མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་གང་དུ་དཀའ་ངལ་བྱུང་ཡང་བོད་སྤྱི་བའི་དཀའ་ངལ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༤  ཉིན་བཞུགས་སྒར་ཀིརྟི་བྱེས་བ་གྲྭ་ཚང་གིས་སྣེ་ཁྲིད་པའི་དགེ་འདུན་པ་བརྒྱའི་ཞི་བའི་གོམ་བགྲོད་དེ་ཡོངས་སུ་མཇུག་བསྒྲིལ་ཏེ་ཕྱིར་བཞུགས་སྒར་དུ་འབྱོར་ཡོད་བ་དང་བསྟུན་ཏེ། འདིའི་གའི་གསར་འགོད་པས་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་གྲྭ་ཚེ་རིང་ལགས་སུ་བཅར་འདྲི་བྱས་ཡོད།

དྲི་བ། ཐོག་མར་སྐུ་ཉིད་ཀྱིས་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་སྣེ་ཁྲིད་འོག དགེ་འདུན་པ་བརྒྱ་ལྷག་གིས་བཞུགས་སྒར་ནས་ལྡི་ལི་བར་སེར་སྤྲེངས་སྙན་སྐུལ་ཞི་བའི་གོམ་བགྲོད་གནང་བའི་བརྒྱུད་རིམ་ངོ་སྤྲོད་ཅིག་གནང་རོགས།    

ལན། ཐེངས་འདིའི་ང་ཚོའི་གྲྭ་ཚང་གིས་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་བའི་དམིགས་ཡུལ་གཙོ་བོ། ཉེ་བའི་དུས་ནས་ཕ་ཡུལ་གྱི་གནས་སྟངས་ཛ་དྲག་ཏུ་གྱུར་ཏེ། དགོན་པའི་དགེ་འདུན་པ་དང་མི་སྐྱ་མང་པོ་རྒྱ་གཞུང་གིས་འཛིན་བཟུང་གིས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་ཀྱི་མེད་པ་དང་། ཤུལ་དུ་ཡོད་པ་ཚོར་ཡང་གང་འདྲ་ཞིག་བྱས་ཡོང་ངམ་སྙམ་པའི་འཇིགས་སྣང་འོག་གནས་ཡོད་སྟབས། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་པ་རང་གི་སྤྱི་ཚོགས་སུ་དོ་སྣང་དང་ཤེས་རྟོགས་ཡོང་ཆེད་གོམ་བགྲོད་དེ་གནང་བ་རེད། གོམ་བགྲོད་སྐབས་ས་གནས་གང་དུ་བསླེབས་ཀྱང་། དེ་གའི་དཔོན་རིགས་དང་གསར་འགོད་པ། མི་མང་བཅས་ལ་སྤྱིར་བོད་ནང་གི་གནས་སྟངས་དང་། བྱེ་བྲག་ད་ལྟའི་རྔ་པ་ཁུལ་གྱི་གནས་སྟངས་ངོ་སྤྲོད་དང་ཡིག་ཆ་འགྲེམས་སྤེལ་བྱས་པ་ཡིན། ཐོག་མར་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་དང་ཀརྨ་ཡེ་ཤེས། སྤྱི་ཟུར་ཡོན་ཏན་རྒྱ་མཚོ་བཅས་ལ་གོམ་བགྲོད་ལས་འགུལ་སྤེལ་ཕྱོགས་སྐོར་ལ་ལམ་སྟོན་ཞུས་ཀྱང་།  ཕྱིས་སུ་མདོ་སྨད་རྒྱུན་ཀྱིས་ནུས་པ་གང་ཡོད་འདོན་རྒྱུའི་ཁས་ལེན་བྱས་ཤིང་། དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་དང་མདོ་སྨད་དབུས་རྒྱུན་བཅས་ནས་ས་གནས་གང་དུ་བསླེབས་ཀྱང་ས་གནས་དཔོན་རིགས་གདན་ཞུའི་ཐོག་གནས་ཚུལ་བརྒྱུད་སྒྲོག་དང་། ང་ཚོ་གོ་སྒྲིག་ཚོགས་ཆུང་གིས་གོམ་བགྲོད་པ་རྣམས་ཀྱི་ཞལ་ལག་དང་། གསར་འགོད་པར་སྐད་ཆ་བཤད་རྒྱུ་སོགས་ཀྱི་ལས་རིམ་བསྒྲིགས་པ་ཡིན།  

