མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མཁས་དབང་བློ་བཟང་སེང་གེས་བོད་མི་ཚོར་འཚམ་འདྲི།

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

བཀའ་བློན་ཁྲི་པའི་འོས་འདེམས་ཀྱི་ལས་རིམ་ལ་བོད་མི་ཚོས་རྒྱབ་སྐྱོར་གནང་བར་གུས་བརྩི་ཆེན་པོས་དང་ལེན་ཞུ་རྒྱུ་དང་། འཛམ་གླིང་འདིའི་རྒྱལ་ཁབ་ ༣༠ ལྷག་ཙམ་གྱི་ནང་དུ་གནས་སྡོད་བྱེད་མཁན་བོད་མི་ ༥༠༠༠༠ མ་ཟིན་ཙམ་གྱིས། ཐེངས་འདིའི་བཀའ་སྤྱིའི་འོས་འདེམས་ཀྱི་ལས་རིམ་ནང་མཉམ་ཞུགས་གནང་ཡོད་པ་ཤེས་རྟོགས་བྱུང་སོང་བས། ཁྱེད་རྣམས་ཀྱིས་རྒྱབ་སྐྱོར་ཚད་མེད་གནང་བར་གུས་བརྩི་ཞུ་བ་དང་སྦྲགས་ཏེ། ང་སྒེར་གྱི་ངོས་ནས་ཀྱང་བོད་མི་ཚོས་ང་ལ་རེ་བ་གནང་དོན་ལྟར་གང་ནུས་ཅི་འཇོན་བྱེད་རྒྱུ་ཡིན།

 

ངས་བཀའ་ཁྲིའི་འོས་མིའི་ལས་རིམ་གྱི་བརྒྱུད་རིམ་ཁྲོད་ནས་ཆིག་སྒྲིལ་དང་རང་མགོ་རང་ཐོན། གསར་གཏོད་བཅས་རྩ་དོན་གསུམ་དེ་རྨང་གཞིར་བཟུང་ཡོད་པ་དང་། བཀའ་ཁྲིའི་འོས་མི་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། བཀའ་ཟུར་བཀྲིས་དབང་འདུས་ལགས་རྣམ་གཉིས་ལའང་དེ་བཞིན་དུ་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཧ་ཅང་གིས་གུས་བརྩི་བྱེད་ཀྱི་ཡོད། དེ་བཞིན་ཁོང་གཉིས་ནི་མཁྱེན་རྒྱ་ཤིན་ཏུ་ཡངས་པ་དང་བོད་པའི་སྤྱི་ཚོགས་ནང་སྲི་ཞུ་བསྒྲུབས་པའི་བྱས་རྗེས་ཅན་ལ། འོས་འགྲན་གྱི་གོ་སྐབས་ཐོབ་པ་དེ་ནི་ཧ་ཅང་གི་སྐལ་བ་བཟང་པོ་ཞིག་རེད་དྲན་གྱི་ཡོད། དེ་དང་འབྲེལ་ནས་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། འདས་པའི་ལོ་ ༡༠ ལ་བཀའ་ཁྲིའི་ཕྱག་ལས་གནང་ཡུན་རིང་། བོད་པའི་སྤྱི་ཚོགས་ཀྱི་གནད་དོན་གང་ཞིག་ཡིན་ནའང་སྲ་བརྟན་གནང་ཡོད་པར་སྙིང་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་།

 

ད་ཐེངས་ཀྱི་བཀའ་སྤྱི་གཉིས་ཀྱི་འོས་འདེམས་ཀྱི་གྲུབ་འབྲས་དེ་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཆགས་ཡོད་པ་དང་། ད་ལྟའི་འབད་བརྩོན་གྱི་གནས་སྟངས་འདི་འདྲ་བ་བཀའ་སྤྱི་གཉིས་ཀྱི་འོས་མི་དང་འོས་བསྡུའི་ལས་ཀ་བྱེད་མཁན་ཚོས་སྔོན་ཆད་མཐོང་མྱོང་མེད་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་རེད། འབད་བརྩོན་འདི་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོ་གཅིག་པུ་མིན་པར། བོད་ནང་ཡོད་པའི་བོད་མི་ཚོ་ཡང་འོས་འདེམས་འདི་དང་ཉེ་པོར་གནས་ཡོད། དེ་ཡང་ངས་གོ་ཐོས་བྱུང་བ་ཞིག་ནི་འོས་འདེམས་ཀྱི་བརྒྱུད་རིམ་ཁྲོད་ནས། བོད་ནང་གི་བོད་མི་ཚོས་བསང་གསོལ་མཆོད་འབུལ་དང་ཤོག་སྦག་བརྒྱབ་པ་སོགས་ཀྱི་རྟེན་འབྲེལ་བྱས་ཡོད་པ་དང་། ང་ལ་རྟེན་འབྲེལ་མཚོན་བྱེད་དུ་བོད་ནས་ཁ་བཏགས་དང་བརྡ་འཕྲིན་སོགས་འབྱོར་སྐབས། སྙིང་ལ་ན་ཟུག་ལངས་པའི་ཚོར་སྣང་ཡོང་གི་འདུག བལ་ཡུལ་དུ་ཡོད་པའི་བོད་མི་བཙན་བྱོལ་བ་ལྟ་བུར་མཚོན་ན་བལ་ཡུལ་གཞུང་གིས་བོད་མི་ཚོའི་འོས་འཕེན་ལ་ཐེ་གཏོགས་བྱས་ཡོད་པ་དང་། བོད་མི་སྟོང་ཕྲག་མང་པོའི་འོས་འཕེན་ལ་བཀག་འགོག་བྱས་ཡོད་རུང་ད་དུང་ཡང་ཞུམ་པ་མེད་པའི་ཐོག་ནས་གནས་ཡོད་པ་དང་། རྒྱལ་ཁབ་༣༠ ལྷག་ཙམ་ནང་ཡོད་པའི་བོད་མི་ཚོས་འོས་འཕེན་ནང་མཉམ་ཞུགས་བྱས་ཡོད་པ་རེད། ངས་འོས་འདེམས་འདི་ལ་ངོས་འཛིན་བྱེད་སྟངས་ནི། ༧གོང་ས་མཆོག་གིས་དུས་ཡུན་རིང་པོའི་རིང་ལ་ཆབ་སྲིད་ཀྱི་དགོངས་པ་བཞེས་ཕྱོགས་དང་། བོད་པའི་སྤྱི་ཚོགས་དེ་མང་གཙོ་ཡང་དག་པའི་ཕྱོགས་སུ་མདུན་བསྐྱོད་བྱེད་རྒྱུའི་བཀའ་དགོངས་མངོན་དུ་གྱུར་པ་རེད་བསམ་གྱི་ཡོད།

 

ད་ཐེངས་བཀའ་སྤྱི་གཉིས་ཀྱི་འོས་འདེམས་ལམ་ལྷོང་བྱུང་བ་དེ། འོས་འཕེན་གྱི་ལས་རིམ་ནང་ཞུགས་མཁན་བོད་མི་ཚོའི་བཟང་སྤྱོད་ཀྱི་རྒྱལ་ཁ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་ལས་འགུལ་དེའི་ཁྲོད་ནས་ང་སྒེར་གྱིས་འགྲུལ་བསྐྱོད་ཆེན་པོ་ཞིག་བྱས་ཐུབ་ཡོད་པ་དང། རྒྱལ་ཁབ་མང་པོའི་ནང་ཡོད་པའི་བོད་མི་ཚོར་ཐུག་འཕྲད་ཀྱི་གོ་སྐབས་ཐོབ་ཡོད་པ་མ་ཟད། རྒྱ་གར་ནང་ཡོད་པའི་གཞིས་ཆགས་ཁག་མང་ཆེ་བའི་ནང་སྐོར་བསྐྱོད་ཐུབ་སོང་། བཀའ་ཁྲིའི་ལས་འགུལ་སྐབས་འབྲེལ་ཡོད་བོད་མི་ཚོར་འབྲེལ་གཏུགས་བྱས་པ་རྣམས་ལྷང་ལྷང་དྲན་གྱི་འདུག་ལ། མི་དེ་དག་གི་རེ་འདུན་དང་སྐུལ་ལྕག་བྱས་པ་རྣམས་ངའི་བསམ་བློའི་ནང་རྒྱུན་གནས་བྱས་ཏེ། གལ་གནད་ཆེ་བའི་བཀའ་ཁྲིའི་ལས་དོན་དེའི་འོས་འགན་འཁྱེར་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད།

 

ངས་ཆབ་སྲིད་ཀྱི་འགན་འཁུར་ལེན་པའི་སྐབས་འདི་༧གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་ཕེབས་རྒྱུའི་ཐུགས་ཐག་བཅད་པ་དང་། མི་མང་གིས་བདམས་པའི་མགོ་ཁྲིད་ཚོར་དབང་ཚད་ཆ་ཚང་མར་གནང་འཆར་ཡོད་པའི་སྐབས་དང་འཁེལ་ཡོད་པ་རེད། དེང་སྐབས་འཛམ་གླིང་ནང་འགྲོ་བཞིན་པའི་མེ་ཏོག་ཀུནྡ་གསར་བརྗེའི་ལས་འགུལ་ (Jasmine revolution)  ལ་མཚོན་ན། མི་རྣམས་ཀྱིས་མང་གཙོའི་ལམ་ལུགས་སྲུང་སྐྱོབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་བྱེད་བཞིན་ཡོད་རུང་། ༧གོང་ས་མཆོག་གིས་བོད་མི་རྣམས་ལ་ཡིད་ཆེས་གནང་སྟེ་མང་གཙོ་མར་གསོལ་བསྩལ་གནང་ཡོད་པ་རེད། ༧གོང་ས་མཆོག་ནི་ངའི་སེམས་ཤུགས་ཀྱི་སྐུལ་ལྕག་ཡིན་ལ། ཁོང་གིས་ང་ཚོར་བསྐྱངས་པའི་དགོངས་གཞི་དེ་ལེགས་འགྲུབ་ཡོང་བར་འབད་བརྩོན་བྱ་ངེས་ཡིན་ཞིང་། ངས་ལས་དོན་འདི་དགའ་ཚོར་ཆེན་པོས་དང་ལེན་ཞུ་ཡི་ཡིན། གང་ཡིན་ཞེ་ན་ད་ལྟའི་སྐབས་༧གོང་ས་མཆོག་གི་སྐུ་གཟུགས་གསལ་ཐང་ཡིན་པ་དང་། ང་ཚོའི་ལས་དོན་གང་ལའང་ཁོང་གིས་གཟིགས་སྐྱོང་གནང་ངེས་ཡིན་པས། ང་ཚོས་དུས་ཚོད་འདི་བརྒྱུད་ནས་ཁོང་གི་དགོངས་གཞི་རེ་རེ་བཞིན་ལག་བསྟར་ཐུབ་པ་བྱེད་དགོས་ལ། དེ་བཞིན་དུ་ང་ཚོའི་མང་གཙོའི་ལམ་ལུགས་དང་གཞུང་གི་ཐོག་ནས་མ་འོངས་པར་བོད་ཀྱི་ལས་འགུལ་འདི་སྲ་བརྟན་ཡོང་བ་ལའང་གདེང་ཚོད་ཆེན་པོ་ཡོད།

 

འོས་འཕེན་གྱི་ལས་རིམ་ནང་ཞུགས་མཁན་ཚང་མས་ང་ཚོའི་མང་གཙོའི་ལམ་ལུགས་འདི་སྲ་བརྟན་དུ་བཏང་ཡོད་པས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ལ། ལྷག་དོན་དུ་རང་གཅེས་དང་གཞན་སྨད་སྤངས་པའི་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས། ལས་འགུལ་རྣམས་ཚུལ་མཐུན་ལུགས་མཐུན་གྱི་ངང་ནས་སྤེལ་སོང་བས་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། འདི་དང་འབྲེལ་ནས་ངའི་རྒྱབ་སྐྱོར་བ་ཚོར་ཞུ་འདོད་པ་ཞིག་ནི། འོས་ཐོབ་ཀྱི་རྒྱལ་ཁ་འདི་མི་སྒེར་བར་རྒྱལ་ཕམ་གྱི་འཐབ་རྩོད་མིན་པ་དང་། འདི་ནི་བོད་མི་ས་ཡ་དྲུག་གིས་རེ་འདུན་ཕྲག་སྟེང་དུ་བཞག་པ་ཞིག་ཡིན་པས། འདི་ལ་སྤྲོ་སྐྱིད་སོགས་ཀྱི་གྲ་སྒྲིག་རིགས་མ་གནང་རོགས་ཞུ་རྒྱུ་ཡིན་ལ། ད་ལྟའི་སྐབས་བོད་མདོ་སྨད་ཨ་མདོ་རྔ་པ་ཁུལ་དུ། རྒྱ་ནག་གཞུང་གིས་བོད་མི་རྣམས་གསོད་རྡུང་བཙོན་འཇུག་སོགས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་པ་རེད། དེ་བཞིན་དུ་གནས་སྟངས་ཧ་ཅང་གི་དཀའ་ངལ་ཅན་ནང་ཡོད་པའི་བོད་ནང་གི་བོད་མི་ཚོས། ང་ལ་ཚད་ལས་བརྒལ་བའི་རྒྱབ་སྐྱོར་དང་སྙིང་སྟོབས་གནང་བར་ངས་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལགས། ང་ཚོའི་སྙིང་དང་བསམ་བློ་གཡོ་བ་མེད་པར་ཁྱེད་ཚོ་དང་མཉམ་དུ་ཡོད།

 

བོད་མི་དང་བོད་པའི་གྲོགས་པོ་ཚོར་ནན་སྐུལ་བྱེད་རྒྱུ་ཞིག་ལ། དཀའ་སྡུག་དང་བཙན་འཛུལ་འོག་ཡོད་པའི་བོད་ནང་གི་བོད་མི་ཚོའི་དཀའ་ངལ་སེལ་ཐབས་དང་། ༧གོང་ས་མཆོག་ཁོང་ཉིད་ལ་དབང་བའི་ཕོ་བྲང་པོ་ཏཱ་ལའི་ནང་ཕྱིར་ཕེབས་ཐུབ་རྒྱུའི་གནད་དོན་ཐད་ལ་མཉམ་རུབ་གནང་རོགས་གནང་ཞུ་རྒྱུ་ཡིན། འོས་འཕེན་བརྒྱུད་རིམ་ཁྲོད་ཀྱི་འཛུལ་ཞུགས་དང་སེམས་ཤུགས་དེ་ང་ཚོའི་མཐོང་ཆོས་སུ་གྱུར་ཡོད་པས། ངས་ལས་དོན་གང་ཞིག་གི་ཐད་ལའང་མུ་མཐུད་ནས་བོད་མི་ཚང་མ་མཉམ་ཞུགས་གནང་རོགས་ཞེས་ནན་སྐུལ་ཞུ་རྒྱུ་ཡིན། ད་ལྟའི་དུས་ཚོད་འདི་བོད་མི་ཚོས་འོས་འགན་ཆེན་པོ་ཞིག་འཁྱེར་དགོས་པའི་དུས་ལ་བབས་ཡོད་པ་དང་། ངའི་ངོས་ནས་བོད་མི་ཚོས་གནས་བབ་ཅིག་གི་ཐོག་ལ་བཞག་པ་བཞིན་གང་ཐུབ་བྱེད་ངེས་ཡིན་ཞིང་། བསླེབ་ལ་ཉེ་བའི་བཀའ་ཤག་གི་ལས་དོན་ལམ་ལྷོང་ཡོང་དང་མི་ཡོང་བོད་མི་ཚང་མའི་འབྲེལ་ལམ་དང་ལས་དོན་བྱེད་ཕྱོགས་ལ་རག་ལས་པ་ཞིག་རེད། མཉམ་རུབ་ཀྱི་ཐོག་ནས་མ་འོངས་ལམ་ཕྱོགས་དེ་ཚད་ལྡན་ཞིག་གི་ཐོག་མདུན་བསྐྱོད་བྱེད་ཐུབ་རྒྱུ་ཡིན་པ་ང་ལ་གདེང་ཚོད་ཆེན་པོ་ཡོད། བོད་རྒྱལ་ལོ།།

 

མཆན། 13

  1. གླག་སྨྱོན། says:
    ལོ་ 12 སྔོན།

    བློ་བཟང་སེང་གེ་ལགས་སུ་བཀའ་ཁྲིའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་བཀྲ་ཤིིས་བདེ་ལེགས་ཞུ། ཁྱེད་ཀྱིས་འཚམས་འདྲི་ལེགས་པོ་བྱེ་བྲག་ཕུལ་འདུག་པས་སྙིང་ནས་དགའ་བྱུང་།

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 12 སྔོན།

    འཚམས་འདྲི་ཡག་པོ་གནང་འདུག ཡིན་ཡང་ཁ་སྔོན་རླུང་འཕྲིན་ཁང་གི་བཅར་འདྲིའི་བཀའ་ལན་ལ་ཆོ་ཁྱོན་ནས་མི་འདུག གྲ་སྒྲིག་དང་ཐག་གཅོད་གང་ཡང་མེད་པ་ད་གཞི་ནས་བསམ་ཞིབ་དང་དཔྱད་ཞིབ་ཀྱིས་ལས་དོན་གསར་བ་འཚོལ་དགོས་པ་འདྲ་བོ་རྐྱང་རྐྱང་གསུངས་སོང་།

    Reply
  3. ཤིང་རྟ། says:
    ལོ་ 12 སྔོན།

    ངའི་རྒྱབ་སྐྱོར་བ་ཚོར་ཞུ་འདོད་པ་ཞིག་ནི། འོས་ཐོབ་ཀྱི་རྒྱལ་ཁ་འདི་མི་སྒེར་བར་རྒྱལ་ཕམ་གྱི་འཐབ་རྩོད་མིན་པ་དང་། འདི་ནི་བོད་མི་ས་ཡ་དྲུག་གིས་རེ་འདུན་ཕྲག་སྟེང་དུ་བཞག་པ་ཞིག་ཡིན་པས། འདི་ལ་སྤྲོ་སྐྱིད་སོགས་ཀྱི་གྲ་སྒྲིག་རིགས་མ་གནང་རོགས་ཞུ་རྒྱུ་ཡིན།

    མཁན་དབང་བློ་བཟང་སེང་གེའི་བཀའ་སློབ་འདི་བོད་མི་དམངས་ཀྱི་སྐུ་ཚབ་ཚང་མས་ཐུགས་ལ་འཇོག་དགོས་པར་སེམས།

    Reply
  4. བསང་ཆུ་འབྲུག་བྷེ། says:
    ལོ་ 12 སྔོན།

    ང་ཡི་སེང་གེ་རྒྱལ་གྱུར་ཅིག ང་ཡི་ན་གཞོན་རྒྱལ་གྱུར་ཅིག ང་བོད་རྒྱལ་གྱུར་ཅིག

    Reply
  5. གནས་ཚང་། says:
    ལོ་ 12 སྔོན།

    བསྟོད་པས་དགའ་བར་མི་འགྱུར་ཞིང་།
    སྨད་པས་མི་དགར་མི་འགྱུར་ལ།
    རང་གི་ཡོན་ཏན་ལེགས་གནས་པ།
    སྐྱེ་བོ་དམ་པའི་མཚན་ཉིད་ཡིན།

    ཞེས་པའི་ལེགས་བཤད་འདི་བཀའ་ཁྲི་གསར་བ་བློ་སེང་ལགས་སུ་ཕུལ་འདུན་བྱུང་སོང་ལ། མ་འོངས་པར་གཟབ་གཟབ་བྱེད་ས་དང་པོ་ནི་ཁ་ཡག་ངོ་བསྟོད་ཀྱི་རིགས་ཡིན་པ་ལས་སྐྱོན་བརྗོད་ཐེར་འདོན་ནི་བསྐུལ་ལྕག་ཡིན་པ་མཁྱེན་གནང་ཡོད་པ་ཞུ། མཐར་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  6. ཁྲི་སྲོང་བཙན། says:
    ལོ་ 12 སྔོན།

    བཀྲིས་བདེ་ལེགས། གཞིས་བྱེས་བསམ་པ་གཅིག་ཏུ་སྒྲིལ་ནས། ཆོལ་གསུམ་ལངས་ཕྱོགས་གཅིག་ཏུ་ཕེབས་ནས་ཁོང་གི་ལས་དོན་ཆེ་ཆུང་ཚང་མར་ཁ་ཞེ་གཉིས་མེད་དང་། མདུན་རྒྱབ་ངོ་ལྐོག་མེད་པར་རྒྱབ་སྐྱོར་གནང་བའི་རེ་བ་ཡོད།

    Reply
  7. ཅང་མེད། says:
    ལོ་ 12 སྔོན།

    བཀའ་ཁྲི་གསར་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་དང་བོད་རྒྱལ་ཁབ་ཆེན་པོའི་ལས་དོན་རྣམས་ལེགས་གྲུབ་ཡོང་བའི་སྨོན་འདུན་དུ་བསྐྱར་དུ་བཀྲིས་བདེ་ལེགས་ཞུ།
    ད་ལྟའི་ཆར་བོད་ནང་ནས་བོད་ཀྱི་སྐད་ཡིག་སླར་གསོ་བྱེད་འདུག་པའི་བཙན་བྱོལ་བའི་ཁྲོད་ནས་ཀྱང་སྐད་ཡིག་ལ་མཉམ་འཇོག་རན་འདུག མདོར་ན་ཁྱེད་ཀྱི་མཛད་རྗེ། ཁྱེད་ཀྱི་སྟོབས་ཤུགས་ལ་རེ་སྒུག་བྱེད་འདུག

    Reply
  8. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 12 སྔོན།

    མདོ་སྨད་མགོ་ལོག་ནས་ཡིན་པ་གཞས་པ་ཡེ་ཤེས་གྲགས་པ་ནས་ཆེད་དུ་ཐེངས་འདིར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་འདེབས་ཐོན་བྱུང་བར་འཚམ་འདྲི་བཀྲེས་བདེ་ལེགས་ཚུལ་དུ་ སེང་གེ་སུམ་འཛོམ་ཟེར་བའི་གླུ་གཞས་གསར་པ་ཞིག་སྟོན་འདུག། གཞས་དེའི་ནང་དོན་ནི་

    སེང་གེ་སུམ་འཛོམ།
    ཚིག མགོ་ལོག་ཟླ་བྷེ །
    གངས་རི་དཀར་པོ་དགུང་དང་མཉམ ། །
    གངས་སེང་གཡུ་རལ་དགུང་ལས་མཐོ ། །
    དེ་ནི་བོད་ཀྱི་ཕ་ས་རེད ། །
    རང་ས་རང་བདག་བྱེད་དུ་འགྲོ ། །

    ཕོ་བྲང་དམར་པོ་དགུང་དང་མཉམ ། །
    དུང་སེང་དར་ཆ་དགུང་ལས་མཐོ ། །
    དེ་ནི་བོད་ཀྱི་ཕ་མཁར་རེད ། །
    རང་ཁྱིམ་རང་གིས་འཛིན་དུ་འགྲོ ། །

    བསྟན་སྲིད་བརྗིད་པོ་དགུང་དང་མཉམ ། །
    བློ་སེང་ཤེས་ཡོན་དགུང་ལས་མཐོ ། །
    དེ་ནི་བོད་ཀྱི་བཀའ་ཁྲི་རེད ། །
    རང་དཔོན་རང་མིས་བཀུར་དུ་འགྲོ ། །

    རྟེན་འབྲེལ་སེང་གེ་སུམ་འཛོམ་རེད ། །
    མཐུན་སྒྲིལ་ཆོལ་ཁ་སུམ་འཛོམ་རེད ། །
    བྱ་བཞག་འཆར་གཞི་སུམ་འཛོམ་རེད ། །
    འཛོམ་གསུམ་འཛོམ་པའི་བཀྲ་ཤིས་ཤོག །

    Reply
  9. ཨ་རིག་དགེ་མཐོང་། says:
    ལོ་ 12 སྔོན།

    ཁོང་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཁ་བཤད་དོན་ལ་གནས་པ་དང་དོན་དམ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།

    Reply
  10. མཁས་བཙུན། says:
    ལོ་ 12 སྔོན།

    ངའི་རེ་བའི་བདག་ཉིད་མཁས་དབང་ལགས། ཁྱེད་ཀྱི་བློ་སྟོབས་དང་ལྷག་བསམ་ལ་གུས་པས་སྙིང་དབུས་ནས་ཡི་རང་ཞུ། མ་གཞི་ནས་ད་ལྟ་ང་ཚོརགལ་ཆེ་ཤོས་དེ་སྐབས་དོན་ཡིག་རུང་། ཕུགས་དོན་སྟེ། ང་ཚོའི་སྲོག་རྩ་དམར་པོ་སྟེ། བསྲེས་ལྷག་ཀྱིས་ཟིན་པའི་ང་ཚོའི་སྐད་ཡིག་ལ་ཐུགས་སྣང་ཀྱིས་ཕྱག་ལས་གནང་རོགས་ཞུ།

    Reply
  11. མི་ཉག་བཙན་པོ says:
    ལོ་ 12 སྔོན།

    །གཅིག་སྒྲིལ་གྱི་ནི་གཟུགས་མེད་ཀྱི་དམག་དཔུང་ཡིན།
    ༄།ཁྲིམས་ལུགས་ཐོག་ངེས་དོན་གྱི་མཁས་དབང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གཞི་རིམ་གྱི་ལྟ་གྲུབ་
    གལ་ཆེ་བ་གསུམ་བསྟན་པའི་ནང་ནས་གཅིག་སྒྲིལ་གྱི་ནུས་པ་སྐོར་རགས་ཙམ་གླེང་བ།
    རྒྱལ་ཁབ་དང་མི་རིགས་ཤིག་སྲུང་སྐྱོབ་དགོས་ན་སྟོབས་ཤུགས་དགོས།གཅིག་སྒྲིལ་
    མེད་ན་སྟོབས་ཤུགས་དང་ནུས་པ་མེད།
    སྔོན་བྱུང་གི་རྒྱལ་ཁབ་རྣམས་གཅིག་སྒྲིལ་ལ་བརྟེན་ནས་བྱུང་།ལོ་རྒྱུས་ཐོག་གཅིག་
    སྒྲིལ་ལ་མ་བརྟེན་པར་བཙུགས་པའི་
    རྒྱལ་ཁབ་གཅིག་ཀྱང་མེད།ད་ལྟའི་མཉམ་སྦྲེལ་རྒྱལ་ཚོགས་ཁོངས་རྒྱལ་ཁབ200་ལྷག་ཡོད་པ་རྣམས་གཅིག་སྒྲིལ་ལ་བརྟེན་ནས་བྱུང་།
    ཞི་བདེ་དང་དམངས་གཙོ།རང་དབང་དང་བདེ་འཇགས།མི་དམངས་དང་མི་རིགས་སྲུང་སྐྱོབ་ཀྱི་ཆེད་དུ་གཅིག་སྒྲིལ་གྱི་ནུས་པ་དང་སྟོབས་
    ཤུགས་ལ་བརྟེན་དགོས།གཅིག་སྒྲིལ་ནི་རྒྱལ་ཁབ་དང་མི་རིགས་རང་དབང་སྲུང་བའི་སྲུང་མ་ཡིན།མགོན་སྐྱབས་དང་གོ་ཆ་ཡིན།གཅིག་སྒྲིལ་མེད་ན་མི་རིགས་ཕམ།གཅིག་སྒྲིལ་མེད་ན་རྒྱལ་ཁབ་ཤོར།གཅིག་སྒྲིལ་མེད་ན་བདེན་དོན་བརླག།གཅིག་སྒྲིལ་མེད་ན་མི་གྲལ་ནས་ལྷུང་།
    བོད་པ་ཚང་གི་ལོ་རྒྱུས་ཀྱིེས་བདེན་དཔང་བྱས་ཡོད།
    བོད་པ་ཚང་ལ་མཚོན་ཆ་དང་དམག་གི་སྟོབས་ཤུགས་མེད་པ་མངོན་བདེན་རེད།
    ཡིན་ན་ཡང་གཅིག་སྒྲིལ་གྱི་ནུས་པ་དང་སྟོབས་ཤུགས་ཡོད་
    དགོས།
    གཅིག་སྒྲིལ་ཡོད་ན་བདེན་དོན་དང་རང་དབང་རྒྱལ་སྲུང་མཐའ་དག་ཡོད།བཙན་པོའི་སྐབས་གཅིག་སྒྲིལ་མ་བྱུང་བས་མི་རིགས་སིལ་བུར་ཁ་འཐོར་ཅི་ཙམ་བྱུང་ཡོད།མི་རིགས་གཅིག་སྒྲིལ་དང་མཐུན་སྒྲིལ་མེད་པས་མི་འདོད་བཞིན་དུ་རྒྱ་དམར་གཞུང་གི་བཙན་འོག་ཏུ་ཚུད་ནས་མི་
    གྲལ་ཚུད་ཐབས་མེད་པ་བྱུང་བ་དེ་རེད།དེ་ནི་ལོ་རྒྱུས་ཀྱི་བསླབ་བྱ་རེད།སྔོན་ཐོན་
    ཅན་གྱི་རྒྱལ་
    ཁབ་རྣམས་གཅིག་སྒྲིལ་ལ་བརྟེན་ནས་བཙུགས།གཅིག་སྒྲིལ་ལ་བརྟེན་ནས་བསྲུང་།
    གཅིག་སྒྲིལ་ལ་བརྟེན་ནས་དར།གཅིག་སྒྲིལ་ལ་བརྟེན་ནས་རྒྱས།རྗེས་ལུས་ཀྱི་བོད་པ་ཚང་ལ་གཅིག་སྒྲིལ་མེད་པས་སིལ་བུར་ཁ་ཐོར་བྱུང།གཅིག་སྒྲིལ་མེད པས་རང་དབང་རང་བཙན་ཤོར།
    གཅིག་སྒྲིལ་མེད་པས་གཞིས་བྱེས་གཉིས་སུ་གནས།གཅིག་སྒྲིལ་མེད་པས་ད་དུང་
    ཡང་རང་དབང་དང་བདེན་མཐའ་སེལ་མ་ཐུབ་པ་དེ་བྱུང་བ་རེད།
    མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་སློབ་ཅིག་གི་ནང་བོད་མི་
    རྣམས་ཁ་ཞེ་གཉིས་མེད་ཀྱིས་གཅིག་སྒྲིལ་ཆགས་ན་བདེན་མཐའ་སེལ་ཐུབ་གསུངས་ཡོད།བདེན་མཐའ་སེལ་མ་ཐུབ་པ་དེ་གཅིག་སྒྲིལ་མེད་པས་ལན་པ་ཡིན་གསུངས།
    མངོན་བདེན་རེད།ཚད་མ་རེད།
    ཁྱིམ་རྒྱུད་ཀྱི་རྒྱབ་ལྗོངས་མེད་པ་དང་རྒྱུ་ནོར་གྱི་རྒྱབ་རྟེན་མེད་པའི་མདོ་ཁམས་པ་
    མཁས་དབང་བློ་བཟང་སེང་གེ་བཀའ་ཁྲིའི་འོས་ཐོབ་བྱུང་བ་ལ་རྒྱ་ནག་གིས་ཉེན་འགག་ཅིག་ཡོད་པ་ངོས་འཛིན་བྱས་ཡོད།རྒྱུ་མཚན་ནི་མཁས་དབང་ཁོང་གང་ཟག་
    བྱེ་བྲག་པ་ཞིག་ལ་ཚད་མེད་ཀྱི་ནུས་པ་དང་སྟོབས་ཤུགས་ཡོད་པ་ངོས་འཛིན་བྱས་པ་མིན།ཁོང་བཀའ་ཁྲི་ལ་སླེབས་པ་དེ་བོད་ཆོལ་ཁ་གསུམ་གྱིས་གཅིག་སྒྲིལ་བྱས་པའི་འབྲས་རྟགས་མངོན་པ་དེར་ཉེན་ཁ་ཅན་དུ་རྟོགས་པ་རེད།ཆོལ་ཁ་གསུམ་དང་ཆོས་རྒྱུན་ནང་ཕན་ཚུན་དང་།རྒན་གཞོན་དང་ལས་བྱེད་མི་དམངས་བར་ཁ་ཞེ་གཉིས་
    མེད་ཀྱི་གཅིག་སྒྲིལ་མ་ཆགས་པ་ཇི་སྲིད་དུ་བོད་པ་ཚང་ལ་ཐུན་མོང་གི་མདུན་ལམ་དང་རང་དབང་ཞིག་གཏན་ནས་ཡོང་མི་སྲིད་།
    ནམ་ཡང་མགོ་འགྱོགས་པའི་གོ་སྐབས་མི་སྲིདལ་མིའི་རིགས་ཀྱི་གྲལ་དུ་ནམ་ཡང་
    ཚུད་མི་ཐུབ།གཅིག་སྒྲིལ་ནི་སྟོབས་ཤུགས་དང་ལ་རྒྱ་རེད།
    གཅིག་སྒྲིལ་ནི་གཟུགས་མེད་ཀྱི་མཚོན་ཆ་དང་གཟུགས་མེད་ཀྱི་དམག་དཔུང་རེད།
    རྒྱལ་ཁབ་དང་མི་རིགས་སྐྱོབ་པའི་སྐྱབས་གནས་རེད།
    མི་ཉག་བཙན་པོ་ནས་བྲིས།

    Reply
  12. འཇམ་དབྱངས། says:
    ལོ་ 12 སྔོན།

    ༄༅། །སྐུ་ཉིད་ལ་ཐ་མའི་བཀའ་བློན་ཁྲི་བའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ། སྐུ་ཉིད་ཀྱི་འཚམ་ཞུའི་ཡི་གེ་ནང་ཁོད་པ་ལྟར་ “ཆིག་སྒྲིལ་དང་རང་མགོ་རང་ཐོན། གསར་གཏོད་བཅས་རྩ་དོན་” གསུམ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་ལྟར་ད་ལྟའི་ཆར་བོད་ཕྱི་ནང་གཉིས་ན་བོད་ཀྱི་སྐད་ཡིག་འདི་ཧ་ཅང་ཉམ་ཆགས་སུ་འགྲོ་མུས་ཙམ་དུ་མ་ཟད། ལྷག་དོན་བོད་མི་བཙན་བྱོལ་བའི་གཞི་རིམ་སློབ་གྲྭ་ཁག་གི་ནང་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཧ་ཅང་ཉམས་ཞན་དུ་འདུག་པར་མ་ཟད། བཙན་བྱོལ་པའི་ནང་འཚར་ལོངས་བྱུང་བའི་མི་རྣམས་ལ་མཚོན་ན་མི་རིགས་རིང་ལུགས་ཀྱི་ལྟ་བ་ཧ་ལམ་མེད་པ་ལྟ་བུར་འདུག་པས། མི་རིགས་ཀྱི་འདུ་ཤེས་དང་སྤོབས་པ་དེ་ནམ་ཡང་ང་ཚོའི་རྒྱལ་ཁའི་རྨང་གཞི་ཞིག་ཏུ་རྩིས་ཆོག་སྟབས། སློབ་གྲྭ་སོ་སོ་ནས་གཞིས་ཆགས་སོ་སོའི་ནང་ལ་མི་རིགས་རིང་ལུགས་ཀྱི་གོ་རྟོགས་སྤེལ་རྒྱུ་གཙིགས་ཆེར་འཛིན་དགོས་པའི་གསལ་འདེབས་ཤིག་ཞུ་བ་ལགས་སོ།།

    Reply
  13. རྒྱལ་བསྟན། says:
    ལོ་ 12 སྔོན།

    བོད་མིའི་བཀའ་ཁྲི་གསར་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་དང་བོད་རྒྱལ་ཁབ་ཆེན་པོའི་ལས་དོན་རྣམས་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ། བཀའ་དྲི་ཞུ་རྒྱུར་( ཁོང་གིས་ང་ཚོར་བསྐྱངས་པའི་དགོངས་གཞི་དེ་ལེགས་འགྲུབ་ཡོང་བར་འབད་བརྩོན་བྱ་ངེས་ཡིན་ཞིང་། ངས་ལས་དོན་འདི་དགའ་ཚོར་ཆེན་པོས་དང་ལེན་ཞུ་ཡི་ཡིན ) ཞེས་པའི་ནང་དོན། ད་ལྟ་༸གོང་ས་མཆོག་གི་འགན་དབང་ཞེས་བཞིན་པའི་དབང་ཆ་ཚང་མ་ལེན་འདོད་ཡོད། ཞེས་པར་གོ་ཡི་ཡོད་དམ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist