པཎ་ཆེན་ཆུང་སྲིད་མཆོག་གི་འཁྲུངས་སྐར་དང་བསྟུན་ཏེ། པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་དང་། ༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག དེ་བཞིན། རྒྱ་ནག་གིས་ཁྲི་འདོན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་གསུམ་གྱི་ཐད་བགྲོ་གླེང་ཞིག་བྱས་ཡོད།
ཁ་སང་ཕྱི་ཚེས་ ༢༥ ཉིན་ངྷ་སའི་ཚོགས་པ་སྐྱིད་སྡུག་ཁག་བཅུ་ཐུན་མོང་ཐོག ངྷ་ས་གཞོན་ནུའི་མགྲོན་ཁང་དུ་པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༢ ལ་སོན་པའི་སྐུའི་འཁྲུངས་སྐར་དང་བསྟུན་ཏེ་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་ཅིང་། བགྲོ་གླེང་དེའི་སྟེང་བཀའ་ཟུར་ཨ་ལག་འཇིགས་མེད་རིན་པོ་ཆེ་མཆོག་དང་། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོན་ནམས་རྒྱལ་མཚན་ལགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ལས་རོགས་འཇམ་དཔལ་སྨོན་ལམ་ལགས་གསུམ་གྱིས་གཏམ་བཤད་གནང་ཡོད།
བགྲོ་གླེང་གི་ཐོག་མར་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་མགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱིས་བགྲོ་གླེང་ལས་རིམ་ངོ་སྤྲོད་སྦྲགས་ཏེ་གསུངས་རྒྱུར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༢ ལ་སོན་པའི་འཁྲུངས་སྐར་འདི་དགའ་དགའ་སྤྲོ་སྤྲོའི་ངང་སྲུང་གཙི་ཞུ་དགོས་པ་ཞིག་ཡིན་ཡང་། དེ་རིང་ཁོང་གི་སྐུ་མཇལ་རྒྱུ་དང་གསུང་ཐོས་རྒྱུ་ཕར་ཟད། ཐ་ན་ཁོང་སྐུ་འཚོ་བཞུགས་ཡོད་མེད་ཀྱང་མི་སུ་གཅིག་གིས་བཤད་དཀའ་བའི་གནས་སྟངས་ཆགས་ཡོད། བཙོན་འོག་ཏུ་ཡོད་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། རྒྱ་གཞུང་གིས་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་གཉིས་ཀ་བོད་པ་ཡིན་པའི་ལྟ་སྟངས་ཤིག་གི་ཐད་ནས་སྐད་ཆ་བཤད་པ་ཡིན་ན། རྒྱལ་སྤྱིའི་སྟེང་ནུས་པ་ཞིག་འཐོན་ངེས་རེད་དྲན་གྱི་ཡོད། དེར་བརྟེན། དེ་རིང་གི་བགྲོ་གླེང་གནང་མཁན་དང་དྲི་བ་འདོན་མཁན་ཚང་མས་རྒྱལ་སྤྱིའི་སྟེང་ལ་ནུས་པ་འཐོན་ཐུབ་པ་ཞིག་བཤད་རྒྱུར་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་སོང་།
སྐབས་དེར་བཀའ་ཟུར་ཨ་ལག་འཇིགས་མེད་རིན་པོ་ཆེ་མཆོག་གིས་༼ པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྐུ་ཚེའི་མཛད་རྣམ།༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་རྒྱལ་བ་པཎ་ཆེན། ཞེས་གྲགས་པ་ལྟར་༧རྒྱལ་བ་ཡབ་སྲས་གཉིས་ནི་སྐྱེས་ཆེན་གཞན་དང་མ་འདྲ་བའི་བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་མི་རིགས་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད། ༡༩༥༩ ལོའི་རྙོག་ཟིང་སྐབས་པཎ་ཆེན་རིན་པོ་ཆེ་ཕྱི་ལོགས་སུ་ཕེབས་མ་ཐུབ་པ་དེར་མང་པོ་ཞིག་གིས་འགྲིག་མ་སོང་བསམ་གྱི་ཡོད་ཀྱང་། བསམ་བློ་ཞིབ་ཏུ་བཏང་ན་ཏན་ཏན་དེ་ལ་ཐུགས་གནད་ཅིག་ཡོད་རྒྱུ་རེད། པཎ་ཆེན་རིན་པོ་ཆེ་ལ་སྐུ་ངལ་ཡོད་བཞིན་དུ་བོད་ནང་བཞུགས་གཏན་འཁེལ་བ་རེད། དཔེར་ན། ༡༩༦༢ ལོར་ང་ཚོའི་སྐུ་ཚབ་ཐེངས་བཞི་པ་བོད་དུ་སྐྱོད་སྐབས། ང་ཁོང་དང་ཟུར་དུ་མཇལ་འཕྲལ་རག་སོང་། སྐབས་དེར་ཁོང་གིས། ང་ཡང་ཕྱི་རྒྱལ་ལ་རེ་བ་འདྲ་བོ་ཞིག་ཡོད་པ་རེད། ཡིན་ནའང་རྗེས་སུ་དེ་འགྲུབ་ཡོད་པ་མ་རེད། ད་ཆར་བསམ་བློ་བཏང་ན་ང་ཕྱི་རྒྱལ་ལ་ཡོང་མ་ཐུབ་པ་དེ་ཡག་པོ་བྱུང་འདུག་བསམ་གྱི་ཡོད། གོང་ས་མཆོག་ཕྱི་ལ་བཞུགས་ཡོད་པ་རེད། ངས་འདི་ནས་ཆེན་པོ་ཞིག་བྱ་ཐུབ་ཀྱི་མི་འདུག་མོད། གང་ལྟར་ང་འདིར་བསྡད་ན་སྐད་རྒྱག་མཁན་ཞིག་ཡོད་པ་རེད། ད་ཆར་གོང་ས་མཆོག་ཕྱི་ཕྱོགས་ན་མཚན་སྙན་གྲགས་རྒྱས་ཡོད་པ་གོ་ཡོང་གི་འདུག རྒྱལ་བ་ཡབ་སྲས་གཉིས་ཕྱི་ནང་བྱས་ཏེ་བསྡད་ན་དེར་དགེ་མཚན་མི་འདུག་གམ། གཙོ་བོ་གོང་ས་མཆོག་གི་སྐུ་གཟུགས་དང་སྐུའི་མཛད་འཕྲིན་ཐད་གཟབ་གཟབ་བྱ་རྒྱུ་གལ་ཆེན་པོ་རེད། ང་ལ་མཚོན་ན་ཞབས་ཞུ་སྒྲུབ་མཁན་ཡག་པོ་མ་རག་པའི་དཀའ་ངལ་ཡོད་ཅེས་གསུངས་སོང་།
ཨ་ལག་འཇིགས་མེད་མཆོག་གིས་མུ་མཐུད་དུ་གསུངས་དོན། མདོར་བསྡུས་ན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱའི་བཙོན་ཁང་དུ་ལོ་མང་སྡོད་དགོས་བྱུང་ཡོད་ཅིང་། བཙོན་གྲོལ་ཐོབ་རྗེས་བོད་ཀྱི་ས་ཁུལ་ཚང་མར་གཟིགས་སྐོར་དུ་ཕེབས་ཏེ། དགོན་སྡེ་ཁག་དང་ཐ་ན་མི་ཚང་རེ་རེར་ཕེབས་ནས་ཆོས་ཕྱོགས་དང་སྲིད་ཕྱོགས། སྤྱི་ཚོགས་ཀྱི་བདེ་དོན། དགོན་སྡེ་དང་སློབ་གྲྭའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་སོགས་རེ་རེ་བཞིན་རྒྱུས་ལོན་གནང་ཞིང་། རྒྱ་ནག་གི་དཔོན་རིགས་ཚོ་དང་གདོང་ཐུག་རིམ་པར་བརྒྱབ་ཅིང་། མཐར་ཐུགས་ཀྱིས་མ་བཟོད་པར་ཉེན་ཁ་དང་དཀའ་ངལ་ལ་མ་འཛེམས་པར་བོད་ནང་གི་བདེ་སྡུག་སྐོར་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་བ་རེད། ཅེས་གསུངས་བྱུང་།
དེའི་རྗེས་འཇམ་དཔལ་སྨོན་ལམ་ལགས་ཀྱིས་༼ པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ། ༽ ཞེས་པའི་བརྗོད་གཞིའི་ཐད་ནས་གླེང་དོན། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་རྫོགས་རྗེས། རྒྱ་གཞུང་གིས་བྱ་བྲལ་རིན་པོ་ཆེས་དབུ་ཁྲིད་པའི་ཡང་སྲིད་རྩད་གཅོད་ཚོགས་ཆུང་ཞིག་བཙུགས་པ་རེད། ༡༩༩༥ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༡༤ ཉིན་༧གོང་ས་མཆོག་གིས་གཙུག་ལག་ཁང་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་ངོས་འཛིན་ཁྱབ་བསྒྲགས་གནང་ཡོད་སྟབས། ཟླ་དེའི་ཚེས་ ༡༥ ཉིན་རྒྱ་ནག་དབུས་གཞུང་གིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཏཱ་ལའི་ཡིས་བོད་ཀྱི་ཕྲུ་གུ་ཞིག་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་གསལ་བསྒྲགས་བྱས་པ་དེ་ཁྲིམས་འགལ་དང་། ཆབ་སྲིད་ཀྱི་ཐབས་ཇུས་ཤིག་ཡིན་པས་ང་ཚོས་ངོས་ལེན་རྩ་བ་ནས་མེད་ཅེས་བསྒྲགས་པ་རེད། ཚེས་ ༡༧ ཉིན་རྒྱ་ནག་ཉེན་རྟོག་པ་ལྷ་རི་རྫོང་དུ་ཡོང་སྟེ། ཁ་བྲལ་རིང་ལུགས་པས་ཕྲུ་གུ་འདི་བཙན་ཁྲིད་བྱ་རྒྱུའི་ཉེན་ཁ་འདུག་ཟེར་ནས་ཆུང་སྲིད་མཆོག་དང་ཁོང་གི་ཡབ་ཡུམ་ནང་མི་དང་བཅས་པ་བཙན་ཁྲིད་བྱས་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད། ཅེས་དང་།
ཁོང་གིས་མུ་མཐུད་དུ་བརྗོད་དོན། ༡༩༩༥ ལོའི་ཕྱི་ཟླ་ ༡༠ པའི་ནང་བོད་ཀྱི་བླ་ཆེན་ཚང་མ་བོད་རང་སྐྱོང་ལྗོངས་སུ་སྐད་བཏང་སྟེ། པཎ་ཆེན་སྐུ་གོང་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་གསང་པའི་ཚོགས་འདུ་ཞིག་ཚོགས་འདུག ལོ་དེའི་ཕྱི་ཟླ་ ༡༡ པའི་ཚེས་ ༢༩ ཉིན་རྒྱ་གཞུང་གིས་ལྷ་སའི་གཙུག་ལག་ཁང་དུ་གསེར་བུམ་དཀྲུགས་ཏེ། རྒྱལ་མཚན་ནོར་བུ་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ། པཎ་ཆེན་སྐུ་གོང་མའི་མཚན་གནས་རྒྱུན་འཁྱོངས་ཆོག་པའི་ཡིག་ཆ་ཚང་མ་སྤྲད་པ་པ་མ་ཟད། ཕྱི་ཟླ་ ༡༢ ཚེས་ ༨ ཉིན་བཀྲ་ཤིས་ལྷུན་པོ་དགོན་དུ་གསེར་ཁྲི་མངའ་གསོལ་བྱས་ཤིང་། དེ་ནས་བཟུང་བོད་ཀྱི་དགོན་སྡེ་དང་ས་ཁུལ་ཁག་ལ་ཆོས་ཕྱོགས་ཀྱི་ལས་ཀ་བྱེད་དུ་བཅུག་སྟེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བཏང་བ་རེད།
གནས་ཚུལ་གཞན་ཞིག་ནི་བྱ་བྲལ་རིན་པོ་ཆེ་ཆགས་ཡོད་པ་རེད། ཐོག་མར་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་རྩད་གཅོད་ཚོགས་ཆུང་འཛུགས་སྐབས། བྱ་བྲལ་རིན་པོ་ཆེ་ལ་འགན་ཆ་ཚང་སྤྲད་ཡོད་རེད་དེ། རྗེས་སུ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་རྒྱལ་མཚན་ནོར་བུ་གསེར་ཁྲིར་མངའ་གསོལ་བྱས་པའི་ཉིན་མོར་བྱ་བྲལ་རིན་པོ་ཆེ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ། ད་ལྟ་ས་གནས་གང་ཞིག་ཏུ་ཡོད་མེད་ཀྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད། དེ་ནི་ཡང་སྲིད་རྩད་གཅོད་དང་ངོས་འཛིན་བྱེད་ཕྱོགས་ཐད་ཀྱི་གནས་ཚུལ་ཆ་ཚང་ཁོང་གིས་མཁྱེན་གྱི་ཡོད་སྟབས། གནས་ཚུལ་དེ་དག་ཕྱི་ལ་ཤོར་བར་དོགས་ཏེ་བྱ་བྲལ་རིན་པོ་ཆེ་བཀག་ཉར་བྱས་པ་རེད། ཅེས་བརྗོད་བྱུང་།
མཐར་བསོད་ནམས་རྒྱལ་མཚན་ལགས་ཀྱིས་༼ རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་ཡང་སྲིད་ལ་བོད་མི་ཚོས་ལྟ་སྟངས།༽ ཞེས་པའི་བརྗོད་གཞིའི་ཐོག་གསུངས་དོན། ཚིག་ཐག་ཆོད་པོས་སྒོ་ནས་བཤད་ཐུབ་པ་ཞིག་ནི། རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་ཡང་སྲིད་རྒྱལ་མཚན་ནོར་བུ་འདི་པཎ་ཆེན་རིན་པོ་ཆེ་རང་ཡིན་པ་ལ་བོད་མི་བརྒྱ་ཆ་བརྒྱ་ཡིས་ངོ་ལེན་མེད་པ་གསལ་བོ་རེད། བོད་མི་ཚང་མའི་སེམས་སུ་༧གོང་ས་མཆོག་གིས་ངོས་འཛིན་བྱས་པ་དེ་ཉར་ཡོད། ཐ་ན་རྒྱལ་མཚན་ནོར་བུའི་ཞབས་ཞུ་བ་དང་། ཁོང་གི་ཕ་མ་གཉིས་ལའང་རྒྱལ་མཚན་ནོར་བུ་པཎ་ཆེན་རིན་པོ་ཆེ་ཡིན་སྙམ་པའི་བློ་དེ་མེད་པ་མ་ཟད། རྒྱལ་མཚན་ནོར་བུ་རིང་ཉིད་ཀྱི་སེམས་ན་ཡང་ང་པཎ་ཆེན་རིན་པོ་ཆེ་ཡིན་བསམ་པའི་འདུ་ཤེས་ཡོད་མེད་ཐེ་ཚོམ་རེད། དེ་གཅིག་རེད།
གཞན་བོད་ཕྱི་ནང་གི་ཤེས་ཡོན་ཅན་མང་པོ་ཞིག་ལ་ལྟ་སྟངས་གཞན་ཞིག་ཡོད་པ་ནི། རྒྱལ་མཚན་ནོར་བུས་པཎ་ཆེན་རིན་པོ་ཆེའི་མཛད་པ་འཕྲིན་ལས་སྐྱོང་ཐུབ་པ་རེད་དམ་མ་རེད། བོད་མིར་ཕན་ཐོག་གི་རེད་དམ་མ་རེད། གལ་སྲིད་པཎ་ཆེན་རིན་པོ་ཆེའི་མཛད་འཕྲིན་སྐྱོང་ཐུབ་མཁན་ཞིག་དང་བོད་མིར་ཕན་ཐོག་མཁན་ཞིག་ཡིན་ན། ཁོང་ལ་འགན་དབང་དེ་སྤྲད་བཞག་ན་འགྲིག་གི་ཡོད་རེད། ཅེས་ལྟ་ཚུལ་འཛིན་མཁན་ཡོད་པ་རེད།
ང་ཚོས་རྒྱལ་མཚན་ནོར་བུ་ལ་འགྲེལ་བརྗོད་བྱེད་སྐབས་བསམ་བློ་ཡག་པོ་གཏོང་དགོས་པ་རེད། ཁོང་པཎ་ཆེན་སྐུ་གོང་མའི་ཁྲི་སྟེང་ལ་འཇོག་མཁན་དེ་རྒྱ་ནག་གཞུང་རེད། རྒྱ་མཚན་ནོར་བུ་ནི་བཀྲུས་ཀྱང་མི་དག་པའི་བོད་མི་གཙང་མ་གཙང་རྐྱང་ཞིག་རེད། དེར་བརྟེན་ཁོང་བོད་མི་གཙང་མ་ཞིག་ཡིན་པའི་ངོས་འཛིན་དེ་གསལ་བོ་དགོས་ངེས་རེད་ལ། པཎ་ཆེན་རིན་པོ་ཆེའི་ཁྲི་ལ་ཡོད་པ་དེར་ང་ཚོས་ཕོག་ཐུག་གཏོང་དགོས་པ་གང་ཡང་ཆགས་མེད། ཁོང་དང་བླང་ཐོན་པ་དང་འཐབ་རྩོད་བྱས་ནས་ཁྲི་ཐོག་ལ་བསླེབས་པ་ཞིག་མ་ཡིན་པར་གཞན་གྱིས་བསྐོ་བཞག་བྱས་པ་ཞིག་རེད། ལྷག་པར་དུ་རྒྱལ་མཚན་ནོར་བུ་ཁོང་མི་ནུས་པ་ཅན་ཞིག་ཆགས་པ་ཡིན་ན། བོད་མི་རིགས་ལ་ཕན་ཐོག་མཁན་ཞིག་ཆགས་མི་སྲིད་པའི་ངེས་པ་ཡོད་པ་མ་རེད། ཅེས་བརྗོད་སོང་།
གསར་འགོད་པ། བནྡེ་སྐྱབས།
པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ། སྐུ་ཚེ་ཡུན་དུ་བརྟན་པ་དང་རང་དབང་ཐོབ་པའི་སྨོན་ལམ་ཡོད།
རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་ཡང་སྲིད་རྒྱལ་མཚན་ནོར་བུ་ལགས་ཀྱི་བོད་པ་ཡིན་པ་དང་བོད་མིའི་བདེ་སྡུག་སེམས་ནས་མ་བརྗེད་པར་ཤོག།
༸པཎ་ཆེན་༡༡པ་༸བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག ༸སྐུ་ཚེ་ཡུན་དུ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཤུགས་ཞུ་རྒྱ་ལགས། མཁྱེན་ནོ། པཎ་ཆེན་མཁྱེན་ནོ། པཎ་ཆེན་ཐམས་ཅད་མཁྱེན་པ་མཁྱེན་ནོ། །
པཎ་ཆེ་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་རྗེས་རྒྱ་ནག་གིས་བཀའ་རྒྱ་དོན་ཚན་གསུམ་བཀྲམ་པ་ལས་ཕྱི་མ་ཡོངས་སྲིད་ངོས་འཛིན་གྱི་གཡོ་ཇུས་ཀྱི་ལག་ལེན་དེ།
ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་ངོས་འཛིན་གནང་ནས་ཉིན་གསུམ་ནས་མགོ་བརྩམ་པ་རེད། ད་ཆ་པཎ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཤི་གསོན་གང་ཡང་མ་ཤེས་པའི་མཚམས་འདིར། རྒྱ་ནག་གི་པཎ་ཆེན་རྒྱལ་མཚན་ནོར་བུས་རང་རིག་ལ་ཤ་ཞེན་དང་ལྷག་བསམ་མ་འཆང་ན།
ང་ཚའི་པཎ་ཆེན་རིན་པོ་ཆེན་ཞབས་གཞུགས་ཡོད་ཀྱང་ཕན་ནུས་གང་ཡང་མེད་པས་མ་འདས་ཡོང་སྲིད་ཀྱི་བསྐོར་ལ་བསམ་བློ་གཏང་གལ་ཆེ་སྙམ།
ཨ་ལགས་འཇིགས་མེད་ལགས་ལ་ཞུ་རྒྱུར།གཏམ་བཤད་དེ་འདྲ་གནང་རྒྱུར་དངོས་གནས་གཟབ་གཟབ་བྱེད་དགོས།པཎ་ཆེན་མཆོག་གི་ཡང་སྲིད་སྐོར་གྱི་གནད་དོན་ནི་བོད་མི་རིགས་ཡོངས་ཀྱིས་ཐག་གཅོད་བྱས་ཆོག་པ་ཞིག་ཡིན་པ་ལས་བླ་སྤྲུལ་དཀྱུས་མ་ཞིག་གིས་གང་བྱུང་དུ་གདེང་འཇོག་བྱས་ཆོག་པ་ཞིག་ག་ལ་ཡིན།དེང་སང་གི་རྒྱ་ནག་གིས་ངོས་བཟུང་བའི་ཡང་སྲིད་མི་དག་པ་དེ་ནི་ཤ་རུས་པ་བོད་པ་ཡིན་ཀྱང་རྒྱ་ནག་གིས་གསེར་བུམ་དཀྲུགས་པ་ལས་བསྐོ་བཞག་བྱས་པ་ཡིན་པས་དེར་གནད་དོན་གལ་ཆེན་ཞིག་ཡོད།ཁྱོད་ཀྱིས་བརྗོད་པ་ལྟར་ཡིན་ཚེ།དེས་ན་རྒྱ་ནག་གིས་སྔར་སྲོལ་ཞིག་བཙུགས་ཚར་པས་མི་རིངས་པར་༧་གོང་ས་མཆོག་གི་ཡང་སྲིད་སྐོར་ལའང་དེ་འདྲའི་བསམ་སྦྱོར་མ་རུངས་པ་བརྩམས་ཚེ་ང་ཚོས་སྔར་བཞིན་དུ་ཡང་སྲིད་མཆོག་བོད་མི་གཙང་མ་ཞིག་ཡིན་པས་གནད་འགག་ནི་ཉིད་རང་ལ་འཇོན་ཐང་ཡོད་མེད་དང་བོད་དོན་བཟང་པོ་ཞིག་སྒྲུབ་ཐུབ་མིན་ཕྱོགས་ཁོ་ན་ལ་དམིགས་ན་དོན་སྙིང་ཆེར་མི་འདུག་གོ
བགྲོ་གླེང་འདི་ཡག་པོ་རེད། འདི་བོད་ཀྱི་ཆོས་སྲིད་གཉིས་ཐད་ནས་གནད་འགག་ཅིག་རེད། གནད་དོན་འདི་རིགས་ལ་ཐབས་ཚུལ་མ་ནོར་བར་འཇུག་ལྡོག་བྱ་རྒྱུ་འགངས་ཆེ། རྒྱལ་མཚན་ནོར་བུ་ལགས་ལ་ཕོག་ཐུག་གཏོང་མི་འོས། ཁོང་གིས་པཎ་ཆེན་རིན་པོ་ཆེའི་མཛད་པ་རྣམ་ཐར་ཆ་ཚང་ཞིག་མཁྱེན་ཐུབ་པའི་ཆ་རྐྱེན་སྐྲུན་དགོས། དེ་བཞིན་༸གོང་ས་མཆོག་དང་༸རྒྱལ་བ་ཀརྨ་པ་སོགས་ཀྱི་སྔ་ཕྱིའི་ལོ་རྒྱུས་རྟོགས་ཐུབ་པ་དང་ལྷག་པར་རྒྱ་གཞུང་གིས་བོད་དོན་ཐད་ལ་བཟུང་བའི་སྲིད་ཇུས་ཀྱི་གཡོ་ཇུས་ཚོར་ཐུབ་པ་ཞིག་བྱེད་རྒྱུར་ཁོང་གི་ཉེ་བར་བ་ཚོར་དམིགས་བསལ་འོས་འགན་ཡོད། ཁོང་གིས་རང་ཉིད་ནི་གཞན་དབང་འོག་གི་འཇིག་རྡེའུ་ཞིག་ཡིན་པ་རྟོགས་སོང་ན་དེས་འགྲིགས།
ང་ཚོས་ཁོང་ཉིད་པཎ་ཆེན་དུ་བཀུར་མི་འོས་པ་དང་ཡང་ཁོང་ལ་གདེང་འཇོག་ཀྱང་གནང་ཤེས་པ་དགོས།
གཙི་དང་བརྩི་ལ་ཁྱད་པར་འབྱེད་དཀའ་བ་བཞིན། སྤྱིར་སྤྲུལ་སྐུ་དངོས་རྫུན་གྱི་ཁྱད་པར་ཡང་འབྱེད་དཀའ་མོད། སྲོལ་རྒྱུན་གྱི་ལུགས་དང་མཐུན་མིན་གྱིས་དགེ་སྐྱོན་ཅི་རིགས་འབྱུང། དཔེར་ན་ད་བར་དུ་བརྩི་འཇོག བརྩི་བཀུར། བརྩི་སྲུང། སྲུང་བརྩི་ཟེར་བའི་ཐ་སྙད་འདི་རྣམས་རྒྱུན་བཀོལ་རྒྱུན་འབྱམས་ཤིག་ཡིན་མོད། དེ་དང་སྒྲ་ཉེ་བའི་གཙི་ཟེར་བའི་ཡུལ་སྐད་ཅིག་དག་ཡིག་ལ་ལར་བྱུང་བས་ད་ལྟ་སྲུང་གཙིའམ་གསུང་གཙི་་སོགས་སུ་སྒྱུར་གྱིན་ཡོད། མ་གཞི་གདམ་ག་ཅན་གྱི་དག་ཆ་ལ་ལ་ཞིག་ཡོད་མོད། རྒྱུན་བཀོལ་ཐ་སྙད་དང་ཁ་སྐད་དངོས་དང་ཐག་ཉེ་བའི་ཐ་སྙད་ལ་བརྩི་སྲུང་བྱེད་འོས།
ཡང་གཟབ་གཟབ་བྱས་མ་གཏོགས་ཨ་ལགས་འཇིགས་མེད་ཀྱིས་རྫུན་བཤད་བཞིན་འདུག་གང་ཡིན་ཞེ་ན། པན་ཆེན་རིན་པོ་ཆེ་ནས་ག་དུས་ཡིན་ན་༧གོང་ས་མཆོག་ལ་ཐམས་ཅད་མཁྱེན་པ་ཞེས་འབོད་པ་ལས་༧གོང་ས་མཆོག་ཞེས་འབོད་ཀྱི་མེད། ཡང་ཨ་ལགས་གི་ཅི་ཞིག་བྱེད་རྩིས་ཡོད་ནི་མི་ཤེས།