དྲི་བ། ཐེངས་འདིའི་སེར་སྤྲེངས་སྙན་ཞུའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་གྱི་གོ་སྒྲིག་གི་ཐད་ནས་གང་འདྲ་བྱུང་སོང་ངམ།

ལན། ལས་འགུལ་ཁྲོད་ཐོག་མར་གྲྭ་ཚང་གི་ངོས་ནས་གྲྭ་བ་ ༨༠ དང་ཕྱི་ཕྱོགས་ཀྱི་མི་ ༢༠  བཅས་མི་ ༡༠༠ ལ་གོམ་བགྲོད་ཀྱི་གོ་སྐབས་འབུལ་རྒྱུའི་འཆར་གཞི་ཡོད་ཀྱང་། ཕྱིས་སུ་གྲྭ་ཚང་རང་དུ་ཐོ་རྒྱག་མཁན་གྲྭ་བ་ ༩༠ ལྷག་བྱུང་སོང་ལ། ཕྱི་ཕྱོགས་ནས་རྨོག་རུ་བསྟན་པ་ལགས་དང་ཁམས་དཀར་མཛེས་ནས་ཡིན་པའི་གྲྭ་ཕུན་ཚོགས་ཚེ་རིང་ལགས། གཞན་ཕ་ཡུལ་གསེར་རྟ་ནས་ཡིན་པའི་གྲྭ་བ་གཅིག རྒྱུད་སྟོད་གྲྭ་ཚང་གི་གྲྭ་བ་ལྔ་བཅས་མི་ ༨ ཁྱོན་སྡོམ་མི་ ༡༠༠ གོམ་བགྲོད་དུ་ཕྱིན་པ་རེད། སྤྱིར་བཏང་ཐེངས་འདིའི་གོམ་བགྲོད་སྐབས་གྲྭ་ཚང་གི་ངོས་ནས་ཉིན་ ༡༥ ནས་ ༢༠ བར་རྐང་པ་བརྒྱབ་སྟེ་འགྲོ་རྒྱུ་བྱས་མོད། རྗེས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་རྒྱུན་ལས། མདོ་སྨད་དབུས་རྒྱུན་བཅས་ཀྱིས་ཉིན་གྲངས་ ༥ ལ་འཆར་གཞི་སྒྲིག་ཡོད་པ་ལྟར། ལྡི་ལི་བར་གྱི་མངའ་སྡེ་དང་གྲོང་ཁྱེར་ཆེ་ཁག་དང་མི་མང་འདུས་སྡོད་བྱེད་ཡུལ་ཁག་ཏུ་གོམ་པ་བརྒྱབ་སྟེ་སོང་བ་ཡིན། ང་ཚོ་ས་གནས་གང་དུ་བསླེབས་ཀྱང་ས་གནས་དེ་ཀའི་གནད་ཡོད་མི་སྣ་དག་གི་མཚན་ཐོག་ནས་མཛད་སྒོ་བསྡུས་པ་ཡིན། ཉིན་དང་པོར་མཚོན་ན། ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་བྷ་ལོར་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་བཅས་ལྷན་ཞུགས་ཐོག་མཛད་སྒོ་ཚོགས་ཤིང་། ཕྱི་ཉིན་ངྷི་ལ་ཞེས་པའི་ས་གནས་སུ་ལས་འགུལ་གྱི་ངོ་བོ་དང་དམིགས་ཡུལ། རྒྱུ་མཚན་སོགས་གསལ་བསྒྲགས་བྱས་པ་ཡིན། ཨམ་བྷོ་ཟེར་བའི་ས་གནས་སུ་བོད་ནང་གི་པར་རིགས་འགྲེམས་སྟོན་དང་དབྱིན་བོད་གཉིས་ཐོག་ནས་འགྲེམས་སྤེལ་བྱས་པ་ཡིན། ཆ་སྙོམས་ཉིན་རེར་ཀེ་ལི་མུ་ཊར་ ༡༥ བར་གོམ་བགྲོད་བྱས་ཏེ་ཉིན་ལྔའི་ནང་མཇུག་བསྒྲིལ་བ་རེད།   

དྲི་བ། ཐེངས་འདིར་དགེ་འདུན་པ་ ༡༠༠ ལྷག་གིས་སེར་སྤྲེངས་སྙན་སྐུལ་ཞི་བའི་གོམ་བགྲོད་ཁྲོད་ཀྱི་དགེ་འདུན་པ་ཚོར་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་ཀྱི་འདུག་གམ།

ལན། ང་རང་ལ་མཚོན་ན། ཐེངས་འདིའི་གོམ་བགྲོད་སྐབས་ཀྱི་དཀའ་ངལ་ཆེ་ཤོས་དེ་སྐད་མ་ཤེས་པ་དེ་ཆགས་སོང་། གང་ཡིན་ཞེ་ན། སྤྱིར་བཏང་ང་ཚོས་ལམ་བར་ནས་དབྱིན་ཡིག་དང་ཧིན་རྡུ་གཉིས་ཀྱི་ལམ་ནས་གོམ་བགྲོད་ཀྱི་དམིགས་ཡུལ་དང་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་ཡིག་ཐོག་ནས་འགྲེམས་སྤེལ་བྱས་མོད། ང་ཚོའི་ཁྲོད་དུ་མི་ཉུང་ཤས་ཤིག་མ་གཏོགས་ཧིན་རྡུའི་སྐད་ཤེས་མཁན་མེད་སྟབས། མཚམས་ལ་རེར་རྒྱ་གར་ཡུལ་མི་འགའ་རེ་ཡིས་སྐད་ཆ་འདྲ་མིན་དྲིས་ཡོང་སྐབས། མི་རེ་གཉིས་ཤིག་གིས་འགྲེལ་བཤད་རྒྱག་རྒྱུ་མ་གཏོགས་མི་རེ་ངོ་རེ་ནས་བཤད་ཐུབ་ཀྱི་ཡོད་པ་མ་རེད། དེ་ལྟར་སྐད་མ་ཤེས་པའི་དཀའ་ངལ་ཆེན་པོ་འཕྲད་སོང་། དེ་མ་ཡིན་པའི་གཞན་གོམ་བགྲོད་སྐབས་ཟ་མ་དང་འདུག་གནས། འཕྲོད་བསྟེན་སོགས་ཕྱོགས་ཡོངས་ནས་དཀའ་ངལ་གང་ཡང་འཕྲད་མ་སོང་ལ། ས་གནས་ཁག་འདྲ་མིན་དུ་བསླེབས་སྐབས་ཀྱང་འབྲེལ་ཡོད་དཔོན་རིགས་དང་གསར་འགོད་པར་སྐད་ཆ་བཤད་རྒྱུ་བཅས་ཀྱང་ཡག་པོ་བྱུང་སོང་།

དྲི་བ། ཐེངས་འདིའི་གོམ་བགྲོད་ལས་འགུལ་ཐད་ས་གནས་ཁག་ཏུ་རྒྱ་གར་མི་མང་ཚོའི་ལྟ་སྟངས་གང་འདྲ་འདུག་གམ།

ལན། ཐེངས་འདིར་ང་ཚོའི་གོམ་བགྲོད་ཀྱི་སྔ་ཕྱི་བར་གསུམ་དུ་རྒྱ་གར་གྱི་མངའ་སྡེ་ཁག་གི་གནད་ཡོད་མི་སྣ་དང་མི་མང་གི་ངོས་ནས་རྣམ་འགྱུར་ཡག་པོ་བསྟན་སོང་། ལྷག་པར་དུ་མངའ་སྡེ་ཁག་གི་མི་སྣ་ཚོས་ང་ཚོ་འབྱོར་སྐབས། མེ་ཏོག་གི་ཕྲེང་བ་ཕུལ་ཏེ་བསུ་བ་བྱས་སོང་བར་མ་ཟད། ཆུ་གྲང་མོ་སོགས་སྤྲད་དེ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་འདུག ཧི་མ་ཅལ་མངའ་སྡེའི་དམག་མི་དང་ལྷག་པར་དུ་པཱན་ཇཱབ་མངའ་སྡེ་ནང་བསླེབས་སྐབས། ས་གནས་ཉེན་རྟོག་པས་གཞུང་ལམ་གྱི་རླངས་འཁོར་བཀག་འགོག་གིས་ང་ཚོར་དམིགས་བསལ་ལམ་ཁ་སྤྲད་བྱུང་ལ། དེ་དང་ཆབས་ཅིག་ལྡི་ལིར་མ་བསླེབ་བར་ཉེན་རྟོག་པ་གཅིག་གིས་གཅིག་ལ་རྩིས་སྤྲོད་ཀྱིས་སྲུང་སྐྱོབ་བྱས་སོང་། ང་ཚོ་གྲྭ་བའི་ལས་འགུལ་ཞིག་ཡིན་སྟབས་མི་མང་གིས་དམིགས་བསལ་དོ་སྣང་བྱེད་ཀྱི་འདུག ལྡི་ལིར་བསླེབས་སྐབས་ཀྱང་ཉིན་གཅིག་གི་རིང་ཆོས་ལུགས་མི་འདྲ་བ་ལྔའི་ལྷ་ཁང་དུ་ཕྱིན་ཏེ་སྨོན་ལམ་གསུངས་པ་དང་བོད་པ་སྤྱིའི་གནས་སྟངས་འགྲེལ་བཤད་ཀྱི་གོ་སྐབས་བྱུང་སོང་། ཐེངས་འདིའི་ལས་འགུལ་གྱི་སྔ་ཕྱི་བར་གསུམ་དུ་ས་གནས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག  ཆོས་ལུགས་གནད་ཡོད་མི་སྣ་མང་པོས་རྒྱབ་སྐྱོར་གནང་སྟེ། མ་འོངས་པར་རྒྱ་གར་ནང་ཁུལ་ནས་བོད་ཀྱི་གནད་དོན་ལ་རྐང་ཡག་པོ་ཞིག་ཚུགས་རྒྱུར་གྲོས་ཚོགས་སུ་ཡར་ཞུ་དང་། བོད་དོན་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་གནང་རྒྱུའི་བསམ་ཚུལ་བསྟན་སོང་།  

དྲི་བ། གོམ་བགྲོད་ཀྱི་བརྒྱུད་རིམ་ཁྲོད་བོད་ཀྱི་གནད་དོན་དང་། ལྷག་པར་དུ་ད་ལྟའི་ཀིརྟི་དགོན་གྲོང་གཉིས་ཀྱི་གནས་སྟངས་སོགས་ཕྱི་ཕྱོགས་ལ་ཁྱབ་སྤེལ་བྱེད་སྟངས་གང་འདྲ་བྱུང་སོང་ངམ།  

ལན། ང་ཚོས་ཉིན་རེར་དུས་གཅིག་ཏུ་བརྒྱུད་ལམ་འདྲ་མིན་གྱི་གསར་འགོད་པ་དང་ཉམས་ཞིབ་པ་མི་ ༡༠༠ ལྷག་ལ་གནས་ཚུལ་མཁོ་གཏོང་བྱས་ཡོད། ཁོང་ཚོ་བརྒྱུད་དེ་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་གང་འཚམ་བྱུང་ཡོད། ལྷག་པར་དུ་ལས་འགུལ་འདི་བརྒྱུད་དེ་རྒྱ་ནག་མི་མང་ལ་ཤུགས་རྐྱེན་གང་འཚམ་ཐེབས་ཡོད་པ་རེད་བསམ་ཡོད། ང་ཚོའི་ལས་འགུལ་འདིར་གཞུང་གཅིག་གཉིས་ཙམ་གྱིས་དོ་སྣང་བཀུག་སྟེ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཙམ་མིན་ལ། བོད་ནང་གི་མི་མང་ལ་ལམ་སེང་འགྱུར་བ་ཞིག་ཐེབས་སུ་འཇུག་རྒྱུའི་རེ་བ་ཡང་མིན། ང་ཚོའི་རེ་བ་རྒྱག་ས་གཙོ་བོ་དེ། རྒྱ་ནག་མི་མང་ནང་ཤུགས་རྐྱེན་ཐེབས་ཏེ་གཞུང་གིས་མི་མང་གི་ཁ་ལ་མ་ཉན་རང་ཉན་ཞིག་ཆགས་ཐུབ་ན་བསམས་ཏེ་རེ་བ་བྱེད་ཀྱི་ཡོད། ཉིན་རེའི་གནས་ཚུལ་ཚང་མ་རྒྱ་ཡིག་གི་བརྒྱུད་ལམ་ཁག་འདྲ་མིན་ལ་བཀྲམས་པ་ཡིན། སྤྱིར་རྒྱ་ནག་ནང་བརྒྱུད་ལམ་ཁག་ལ་དམ་དྲག་བྱེད་ཀྱི་ཡོད་ཀྱང་། བརྒྱུད་ལམ་མང་པོ་ཞིག་ལ་མཁོ་གཏོང་བྱས་ཐུབ་ཡོད་སྟབས། ནམ་རྒྱུན་བརྒྱུད་ལམ་ལ་དོ་སྣང་ཡོད་མཁན་གྱི་མི་མང་མང་པོ་ཞིག་ལ་ཤུགས་རྐྱེན་གང་འཚམ་ཐེབས་ཡོད་པ་རེད་བསམ་གྱི་འདུག

དྲི་བ། ཐེངས་འདིའི་གོམ་བགྲོད་ཀྱིས་བོད་ནང་གི་བོད་མི་ཚོ་དང་ལྷག་པར་དུ་རྔ་པ་ཀིརྟི་དགོན་གྲོང་གཉིས་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ཡོད་པར་དགོངས་ཀྱི་ཡོད་དམ།

ལན། བཞུགས་སྒར་ཀིརྟི་བྱེས་བ་གྲྭ་ཚང་དང་ཕ་ཡུལ་རྔ་པ་ཀིརྟི་དགོན་པ་གཉིས་བར་ཕྱོགས་མང་པོ་ཞིག་ནས་འབྲེལ་བ་ཤུགས་ཆེན་པོ་ཡོད་པའི་སྤུན་མཆེད་ལྟ་བུ་རེད། ང་ཚོའི་ངོས་ནས་ཀྱང་ཁོང་ཚོས་བསྒྲུབ་རྒྱུ་རེད་བསམ་པ་ཞིག་དང་། ཁོང་ཚོ་ཡིན་ནའང་ང་ཚོ་དུས་ནམ་ཡིན་ཡང་ཁོང་ཚོའི་རྒྱབ་རྩར་ཡོད་བསམ་པ་ཞིག་ཡོད་ཡོད་པ་རེད། ཐེངས་འདིར་བཞུགས་སྒར་གྱི་གྲྭ་ཚང་ཁོ་ན་མིན་པར་རྒྱལ་སྤྱིའི་ནང་ཡོད་པའི་བོད་མི་མང་པོ་ཞིག་གིས་ཁོང་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ལས་འགུལ་ཤུགས་ཆེན་སྤེལ་བ་དེས་སེམས་ཤུགས་ཆེན་པོ་ཞིག་སྤར་འདུག་ལ། ད་ལྟའི་དུས་འདིར་ཡང་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་མི་ཚོས་ད་ལྟའི་རྔ་པ་ཁུལ་དང་རྔ་པ་ཀིརྟི་དགོན་པའི་ནང་བྱུང་བསྡད་པའི་དཀའ་ངལ་དེ་བོད་ཀྱི་རྩ་དོན་ཞིག་ལ་ངོས་འཛིན་བྱས་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་དང་རྒྱལ་སྤྱིའི་ཚོགས་པ་ཁག་ལ་འབོད་སྐུལ་གྱི་ལས་འགུལ་འདྲ་མིན་སྤེལ་བ་དེས་བོད་ནང་གི་བོད་མི་ཚོས་བློས་གཏོང་བྱས་པ་དེ་ཕན་ཐོགས་པ་ཞིག་དང་གོ་ཆོད་པ་ཞིག མ་མཐར་ཡང་བོད་ཀྱི་ཆིག་སྒྲིལ་ལ་ཕན་ཐོགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག  

དྲི་བ། ཁྱེད་རང་གིས་ད་ལྟའི་བར་གྱི་བོད་ནང་གི་བོད་མི་ཚོར་འབྲེལ་བ་བྱས་པའི་ཉམས་མྱོང་དང་ཐེངས་འདིའི་གོམ་བགྲོད་ཀྱི་ལས་འགུལ་དང་འབྲེལ་ཏེ་བཙན་བྱོལ་བོད་མི་ཚོར་རེ་བ་དང་འབོད་སྐུལ་ག་རེ་ཡོད་དམ།

ལན། ངས་ད་བར་བོད་ནང་གི་ས་ཁུལ་མང་པོ་ཞིག་ལ་འབྲེལ་བ་བྱས་བསྡད་པ་རེད། གཞིས་ལུས་བོད་མི་ཚོའི་བསམ་བློ་གཞིར་བཞག་ཏེ་ཕྱི་སྡོད་བོ་མི་ཚོར་ཞུ་རྒྱུ་ཞིག་ལ། ཨ་མདོ་རྔ་པ་ཁུལ་གྱི་བོད་མི་ཚོས་ད་ལྟའི་བར་རྒྱ་ནག་གཞུང་ལ་བསྟུན་མཁས་དང་མཐུན་པོ་མ་བྱས་པར་དཀའ་ངལ་གང་མང་ཞིག་འཕྲད་ཀྱི་ཡོད་ཀྱང་། ཁོང་ཚོའི་ངོས་ནས་དཀའ་ངལ་དེ་དག་ལ་གདོང་ལེན་དང་རྒྱ་ནག་གཞུང་ལ་ཁ་གཏད་བཅག་སྟེ། བོད་ཀྱི་རྩ་དོན་དང་ལ་རྒྱ་ཞིག་ཟིན་བསྡད་པའི་སྐབས་འདིར། ང་ཚོའི་ངོས་ནས་གོ་སྐབས་འཛིན་ཐུབ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད། དེ་དང་མཉམ་དུ་བོད་ནང་གི་བོད་མི་ཚོས་གང་བྱས་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤེས་སུ་འཇུག་རྒྱུ་ང་ཚོའི་ལས་འགན་གལ་ཆེ་ཤོས་རེད། བོད་ནང་གི་བོད་མི་ཚོ་རྒྱ་ནག་གི་དམ་དྲག་འོག་ནང་ཁུལ་ནས་ནུས་པ་འདོན་རྒྱུ་ལས་ཐབས་གཞན་མེད་སྟབས། དེ་ལས་གྲོལ་བའི་གོ་སྐབས་གང་ཡོད་པ་དེ་དག་དམ་འཛིན་བྱ་རྒྱུ་ང་ཚོའི་ཕྲག་ཏུ་བབ་པའི་འོས་འགན་ཆགས་ཡོད། ད་ལྟའི་ཆར་རྔ་པ་ཁུལ་གཅིག་པུ་མིན་པར་བླ་བྲང་དང་ས་གནས་གཞན་ཁག་ཏུ་ཡང་དཀའ་ངལ་མི་ཉུང་བ་ཞིག་འཕྲད་མུས་རེད། ས་གནས་གང་དུ་དཀའ་ངལ་ཞིག་བྱུང་ན། དེ་ནི་ས་གནས་དེ་གཅིག་པུའི་དཀའ་ངལ་ཙམ་དུ་ངོས་འཛིན་མི་བྱེད་པར། བོད་སྤྱི་བའི་དཀའ་ངལ་ཞིག་ལ་ངོས་འཛིན་ཐོག་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད།

 

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP
Mobile App

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།
Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

༢༠༢༦/༠༡/༢༢
*As of December 1, 2025 | Total imprisoned: 330 journalists. Chart: Charles SpicerSource: The Committee to Protect Journalists
Mobile App

འདས་ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

༢༠༢༦/༠༡/༢༢
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

༢༠༢༦/༠༡/༢༢

མཆན། 1

  1. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    ༸དབུ་འཛིན་བླ་སྤྲུལ་གྲྭ་ཚང་ལྷན་རྒྱས་ཀྱིས་དཀའ་ངལ་ཆེན་པོ་དང་གནད་འགག་གི་སྐབས་སུ། ཟུར་འདུག་རྒྱང་བཀྱེད་མི་བྱེད་པར་འདི་ལྟར། དུས་ཐོག་ཏུ་ལས་འགུལ་སྤེལ་བར་ཡི་རངས་དང་རྒྱབ་སྐྱོར་ཡོད་ལགས་ན། བཀའ་དྲིན་རྗེས་དྲན་ཡང་ཡང་ཞུའོ།། དེ་ལྟར་ཞུ་དགོས་པ་ནི། ཉིས་སྟོང་བརྒྱད་དང་ད་ལོར་སོགས་གང་ལ་བསམས་ཀྱང་གཞིགས་རུང་། དངོས་ཡོད་གནས་ཚུལ་དེ་ཁྱབ་སྤེལ་དང་འགྲེལ་བཤད་བགྱིས་དང་བྱེད་ཀྱིན་པའི་ཕན་ནུས་ལ་གུས་བརྩི་ཆེན་པོ་ཡོད།
    འདིར་དམིགས་བསལ་གྱིས་བཀའ་འདྲི་ཞུ་རྒྱུ་ཞིག་ལ། བུ་མོ་ང་ཡི་ཕ་ཡུལ་གྱི་མིང་ལ་རྔ་བ་ཟེར་བ་ལས་རྔ་པ་མ་ཡིན་རུང་། གནས་ཚུལ་མཁོ་གཏོང་རྣམ་པས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཉིས་སྟོང་བརྒྱད་ནས་བཟུང་གནས་ཚུལ་གང་ཡོད་སྤྱི་བྱེའི་གསར་འགྱུར་བརྒྱུད་ཁག་ལ་གཏོང་དུས། རྔ་པ་ཞེས་བེད་སྤྱོད་བྱེད་དགོས་པའི་རྒྱུ་མཚན་ཤེས་མ་སོང་བས་ན། རྔ་བ་ལས་རྔ་པ་ཞེས་པའི་མིང་འདི་བཀོལ་དགོས་པའི་རྒྱུ་མཚན་ཞིག་གསུང་ན་འགྲིགས་ཀི་རེད་དམ།
    སྤྱིར་ན།
    རྔ་བ་ཞེས་པའི་མིང་འདི།
    གཅིག་ནས་ལོ་རྒྱུས་དེབ་ཐེར་ཁག་ལས་རྔ་བ་ཡིན་པ་ལས་རྔ་པ་མ་རེད།
    གཉིས་ནས་ཡོངས་གྲགས་ཀྱིས་དབང་དུ་བྱས་རུང་རྔ་བ་ཡིན་པ་ལས་རྔ་པ་མ་རེད།
    གསུམ་ནས་བརྡ་སྤྲོད་ཀྱི་འགྲོ་ལུགས་ཡིན་རུང་རྔ་བ་ཡིན་པ་ལས་རྔ་པ་མ་རེད།
    བཞི་ནས་བརྗོད་བདེའི་སྟོབས་ཀྱིས་ཡིན་ཡང་རྔ་བ་ཡིན་པ་ལས་རྔ་པ་མ་རེད།
    ལྔ་ནས་སྤྱི་དམངས་ཀྱི་ངོས་འཛིན་དང་བག་ཆགས་ཡིན་རུང་རྔ་བ་ཡིན་པ་ལས་རྔ་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese