྤྱི་ཚོགས་ཀྱི་གོ་གནས་ལ་སླེབས་ནས་སྡིངས་ཆ་བསྐྲུན་ རྒྱུ་དང༌། རླུང་འཕྲིན་ཁང་གིས་ཆེད་མངགས་མི་དེ་ཚོ་ལ་གོ་སྐབས་སྤྲོད་པ། དེ་ཚོའི་གྲས་དེས་ང་ཚོའི་སྤྱི་ཚོགས་ལ་ཕན་པའི་ཐོག་ལ་བྱེད་ཀྱི་ཡོད་དམ། ཡང་ན་ང་ཚོའི་སྤྱི་ཚོགས་ལ་གཏོར་བཤིག་གཏོང་རྒྱུའི་ཆེད་དུ་བྱེད་ཀྱི་ཡོད་རེད་ དམ། དེའི་དམིགས་ཡུལ་དང་དགོས་པ་དེ་ཚོ་ཤེས་ཀྱི་མི་འདུག སྐབས་རེར་དུས་ཚོད་ཡོད་པའི་སྐབས་ལ་དྲ་རྒྱ་དེ་ཚོའི་ནང་དུ་བལྟ་གི་ཡོད། དེའི་འོག་ལ་མཆན་བརྒྱབས་པ་དེ་འདྲ་ཡང་བལྟ་གི་ཡོད། ྋརྒྱལ་བ་རིན་པོ་ཆེར་སྐྱོན་མེད་པ་ལ་སྐྱོན་བརྗོད་བྱེད་མཁན་གྱི་མི་དེ་ཚོ་ལ་ རྒྱབ་སྐྱོར་བྱས་ནས་ཁོའི་འགྲོ་བ་མིའི་ཐོབ་ཐང་རེད། སྨྲ་བརྗོད་རང་དབང་རེད་ཟེར་མཁན་དེ་འདྲ་གང་ལ་གང་འཚམ་ཞིག་ཐོན་ཡོང་གི་འདུག་ཨང་། དེར་རྒྱབ་སྐྱོར་བྱེད་མཁན་དེ་ཚོས་ཁོ་རང་ཚོ་སྨྱུག་ཐོགས་པ། ཤེས་ཡོན་ཅན་ཡིན་ཞེས་ཟེར་གྱི་ཡོད་རེད། ད་དུང་མིང་ཆེན་པོ་ཞིག་ཁྱེར་ནས་དེ་འདྲ་བྱེད་བསྡད་མཁན་མང་པོ་ཞིག་ཡོང་གི་འདུག ྋརྒྱལ་བ་རིན་པོ་ཆེར་སྐྱོན་ཡོད་པ་ཡིན་ན་དངོས་གནས་ཀྱི་སྐྱོན་བརྗོད་བྱ་ཆོག་གི་ རེད། ཡིན་ནའང་ྋརྒྱལ་བ་རིན་པོ་ཆེའི་ད་ལྟའི་དགོངས་པ་བཞེས་ཕྱོགས་ལྟ་བུ་ཞིག་ཡིན་ན་ ལོ་ནས་ལོ་བསྟུད་བང་བསྒྲིགས་ཏེ་ཕེབས་ནས་ད་ལྟའི་དེ་འདྲ་ཞིག་ལ་མར་བབས་གནང་གི་ ཡོད་རེད། དེ་འདྲའི་དགོངས་པ་རྒྱ་ཆེན་པོ་བཞེས་སྡོད་མཁན། འཛམ་བུ་གླིང་ནང་ལ་དབུ་ཁྲིད་འདི་ལྟ་བུ་ཞིག་མེད་པ་ཚང་མས་ཤེས་གསལ་རེད། བར་སྐབས་ཤིག་ལ་་ཚགས་པར་རྒྱག་མཁན་མང་པོ་ཞིག་རྡ་རམ་ས་ལར་འཚང་ཁ་ཤིག་ཤིག་གིས་ ཡོང་ནས་ཁོ་རང་ཚོ་ཧང་སངས་བསྡད་ཀྱི་འདུག་ཨང༌། ཁྱེད་རང་ཚོའི་དབུ་ཁྲིད་ནང་བཞིན་དབང་ཆ་མར་རྩིས་སྤྲོད་མཁན་དེ་ལྟ་བུ་ཞིག་ཡོད་ མ་རེད། ད་ཁྱེད་རང་ཚོས་དེ་ལ་བདག་པོ་རྒྱག་པའི་དུས་ཚོད་ལ་སླེབས་ཡོད་པ་མ་རེད་དམ་ཞེས་ ཁོ་ཚོས་ང་ལ་སྐད་ཆ་འདྲི་གི་འདུག དེར་བརྟེན་དབུ་ཁྲིད་འདི་འདྲ་ཞིག་གི་ཐོག་ལ་སྐུར་འདེབས་དང་སྒྲོ་བཏགས་མང་པོ་ ཞིག་བྱས་ཡོང་དུས་སེམས་ལ་ཤོང་གི་མི་འདུག མཚམས་མཚམས་སུ་ཁོང་ཁྲོ་ཟ་ཡོང་གི་འདུག བཟོད་བསྲན་བྱ་རྒྱུའི་ཐབས་ཤེས་མང་པོ་བྱེད་ཀྱི་ཡོད་རུང་ཁོང་ཁྲོ་ཟ་ཡོང་གི་འདུག བྱས་ཙང་དེ་རིང་གི་མཇུག་བསྡོམས་གཏམ་བཤད་འདིའི་ནང་དུ་འཁྱུག་ཙམ་ཞིག་བཤད་པ་ཡིན་ ན་ཕན་གྱི་རེད་བསམ་གྱི་མེད། གཅིག་བྱས་ན་ཚོགས་གཙོས་མཇུག་བསྡོམས་གཏམ་བཤད་དེ་འདྲ་བཤད་འདུག ང་ཚོའི་སྨྲ་བརྗོད་རང་དབང་ལ་དོ་ཕོག་གཏོང་གི་འདུག་ཅེས་དྲ་རྒྱའི་ནང་དུ་བྲིས་མ་ སྲིད་པ་མ་རེད། ཡིན་ནའང༌། དེ་ལྟ་བུར་གདོང་ལེན་མ་བྱས་པ་ཡིན་ན་དེའི་རིགས་མང་དུ་མང་དུ་ཕྱིན་ཏེ་ང་ཚོའི་ སྤྱི་ཚོགས་རུལ་འགྲོ་རྒྱུའི་ཉེན་ཁ་འདུག ད་ངས་ཐབས་རྡུགས་ནས་བཤད་པ་ཡིན་ན་མཚམས་རེར་ག་རེ་བསམ་གྱི་འདུག་ཟེར་ན། དེ་ངའི་བསམ་ཚུལ་ཙམ་ཞིག་རེད། དཔང་རྟགས་གང་ཡང་མེད། བོད་པའི་གནད་དོན་དང་རྒྱ་ནག་གི་མི་དགའ་སའི་གནད་དོན་གང་འདྲ་ཞིག་ཡིན་རུང་རྒྱ་ ནག་གིས་དྲ་རྒྱའི་བརྒྱུད་ལམ་ཐོག་ནས་ཁ་དམག་ཞེ་དྲག་རྒྱག་གི་འདུག་ཨང༌། རྡ་རམ་ས་ལར་ཆེད་མངགས་མི་འགའ་ཤས་ཤིག་བཙུགས་བཞག་མེད་དམ་བསམ་བསམ་དེ་འདྲ་བསམ་ བློའི་ནང་དུ་འཁོར་ཡོང་གི་འདུག དཔང་རྟགས་གང་ཡང་མེད། ག་རེ་རེད་ཟེར་ན། འབྲི་སྟངས། བརྗོད་བྱ། དེ་ཚོའི་གྲས་ལ་དུས་ཚོད་ཡོད་སྟངས་ལ་བལྟས་ཡོང་དུས་དེ་འདྲའི་ཚོར་བ་ཞིག་ཡོང་གི་ འདུག དེ་རིང་གི་གྲོས་ཚོགས་ཀྱི་ནང་དུ་ཞུ་འདོད་བྱུང་སོང༌།༽

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    དྲ་གྲོགས་རྣམ་པ་ཕེབས་པར་དགའ། སྐུ་ཞབས་ཞོགས་དུང་གི་དགོངས་གཞི་ངོ་ཤེས་རིམ་རྗེས་སུ་དུས་ཚོད་བྱུང་མཚམས་སྤྱན་སྔར་བསྟར་ངེས་ཡིན།

    གཞན་གྲོགས་དམ་པ་ཚེ་རིང་རྡོ་ཚེ་རིང་ལགས་ཀྱིས་ཀྱང་གསུངས་པ་ལྟར། རང་གྲོལ་སྨྱུག་གསར་དྲ་བའམ་བོད་མི་ཚོས་ཡེ་རྡོར་དྲ་བར་འབོད་པ་དེས་ཁ་བསྒྱུར་བ་གནམ་ལོ་ཡག་སོགས་ལ།
    ངས་འདི་ནས་ཁྱེད་ལ་ནན་བརྗོད་བྱེད་རྒྱུར། བོད་ནང་གི་བསམ་ཚུལ་ཟེར་བ་དེ་དངོས་གནས་རྩ་ཆེན་པོ་དང་རིན་ཐང་གཞལ་མེད་རེད། དེ་འདྲའི་འབག་ཅིག་གྱོན་ནས་ཁྱེད་རང་འདྲ་བ་དག་གི་བསམ་ཚུལ་ལ་རྒྱབ་བསྙེས་སའམ་ལག་དཀྲི་ས་བྱེད་སྟངས་འདི་ཡག་པོ་ཁྱོན་ནས་མ་རེད། ཞིབ་འདང་རྒྱག་དགོས་པ་རེད།

    དོན་དམ་པར་ལམ་དབུ་མའི་སྲིད་བྱུས་ཀྱིས་བོད་ལ་གནོད་ཡོད་ན། ༧རྒྱལ་བ་རིན་པོ་ཆེའི་ལམ་ལུགས་ཀྱིས་བོད་ལ་གནོད་ཡོད་ན། རང་བཙན་ཁ་ལ་ཁྱེར་ནས་ཅི་ཞིག་བྱེད་འདོད་ཡོད་པ་དག་གསལ་གསལ་ཐང་ཐིང་གནང་ན་ཞེ་དྲག་སྐྱོན་གྱི་མ་རེད། དེ་མ་གཏོགས་ཁྱེད་ཚོའི་དག་གིས་འདྲ་མི་འདྲ་ནས་ཐབས་ཤེས་གང་ཡོང་སྤྱད་དེ་སྤྱི་ཚོགས་ཀྱི་བདེ་འཇགས། མིའི་རིགས་ཀྱི་སེམས་ཁམས་ལ་གཏོར་བཤིག་གཏོང་འཆར་འདི་དག་ནི་རྩ་བ་ཉིད་ནས་ཡག་པོ་མ་རེད། ཁྱེད་ཚོ་སིམ་འཛུལ་བྱེད་སྟངས་འདི་ཐབས་ཤིག་ཡིན་དབང་དུ་བཏང་ཡང་། ལྟ་མཁན་ཚང་མ་ལྐུགས་པ་མིན་པའང་མཁྱེན་དགོས་པ་རེད།
    མདོ་དོན། རང་གྲོལ་ལམ་ཡེ་རྡོར་དྲ་བ་ཐོགས་ཟིན་པ་དེ་ཁྱེད་ནས་སྟངས་འཛིན་བྱས་ན་སྐྱོན་མི་འདུག ཡིན་ནའང་དམིགས་ཡུལ་གསལ་བཏོན་བྱེད་དགོས་ཀྱི་འདུག དེ་གཅིག་ཡིན། གཉིས་ནས་བློ་བཟང་ཚེ་རིང་ཟེར་བ་ལྟ་བུའི་མིང་འདྲ་མི་འདྲའི་ཐོག་ཁྱེད་ཚོ་ལྟོས་བཅས་ཀྱིས་གང་དྲན་མ་བཤད། དེ་གཉིས་ཁྱེད་ལ་དྲན་སྐུལ་དང་ཕྱིས་སུ་ལུགས་ལྡོག་མི་བྱེད་པའི་རེ་བ་བྱེད་བཞིན་ཡོད་ལ།

    མདོ་དོན་སྐུ་ཞབས་ཞོགས་དུང་སོགས་ཤེས་རབ་ཀྱི་བློ་མིག་ཡངས་པ་དག་ཁུངས་མེད་རུ་དཔུང་གི་ཕྱོགས་སུ་དྲུད་མ་འགྲོ་རོགས་ཟེར་གྱི་ཡོད།

    Reply
  3. དབྱངས་ཅན་སྒྲོལ་མ། says:
    ལོ་ 14 སྔོན།

    གསར་འབྱོར་རྙིང་འབྱོར་དང་གཞི་ལུས་བྱེས་འབྱོར་ཟེར་ན་དགོས་པ་མི་འདུག
    གང་ལྟར་གླེན་པ་སྐུབ་རྟེགས་མཐོན་པོ་ཅན་ཚོ་ཁོའི་དོ་ཟླ་མི་ཡོང་བ་མ་ཟད།
    ཁོའི་ཤེས་འཇོན་དང་ལྷག་བསམ་སྙིང་སྟོབས་གང་ཐད་བཤད་ན་ཁོང་ང་ཚོ་བོད་པའི་དཔའ་མཛངས་ལྡན་རྒྱལ་གཅེས་དཔའ་བོ་ཞིག་དོན་ངོས་ནས་རེད་འདུག
    རྒྱལ་གཅེས་བ་ཁོང་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་དྲ་གྲོགས་ཤར་ཕྱོགས་ཁུག་རྟ་གི་སེམས་ཚོར་བྲིས་པ་དེ་དངོས་ཡོད་གནས་ཚུལ་ཞིག་རི་མོའི་གཟུགས་སུ་བཀོད་ཡོད་པ་ཞིག་རེད་འདུག
    སྐུ་ཞབས་བཀྲ་རྒྱལ་དང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཧ་ཅང་ཡག་པོ་འདུག
    ཁ་ཕྱོགས་ཡག་པོ་འདུག
    ཡིད་ཆེས་ཡོད།

    Reply
  4. བདེ་ཆེན་སྒྲོལ་མ། says:
    ལོ་ 14 སྔོན།

    ཨ་རོ། སྤུན་ཆུང་གིས་རྩོམ་ཡིག་ཆ་ཚང་མགོ་ནས་མཇུག་བར་རིག་པ་སྒྲིམ་ནས་ཐེངས་གཅིག་བཀླགས་པ་ཡིན། དངོས་གནས་དེ་དུས་ཀྱི་དུས་ཚོད་ནི་ཁྱོད་ཀྱིས་བྲིས་འདུག་པ་ནང་བཞིན་ཡིན་ལ་སེམས་ཚོར་གཙང་མ་དེ་ཡང་དེ་བཞིན་རང་ཡིན་ཡ།

    གཞན། བཙན་བྱོལ་ནང་གི་ཆེན་པོ་དག་གིས་སྐུ་ཞབས་ཞོགས་དུང་གི་སྐོར་ནས་ངག་བཅད་དུ་འདུག་པ་ཡང་ཁག་ཡོད་པ་མ་རེད། སྐུ་ཞབས་ཞོགས་དུང་ཟེར་ན་བཙན་བྱོལ་ནང་གི་ཡིན་མདོག་ཅན་པོ་འདི་ཚོ་དང་གཏན་ནས་འདྲ་ནི་མ་རེད། ཕྱོགས་གང་ནས་བསྡུར་ཡང་གནམ་དང་ས་ཡི་བར་ཁྱད་ཡོད་ནི་རེད། ཁོང་ཚོས་ཡང་དེ་གསལ་བོ་ཤེས་ནས་ཡོད་ནི་རེད།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚེ་རིང་རྡོ་རྗེ་ལགས། ཉིད་ཀྱིས་རང་གྲོལ་དྲ་ཚིགས་སྐོར་ནས་རྒྱུ་ཆ་མཁོ་འདོན་གནང་བ་བཀའ་དྲིན་ཆེ་ཞུ། གཞན་རང་གྲོལ་དྲ་ཚིགས་དེ་བོད་ནང་ནས་ཀློག་ཐུབ་གི་མེད་པ་དང་ཕྱི་ནས་ཀློག་གི་ཡོད་པ་སོགས་དོགས་འདྲི་འདྲ་ཞིག་གནང་འདུག་པར། དྲ་ཚིགས་བོད་ནང་ནས་ཀློག་ཐུབ་པ་མ་ཟད་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་མང་པོས་མཆན་བུ་བཏབ་ཡོད་པའང་སྐུ་ཉིད་དྲ་ཚིགས་དེར་ཕེབས་ན་མཁྱེན་ཐུབ་ལ། དྲ་ཚིགས་དེའི་སྐོར་ནས་ཤེས་རྟོགས་ཡོད་ཡོད་འདྲ་ཡང་དོན་དངོས་དངོས་སྐད་ཆ་བཤད་མི་འདུག་སྙམ་པའི་ཚོར་བ་བྱུང་། དེ་ནས་དྲ་ཚིགས་དེའི་སྐོར་ནས་དྲ་ངོས་སུ་མང་པོ་བཤད་པ་སྟབས་བདེ་མིན་ན། སྣུ་ཉིན་ལ་དགོས་གལ་བྱུང་ན་དང་།་ཡང་ན་དོགས་འདྲི་འདྲ་ཡོད་ཚེ་གུས་པས་གང་ནུས་ཀྱིས་ལན་དབུལ་བའི་ཐབས་ཤེས་བྱ་ཆོག་ན། སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་ཟུར་དུ་འཇོག་རྒྱུ་དང་། གཞན་ཁྱོད་ཀྱིས་དྲ་བ་དེའི་སྐོར་འདིར་མཆན་བུར་འདེབས་དོན་སོགས་ཀྱང་གློག་འཕྲིན་བརྒྱུད་སགུང་བའི་རེ་བ་ཆེ།

    tashi1@live.com

    Reply
  6. བསྟན་འཇམ། says:
    ལོ་ 14 སྔོན།

    ༧་གོང་ས་མཆོག་ནི་དུས་ཚོད་སྐར་ཆ་གཅིག་ཀྱང་ཐུགས་ལྷོད་ལྷོད་ངང་བཞུགས་ཁོམ་མེད་པའི་སྐབས་འདིར། ཆེད་དུ་ཞོགས་དུང་གི{དཔྱོད་ཤེས་རྒྱང་འབོད་}གཅིག་བུ་ཕྱག་ཏུ་འཇོག་འདོད་ཀྱི་ས་མདུན་དུ་བཅར་སྤོབས་པ་དེ་ང་ཧ་ལས་ནས་ཧོན་འཐོར་སོང་།
    ཧམ་པ་ཟེར་བ་དེ་དགོས་ས་ཡོད་ལ་མི་དགོས་ས་ཡང་ཡོད ། གོང་ས་མཆོག་གི་སྐུའི་མཛད་འཕྲིན་གྱི་འཕྲོ་བཅད་དེ་དུས་ཚོད་ཟུར་བཏོན་གྱིས་དཔེ་དེབ་ཕྱག་འབུལ་བྱེད་རྒྱུ་དང་ཁོང་གི་བྲེལ་ཟིང་ཆེ་བའི་དུས་ཚོད་གཉིས་ཀྱི་རིན་ཐང་ཆེ་ཆུང་ལ་བསམ་བློ་གཏོང་ཨེ་མྱོངས །

    Reply
  7. ཚེ་རིང་རྡོ་རྗེ says:
    ལོ་ 14 སྔོན།

    རང་གྲོལ་སྨྱུག་གསར་དྲ་བ་ཞེས་པའི་དྲ་ཚིགས་དེ་དོན་དངོས་སུ་རྒྱ་གཞུང་གི་དྲ་རྒྱའི་ཁྱབ་ཁོངས་སུ་ཡོད་དམ་མེད།

    བོད་ནང་གི་བོད་ཡིག་གི་དྲ་ཚིགས་དང་ཟིན་བྲིས་རྣམས་ལ་རྒྱ་གཞུང་གིས་བཀག་སྡོམ་བྱས་དང་བྱེད་བཞིན་པའི་རྒྱུ་མཚན་རིགས་གཅིག་ནི་བོད་མི་ཚོས་དོན་དངོས་དང་རང་དབང་གླེང་བརྗོད་བྱས་པ་དེ་ཡིན་པར་སྙམ། རྒྱ་གཞུང་གི་དྲ་རྒྱ་སོ་ལྟ་འཕྲུལ་ཆས་ཀྱིས་གཞུང་དེའི་རྣ་བར་མི་སྙན་པའི་ཐ་སྙད་རིགས་འཚག་པ་དང་དྲ་ཚིགས་ལ་བཀག་རྒྱ་གཏོང་བ་ཡིན། ན་ནིང་ནས་གསར་དུ་བྱུང་བའི་རང་གྲོལ་སྨྱུག་གསར་དྲ་བ་ཞེས་པ་འདིའི་གླེང་གཞི་དང་ཐ་སྙད་འགའ་ཤས་ནི་རྒྱ་གཞུང་གིས་བཀའ་སྡོམ་བྱས་པའི་རིགས་ཡིན་པ་མ་ཟད། གཞུང་དེའི་སྙིང་ལ་ཕོག་པའི་ཐ་སྙད་དེ། དཔེར་ན། བཙན་བྱོལ་གཞུང་དང་འབྲེལ་བའི་མིང་གི་རྣམ་གྲངས་ལྟ་བུ་མང་། ཡིན་ནའང་དྲ་ཚིགས་འདི་བོད་ནང་ནས་ལྟ་མི་ཐུབ་པའི་སྣང་ཚུལ་བྱུང་བར་བརྗོད་ཀྱང་། བྱེས་སུ་དེ་འདྲའི་ལྟ་མི་ཐུབ་པའི་སྣང་ཚུལ་མེད་པ་འདྲ། འོ་ན་དྲ་ཚིགས་འདི་ལ་རྒྱ་གཞུང་གི་བཀག་རྒྱ་གཏོང་མ་ཐུབ་པ་གང་ཡིན་ཟེར་ན། དེ་ནི་དྲ་ཚིགས་འདི་རྒྱ་གཞུང་གི་ཚོད་འཛིན་ཐེབས་པའི་དྲ་ཚིགས་ཁྱབ་ཁོངས་སུ་ཐོ་བཀོད་མེད་པས་སོ།། བདག་གིས་དྲ་བ་དེའི་དྲ་ཚིགས་ཁ་བྱང་ལས་དྲ་ཚིགས་གནས་ཡུལ་(IP)བཙལ་བ་ན། དེ་ནི་ཨ་རིའི་ཡུག་ཏ་མངའ་སྡེའི་ཕོ་རོ་བོ་གྲོང་ཁྱེར་དུ་ཐོ་འགོད་བྱས་པའི་དྲ་གནས་ཤིག་ཡིན་པ་བརྩད་ཆོད། དེའི་ཞིབ་ཕྲ་རྣམས་གཤམ་དུ་དགོད་པར་བྱའོ།།
    IP address: 67.20.103.139
    IP country code: US
    IP address country: United States
    IP address state: Utah
    IP address city: Provo
    IP postcode: 84606
    IP address latitude: 40.2181
    IP address longitude: -111.6133
    ISP of this IP: Bluehost
    Organization: Bluehost

    གལ་སྲིད་ཁྱེད་ཀྱིས་དྲ་ཚིགས་ཀྱི་ཁ་བྱས་ལས་དྲ་གནས(IP)་འཚོལ་བསམ་ན། གཤམ་གསལ་དྲ་ཚིགས་དེ་ལས་རྙེད་ཐུབ།
    http://www.selfseo.com/find_ip_address_of_a_website.php

    དྲི་བ། རང་གྲོལ་སྨྱུག་གསར་དྲ་བ་ཞེས་པ་འདི་བོད་ནང་གི་བོད་མིས་དོ་དམ་བྱེད་ཀྱིན་ཡོད་དམ། ཡང་ན་བྱེས་པ་བོད་མི་ཞིག་གིས་དོ་དམ་བྱེད་ཀྱིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese