མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཚོས་ ༢༠༠༨ ལོར་ ངོ་རྒོལ་བྱེད་འོས་སམ་མི་འོས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

འོད་ཟེར་གྱིས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར། ༼མ་ཡིག་ www.highpeakspureearth.com༽

༢༠༠༨ ལོའི་མེ་ལྕེ་དང་ཟུངས་ཁྲག་དེ་དག་ནི་ལོ་ངོ་གསུམ་གྱི་ཡར་སྔོན་ཏག་ཏག་ལ་བྱུང་བ་རེད།   བོད་མི་མང་པོས་རང་ཉིད་བློས་གཏོང་བྱེད་དགོས་བྱུང་ཡོད་ལ། བོད་མི་མང་པོས་དེ་རིང་ཡང་བཙོན་ཁང་དུ་སྡུག་བསྔལ་མྱོང་བཞིན་ཡོད།  བཙན་གནོན་པའི་ལྐོག་མདའ་འཕེན་མཁན་དག་ནི་བོད་མི་ཚོའི་མགོ་ཐོག་ཏུ་ད་དུང་ལངས་ཡོད་ལ།  ཉི་མ་གསལ་བའི་ཉིན་དག་ལ། ཁོང་ཚོའི་ལག་ན་ཡོད་པའི་མེ་མདའ་ནས་མཆེད་པའི་འོད་དེ་ཡིས་ཕྱག་འཚལ་བཞིན་པའི་བོད་མི་ཚོར་བསྣུན་བཞིན་ཡོད།  འདི་ནི་བོད་མི་ཚོའི་སྙིང་ལ་བརྐོས་པའི་ཐུན་མོང་གི་དྲན་པ་ཞིག་རེད།

གང་ལྟར་ཡང་། བོད་མི་ཚོའི་ཁྲོད་ནས་ བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་བྱུང་བའི་གྱེན་རྒོལ་དེ་དག་ནི་མ་ཡོང་ན་འགྲིག་པ་ཡོད། གང་ཡིན་ཟེར་ན། དེས་ཡ་ང་མེད་པའི་བཙན་གནོན་སླེབས་བཅུག་པ་མ་ཟད། ཆབ་སྲིད་ཀྱི་ནང་དུ་བཙན་དབང་ཆེ་བའི་འགྱུར་བ་སླེབས་བཅུག་ནས། སྔོན་ནས་ཐོབ་ཡོད་པའི་གོ་བབ་དེ་སླར་ཡང་ཉམས་དམས་སུ་བཏང་སོང་ཞེས་སྐད་ཆ་མ་འདྲ་བ་གཞན་ཡོད་པ་དེ་ཁྱད་པར་འབྱེད་ཐུབ་པ་རེད། དཔེར་ན། བོད་ནང་གི་རོགས་སྐྱོར་ཐེབས་རྩ་མང་པོ་སྒོ་བརྒྱབ་པ་ཙམ་དུ་མ་ཟད། དེ་དག་ཁྱོན་ནས་སླར་ལོག་གི་མ་རེད་ལ། ང་ཚོས་བྱེད་ཐུབ་པ་ཉག་གཅིག་ཡོད་པ་དེ་ནི་ ང་ཚོ་རང་ཉིད་སྲུང་སྐྱོབ་བྱེད་ཆེད་རྫོགས་མཐའ་མེད་པའི་འགྲིག་མཐུན་བྱེད་རྒྱུ་དེ་རེད།

ཐེབས་རྩ་ཚོགས་པ་དང་རང་དབང་ཅན་གྱི་ཚོགས་པ་དག་ནི་རོགས་སྐྱོར་གྱི་ལས་ཀ་ལ་ཞུགས་ཡོད་སྟབས་ ཆབ་སྲིད་ཀྱི་ཆ་ནས་འགྲིག་ཆ་ལྡན་པའི་ཁེ་ཕན་ཅན་གྱི་བཟང་སྤྱོད་ཅིག་མཚོན་གྱི་ཡོད། ཡིན་ན་ཡང་། ད་ནི་རོགས་སྐྱོར་གྱི་ལས་ཀ་དག་ཀྱང་མུ་མཐུད་ནས་སྤེལ་མི་ནུས་ལ། མི་ཚོས་དེ་ལྟར་སྐྱོན་བརྗོད་བྱེད་པ་ནི་བསམ་ཤེས་བྱེད་ཐུབ་པ་ཞིག་རེད། ཡིན་ན་ཡང་། རོགས་སྐྱོར་གྱི་ལས་ཀ་འགོག་མཁན་རྣམས་ནི་ངོ་རྒོལ་བྱེད་མཁན་གྱི་མི་རྣམས་རྩ་བ་ནས་མ་རེད་ལ། དེའི་འགན་ཡོད་མཁན་དེ་ནི་བཙན་གནོན་པ་ཚོ་རེད།  དེའི་རྐྱེན་གྱིས་ངོ་རྒོལ་པ་དག་ལ་ཁག་འགེལ་བྱས་རིགས་དང་བཙན་གནོན་པ་ངོ་མ་དེ་ཚོའི་ཐད་དུ་ཁུ་སིམ་མེར་ཡོད་པ་འདི་གླེང་སློང་བྱེད་རྒྱུ་ནི་དགོས་ངེས་པ་ཞིག་རེད།

གཞུང་གི་ནང་དུ་ལས་ཀ་བྱེད་བཞིན་པའི་བོད་མི་ཞིག་གིས་བརྗོད་དོན་ལ། ༢༠༠༨ ལོའི་ངོ་རྒོལ་དེ་ནི་ནོར་འཁྲུལ་ཞིག་མ་རེད། ནང་ལོགས་ནས་བཤད་ན། དེས་མི་མང་གི་སྙིང་ཁོང་དུ་ཡུན་རིང་སྦས་བཀག་བྱས་ཡོད་པའི་རྒྱལ་ཁབ་ཀྱི་བསམ་བློ་དེ་འགུལ་བཅུག་པ་རེད་ལ། འཛམ་གླིང་ཕྱི་ལོགས་ལ་མཚོན་ན། དེས་བོད་མི་ཚོའི་གདོང་ལ་བཀབ་ཡོད་པའི་གདོང་རས་སྲབ་མོ་དེ་བཤུས་པ་དང་། བོད་མི་ཚོའི་གདོང་ངོ་མ་དེ་མཐོང་བཅུག་པ་མ་ཟད། ཁོང་ཚོའི་སྙིང་ཁོང་རུས་པའི་གཏིང་ནས་ཡོང་བཞིན་པའི་ངུ་འབོད་དེ་འཛམ་གླིང་ལ་ཐོས་བཅུག་པ་རེད།

འབྲིང་རིམ་སློབ་གྲྭའི་བོད་མི་དགེ་རྒན་ཞིག་གིས་བརྗོད་རྒྱུར། ༢༠༠༨ ལོའི་ངོ་རྒོལ་དེས་ང་ཚོ་ལ་ ན་ཟུག་རྣམས་རང་གི་སྙིང་ཁོང་དུ་སྦ་མི་ནུས་པར་ཕྱིར་འདོན་དགོས་པ་དེ་བསླབས་བྱུང་། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ། ང་ཚོས་གནད་དོན་རྣམས་རང་ཉིད་ཀྱི་ལག་ཏུ་ལེན་དགོས་པ་ལས། ང་ཚོས་༧རྒྱལ་བ་རིན་པོ་ཆེའམ་མཁས་པ་གཞན་རྣམས། ཡང་ན་མཐོ་རིམ་ཞིག་ལ་སྐྱབས་བཅོལ་ནས་སྡོད་མི་རུང་། དེར་བརྟེན་ང་ཚོ་རེ་རེ་ནས་རང་རང་གི་ཐོབ་ཐང་ལ་འཐབ་རྩོད་བྱེད་པའི་ལམ་བུའི་སྟེང་ངེས་པར་དུ་ཞུགས་དགོས་པ་རེད།

བོད་མི་རྩོམ་པ་པོ་ཞིག་གིས་བརྗོད་དོན། ༢༠༠༨ ལོའི་ངོ་རྒོལ་དེས་གཤམ་གསལ་གྱི་རྗོད་པ་འདི་དག་བོད་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་རེད།  བོད་མི་རྣམས་ནི་སྐྱིད་སྡུག་ཁྲོད་མཉམ་དུ་ལངས་ཡོད། ངོ་རྒོལ་དག་ནི་མི་གཞན་སུ་ཞིག་གིས་ཀྱང་སྐུལ་སློང་གིས་བྱས་པ་མ་རེད།  དེ་དག་ནི་མི་དམངས་རང་ཉིད་ཀྱིས་མགོ་བཙུགས་པ་རེད་ལ། དེས་མི་དམངས་ཀྱི་མངོན་འདོད་དང་རྣམ་འགྱུར། ལངས་ཕྱོགས་མཚོན་གྱི་ཡོད་པ་རེད།  མི་དམངས་ནི་ཧ་ཅང་ཀླད་མེད་རེད་ཅེས་འདོད་མཁན་དག་ནི་རང་ཉིད་ལ་མཐོང་རྒྱ་ཆེ་མདོག་དང་རང་ཉིད་ཀྱིས་མི་དམངས་ཀྱི་ཆེད་དུ་མི་དམངས་ཀྱིས་ཅི་ཞིག་བྱེད་དགོས་པ་དང་མི་དགོས་པ་ཐག་གཅོད་ཐུབ་ཀྱི་ཡོད་མདོག་མདོག་བྱེད་མཁན་ཚོ་རེད། མཐོ་རིམ་རིང་ལུགས་པའི་ལྟ་ཚུལ་འདི་ནི་ངོ་མ་བཤད་ན། རང་ཉིད་ཀྱི་ལག་ལེན་ངོ་མའི་ནང་དུ་ལས་དོན་བྱེད་པའི་འགན་འཁུར་གྱི་བསམ་བློ་སྣེ་གཅིག་ཀྱང་ཡོད་མ་རེད་ལ། དེ་ལས་ཀྱང་དེ་དག་ལ་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་ཕན་ཐོགས་ཕྱིར་སྤྱི་དམངས་ཀྱི་སེམས་ཁུར་སྣེ་གཅིག་ཀྱང་མེད་པ་རེད།

བོད་མི་རྩོམ་པ་པོ་གཞན་ཞིག་གིས་བརྗོད་དོན་ལ། ༢༠༠༨ ལོའི་ངོ་རྒོལ་དེ་ནི་བོད་ཀྱི་ལོ་རྒྱུས་ནང་གི་ས་མཚམས་རྡོ་རིང་ཞིག་ཆགས་པ་རེད། འདས་པའི་ལོ་ངོ་གསུམ་གྱི་རིང་ལ། བོད་ཀྱི་ས་ཁུལ་མང་པོར་ མི་རྣམས་ཀྱིས་རང་ཉིད་གཞི་ནས་དྲན་པ་སོས་པ་ཇི་བཞིན། རྒྱལ་ཁབ་ཀྱི་ཚོར་བ་དང་རྒྱལ་ཁབ་ཀྱི་ལ་རྒྱ་ལ་འབྲེལ་བའི་གནད་དོན་རྣམས་གླེང་བཞིན་འདུག དཔེར་ན་ “མཐུན་སྒྲིལ་གྱི་རང་སྒྲ་”ཞེས་པའི་གླུ་ཚིག་ཇི་བཞིན་རེད། དེས་བོད་མི་ཚོའི་བསམ་ཚུལ་བསྟན་ཡོད་པ་སྟེ། “ཨོ། བོད་མི་ཚོ་མཐུན་སྒྲིལ་གྱིས་ཡ་མཐུན་སྒྲིལ་གྱིས།  ཨ་ཕའི་གདོང་གི་སྐྱོ་བ་བསམས་ན་མཐུན་སྒྲིལ་གྱིས། ། བོད་མི་ཚོ་མཐུན་སྒྲིལ་གྱིས་ཡ་མཐུན་སྒྲིལ་གྱིས། ཁ་བ་བོད་པས་མཐུན་སྒྲིལ་གྱིས་ཡ། ཨ་མའི་སེམས་ཀྱི་མིག་ཆུ་བསམས་ན། ། བོད་མི་ཚོ་མཐུན་སྒྲིལ་གྱིས་ཡ་མཐུན་སྒྲིལ་གྱིས། ”ཞེས་བཀོད་འདུག

༢༠༠༨ ལོའི་སྐད་འབོད་དུ་ཞུགས་མཁན་དག་ནི་ཧ་ཅང་གྲངས་ཉུང་རེད་ཅེས་པའི་ལྟ་ཚུལ་ལ་ཤུགས་རྐྱེན་ཆེ་བའི་གྲྭ་པ་ཞིག་གིས་དགག་བྱ་བྱས་པ་རེད།  བསམ་ཚུལ་དེ་འདྲ་ནི་རྒྱ་ནག་ཅན་དུ་བསྒྱུར་ཟིན་པའི་ས་ཁུལ་དང་མི་དམངས་ཀྱི་ཁྲོད་དུ་ཡོངས་གྲགས་ཡིན་པ་ནི་ཧ་ཅང་མངོན་གསལ་རེད། གཅིག་བྱས་ན་ རང་ཉིད་སྒེར་ཁོ་ནའི་ཁེ་ཕན་ལ་དངངས་འཚབ་དང་རྩིས་རྒྱག་པ་དག་གིས་ཧ་ལམ་དེ་འདྲ་བསམས་ཀྱི་རེད། ངོ་རྒོལ་དག་གིས་བོད་ཀྱི་གནས་སྟངས་ཇེ་སྡུག་ཏུ་བཏང་བ་ནི་དེས་རྐྱེན་བྱས་ཡོད་མེད་ལ་ཐེ་ཚོམ་མེད་པ་རེད། འོན་ཀྱང་བོད་ཡོངས་ཀྱི་མི་དམངས་ལ་འཕྲད་བཞིན་པའི་གནས་བབ་དང་བསྡུར་ན། དེ་ནི་དཀའ་རྙོག་ཅིག་ཏུ་བརྩི་མི་རུང་བ་ཞིག་རེད། ང་ལ་གསུངས་དང་། རྒྱལ་ཁབ་ཡོངས་ཀྱི་ཁེ་ཕན་དེ་གལ་ཆེའམ། ཡང་ན་མི་སྒེར་རམ་ཚོགས་པ་ཞིག་གི་ཁེ་ཕན་དེ་གལ་ཆེ།  ད་དུང་འདི་ནི་ དཀའ་ངལ་ལ་གདོང་ལེན་བྱེད་ཆེད་ལག་ལེན་དང་ནང་གི་སྟོབས་ཤུགས་ཀྱི་ཉམས་མྱོང་གསོག་པའི་གོ་སྐབས་ཤིག་རེད་ལ། དེ་ལ་བརྟེན་ནས་སྙིང་སྟོབས་འཕེལ་གི་རེད།

ལོ་ངོ་གསུམ་གྱི་གོང་དུ་ཁྲོམ་སྐོར་ལ་ཕེབས་པའི་རྐྱེན་གྱིས་འཛིན་བཟུང་དང་གཅར་རྡུང་མྱངས་པའི་གྲྭ་པ་ཞིག་གིས་བརྗོད་དོན།  ༢༠༠༨ ལོའི་ངོ་རྒོལ་གྱིས་ཁུངས་སྐྱེལ་དཔང་རྟགས་ཤིག་མཚོན་ཡོད་དེ། གལ་སྲིད་ངོ་རྒོལ་དེ་འདྲ་བྱུང་མེད་པ་ཡིན་ན། རྒྱ་གཞུང་གིས་བོད་མི་རྣམས་ཀྱིས་ “རང་ཉིད་བཅིངས་འགྲོལ་”བྱས་པ་ཡིན་པ་དང་། བོད་མི་རྣམས་ནི་ “མི་དམངས་སྐྱིད་ཤོས་”དེ་ཡིན་པའི་ཁ་གཡང་དེ་དག་དོན་དངོས་ལྟ་བུར་གྱུར་ཡོད། ཡིན་ན་ཡང་ངོ་རྒོལ་དེ་དག་བྱུང་རྐྱེན།  སྐད་འབོད་དེ་དག་ནི་རྫུན་མ་རྫུན་རྐྱང་ཡིན་པ་བསྟན་ཡོད།  ༢༠༠༨ ལོའི་སྐད་འབོད་ནི་ལམ་ལྷོང་བྱུང་ཡོད་པ་དང་། དེ་དག་གིས་བོད་མི་ཚོའི་རང་གི་སྙིང་ཁོང་དུ་སྦས་ཡོད་པའི་རྒྱལ་ཁབ་ཀྱི་བསམ་བློ་དེ་མངོན་པར་བྱས་ཡོད་ལ། དེ་དག་གིས་བོད་མི་ཚོ་ལ་མ་འོངས་པར་རེ་བ་ཞིག་ཡོད་པ་བསྟན་ཡོད། ངོ་རྒོལ་དེ་དག་གིས་བོད་མི་ཚོའི་མི་ཚེ་ནི་སྔོན་མ་ལས་དཀའ་ཁག་ཆེ་བ་བཟོས་ཡོད་མོད། འདི་ནི་ མ་འོངས་པར་ཡང་ངོ་རྒོལ་མང་བ་ཡོང་ངེས་པའི་རྒྱུ་མཚན་ཞིག་རེད། ངོ་རྒོལ་མང་བ་བྱུང་བའི་ཚོད་ཀྱིས་བོད་མི་ཚོ་ལ་ཁེ་ཕན་ཆེ་བ་ཡོང་གི་རེད་ལ། དེས་མི་དམངས་མང་བ་ནས་མང་བར་གནད་དོན་ངོ་མ་མཐོང་དུ་འཇུག་པ་མ་ཟད། ངོ་རྒོལ་དེ་སླར་ཡང་བྱུང་ན། ང་ནི་དེའི་མདུན་དུ་ཐོན་རྒྱུ་ཡིན།
༢༠༡༡ ལོའི་ཟླ་བ་གསུམ་པའི་ཚེས་ ༡༤ ཉིན་པེ་ཅིན་ནས།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 13

  1. ལུང་རྟོགས། says:
    ལོ་ 15 སྔོན།

    དཔའ་ལ་ལགས་ཁྱེད་རང་དང་ཁྱེད་རང་ལྟ་བུའི་བོད་མི་རྒན་རབ་པ་རྣམས་རྒྱ་མིའི་བཙན་གནོན་འོག་བླ་ཡོང་སུ་འཁུམ་ནས་མཐའ་ན་ཞི་བའི་སྒོ་ནས་སོ་སོའི་ཐོབ་ཐང་ཙམ་ཡང་བརྩོད་མི་ནུས་པའི་ཚད་ལ་བསླེབ་ཡོད་པ་ནི་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད།

    རིགས་གནས་གསར་རྗེ་དང་མི་མང་ཀུང་ཧྲེ་ཞེས་པ་དེ་ཚོ་འགྲིམ་མ་མྱོང་རུང་གོ་མྱོང་། འོན་ཀྱང་ཚེ་སྔར་དང་ད་གཉིས་མི་འདྲ་བ་ཤེས་དགོས། ད་ལྟའི་དུས་ལ་མི་གཅིག་བསད་ན་ཡང་ང་ཚོས་མ་མཐར་གནས་ཚུལ་དེ་འཛམ་གླིང་མི་མང་གི་མདུན་ལ་བསྐྱལ་ཐུབ།

    འདས་ད་གཉིས་སུ་བོད་གངས་ཅན་ལྗོངས་ཀྱི་ཤེས་ལྡན་ཡོད་ཚད་བཙོན་ཁང་ནང་མ་སོང་བའི་མི་གཅིག་ཀྱང་ལུས་མེད་པ་ངས་ཚིག་ཐག་ཆོད་པོས་བརྗོད་པ་ཡིན་ཞེས་པ་ནི་ཇི་འདྲའི་རྒོད་གྲོ་བའི་སྐད་ཆ་ཞིག་རེད། མཁས་དབང་རང་གྲོལ་ལགས་ཤེས་ལྡན་པ་མ་ཡིན་ནམ་ཁོང་བཙོན་ལ་ག་དུས་སོང་བ་རེད། འདི་ནི་དཔེ་མཚོན་ཙམ་ཡིན་གྱི་ད་དུང་བཙོན་ལ་མ་སོང་བའི་མཁས་པ་གྲང་ལས་འདས་པ་ཡོད།

    ང་ལ་མཚོན་ན་དབུ་མའི་ལམ་ལ་རྒྱབ་བསྐྱོར་བྱེད་མཁན་ཞིག་ཡིན་ཡང་། བོད་རང་བཙན་བརྩོད་པ་དེ་ཡང་རང་ལ་ཡོད་པའི་ཐོབ་ཐང་ཞིག་བརྩོད་པ་ལས་རྒྱུ་འབྲས་གོ་ལྡོག་བྱས་པ་ཡིན་པར་ནམ་ཡང་ངོས་ལེན་མེད། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་དེ་རྒྱུ་འབྲས་གོ་ལྡོག་བྱས་པ་མིན་ན། ང་ཚོས་རང་ཉིད་ཀྱི་ཐོབ་ཐང་བརྩོད་པ་དེ་རྒྱུ་འབྲས་གོ་ལྡོག་སུ་ཇི་ལྟར་འགྱུར་རམ། ཁྱེད་རང་གི་སྐད་ཆ་བཤད་སྟངས་ལ་བསྟས་ན་ཁྱེད་རང་བོད་མི་ཞིག་ཡིན་མིན་ལ་ཡང་ཐེ་ཚོམ་ཟ་སོང་།

    བོད་མི་རིགས་འདི་ཡག་པོ་ཡོང་དགོས་ཤིང་། བོད་ཀྱི་ཆོས་དང་རིགས་གཞུང་རྒྱུན་གནས་ཐུབ་དགོས་ན་བོད་མི་རིགས་ལ་རང་དབང་ཐོབ་དགོས་ལ། བོད་མི་རིགས་ལ་རང་དབང་ཐོབ་དགོས་ན་ངོ་རྒོལ་མ་བྱས་པར་ཐོབ་མི་སྲིད་པ་ལོ་རྒྱུས་ཀྱི་ཉམས་མྱོང་ལས་ཤེས་ཐུབ།

    མི་རིགས་འདི་ལ་གྱོང་རྒུད་གང་ཡིན་པ་ཐམས་ཅད་དཀར་ནག་གཏན་ནས་མི་འདུག་སྙམས་ཞེས་པའི་ལན་ལ་ངས་མདོ་ནས་གསུང་པའི་ཚིག་བཅད་གཅིག་འདིར་དྲང་ཡོད་པ་འདིས་མཐུས་པ་འདུག།གང་ལས་སྡུག་བསྔལ་འབྱུང་འགྱུར་བའི། །བདེ་བ་དེ་ལ་བདེར་མི་སེམས། །གང་ལས་བདེ་བ་འབྱུང་འགྱུར་བའི། སྡུག་བསྔལ་དེ་ལ་བདེ་བར་སེམས།།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    གཞིས་བཞུགས་བོད་མི་རྣམས་ལ་བསྡུག་གྱོང་བཏོང་མཁན་རྒྱ་ནག་གཞུང་ཡིན་པ་ལས་ངོ་རྒོལ་མ་རེད་ན་བོད་མི་ཤེས་ལྡན་ཚང་མ་ཅི་ཡི་ཕྱིར་དུ་བཙོན་ཁང་ནང་བཅུག་པ་དང་དྲག་གནོན་ནང་འགྲོ་སོང་བ་རེད།
    ངོ་རྒོལ་མ་བྱས་ན་སྡུག་གྱོང་བཏང་གི་མ་རེད་ཞེས་ངས་ལབ་ཀྱི་མེད་ཀྱང་དེ་ལ་ཡང་བྱ་ཐབས་མང་པོ་བྱེད་རྒྱུ་ཡོད་པ་དཔེར་ན་པན་ཆེན་རིན་པོ་ཆེའི་ཁྲི་བདུན་གྱི་སྙན་ཞུ་ལྟ་བུ་དང་འོད་ཟེར་ལགས་གྱི་དྲྭ་རྒྱུད་ནས་བཤད་པ་ལྟ་བུ་བྱེད་ཆོག།
    ངོ་རྒོལ་མ་བྱས་པར་རང་དབང་ཡང་ཐོབ་རྒྱུ་མ་རེད་ཞེས་པ་ནི་ངོས་ཀྱི་གཙོ་བོའི་རྒྱུད་བསྐུལ་དེ་ཡིན།
    མི་རིགས་ཀྱི་རང་དབང་རང་བཙན་ཞིག་གི་འཐབ་རྩོད་ཡིན་ནས་བཟུང་གཞུང་དེ་ལ་དྲག་པོའི་ཐོག་ནས་ངོ་རྒོལ་བྱེད་པ་ལས་གཞན་པའི་ངོ་རྒོལ་རིགས་ཀྱིས་དེ་ཙམ་ཕན་མི་ཐོག་པ་འདས་དེང་གི་སྤྱི་ཚོགས་ཀྱི་འགྲོས་ལ་གཟིགས་དང་ཤེས་གསལ་རེད། དབུ་མའི་ལམ་གྱི་སྒོ་ནས་བོད་རྒྱ་འབེལ་མོལ་བྱུང་བ་དེ་ཡང་བོད་ཕྱི་ནང་གི་བོད་མི་རྣམས་ཀྱི་ངོ་རྒོལ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་བསྐྱོར་ལ་བརྟེན་ནས་བྱུང་བ་ལས་རྒྱ་ནག་གཞུང་གི་བཟང་སྤྱོད་ལ་བརྟེན་ནས་བྱུང་བ་ཞིག་མ་རེད་ཞེས་པ་ནི།
    གང་གི་གྱོང་གུད་བཏང་ན་གྱོང་གུད་ནི་གྱོང་གུད་ལས་དཀར་ནག་གཏན་ནས་མེད་པས་དེ་ཚོ་ཡོད་ཚད་ཞི་བའི་ཐོག་ནས་དང་གཞན་པའི་རྒྱལ་སར་ནས་སྐད་འབོད་ཞུ་བསྐུལ་དགོས་ཀྱི་གྱོང་གུད་ནང་མའི་ཐོག་ཏུ་མི་ཡོངས་བའི་ཐབས་ལམ་གཏོན་དགོས་ནི་ཁ་ཚ་དགོས་གཏུག་གི་ལས་འགན་ཡིན།
    ངོ་རྒོལ་ཡིན་ན་དྲག་པོའི་ངོ་རྒོལ་ཡིན་མི་དགོས་པ་ཡང་ཁྱེད་རང་གིས་མཁྱེན་རྒྱུ་རེད་ཞེས་པ་ནི་ཁྱོད་རང་གི་མཁྱེན་གསལ་ལ་ངོས་ཀྱི་ཡང་དེ་ཡིན་ཏེ་བྱ་བ་དེ་རིགས་ཐམས་ཅད་མ་ཚད་དོན་རྐྱེན་ཆུང་ཚག་ཡན་ཆད་སྲིད་དོན་དུ་བསྒྱུར་ནས་རྒྱལ་བའི་སྐུ་པར་ཚུན་ལ་བཀག་བསྡོམ་བྱེད་པ་འདི་ཚོ་ནང་སྡོད་ཀྱི་བོད་མི་ཡོད་ཚད་ཀྱི་དཀའ་ངལ་ལས་ལས་ང་སྒེར་གྱི་དཀའ་ངལ་ནི་སྒེར་གྱི་དཀའ་ངལ་བྱུང་ཟིན་པ་ལ་སྡུག་གྱོང་མི་བྱེད་ཀ་མེད་ལས་ཁག་དཀྲི་བྱེད་ས་མེད་པ་གུས་པས་ཀྱང་ཤེས་ཀྱི་ཡོད་པ་ལ་བརྟེན་ནས་སེམས་གཏིང་ནས་བསམ་ཚུལ་རྒྱུད་བསྒྲག་བྱེད་པོ་ཀུན་ལ་རེ་བསྐུལ་ཞུས་པ་ལ་དེ་འདི་ཚོ་ནག་ཉེས་ཤིག་ཡིན་ན་ངས་སྒོ་གསུམ་གུས་པས་ཐལ་མོ་སྦྱར་ནས་བཟོད་གསོལ་ཞུ་གི་ཡིན།
    དཔའ་ལ་ལགས་ཁྱེད་རང་ལ་དཔའ་ལའི་སྙིང་སྟོབས་ཀྱི་ཟུར་ཙམ་ཡང་མི་འདུག་ན་མིང་དེ་ཇི་ལྟར་ཐོག་སམ་ཞེས་པ་ནི་ང་ལ་གེ་སར་དཔའ་ལ་གི་སྙིང་སྟོབས་ཡོད་པའི་ཆ་ནས་མིང་དེ་བཏགས་པ་མིན་སྤྱིར་མིང་ལ་བཏགས་མིང་བཤད་མིང་གཉིས་ཡོད་ཀྱང་དེ་བཏགས་པ་ཡིན་ན་དེ་ཡིན་པས་ཁྱབ་མི་དགོས་པ་བཞིན་གུས་པའི་མིང་ཀྱང་འདྲ་འབྲེལ་གཉིས་ནས་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་གཏགས་པ་ཞིག་ཡིན་པ་ལས་འདྲ་བ་ཡིན་པའི་ཆ་ནས་མིན་པ་དགོང་བཞེས་གནང་རོག
    སྤྱིར་ཁྱེད་ཀྱིས་གུས་པའི་བསམ་འཆར་ལ་དགོང་འཆར་ལྷུག་པོར་གནང་བ་འདི་ཡང་ཐུགས་རྗེ་ཆེ་ཞུ་གི་ཡོད།
    ལུང་རྟོགས་ཁྱེད་རང་གཙོས་པའི་དེང་དུས་ཀྱི་ན་གཞོན་སྐོར་གཅིག་ལ་འདས་ད་གཉིས་ལ་དེ་ཙམ་ཀྱི་སྒེར་དང་གཞུང་སུ་གི་ཡང་དོ་ཕོག་དང་གནར་གཅོད་མ་བྱུང་བའི་རྒྱུ་མཚན་གྱིས་སྐད་ཆ་འདི་ཚོ་དེང་གི་སྤྱི་ཚོགས་ནང་ལ་ཁྱབ་བཞིན་པ་དངོན་གསལ་དོད་པོ་ལ་གུས་པས་ཚིག་རིས་ཁ་ཤས་ཞུ་འདོད་བྱུང། ཁྱེད་རང་ལོ་ཚོད་ལ་གཞིག་ན་གུས་པ་ལས་དགུང་ལོ་ཆེ་བ་ལས་ཆུང་བ་ཞིག་ཡིན་རྒྱུ་མིན་ཚོད་འདུག་ཏེ་འདས་དའི་གཏམ་ནི་ཁྱོད་རང་གི་ཐོས་ཐོས་བ་རེད་བསམ་ན་ཡང་ད་ལན་གསུང་པ་ལ་གཞིག་ན་ཕལ་ཆེར་ཡིན་མི་སྲིད་པ་ཞིག་གི་མྱོང་ཚོར་ཡ་མཚན་ཅན་ཞིག་བྱུང་། མི་དམངས་གསར་རྗེ་ཆེན་པོ་ཞེས་བོད་ས་ཡོངས་རྫོགས་ལ་མེ་དམར་ལྷབ་ལྷབ་ཏུ་འབར་བ་དེ་ཁྱེད་ཀྱི་ཐོས་མེད་པ་འདྲ་སྟེ་དེ་ནི་ག་བ་ལ་ཡིན་སྲིད། མི་དམངས་ཀུང་ཧྲེ་ཆེན་པོ་ཡང་ཁྱེད་ཀྱི་ཐོས་མེད་པ་འདྲ་སྟེ་དེ་ཡང་ག་ལ་སྲིད། ཁྱེད་མ་གཞི་བོད་མི་ཞིག་ནི་ཡིན་ཐག་ཆོད། མིན་ན་ངས་དགོས་དྭངས་ཞུ་གི་ཡིན། ཡིན་ན། ཁྱེད་ཀྱི་དེ་དག་ལ་ཐོས་མྱོང་རྟོགས་གསུམ་ཡོད་རྒྱུ་རེད། ཡོད་ན་གཞུང་དེ་གི་བྱེད་སྟངས་དང་རྩ་བའི་སྲིད་ཇུས་ལ་འགྱུར་བ་སོར་གང་སོང་མེད་པ་མ་ཚད་གཞི་གདན་ཆེ་རུ་དང་དམ་དྲག་སྡུག་རུ་སོང་མེད་ན་ཡག་བ་ཞིག་འགྲོ་ཡི་མེད་པ་ཀུན་གྱི་ཤེས་གསལ་འདི་རེད། མགོ་བསྐོར་དང་བསླུ་བྲིད་ཀྱི་ཐབས་ལམ་གང་ཡོད་སྩལ་ནས་མིང་ཙམ་གྱི་ཆོད་དད་རང་མོས་དང་སྤྱི་འགྲོས་མ་བྱས་ན་སྦས་ཐབས་མེད་པའི་རིགས་རྙིང་སླར་གསོ་བྱེད་པ་ཙམ་ཞིག་ལ་ཡིད་གཏོན་ཆོག་པའི་བྱ་བ་བཟང་པོ་སྣེ་གཅིག་ཀྱང་མེད་ནས་གཞིས་བྱས་བོད་མི་ཡོངས་རྫོགས་ཀྱིས་ཁོག་ནད་ལྗིད་པོ་གསོ་མི་ནུས་པ་དེ་རྒྱུ་མཚན་འདི་དེང་གཅིག་པུ་མིན་པ་འདས་ད་གཉིས་སུ་བོད་གངས་ཅན་ལྗོངས་ཀྱི་ཤེས་ལྡན་ཡོད་ཚད་བཙོན་ཁང་ནང་མ་འགྲོ་བའི་མི་གཅིག་ཀྱང་ལུས་མེད་པ་འདི་ངས་ཚིག་ཐག་ཆོད་པོས་བརྗོད་པ་ཡིན་གྱི་འུད་ཤོད་དང་མ་བྱས་ཁག་འགེལ་བ་ཞིག་གཏན་ནས་མིན། དཔེར་མཚོན་ཙམ་བགྱིས་ན་དེང་སང་རྡ་རམ་ས་ལ་བོད་ཀྱི་མཁས་དབང་རྣམས་ཀྱི་སྐུ་པར་ཞིག་འགྲེམ་སྟོན་ནང་འཁོད་ལ་གཟིགས་དང་།
    མཁས་དབང་དགེ་འདུན་ཆོས་འཕེལ་ཙམ་མ་གཏོགས་རྒྱ་མིའི་གནར་གཅོད་དང་བཙོན་ཁང་ནང་འགྲོ་མ་མྱོང་མཁན་གཅིག་ཀྱང་མི་འདུག་པ་དེ་བཞིན་བོད་ས་ཡོངས་རྫོགས་ལ་ཆེ་ཆེ་བའི་ཚོད་དང་ཆུང་ཆུང་བའི་ཚོད་དུ་བཙན་གནོན་དང་།
    ཉེས་ཆེན་ཞེས་པའི་མིང་འདོགས་ཀྱིས་དྲག་གནོན་སོགས་ནང་བོད་ས་ཡོངས་ལ་མ་སོང་བ་ལུང་པ་ཡན་གར་བ་གཅིག་ཀྱང་ལུས་མེད་པ་འདི་གསལ་གསལ་ཐིང་ཐིང་ལ་ཁྱེད་ཀྱི་དེ་ཚོ་མ་གསན་པ་ག་བ་ལ་བཞུགས་སྡོད་པ་ཡིན་ལགས། དེང་ལ་ཆ་མཚོན་ན་བོད་མི་རིགས་ལ་ཤ་ཞེན་ཅན་དང་ལ་རྒྱ་ཅན་གྱི་སྐྱ་སེར་ཚང་མ་བསྡུ་རུབ་རྒྱག་སྟང་ལས་ཀྱང་གསལ་པོ་མཚོན་ཐུབ་སྙམས། རང་བཙན་རྩོད་ན་སྤྱིར་ཁྱེད་རང་གི་གསུང་པ་བཞིན་རྒྱུ་མེད་འབྲས་བུ་ཞིག་མི་སྲིད་པ་དེ་ཐུགས་བདེན་པ་ཡིན་ཡང་།
    རྒྱུ་འབྲས་གོ་ལྡོག་མི་བྱེད་པ་འདི་བོད་མི་ཡོངས་ཀྱི་སེམས་གཏིང་ནས་གོ་ཤེས་ཤིག་མ་ཐུབ་ན་རྒྱ་ནག་ཀྱང་འདི་ལ་དོགས་ནས་འབྲེལ་མོལ་ཡོད་ཚད་ཀྱི་རེ་བ་སྟོང་ཟད་བྱེད་པ་ཡང་གནད་འདི་ཡིན་པ་ཁྱེད་རང་གཙོས་པའི་བོད་མི་རྒོད་པོ་འདི་ཚོས་ཤེས་དགོས་པ་གནད་ཀྱི་དམ་པར་འཁུམ། ཁྱེད་རང་གི་གསུང་པ་བཞིན་ང་སྒེར་དོན་གླེང་བ་ཞིག་ཡིན་དུ་ཆུག་ཀྱང་ཁྱད་པར་མེད་དེ། ༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པས་གཙོས་ཤེས་འཇོན་ལྷག་གསུམ་ལྡན་པའི་བོད་མི་ཡོངས་ཀྱི་ལམ་དབུ་མ་གཙོ་འདོན་མཛད་པ་ལ་གཞིར་བྱས་ནས་གུས་པས་ཀྱང་།
    མི་ཤེས་ཤེས་ཁུལ་གྱིས་བོད་མི་རིགས་འདི་ཡག་པོ་ཞིག་དང་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པའི་ཆོས་རིགས་བཟང་པོ་འདི་གསོན་པོར་གནས་ཐུབ་པ་ཞིག་དང་ཞི་བའི་ཐོགས་ནས་ཕན་ཚུན་བསམ་ཤེས་ཞིག་འབྱུང་ན་ཅི་མ་རུང་མི་ཕན་རང་སྐྱིད་བསམ་ནས་གཡོ་བསྒུལ་དང་ཕན་ནུས་དེ་ཙམ་ཐོན་མི་ཐུབ་པ་ཤེས་ཀྱང་ལྷག་བསམ་རྣམ་དག་གི་ནུས་མེད་རང་ལ་དུས་བབ་ཀྱི་གོ་སྐབས་གནས་ཚུལ་བཀོད་ས་འདི་ཡོད་པའི་བདག་རྐྱེན་ལ་བརྟེན་ནས་རྒྱུད་བསྐུལ་བྱེད་པ་ཞིག་ལས་གཡོན་ཐལ་དང་དབང་བད་ཀྱི་ཆ་ཕྲ་མོ་ཙམ་ཡད་མེད།
    མི་རིགས་འདི་ལ་གྱོད་གུད་གང་ཡིན་པ་ཐམས་ཅད་དཀར་ནག་གཏན་ནས་མི་འདུག་སྙམས་པ་འདི་གུས་པ་གཅིག་པུ་མ་ཡིན་པར་ལམ་དབུ་མ་གཙོ་འདོན་མཛད་པ་ཐམས་ཅད་ཡིན་པ་མཁྱེན་པར་མཛོད་ཅིག གལ་སྲིད་དྲག་པོའི་སྒོ་ནས་ཕན་པ་ཞིག་སྒྲུབ་ཐུབ་པའི་དབང་དུ་བཏང་ན་ཁྱེད་རྣམ་པ་ཙམ་གུས་པ་ལ་བློ་ཁོག་ཆེན་པོ་དེ་ཟུར་ཙམ་མེད་ན་ཡང་རྗེས་ལུས་ཐེབ་པ་ཞིག་ཀྱང་ཨི་ཡོང་ན་བསམ་ཚོད་འདུག་ལགས།

    Reply
  3. ལུང་རྟོགས། says:
    ལོ་ 15 སྔོན།

    དཔའ་ལ་ལགས། བོད་མི་ཤེས་ཡོན་པ་ཚང་མ་བཙོན་ཁང་ནང་བཅུག་པ་དང་དྲག་ནོན་འོག་ལ་འགྲོ་སོང་བ་ཞིག་གཏན་ནས་གོ་མ་སོང་། ཁག་གཅིག་ལ་བཙོན་འཇུགས་དང་དྲག་ནོན་ཕོག་ཡོད་པ་ནི་རྒྱ་ནག་གཞུང་གི་ཁྲིམ་མ་དྲང་བའི་དབང་གིས་བྱུང་བ་ལས་ཁོང་ཚོས་རྒྱ་ནག་གི་རྩ་ཁྲིམ་དང་འགལ་བའི་བྱ་བ་གང་ཡང་སྒྲུབ་མེད། དེས་ན་རྒྱ་ནག་གཞུང་གིས་མ་འགྲིག་པ་དེ་ངོ་རྒོལ་ལ་ཁག་བཏག་ན་ག་ལ་འགྲིགས། པཎ་ཆེན་རིན་པོ་ཆེ་དང་འོད་ཟེར་ལགས་ཀྱི་བྱེད་བསྟང་དེས་ཀྱང་བསྡུག་གྱོང་མི་གཏོང་བའི་ཁག་ཐེག་མི་ཐུབ་ཏེ། ཡིག་འབྲུ་ཁྲི་བདུན་ལ་བརྟེན་ནས་པཎ་ཆེན་རིན་པོ་ཆེ་ལོ་བཅོ་བརྒྱད་རིང་བཙོན་ཁང་ལ་བཞུགས་དགོས་བྱུང་ཡོད་ལ། འོད་ཟེར་ལགས་ཀྱང་ལས་གནས་ཤོར་བ་མ་ཟད་བཟང་བཙོན་གི་ཚུལ་དུ་ཡོད། བོད་ནང་ལོགས་ནས་གཡོ་འགུལ་གང་ཡང་མ་བྱས་ན་ཕྱི་ལོག་ལ་འབོད་བསྐུལ་ཇི་ལྟར་བྱས་ཀྱང་ཕན་ཐོག་མེད་པ་ཡང་ཕྱི་གསལ་ནང་གསལ་རེད། མ་གཞི་དཀའ་ལས་རྒྱབ་མི་དགོས་པར་གྲུབ་འབྲས་ཡོང་རེ་བྱས་པ་ནི་ཡོང་མི་སྲིད་པ་ཞིག་རེད། དེས་ན་གྱོང་བརྒུད་མེད་པའི་ཁེ་ཞིག་ཐོབ་དུ་རེ་བ་ནི་རེ་བསྟོང་ཙམ་ལས་མ་འདས་སོ།

    Reply
  4. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ལུང་རྟོགས་ལགས།
    གཞིས་བཞུགས་བོད་མི་རྣམས་ལ་བསྡུག་གྱོང་བཏོང་མཁན་རྒྱ་ནག་གཞུང་ཡིན་པ་ལས་ངོ་རྒོལ་མ་རེད་ན་བོད་མི་ཤེས་ལྡན་ཚང་མ་ཅི་ཡི་ཕྱིར་དུ་བཙོན་ཁང་ནང་བཅུག་པ་དང་དྲག་གནོན་ནང་འགྲོ་སོང་བ་རེད།
    ངོ་རྒོལ་མ་བྱས་ན་སྡུག་གྱོང་བཏང་གི་མ་རེད་ཞེས་ངས་ལབ་ཀྱི་མེད་ཀྱང་དེ་ལ་ཡང་བྱ་ཐབས་མང་པོ་བྱེད་རྒྱུ་ཡོད་པ་དཔེར་ན་པན་ཆེན་རིན་པོ་ཆེའི་ཁྲི་བདུན་གྱི་སྙན་ཞུ་ལྟ་བུ་དང་འོད་ཟེར་ལགས་གྱི་དྲྭ་རྒྱུད་ནས་བཤད་བསྐུལ་བྱེད་པ་ལྟ་བུ་བྱེད་ཆོག།
    ངོ་རྒོལ་མ་བྱས་པར་རང་དབང་ཡང་ཐོབ་རྒྱུ་མ་རེད་ཞེས་པ་ནི་ངོས་ཀྱི་གཙོ་བོའི་རྒྱུད་བསྐུལ་དེ་ཡིན།
    མི་རིགས་ཀྱི་རང་དབང་རང་བཙན་ཞིག་གི་འཐབ་རྩོད་ཡིན་ནས་བཟུང་གཞུང་དེ་ལ་དྲག་པོའི་ཐོག་ནས་ངོ་རྒོལ་བྱེད་པ་ལས་གཞན་པའི་ངོ་རྒོལ་རིགས་ཀྱིས་དེ་ཙམ་ཕན་མི་ཐོག་པ་འདས་དེང་གི་སྤྱི་ཚོགས་ཀྱི་འགྲོས་ལ་གཟིགས་དང་ཤེས་གསལ་རེད།
    དབུ་མའི་ལམ་གྱི་སྒོ་ནས་བོད་རྒྱ་འབྲེལ་མོལ་བྱུང་བ་དེ་ཡང་བོད་ཕྱི་ནང་གི་བོད་མི་རྣམས་ཀྱི་ངོ་རྒོལ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་བསྐྱོར་ལ་བརྟེན་ནས་བྱུང་བ་ལས་རྒྱ་ནག་གཞུང་གི་བཟང་སྤྱོད་ལ་བརྟེན་ནས་བྱུང་བ་ཞིག་མ་རེད་ཞེས་པ་ནི།
    གང་གི་གྱོང་གུད་བཏང་ན་གྱོང་གུད་ནི་གྱོང་གུད་ལས་དཀར་ནག་གཏན་ནས་མེད་པས་དེ་ཚོ་ཡོད་ཚད་ཞི་བའི་ཐོག་ནས་དང་། གཞན་པའི་རྒྱལ་སར་ནས་སྐད་འབོད་ཞུ་བསྐུལ་དགོས་ཀྱི་གྱོང་གུད་ནང་མའི་ཐོག་ཏུ་མི་ཡོངས་བའི་ཐབས་ལམ་གཏོན་དགོས་ནི་ཁ་ཚ་དགོས་གཏུག་གི་ལས་འགན་ཡིན།
    ངོ་རྒོལ་ཡིན་ན་དྲག་པོའི་ངོ་རྒོལ་ཡིན་མི་དགོས་པ་ཡང་ཁྱེད་རང་གིས་མཁྱེན་རྒྱུ་རེད་ཞེས་པ་ནི་ཁྱོད་རང་གི་མཁྱེན་གསལ་ལ་ངོས་ཀྱི་ཡང་དེ་ཡིན་ཏེ་བྱ་བ་དེ་རིགས་ཐམས་ཅད་མ་ཚད་དོན་རྐྱེན་ཆུང་ཚག་ཡན་ཆད་སྲིད་དོན་དུ་བསྒྱུར་ནས་རྒྱལ་བའི་སྐུ་པར་ཚུན་ལ་བཀག་བསྡོམ་བྱེད་པ་འདི་ཚོ་ནང་སྡོད་ཀྱི་བོད་མི་ཡོད་ཚད་ཀྱི་དཀའ་ངལ་ལས་ལས་ང་སྒེར་གྱི་དཀའ་ངལ་ནི་སྒེར་གྱི་དཀའ་ངལ་བྱུང་ཟིན་པ་ལ་སྡུག་གྱོང་མི་བྱེད་ཀ་མེད་ལས་ཁག་དཀྲི་བྱེད་ས་མེད་པ་གུས་པས་ཀྱང་ཤེས་ཀྱི་ཡོད་པ་ལ་བརྟེན་ནས་སེམས་གཏིང་ནས་བསམ་ཚུལ་རྒྱུད་བསྒྲག་བྱེད་པོ་ཀུན་ལ་རེ་བསྐུལ་ཞུས་པ་ལ་འདི་ཚོ་ནག་ཉེས་ཤིག་ཡིན་ན་ངས་སྒོ་གསུམ་གུས་པས་ཐལ་མོ་སྦྱར་ནས་བཟོད་གསོལ་ཞུ་གི་ཡིན།
    དཔའ་ལ་ལགས་ཁྱེད་རང་ལ་དཔའ་ལའི་སྙིང་སྟོབས་ཀྱི་ཟུར་ཙམ་ཡང་མི་འདུག་ན་མིང་དེ་ཇི་ལྟར་ཐོག་སམ་ཞེས་པ་ནི་ང་ལ་གེ་སར་དཔའ་ལ་གི་སྙིང་སྟོབས་ཡོད་པའི་ཆ་ནས་མིང་དེ་བཏགས་པ་མིན་སྤྱིར་མིང་ལ་བཏགས་མིང་བཤད་མིང་གཉིས་ཡོད་ཀྱང་དེ་བཏགས་པ་ཡིན་ན་དེ་ཡིན་པས་ཁྱབ་མི་དགོས་པ་བཞིན་གུས་པའི་མིང་ཀྱང་འདྲ་འབྲེལ་གཉིས་ནས་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་གཏགས་པ་ཞིག་ཡིན་པ་ལས་འདྲ་བ་ཡིན་པའི་ཆ་ནས་མིན་པ་དགོང་བཞེས་གནང་རོག
    སྤྱིར་ཁྱེད་ཀྱིས་གུས་པའི་བསམ་འཆར་ལ་དགོང་འཆར་ལྷུག་པོར་གནང་བ་འདི་ཡང་ཐུགས་རྗེ་ཆེ་ཞུ་གི་ཡོད།

    Reply
  5. ལུང་རྟོགས། says:
    ལོ་ 15 སྔོན།

    གཞིས་བཞུགས་བོད་མི་རྣམས་ལ་བསྡུག་གྱོང་བཏོང་མཁན་རྒྱ་ནག་གཞུང་ཡིན་པ་ལས་ངོ་རྒོལ་མ་རེད། ངོ་རྒོལ་མ་བྱས་ན་བསྡུག་གྱོང་བཏང་གི་མ་རེད་ཟེར་ན་ངོ་རྒོལ་མ་བྱས་པར་རང་དབང་ཡང་ཐོབ་རྒྱུ་མ་རེད། དབུ་མའི་ལམ་གྱི་སྒོ་ནས་བོད་རྒྱ་འབེལ་མོལ་བྱུང་བ་དེ་ཡང་བོད་ཕྱི་ནང་གི་བོད་མི་རྣམས་ཀྱི་ངོ་རྒོལ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་བསྐྱོར་ལ་བརྟེན་ནས་བྱུང་བ་ལས་རྒྱ་ནག་གཞུང་གི་བཟང་སྤྱོད་ལ་བརྟེན་ནས་བྱུང་བ་ཞིག་མ་རེད། ངོ་རྒོལ་ཡིན་ན་དྲག་པོའི་ངོ་རྒོལ་ཡིན་མི་དགོས་པ་ཡང་ཁྱེད་རང་གིས་མཁྱེན་རྒྱུ་རེད། ཁྱེད་རང་གླེང་སྟེགས་གི་སྟེང་དུ་དགེར་གྱི་བདེ་བསྡུག་གླེང་མཁན་ཞིག་ལས་མི་རིགས་དང་རྒྱལ་ཁབ་ཀྱི་བདེ་བསྡུག་གླེང་མཁན་མིན་པ་ཡང་ཤེས་སོང་། དཔའ་ལ་ལགས་ཁྱེད་རང་ལ་དཔའ་ལའི་སྙིང་སྟོབས་ཀྱི་ཟུར་ཙམ་ཡང་མི་འདུག་ན་མིང་དེ་ཇི་ལྟར་ཐོག་སམ།

    Reply
  6. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ཚིག་ཐག་ཆོད་པོས་ངོ་རྒོལ་གྱིས་ཤོག་ཞེས་བརྗོད་པ་འདི་ཅུང་ཐལ་དྲགས་པ་མ་ཚད་ཞིབ་མོའི་བསམ་བློ་མ་བཏང་པའི་ཆོ་ཚིག་ཞིག་ཏུ་ཡིན་པ་ངས་ངོས་ལེན་བྱེད་ཀྱི་ཡོད།
    བོད་ལ་ཁེ་ཕན་ཞིག་གི་དོན་དུ་ངོ་རྒོལ་བྱེད་དགོས་སམ། སྡུག་གྱོང་རང་ལ་ལེན་པའི་དོན་དུ་ངོ་རྒོལ་རེད།
    ངོ་རྒོལ་གྱི་གཞིས་བཞུགས་བོད་མི་རྣམས་ལ་སྡུག་གྱོང་ག་ཚོད་བཏང་ཡོད་པ་སེམས་ཀྱི་གཏིང་ནས་ཐུགས་བསམ་རྒྱ་ཆེན་པོ་ཞིག་བཞེས་དགོས་པ་ནི་གནད་ཀྱི་དམ་པར་འཁུམ། རང་རྒྱལ་ཁབ་རང་བཙན་གྱི་དོན་ཡིན་པས་དེ་བྱེད་འོས་པ་ཞིག་ཅི་མ་ཡིན་བསམ་ན།

    གོང་ས་མཆོག་གཙོས་པའི་བོད་རྒྱལ་ཡོངས་ཀྱི་གྲོས་ཆོད་བོད་རྒྱ་གཉིས་བར་འཚེ་མེད་ཞི་བའི་སྒོ་ནས་གཉིས་མོས་ལམ་དབུ་མ་ལ་མོས་མཐུན་གྱི་སྒོ་ནས་ཕན་ཚུན་སྐད་ཆ་བཤད་ན་བོད་རྒྱ་དཀའ་རྙོག་གཙང་མ་ཞིག་གི་སྒོ་ནས་ཐག་ཆོད་པ་ལས་ཕན་ཚུན་ངོ་རྒོལ་གྱེན་ལང་བྱེད་ནས་ཐག་ཆོད་པ་ཡིག་ངག་གཉིས་ཀྱི་ཐོག་ནས་འདས་མ་ད་གསུམ་ལ་མེད་པ་འདི་ཐབས་ལམ་དེ་ལས་བཟང་བར་གཞན་མེད་པ་མཐོང་བའི་རྒྱུ་མཚན་གྱིས་ཡིན་གྱི།
    དྲག་པོའི་གྱེན་ལངས་ཀྱི་ཐོག་ནས་གལ་སྲིད་ཕན་པ་ཞིག་ཡོད་ན་གྲོས་གཞི་དེ་འདྲ་ཞིག་མ་འདིང་བའི་རྒྱུ་མཚན་གང་ཡིན་ངེས་པར་དུ་ཤེས་དགོས་པ་ནི་བོད་མི་ཡོངས་ཀྱི་གཅེས་པའི་སྲོག་དང་ཁྱད་པར་མེད་པར་སེམས། གླེང་སྟེགས་ཀྱི་སྟེང་དུ་རང་རང་གི་བདེ་སྡུག་གླེང་བ་ནི་མི་ཡི་ཐོབ་ཐང་ཡིན་ལ། གཞན་ལ་རྒྱུད་བསྐུལ་བྱེད་ནས་མི་མང་ནང་ཇི་མི་སྙམས་པར་ཟིང་ཆའི་སྐད་ཆ་ཛ་དྲག་པོ་འདྲ་མིན་བཤད་པ་ནི་རིག་པའི་གནས་རྩ་བ་ནས་མེད་པར་སེམས

    Reply
  7. རིག་པའི་རལ་གྲི says:
    ལོ་ 15 སྔོན།

    འོད་ཟེར་ནི་འོད་སྟོང་བདག་པོའི་འོད་ཟེར། ས་རྡུལ་གྱི་མུན་པར་གཏིབས་པའི་ལམ་བུ་ཕྲ་མོར་ཡང་ནས་ཡང་དུ་སྟོན་མཛད་པའི་སྙིང་སྟོབ་ཅན་གྱི་བོད་ཀྱི་མཛངས་མ་མཚན་ཉིད་དང་ལྡན་པ་ཞིག་ཡིན་ལ། རི་མགོ་ནས་ཀི་ཅོ་སྒྲོགས་པས་རང་ཉིད་དཔའ་བོ་དང་དཔའ་མོར་མཚོན་མི་ནུས་ནའང། ཁ་གཏད་ཀྱི་དགྲ་བོའི་སྔོན་ནས་ཞུམ་མེད་ཀྱི་གད་རྒྱང་སྒྲོགས་ཤིང་འཇིག་མེད་ཀྱི་ལམ་སྣེ་སྟོན་པའི་སྙིང་སྟོབས་ནི་ངོ་མ་ངོ་མཚར་ཆེན་པོ་ཞིག་རེད།
    བོད་ཀྱི་འཐབ་རྩོད་དེ་མི་རིགས་ཤིག་གི་བདེ་སྡུག་གི་འཐབ་རྩོད་ཙམ་མིན་པར། འཛམ་གླིང་གི་བདེ་སྡུག་གི་ཁེ་ཕན་གྱི་འཐབ་རྩོད་ཞིག་རེད། འཛམ་གླིང་གི་བདེ་སྡུག་གི་འཐབ་རྩོད་དེ་དུས་ཚོད་ཐུང་ངུའི་ནང་ལ་གྲུབ་འབྲས་ཆེན་པོར་ཐོན་པ་ནི་ཕལ་ཆེར་མི་སྲིད་པའི་གནས་སྟང་ཤིག་རེད་ཀྱང་། གྲུབ་འབྲས་ཐོན་རྒྱུ་མེད་པའི་གནས་ཚུལ་ཤིག་གཏན་ནས་མིན། དུས་ཚོད་ཀྱི་འགྱུར་རིམ་ཆེ་ཡང་བོད་མིའི་སེམས་ཁམས་ཀྱི་སྙིང་སྟོབས་ལ་འགྱུར་བ་མེད། རྒྱ་གཞུང་རྒྱུ་སྟོབས་ཆེན་ཡང་བོད་མི་ལ་ཞུམ་པ་མེད། ཁ་གཏད་ཁ་གྲངས་མང་ན་ཡང་བོད་མིར་སྙིང་དཀྱིལ་ནས་ཕྱི་ནུར་མེད།

    Reply
  8. བྱམས་རྒྱལ། says:
    ལོ་ 15 སྔོན།

    ངོ་རྒོལ་བྱེད་རོགས་ ངོ་རྒོལ་མུ་མཐུད་བྱེད་དགོས་

    Reply
  9. ལུང་རྟོགས། says:
    ལོ་ 15 སྔོན།

    བོད་མི་ཚོས་ ༢༠༠༨ ལོར་ ངོ་རྒོལ་བྱེད་འོས་སམ་མི་འོས། ངའི་ལྟ་ཚུལ་བྱས་ན་ཤིན་ཏུ་འོས་པ་ཞིག་རེད། གང་ལག་ཞེ་ན། འཛམ་གླིང་གི་ལོ་རྒྱུས་ནང་དཀའ་ལས་མ་རྒྱབ་པར་རང་དབང་ཐོབ་མཁན་སུ་ཡང་བྱུང་མྱོང་མེད་ལ། རང་དབང་དང་དམང་གཙོ་ཐམས་ཅད་ནི་མི་མང་གི་ཁྲག་དང་དངུལ་ཆུས་འགྲོ་སོང་གཏོང་ནས་བྱུང་བ་ཤ་ལྟག་རེད། བོད་མི་ཚོ་ཡང་དེ་ལས་མ་འདས་པ་རེད་ལ། ཁ་བཙུམ་ནས་བསྡད་ན་རྒྱ་ནག་གཞུང་གིས་དམང་གཙོ་གསོལ་རས་གནང་སྲིད་དམ།

    Reply
  10. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ངས་ཉབ་གཏམ་ཞིག་འདི་བརྒྱུད་ནས་འགོད་པར་སྤྲོ་སོང་།

    འོད་ཟེར་ལགས་ངོ་མ་ཁྱོད་ནི་གཞིས་བཞུགས་བོད་མི་རྣམས་ཀྱི་ལམ་སྟོན་གྱི་སྒྲོན་མེ་འདྲ་ལ། དྲང་བདེན་གྱི་གཏམ་བཤད་ཡོད་དོ་ཅོག་ཀུན་སྲིན་པོའི་བཀའ་སྡོད་ཀྱི་མདུན་ས་ནས་གླེང་ཐུབ་པའི་དཔའ་མོ་འགྲན་ཟླ་དང་བྲལ་བ་ཞིག་ཀྱང་རེད། གཞིས་བྱེས་བོད་མི་ཡོད་ཚད་ཀྱིས་ཁྱོད་ཀྱི་གཏམ་ལ་རེ་བ་ཡོད་ཀྱི། ཁྱོད་ཀྱི་དུང་སེམས་ལ་རྒྱབ་སྐྱོར་ཡོད། འདི་འདྲའི་གཏམ་དེ་ངས་སྔ་མོ་ནས་བསམ་གཞིག་གི་ཀློང་ནས་བྲལ་མྱོང་མེད་ལ་བསམ་ཚུལ་དང་གནས་ཚུལ་བཏོན་པ་ཉུང་ཉུང་མིན། ང་ཆུང་དུས་སུ་རྒྱ་མི་དམར་པོ་དགའ་མྱོང་ལ་རང་རྒྱལ་ཀྲུང་གོ་ཞེས་ཐོས་པའི་དུས་སུ་སྤྲོ་བ་ཡང་ཡོད་ང་རང་གི་ཁྱིམ་ཚང་ཡང་དབུལ་པོ་འབྱོར་མེད་གྲལ་རིམ་གྱི་ཁུང་གཏོག་ཡིན་གྱི་འབྱོར་ལྡན་གྲལ་རིམ་གྱི་རྐུབ་སྟེགས་ལ་བསམ་བློ་འཁོར་མྱོང་མེད་པའི་ཕ་མའི་སྐྱེས་ཕྲུག་ནུས་མེད་ཞིག་ཀྱང་ཡིན།
    ༡༩༩༦ལ་བཙན་བྱོལ་དུ་འབྱོར་བ་ཡིན། ང་རང་ནི་བོད་གཞུང་གི་གཟིགས་པ་སྐར་གཅིག་ཀྱང་ཟ་མ་མྱོང་ལ་མཐའ་ན་སྣེ་ལེན་ཁང་ལ་ཡང་འགྲོ་མྱོང་མེད། ༢༠༠༨་ལོར་ང་ཡི་སྤུན་མཆེད་ཀྱི་སྐྱེ་དམན་བཟང་དགའ་ནི་ཀྲུང་གོ་ཞེས་པའི་མེས་རྒྱལ་ནི་འཛམ་གླིང་ནང་གི་མེས་རྒྱལ་ངོ་མ་དེ་རེད་ཞེས་ནམ་རྒྱུན་ཁ་ཁོག་པའི་སྟེང་ནས་དགའ་ཞེན་ཆེན་པོ་ལས་ཆུང་ཆུང་ཞིག་མ་རེད། ནམ་རྒྱུན་ངེད་སྤུན་ཟླ་ཚོ་མཉམ་དུ་འཛོམ་དུས་ཀྱང་ཀྲུང་གོ་ལ་དགའ་ཉན་རྐྱང་ཅིག་ལས་མི་དགའ་ཉན་སུ་ཡང་མེད། བསླུ་བྲིད་དང་མགོ་བསྐོར་གང་ཡིན་མི་སེར་གྱི་ནང་དུ་དེ་ཙམ་དོ་སྣང་མེད་ལ་མ་འོངས་པའི་རྒྱང་ལྟ་ནི་དེས་བས་ཀྱང་རིང་པོ་མེད། རྒྱ་མིས་དབུལ་སྐྱོར་གྱི་རོག་རམ་ཡོངས་སྐབས་སུ་ཐོག་མར་ལེན་པ་པོའི་གྲལ་དུ་བང་བསྒྲིག་ཆོག་ལ་བཟའ་མི་ཚང་མ་དགའ་ཐིང་ཐིང་དང་སྤྲོ་སིང་སིང་ངང། རྒྱལ་ཁབ་འདི་བཀའ་དྲིན་ཆེན་པོ་ཡིན་བསམ་པའི་མངོན་འདོད་ཀྱང་བཟློག་ཏུ་མེད་པ་ནམ་རྒྱུན་ནས་ཡོད་པའི་གྲལ་ཡིན། དེ་ནང་ནས་ཀྱང་བཟང་དགའ་ནི་༧རྒྱལ་བ་ཡིན་བཞིན་ནོར་བུ་ལ་དད་པ་ཤིན་ཏུ་ཆེན་པོ་ཡོད་པ་ནི་བོད་མི་ཀུན་ལ་ཡོད་པ་མ་ཚད་མོ་རང་ནི་དམིགས་གསལ་གྱི་དད་པ་གཏན་པོ་ཡོད་པའི་གྲལ་ཞིག་ཡིན་ཀྱང་།
    སྔོན་གྱི་སྡེ་པ་གཞུང་ཞེས་པ་དེ་གི་བྱེད་སྟང་དང་གྲལ་རིམ་འཛིན་སྟང་ལ་ཞེ་གཏིང་ནས་མི་དགའ་བ་མ་ཚད་ནམ་རྒྱུན་ཁ་རྡུང་བཏང་བ་ཁོ་ན་ཡིན། མོ་རང་སློབ་ཐོན་བྱུང་ནས་གཞུང་གི་དངུལ་ཁང་གི་ལས་བྱེད་པའི་ལས་ཀ་ཡག་པོ་རག་སོང་། གླ་ཕོག་ཀྱང་ཤིན་ཏུ་མཐོན་པོ་རེད། ཉིས་སྟོང་བརྒྱད་ཀྱི་དོན་རྐྱེན་སྐབས་མོ་རང་ཞོག་པར་ལས་ཀ་འགྲོ་ལམ་དུ་ཟིང་ཆ་ནང་དུ་རྩ་བའི་ཆ་ནས་སོང་མེད་ཀྱང་སྟབས་མ་ལེགས་པ་ཞིག་ལ་གདོང་ཐུག་བྱུང་ནས་མོ་བྲོས་ཅི་ཐུབ་ཀྱི་ལམ་ཁར་འགྲོ་བ་ལས་ངོ་ལོགས་དང་ཟིང་ཆ་ནང་ཞུགས་པའི་བསམ་བློ་ཡང་མེད་པ་རེད། ལམ་ཁར་དྲག་ཆས་ཅན་གྱི་རྒྱ་དམག་མང་པོས་འཛིང་རན་ཁྲིགས་སེ་སྒུག་འདུག་པའི་གམ་དུ་ང་སྲོག་སྐྱབས་ཞེས་སྐྱབས་འཚོལ་གྱི་དམག་མའི་སར་མགོ་ལག་པས་བཀབ་ནས་རྒྱུག་ཡོང་དུས་རྒྱབ་ལོགས་ནས་རྒྱུག་པ་ཞིག་གཉའ་ལྟག་ཁར་རྒྱབ་བྱུང་བས་དེ་རང་དུ་རིལ་ནས།
    མོ་རང་གི་བོད་སྐད་ཐོག་ནས་ང་སྲོག་སྐྱབས་རོག་ཞེས་སྐད་ཤུགས་ཆེན་པོས་བོས་ཀྱང་རྡུང་རྡེག་དེ་ལས་ཆེ་རུ་བཏང་ནས་སྐབས་ཞིག་དྲན་པ་འཐོར་སོང་། མོ་རང་ལས་བྱེད་པའི་ལག་ཁྱེར་ཚང་མ་བསྟན་ཀྱང་ཡ་ལན་ཙམ་ཡང་མེད་པར་དེ་ལས་ཤུགས་ཆེན་པོས་ཉེས་རྡུང་བཏང་ནས་ལག་པའི་རྐང་ཆུང་གི་རུས་པ་ཡ་གཅིག་བཅག ནས་ཟུག་ཟེར་ཆེ་བ་ལས་ནི་ཚོད་མི་འདུག ད་དུང་ཡང་མོ་རང་གི་སེམས་ལ་དམག་མི་རྣམས་ཀྱི་ནོར་བ་རེད་མ་གཏོག་འདི་དངོས་གནས་མ་རེད་བསམ་པའི་བློ་ཞེ་གཏིང་ལ་ཡོད་པ་རེད། ཉིན་བཞི་རིང་ཉེས་རྡུང་རྐྱང་རྐྱང་བཏང་ནས་ད་ནི་ཤི་སོང་ན་སྐྱིད་པ་ལ་བསམ་རྒྱུ་མ་གཏོག་བློ་གཞན་པ་ཡིད་ཡུལ་དུ་འཁོར་གྱི་མི་འདུག
    འདི་ཡིན་རྒྱུ་ཁོ་རང་ཚོས་དེ་ལྟར་རྡུང་རྡེག་དྲག་པོ་ཞིག་བཏང་ན་མ་འོངས་པར་བོད་མི་རྣམས་ཀྱི་སྐད་འབོད་མི་བྱེད་པར་ཕན་ཐོག་ཡོད་པར་བསམ་ནས་གོང་གི་བཀའ་གཏོང་བ་ཁོ་ན་རེད། བསམ་བློ་འདི་ནི་རྒྱ་མིས་ནོར་འཁྲུལ་ཆེ་ཤོས་དེ་རེད། ངེད་ཀྱི་སྤུན་ཟླ་རྣམས་ཀྱིས་ག་ས་ག་ལ་འཚོལ་ཀྱང་བཟང་དགའ་གི་གྲིབ་གཟུགས་ཙམ་ཡང་མཐོང་ཐོས་མེད་ཉིན་ཞིག་ཁ་པར་ཞིག་གི་ནང་དུ་ས་གནས་དེ་དང་དེར་སྐྱེ་དམན་བཟང་དགའ་རྡུང་གསོད་འཕྲོག་བཅོམ་གྱི་ལས་འགུལ་ནང་ཞུགས་ནས་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བསགས་འདུག་པས་མོ་རང་གི་བཟའ་ཟླ་ད་ལྟ་ངོས་ལེན་བྱེད་ཁར་ཤོག གལ་སྲིད་མ་ཡོང་ན་ལོ་གཅིག་ལ་བཙོན་ཁང་ནང་སྡོད་དགོས་ཀྱི་རེད་ཞེས་བའི་བརྡའ་འཕྲིན་འབྱོར་བས་ང་གི་ཕུ་བོས་གཏམ་ལན་རྒྱབ་མ་ཚར་གང་ནས་འཕྲིན་པར་སྒོ་རྒྱབ་སོང། ང་གི་ཕུ་བོ་ཧ་ལས་ནས་ཅི་ཡི་ཕྱིར་བརྡུང་གསོད་འཕྲོག་བཅོམ་གྱི་ལས་འགུལ་ནང་སྐྱག་པ་ཟ་ཁར་ཞུགས་པ་རེད་དངོས་གནས་བསམ་ཡུལ་ལས་འདས་སོང་འདི་བདེན་པ་མ་རེད། ཡིན་ན་ཡང་མ་འགྲོ་ན་མོ་རང་དཀའ་ལས་ཆེན་པོ་ཡོང་རྒྱུ་རེད་བསམ་ནས་མྱུར་བར་ཕྱིན་སོང་བས། བཙོན་སྲུང་བ་རྒྱ་མི་དེས་རྒྱ་སྐད་ཐོག་ནས་ཞག་པོ་བཅུ་ལ་སྨན་བཅོས་གྱིས། ཡང་བསྐྱར་ཡར་བསྐྱལ་དང་མི་བསྐྱལ་ཁྱོད་རང་ཁག་ཐེག་གི་ལག་ཁྱེར་གྱི་ངོ་བཤུས་ཁེར་ཤོག་ཟེར་བས་དེ་བཞིན་འགྱོག་པར་དཔར་ལོག་རྒྱབ་ནས་ཡར་སྤྲོད་པས། དམག་མི་དེས་མིག་འབུར་ཚུགས་སུ་བལྟ་ནས་ཤིན་ཏུ་མི་དགའ་བའི་རྣམ་འགྱུར་གྱིས་མཛུབ་ཐིབ་རྒྱབ་ཟེར། ང་གི་ཕུ་བོས་ཁྱོད་ཚོས་ཞིབ་གཤེར་དང་ཉེས་ཡོད་མེད་ཙམ་ཡང་མི་ལྟ་བར་མི་ཡོད་ཚད་ལ་འདི་འདྲ་བྱེད་ཤོག་ཞེས་པའི་གཞུང་གི་བཀའ་ཁྱབ་ག་བ་ལ་ཡོད་རེད་ཞེས་ཤོད་པས། དམག་མི་དེས་ཡང་བསྐྱར་གདོང་དམར་པོར་གྱུར་ནས་ཁང་པའི་སྒོ་ཐག་ཞེས་རྒྱབ་ནས་ཡ་ལན་བྱེད་ཉན་སུ་ཡང་མ་བྱུང་ནམ་རྒྱུནང་གི་ཕུ་བོ་ལ་གྲོགས་པོ་མགོ་ཁྲིད་ཞིག་ཡོད་པ་དེ་ལ་ཁ་པར་བཏང་བས་དེས་མགོ་ཁྲིད་གཞན་པ་བརྒྱུད་བྱས་མཐར་ཐེབ་ཆག་ཞིག མོ་རང་ལོན་ཐུབ་སོང་ཀྱང་བཟང་དགའ་ནི་ནང་མི་ཐམས་ཅད་ཀྱི་ངོ་ཤེས་ཀྱི་མི་འདུག གདོང་དང་ལུས་པོ་ཡོངས་རྫོགས་དམར་ཤུལ་དང་སྔོ་ཤུལ་གྱིཁེང་ནས་མིག་གིས་ཡར་བལྟ་ཐུབ་ཀྱི་མི་འདུག ཞུག་མར་མི་དམངས་ཁྲིམས་ཁངས་ནང་ཞུ་གཏུག་བྱེད་དུས། ཁྲིམས་དཔོན་དེས་ཁྱོད་རང་རྣམས་ཡང་བསྐྱར་ཉེས་བརྡུང་ཉོ་ཉན་བྲོ་གི་འདུག་པས? ཞེས་པ་ལས་བདེན་དོན་དང་འདྲ་མ་ཤོད་ས་ཙམ་ཡང་མེད་པར་བཤད་པའི་སྐབས། དུས་དེ་ནས་བཟུང་རྒྱ་མིའམ་ཀྲུང་གོ་ཞེས་ཐོས་དུས་ནས་ངོ་མ་སྒེར་གཅོད་རིང་ལུགས་ནང་ནས་སྒེར་གཅོད་རིང་ལུགས་པ་བདེན་དོན་དང་གནས་ལུགས་ཚིག་གཅིག་ཀྱང་ཤོད་ས་མེད་པ་འདི་འདྲའི་ཁ་དོན་མི་མཚུངས་པ་ངེད་ཚོ་ནང་མི་ཚང་མ་ཞེ་གཏིང་ནས་སྐྱུག་བྲོ་བའི་བསམ་བློ་གསར་པ་ཞིག་བཟློག་ཏུ་མེད་པ་སེམས་ཁོང་སུ་བཅང་སྟེ་རྒྱ་མི་དམར་པོ་འདིས་བོད་མི་ཞིག་ཡིན་ནས་བཟུང་བྱེད་སྟང་འདི་རྣམས་འོད་ཟེར་ལགས་ཀྱིས་ཤོད་པ་བཞིན་བོད་མི་རྣམས་ཀྱི་ནང་གི་བདེ་སྡུག་ངོ་མ་ཕྱིར་སྟོན་པ་མ་ཚད་བོད་མི་རྣམས་ལ་རྒྱ་མིས་ཞེ་གཏིང་ནས་ག་འདྲ་ཞིག་འཛིན་ཚུལ་ཡོད་ཚད་དམར་རྗེན་དུ་སྟོན་ཐུབ་པའི་ར་འཕྲོད་གསལ་པོ་བྱུང་བ་མ་ཚད་སྐྲག་སྣང་དང་སེམས་ཤུགས་མར་ཆག་རྒྱུ་ལྟ་ཞོག་ཡོད་ཚད་ཁོང་ཁྲོ་དང་ཡི་ཐང་ཆད་དེ་མ་འོང་པའི་གྲ་བསྒྲིག་དང་འཁོན་ལན་གྱི་གསོན་ཤུགས་སྔར་ལས་ཆེ་རུ་ཕྱིན་འདུག
    རྒྱུ་མཚན་དེ་ཡི་ཕྱིར་ན་ས་བྱི་ཞི་རྒོལ་ཆེན་མོ་དེས་བོད་མི་རིགས་ཡོངས་ཀྱི་སེམས་ཁོང་གི་ལ་རྒྱ་དང་གྲུབ་འབྲས་ལ་ཚོད་མེད་པ་ཞིག་ཡིན་པ་མ་ཚད་བོད་མི་སེར་གྱི་བདེ་སྡུག་དེ་འཛམ་གླིང་གི་མི་རྣམས་ཀྱི་མདུན་དུ་གླེང་ཐུབ་པ་ངོ་མ་དེ་བྱུང་འདུག རྒྱ་མིས་དུས་ནམ་ཡང་གཅིག་མཚུངས་མིན་པའི་ངོ་འབག་དང་བྱས་རབ་བལྟ་རབ་ཀྱི་སྐྱག་རྫུན་ཚང་མའི་རྐུབ་ཀྱང་བརྡོལ་ཐུབ་ཡོད།
    དུས་དེ་ནས་བཟུང་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་ཀྱི་མ་བགྲོས་ནང་བློ་གཅིག་མཐུན་གྱི་ལམ་ཁ་ངོ་མ་དེ་རྙེད་ཐུབ་ཡོད་ལ། སྐུ་ཉིད་ཀྱི་བསམ་འཆར་འདི་རྣམས་ལ་ངེས་པར་དུ་རྒྱབ་སྐྱོར་ཡོད། ཁྱོད་ནི་དོན་དམ་གྱི་བོད་མི་དཀྱུས་མ་ཞིག་མིན་པ་ངེས་ཤེས་གཏན་པོ་ཡོད་པས་གོ་བསྐོན་དང་བརྒྱུད་བསྒྲག་གྱི་ཐབས་ལམ་འདི་གཞིས་བྱེས་བོད་མི་ཡོངས་ཀྱི་སེམས་ཁོང་ནས་ནམ་ཡང་ཞར་མི་ཐུབ་ལ་བོད་མི་ཀུན་གྱི་རེ་བ་ཡང་གཏོད་ཀྱིན་ཡོད་པས། ཆུ་བོའི་རྒྱུན་བཞིན་བཏོན་ཐུབ་པར་ངང་སྒུག་བྱེད་ཀྱི་ཡོད། ཁྱོད་རང་བྱ་བ་ལམ་འགྲོ་ཡོང་བར་ཆོས་སྲུང་ཡེ་ཤེས་སྤྱན་ལྡན་རྣམས་ལ་འཕྲིན་བཅོལ་ཡང་ཞུ་གི་ཡིན།

    Reply
  11. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    མཐུན་སྒྲིལ་གྱི་རང་སྒྲ་ཞེས་པ་འདི་གཞིས་བཞུགས་ཚོའི་སྙིང་ཁུངས་ནས་འཕྱོས་པའི་སེམས་གཏམ་ཡིན་པ་མ་ཟད།་རེ་བ་དང་ཡིད་ཆེས་ཁྲི་སྟོང་མིང་པོས་་སྐྱེལ་མ་བྱས་དེ་རྒྱང་རིང་ས་དེ་ནས་ཡུལ་གྱལ་བ་ཚོའི་སྙན་ལམ་དུ་བསྒྲོགས་ཡོད།

    མིག་རྒྱང་ཐུང་པ་དང་བསམ་བློ་གཏེ་ཐུག་མདོར་ན་རང་ཉིད་གཅིག་པོ་འཚོ་གནས་ལས་གཞན་བསམ་མི་ཕོད་པ་དག་གིས་ཅི་བཤད་ན་བཤད་དུ་ཞོག། དེ་མིན་མི་རིགས་ཅིག་དང་རྒྱལ་ཁབ་ཞིག་གིས་བདེ་སྡུག་ལ་བསམ་ན་རྒྱལ་གཅེས་པ་ཚའི་བྱེད་སྟངས་འདི་ནོར་མེད་པ་མ་ཟད་བྱེད་གོ་ཡང་ཆོད་ཡོད་པར་སེམས། ཡི་རིང་ཅེས་མི་བྱེད།།

    Reply
  12. བདེ་ཆེན་སྒྲོལ་མ། says:
    ལོ་ 15 སྔོན།

    བོད་ནང་གི་བོད་མི་དག་གི་ལྷག་བསམ་རྣམ་དག་གི་བོད་ཞེན་ལ་ཁ་ཞེ་གཉིས་མེད་ཀྱིས་གུས་བརྩི་གོང་བཀུར་བྱེད།

    རྩོམ་མཁན་དང་བསྒྱུར་མཁན་གཉིས་ཆར་ཐུགས་རྗེ་ཆེ་བླ་མེད་དུ་ཞུའོ།།

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    “ཨོ། བོད་མི་ཚོ་མཐུན་སྒྲིལ་གྱིས་ཡ་མཐུན་སྒྲིལ་གྱིས། ཨ་ཕའི་གདོང་གི་སྐྱོ་བ་བསམས་ན་མཐུན་སྒྲིལ་གྱིས། ། བོད་མི་ཚོ་མཐུན་སྒྲིལ་གྱིས་ཡ་མཐུན་སྒྲིལ་གྱིས། ཁ་བ་བོད་པས་མཐུན་སྒྲིལ་གྱིས་ཡ། ཨ་མའི་སེམས་ཀྱི་མིག་ཆུ་བསམས་ན། ། བོད་མི་ཚོ་མཐུན་སྒྲིལ་གྱིས་ཡ་མཐུན་སྒྲིལ་གྱིས། ”ཞེས་པའི་འབོད་སྒྲ་འདི་ནི། ཆེས་རིན་ཐང་ཆེ་ལ་འོས་ཤིང་འཚམས་པ་ཅིག་རེད། འོན་ཀྱང་ངོ་རྒོལ་ནི། འཚེ་མེད་ཞི་བ་ཉག་གཅིག་ལ་བརྟེན་དགོས་པ་ནི། ཤིན་ཏུ་ནས་གལ་ཆེན་པོ་རེད་དོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese