མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ནང་ཁུལ་མཐུན་སྒྲིལ་དང་ཤེས་ཡོན་གཙུག་ཏུ་འཛིན་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

སྔོན་མ་ང་ཚོར་ཆབ་སྲིད་ཐོག་མཐུན་སྒྲིལ་དེ་ཙམ་ཡག་པོ་མ་བྱུང་པས་རྐྱེན་གྱིས། ལོ་བརྒྱ་ཕྲག་མང་པོའི་རིང་བོད་ཀྱི་ས་ཁུལ་མང་པོར་དཀའ་ངལ་བྱུང་བ་རེད། ནང་ཁུལ་གྱི་མཐུན་སྒྲིལ་དེ་ཧ་ཅང་རྩ་ཆེན་པོ་རེད།

ཉེ་སྔོན་༸གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་མགོ་ཁྲིད་ཀྱིས་འཁུར་དགོས་པའི་གསུང་འཕྲིན་བསྩལ་བ་ལྟར།  ༸གོང་ས་སྐུ་ཕྲེང་ན་རིམ་གྱིས་དབུ་ཁྲིད་པའི་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་དང་བཙན་བྱོལ་སྤྱི་ཚོགས་ཀྱི་ངོ་ལྔ་བཅུའི་ཡུན་རིང་། སྔར་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དུས་རབས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་པའི་ཐད། བོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡུན་རིང་ཆབ་སྲིད་ཀྱི་ཐུགས་འགན་འཁུར་མྱོང་མཁན་བཀའ་ཟུར་རྣམ་པར། ཐེངས་འདིའི་ཆབ་སྲིད་འཕོ་འགྱུར་གྱི་ཐད་གཟིགས་སྟངས་ག་འདྲ་ཡོད་མེད་དང་། ད་ལྟའི་བོད་རྒྱའི་འབྲེལ་མོལ་གྱི་གནས་བབ་དང་འགྱུར་ལྡོག  དེ་བཞིན་མ་འོངས་པར་བོད་དོན་བདེན་པའི་འཐབ་རྩོད་གནང་ཕྱོགས་སྐོར་བཀའ་འདྲི་གནང་ཡོད།

བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས། ༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་སྐོར་ནས་གསུངས་དོན། འདི་ནི་ལོ་རྒྱུས་རང་བཞིན་ལྡན་པའི་གནས་ཚུལ་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད།ལྷག་དོན་བོད་མིའི་སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་དང་བོད་མི་མང་བར་གྱི་ལོ་ངོ་ ༤༠༠ ཙམ་གྱི་ལོ་རྒྱུས་དང་། དེ་བཞིན་༸རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་གཞུང་ས་དགའ་ལྡན་ཕོ་བྲང་བཅས་ནི། ང་ཚོའི་ཆབ་སྲིད་ལོ་རྒྱུས་དང་འབྲེལ་བའི་རྒྱལ་རབས་ནང་འཁོད་བསྡད་པ་ཞིག་རེད།དེར་མ་ཟད། རྒྱལ་བ་རིམ་བྱོན་ནི་བོད་མི་རིགས་དང་བོད་རྒྱལ་ཁབ་ལ་བཀའ་དྲིན་ཆེན་པོ་ཡིན་སྟབས། ད་ལྟ་འགྱུར་བ་གཏོང་བཞིན་པ་འདིར་མང་ཚོགས་ནང་བགྲོ་གླེང་ཡག་པོ་དང་། མི་མང་གིས་གནས་ཚུལ་དེ་དག་གོ་རྟོགས་གསལ་བོ་ཡོང་དགོས་པར་མ་ཟད། ང་ཚོ་བཙན་བྱོལ་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་བཟོ་བཅོས་ཅི་ལྟར་གནང་རྒྱུ་ཡིན་མིན་དང་། ཅི་ཞིག་བཟོ་བཅོས་གནང་དགོས་མིན་ཆ་ཚང་ལ་བསམ་བློ་གཏིང་ཟབ་པོ་དང་རྒྱ་ཆེན་པོ་བཏང་ནས་འགྲོ་དགོས་པ་རེད། དེར་བརྟེན། བཅའ་ཁྲིམས་བསྐྱར་བཅོས་ལ་དུས་ཡུན་གང་འཚམ་ཞིག་རྒྱང་དགོས་པར་མ་ཟད། མི་མང་ནང་ལའང་ཚོར་བ་དང་ངེས་ཤེས་གཏིང་ཟབ་མོ་ཞིག་སླེབས་ཐུབ་པ་བྱས་པའི་རྗེས། ད་གཟོད་སྒྲོམ་གཞི་གསར་བ་དེ་ཅི་ལྟར་འགྲོ་དགོས་མིན་ལ་བསམ་བློ་ཞིབ་མོ་གཏོང་པ་རེད། ཅེས་གསུངས་སོང་།   
ཡང་ཁོང་གིས་ད་ལྟའི་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་དང་མ་འོངས་པའི་འགྱུར་ལྡོག་གི་སྐོར་ལ་གསུངས་དོན།  མ་འོངས་པར་བོད་རྒྱ་འབྲེལ་མོལ་ཐད་དཀའ་ངལ་ཏན་ཏན་ཡོང་གི་རེད། ད་ལྟའི་བར་ང་ཚོས་ལས་ཀ་ཅི་ཞིག་ཡིན་ཡང་༸གོང་ས་མཆོག་གི་མཚན་གནས་ལ་བརྟེན་བསྡད་ཡོད་པ་རེད།  ཕྱི་རྒྱལ་དང་རྒྱ་ནག་གང་ལ་ཡིན་ནའང་ཁོང་གི་མཚན་ཐོག་ནས་སྒོ་ཕྱེ་བཞིན་ཡོད་སྟབས། ད་ཁོང་གི་མཚན་གནས་དེ་མེད་པ་ཆགས་དུས་འགན་དེ་ང་ཚོ་བཙན་བྱོལ་མི་མང་གི་ཕྲག་པར་སླེབས་ཡོད་པ་རེད།  ད་ལྟ་ནས་ཐབས་ཤེས་གང་ཡོད་གནང་དགོས་པ་རེད། ད་ལྟ་༸གོང་ས་མཆོག་བཞུགས་ཡོད་པ་རེད། ད་དུང་ཁོང་གི་ཐུགས་རྗེ་བཀའ་དྲིན་གྱིས་སྒོ་གཞན་པ་དེ་འདྲ་ཕྱེ་སྲིད་པ་རེད།   སྤྱིར་བཏང་ང་ཚོའི་བོད་ཀྱི་གནས་སྟངས་དེ་ཁག་པོ་ཆགས་ཡོད་སྟབས། ད་ལྟའི་དངོས་ཡོད་ཀྱི་དཀའ་ངལ་ལ་གཟིགས་ཏེ་བོད་མི་རིགས་དང་བོད་རྒྱལ་ཁབ་རྩ་བརླགས་མི་འགྲོ་བའི་ཆེད་དུ།  ༸གོང་ས་མཆོག་གིས་དབུ་མའི་ལམ་གྱི་ཐབས་ཤེས་གནང་བར་མ་ཟད། དེའི་ཐད་ལོ་མང་རིང་སྐུ་ལས་བསྐྱོན་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་ངོས་ལེན་མ་བྱས་པར་བརྟེན་གྲུབ་འབྲས་མ་ཐོན་པ་རེད། ཡིན་ནའང་། གཅིག་ནས་བོད་མིའི་སེམས་ཤུགས་མ་ཆག་པ་ཡིན་ན་བོད་ཀྱི་རྩ་དོན་ནམ་ཡང་བརླག་གི་མ་རེད།གཉིས་ནས་ང་ཚོས་རྒྱལ་སྤྱིའི་སྡིངས་ཆའི་སྒང་རྩོད་ལེན་བྱེད་བཞིན་པའི་གནད་དོན་དེ་རྒྱུ་མཚན་ལྡན་པ་ཞིག་དང་། རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་གནད་དོན་དེ་བདེན་པའི་འཐབ་རྩོད་ཅིག་ཡིན་པ་དང་། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་མིར་རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་བསྡད་པ་བཅས་ནི་གནད་འགག་ཆེན་པོ་ཆགས་ཡོད། དེ་བཞིན་མ་འོངས་པར་མུ་མཐུད་ནས་བོད་པའི་རྩ་དོན་མ་བརླག་པའི་ཆེད་དུ་ལག་པ་འཇུ་ས་གཞན་མང་པོ་ཡོད་པ་རེད། ཅེས་དང་།    

མཐར་ཁོང་གིས་བོད་ཀྱི་བདེན་མཐའ་གསལ་ཐབས་སུ་ནང་ཁུལ་མཐུན་སྒྲིལ་དང་ཤེས་ཡོན་ལ་དོ་སྣང་བྱེད་དགོས་པའི་སྐོར་གསུང་དོན། ང་ཚོའི་མ་འོངས་འཐབ་རྩོད་ཆེད་གྲ་སྒྲིག་བྱེད་དགོས་པ་གཙོ་བོ་དེ་ནི་བོད་མི་རིགས་ཀྱི་མཐུན་སྒྲིལ་རེད། སྔོན་མ་ང་ཚོར་ཆབ་སྲིད་ཐོག་མཐུན་སྒྲིལ་དེ་ཙམ་ཡག་པོ་མ་བྱུང་པས་རྐྱེན་གྱིས།   ལོ་བརྒྱ་ཕྲག་མང་པོའི་རིང་བོད་ཀྱི་ས་ཁུལ་མང་པོར་དཀའ་ངལ་བྱུང་བ་རེད།ནང་ཁུལ་གྱི་མཐུན་སྒྲིལ་དེ་ཧ་ཅང་རྩ་ཆེན་པོ་རེད།གཞན་ད་ལྟ་བོད་ནང་གི་གཞོན་སྐྱེས་ཚོར་རྒྱའི་སློབ་སྦྱོང་དང་། བཙན་བྱོལ་བོད་མི་ཚོར་རྒྱ་གར་དང་རྒྱལ་སྤྱིའི་སློབ་སྦྱོང་རག་གི་ཡོད་པ་རེད།སློབ་སྦྱོང་དེ་དག་ནི་ང་ཚོའི་ལག་ཆ་གསར་བ་ཆགས་ཡོད། རྒྱ་ནག་ལ་ཁ་གཏད་དང་འཛམ་གླིང་སྒང་རྒྱབ་སྐྱོར་འཚོལ་ཐབས། དེ་བཞིན་རང་གི་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་ཀྱི་ལག་ཆ་གསར་བ་ཆགས་ཡོད། འདིའི་ཕྱོགས་ལ་མུ་མཐུད་ནས་འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་རྒྱ་མིའི་བསམ་བློར་འགྱུར་བ་གཏོང་ཐབས་ལ་གཞིས་བྱེས་བོད་མི་སུ་ཡིན་ཡང་། མི་སྒེར་སོ་སོའི་ངོས་ནས་རྒྱ་མི་དང་མཉམ་དུ་སྐད་ཆ་བཤད་པ་དང་། དེ་ལས་གཞན་པའི་རྩོམ་རིག་དང་སྒྱུ་རྩལ་རོལ་དབྱངས། ཆབ་སྲིད་སོགས་ཕྱོགས་གང་ཐད་ནས་གོ་སྐབས་དམ་འཛིན་བྱ་དགོས། ཕྱི་མིའི་རོགས་རམ་ཁོ་ན་འཚོལ་བ་ལས་བོད་པ་རང་ངོས་ནས་རྒྱ་མིའི་བསམ་བློར་འགྱུར་བ་གཏོང་རྒྱུར་ཐབས་ཤེས་གནང་རྒྱུ་དེ་གལ་ཆེན་རེད།ཅེས་གསུངས་སོང་།

བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་ཐེངས་འདིའི་བཅའ་ཁྲིམས་བསྒྱུར་བཅོས་དང་འབྲེལ་བའི་ཐོག་ནས་གསུང་དོན། འདི་ནི་གོང་ས་མཆོག་གི་རླབས་ཆེན་མཛད་པ་ཞིག་ཡིན་སྟབས། ང་ཚོ་བོད་མི་དཀྱུས་མ་ཞིག་གི་སེམས་ནང་ལ་ཤོངས་དཀའ་བ་ཞིག་རང་བཞིན་གྱིས་ཆགས་ཡོད་པས། སྤྱི་ཚོགས་ནང་གླེང་སློང་དང་སེམས་ཁྲལ་མང་པོ་ཞིག་ཡོང་བསྡད་ཡོད་པ་རེད།  ཡིན་ནའང་།འདི་ནི་༸གོང་ས་མཆོག་གི་ཐུན་མོང་མ་ཡིན་པའི་རླབས་ཆེན་གྱི་མཛད་པ་ཞིག་ཡིན་སྟབས།  དེ་དུས་ལ་བབ་པ་ཞིག་དང་དུས་ཚོད་འདིར་གནང་དགོས་ངེས་ཤིག་གཟིགས་ཡོད་པ་རེད། དེར་བརྟེན། ༸གོང་ས་མཆོག་གིས་གཟིགས་པ་དེ་འགྲིག་མི་འདུག་ཅེས་ཞུ་སྤོབས་བྲལ་བ་དང་།  ཡང་དེ་འགྲིག་འདུག་ཟེར་ནས་དེ་མ་ཐག་ཉམས་ལེན་ལག་སྟར་གནང་རྒྱུའི་སྤོབས་ཡང་མེད་བསྡད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ཡིན་ནའང་། ༸གོང་ས་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་དེ་ནི། ང་ཚོ་བོད་མི་མང་གི་ཐུན་མོང་མ་ཡིན་པའི་ནོར་བུ་ལྟ་བུ་ཆགས་ཡོད་སྟབས། དེ་དག་བཅའ་ཁྲིམས་ནང་གསལ་བོ་འཇོག་དགོས་པའི་ཐད་ལ་བོད་གཞུང་མང་གཉིས་ཀྱིས་ཐབས་ཤེས་འཚོལ་གྱིན་ཡོད་པ་རེད། བཅའ་ཁྲིམས་ནང་འཁྱེར་ཡོང་སྟངས་ཀྱི་ཐོག་ནས་གང་འདྲ་བྱེད་དགོས་མིན་སྐོར་ལ་ཚོགས་ཆེན་ནང་བཀའ་མོལ་གནང་དགོས་པ་ཞིག་རེད། བཅའ་ཁྲིམས་ནང་༸གོང་ས་མཆོག་བོད་མི་མང་དང་རྒྱལ་ཁབ་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡིན་པའི་ངོ་བོ་མཚོན་ཐུབ་པ་ཞིག་གནང་དགོས་རྒྱུ་དང་། ༸གོང་ས་མཆོག་གིས་ཀྱང་དེ་ཞལ་བཞེས་གནང་རྒྱུ་དེ་ང་རང་གིས་གལ་ཆེན་པོར་མཐོང་སོང་། ཞེས་དང་།  

ཡང་ཀིརྟི་རིན་པོ་ཆེ་མཆོག་གིས་མ་འོངས་བོད་རྒྱ་འབྲེལ་མོལ་ཐད་ཤུགས་རྐྱེན་འབྱུང་མིན་སྐོར་གསུང་དོན། ངས་བསམ་ན་བོད་རྒྱ་འབྲེལ་མོལ་ལ་ཏན་ཏན་འགྱུར་བ་འགྲོ་གི་རེད། སྔོན་མ་ཡིན་ན་༸གོང་ས་མཆོག་གི་མཚན་ཐོག་ནས་བོད་གཞུང་གི་ངོ་བོ་མཚོན་པའི་སྐུ་ཚབ་ཆེད་གཏོང་གནང་སྟེ་བོད་རྒྱ་འབྲེལ་མོལ་དེ་འགྲོ་བསྡད་ཡོད་པ་རེད།༸གོང་ས་མཆོག་གི་ཆབ་སྲིད་གྱི་འགན་དབང་ལ་འགྱུར་ལྡོག་བྱུང་བའི་རྗེས་སུ། ༸གོང་ས་མཆོག་གི་མཚན་ཐོག་ནས་སྐུ་ཚབ་བཏང་བ་ཡིན་ནའང་། དེ་བོད་གཞུང་གི་ངོ་ཚབ་མཚོན་པའི་ཐོག་ནས་བཏང་བ་ཞིག་ཆགས་ཐུབ་ཀྱི་ཡོད་པ་མ་རེད། དེ་མིན། ཉེ་སྔོན་ནས་བཟུང་ང་ཚོའི་བཀའ་ཁྲི་གསར་བའི་གཞུང་དེ་རྒྱ་གཞུང་གིས་ངོས་ལེན་མེད་ཅེས་འཛམ་གླིང་སྒང་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་རེད། དེར་བརྟེན་སྔར་གྱི་བོད་རྒྱའི་འབྲེལ་མོལ་མུ་མཐུད་འགྲོ་བར་དཀའ་ངལ་འཕྲད་རྒྱུ་ཡིན་པ་གསལ་བོ་རེད། མ་གཞི་ད་ལྟའི་གནས་སྐབས་འདིར་རྒྱ་མིའི་བསམ་ཚུལ་ལ་འགྱུར་བ་འགྲོ་གི་རེད་བསམ་པ་ཞིག་རྩ་བ་ཉིད་ནས་མི་འདུག ཡིན་ནའང་། ད་ལྟ་རྒྱ་ནག་གཞུང་གི་མགོ་ཁྲིད་རྙིང་པ་ཚོ་བརྗེ་བོ་བརྒྱབ་ཏེ་གསར་བ་དེ་ཚོ་སླེབས་དགོས་པའི་དུས་ཚོད་རན་གྱི་ཡོད་པ་རེད། ག་ལེར་མགོ་ཁྲིད་གསར་བ་དེ་ཚོས་རྒྱ་ནག་གཞུང་གི་དབང་ཟིན་ཞིང་།  རྒྱ་ནག་མི་མང་གི་བསམ་བློར་ཡང་དུས་རབས་དང་བསྟུན་པའི་འགྱུར་བ་ཞིག་ཕྱིན་ན། ཏན་ཏན་རྒྱ་ནག་གཞུང་ལའང་འགྱུར་བ་ཞིག་འགྲོ་གི་རེད་བསམ་གྱི་འདུག   ཅེས་གསུངས་སོང་།  

བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ལགས་ཀྱིས་གྲོས་ཚོགས་ཀྱི་བཅའ་ཁྲིམས་བསྐྱར་གྱི་བརྒྱུད་རིམ་དང་འབྲེལ་ནས་རང་ཉིད་ཀྱི་དགོངས་ཚུལ་གསུང་དོན། ཉེ་སྔོན་ཕྱི་ཟླ་ ༣ པའི་ནང་༸གོང་ས་མཆོག་གིས་བཀའ་ཡིག་དེ་བསྩལ་བ་རེད་ཟེར་ནས་གོ་སོང་། དེ་ནས་རྗེས་ལ་དངོས་སུ་མཇལ་སོང་། སྤྱི་འཐུས་སྐབས་ ༡༤ པའི་གྲོས་ཚོགས་སྐབས་ ༡༡ པའི་སྐབས། སྤྱི་འཐུས་གྲོས་ཚོགས་ནས་༸གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་ཐུགས་འགན་བཞེས་ཀྱི་མིན་ཞེས་བཀའ་ཕེབས་པ་དེར། སླར་ཡང་ཐུགས་འགན་བཞེས་རོགས་གནང་ཞེས་གསོལ་འདེབས་སྙན་ཞུ་དོན་ཚན་གསུམ་ཅན་ཞིག་ཡར་ཕུལ་འདུག ང་རང་གི་བསམ་པར་ཡར་གསོལ་འདེབས་སྙན་ཞུ་ཕུལ་བ་དེ་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་བསམ་ཚུལ་དང་མཐུན་པ་ཞིག་གི་ཐོག་ནས་འགན་བཞེས་གནང་ཐུབ་པ་ཞིག་བྱུང་འདུག་བསམ་གྱིན་ཡོད། ཡིན་ནའང་། གསོལ་འདེབས་སྙན་ཞུ་དེ་སྐུ་སྒེར་ཡིག་ཚང་བརྒྱུད་ནས་ཡར་ཕུལ་སྐབས། ༸གོང་ས་མཆོག་ནས་ཕྱིར་སློག་གནང་སྟེ་འགྱུར་བ་གཏན་ནས་མེད་པའི་བཀའ་ཕེབས་ལྟར། གྲོས་ཚོགས་ནང་བཀའ་བསྡུར་གནང་སྒོ་ཚང་མ་གནང་སྟེ། འཛིན་སྐྱོང་དང་སྒྲིག་གཞིར་འགྱུར་བ་གཏོང་ཆེད་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་བཟོས་ཤིང་། ཟིན་བྲིས་དེ་མི་མང་ཚང་མར་བཀྲམས་ཏེ་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཚོགས་པ་རེད། ངའི་བསམ་པར་༸གོང་ས་མཆོག་གིས་གང་གནང་པ་དེ་ཉམས་སུ་ལེན་ཐུབ་པ་བྱ་རྒྱུ་ལས་ལྷག་པ་ཞིག་ཡོད་པ་མ་རེད་བསམ་གྱི་ཡོད།  ཅེས་གསུངས་སོང་།

ཡང་ཁོང་གིས་ད་ལྟའི་བོད་རྒྱ་འབྲེལ་གྱི་གནས་བབ་ཀྱི་སྐོར་ནས་གསུངས་དོན། ང་རང་གི་བསམ་ཚུལ་ལ་གྲོས་མོལ་ཐེངས་བརྒྱད་པའི་སྐབས་ཕུལ་བའི་ཡིག་ཆ་དེ་ཚོ་བོད་མི་ཡོངས་རྫོགས་ཀྱི་བསམ་ཚུལ་དང་མཐུན་པ་ཞིག་རེད་བསམ་གྱི་མེད། གང་ལྟར་རྒྱ་ནག་གཞུང་གི་ངོས་ནས་ཀྱང་དེ་མི་རིགས་རང་ལུགས་རེད་ལ་སོགས་པར་ཁ་གཡར་ཏེ་ངོས་ལེན་བྱས་ཡོད་པ་མ་རེད། དེར་བརྟེན། ང་ཚོའི་ངོས་ནས་མུ་མཐུད་མཇུག་སྐྱོང་རྒྱུ་དང་གཞི་འཛིན་དགོས་དོན་གང་ཡང་ཡོད་པ་མ་རེད་བསམ་གྱི་ཡོད། དེ་མིན། བོད་རྒྱ་འབྲེལ་ལམ་ལ་མ་འོངས་པར་འགྱུར་བ་འགྲོ་སྲིད་རྒྱུ་རེད། འགྱུར་བ་ག་འདྲ་ཞིག་འགྲོ་མིན་དེ་གསལ་བོ་ལབ་ཐུབ་ཀྱི་མ་རེད། ད་ལྟའི་བར་དུ་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་དགུ་ཞིག་གནང་བ་རེད། ད་ལྟ་གནས་སྟངས་ག་འདྲ་ཞིག་ཆགས་ཡོད་མེད་ང་ཚོས་ཤེས་གསལ་རེད། ཡིན་ནའང་། ད་ལྟ་༸གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་མ་བཞེས་པ་ཡིན་དུས། ང་ཚོ་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདི་རྒྱ་གཞུང་གིས་ལས་སླ་བོ་ངོས་ལེན་གནང་གི་མ་རེད། དེར་བརྟེན་བོད་རྒྱའི་སྔར་ཡོད་འབྲེལ་བ་དེ་མུ་མཐུན་གནས་ཐུབ་རྒྱུ་ཁག་པོ་རེད། ཅེས་དང་།  

མཇུག་མཐར་ཁོང་གིས་མ་འོངས་བོད་དོན་འཐབ་རྩོད་བྱེད་ཕྱོགས་སྐོར་ནས་གསུང་དོན། བོད་ནང་གི་བོད་མི་ཚང་མར་རྒྱ་གཞུང་གིས་གཅར་རྡུང་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད་སྟབས། མ་འོངས་པར་བོད་མི་ཚང་མ་རང་བཞིན་གྱིས་སྔར་ལས་ལྷག་པར་ཆིག་སྒྲིལ་ཡོང་གི་རེད། ད་ལྟའི་སྐབས་འདིར་ང་ཚོས་རྒྱ་གཞུང་ལ་ཡིག་ཆ་སྤྲད་པ་དེ་དག་རྗེས་ཕྱོགས་ལག་པ་འཆང་ས་ཉན་གི་མ་རེད་ལ།  གཞི་འཛིན་དགོས་དོན་གང་ཡང་ཡོད་པ་མ་རེད། མ་འོངས་པར་ང་ཚོར་དཀའ་ངལ་མི་འཕྲད་པའི་ཆེད་དུ། ད་ལྟ་ནས་༸གོང་ས་མཆོག་གིས་བཀའ་གནང་སྟེ་མ་འོངས་པར་ངོས་ཀྱིས་ལས་ཀ་བྱེད་མ་ཐུབ་པའི་དུས་ལ་སླེབས་པའི་སྐབས་སུ། ཅི་བྱ་གཏོད་མེད་ཀྱི་གནས་སུ་མ་གྱར་བ་ཞིག་བཟོ་དགོས་པའི་བཀའ་སློབ་ལམ་སྟོན་གནང་ཡོད་པ་དེ་དག་ང་ཚོས་རྩ་དོན་སྙིང་པོར་འཛིན་དགོས་པ་རེད།  ད་ལྟ་༸གོང་ས་མཆོག་སྐུ་གཟུགས་བདེ་ཐང་ཡོད་པའི་དུས་སྐབས་ནས། ཡང་དག་པའི་དམངས་གཙོའི་ལམ་ལ་བསྐྱོད་ཐུབ་པ་བྱུང་ན་ཡག་པོ་ཆགས་ཐུབ་རྒྱུ་རེད། ༸གོང་ས་མཆོག་གིས་དཀའ་ངལ་བྱུང་ན་ངས་སངས་ཐུབ་ཅེས་གསུངས་ཡོད་དུས། དེའི་གནད་དོན་སྙིང་པོ་སེམས་ལ་བཅིངས་ནས་བཀའ་དགོངས་ཉམས་སུ་ལེན་ཐུབ་པ་བྱེད་དགོས་པ་དེ་བོད་མི་ཚང་མས་ལས་འགན་རེད། ཅེས་གསུངས་སོང་།    

བཀའ་ཟུར་པདྨ་ཆོས་འབྱོར་ལགས་ཀྱིས་༸གོང་ས་མཆོག་གི་གསུང་འཕྲིན་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་གསུང་དོན།  ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མར་བསྩལ་བ་དེ། ཕྱོགས་གཅིག་ནས་ང་ཚོ་བློ་ཕམ་དགོས་པ་དེ་འདྲ་གང་ཡང་མ་རེད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོ་ཚད་དང་ལྡན་པ་ཞིག་ཆགས་ཡོད་པར་གཟིགས་ཏེ། ༸གོང་ས་མཆོག་གིས་འགན་དབང་དེ་མར་ང་ཚོར་གནང་ན་སྒྲུབ་ཐུབ་རྒྱུ་རེད་དགོངས་ནས་སྤོབས་པ་ཆེན་པོས་ཐོག་གསུང་གི་ཡོད་པ་རེད། ཡིན་ནའང་། འདི་ནི་༸གོང་ས་སྐུ་ཕྲེང་ན་རིམ་གྱི་དུས་སྐབས་དང་། ང་ཚོ་བཙན་བྱོལ་ནང་སླེབས་ནས་ལོ་ ༥༢ ཆས་པའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ཞིག་ཆགས་ཡོད་སྟབས། ཉིན་མ་ཁ་ཤས་ཞིག་ལ་ཚོགས་འདུ་དང་གྲོས་ཚོགས་འཕར་མ་ཞིག་ཚོགས་ཏེ་ཐག་བཅད་བཞག་ན་རྩ་བ་ནས་འགྲིག་མ་རེད། གལ་ཆེ་ཤོས་ཏེ་བཙན་བྱོལ་གཞུང་དེ་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཆེད་དུ་བཙུགས་པ་ཞིག་ཡིན་པ་ལས། ང་ཚོ་བཙན་བྱོལ་བོད་མི་འབུམ་གཅིག་ལ་ལྟ་རྟོགས་ཁོ་ནའི་ཆེད་བཙུགས་པ་མ་རེད། ད་ལྟ་ང་ཚོའི་གཞུང་འདི་ཚད་ལྡན་ཞིག་ལ་ངོས་འཛིན་བཞིན་པ་དེའང་༸གོང་ས་མཆོག་ཕྱི་ལོ་ ༡༩༥༩ ཡར་སྔོན་ནས་བོད་མི་ས་ཡ་དྲུག་གི་དབུ་ཁྲིད་ཆགས་བསྡད་ཡོད་པས་རེད། དེར་བརྟེན། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་པ་ཡོངས་རྫོགས་ལ་བགྲོ་གླེང་བྱས་ཏེ་མངོན་འདོད་ག་རེད་ཡོད་མེད་གསལ་རྟོགས་ཡོང་དགོས་པ་རེད། མ་གཞི་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་འོས་བསྡུའི་ལམ་ནས་ཐོན་པའི་མི་སྣ་ཚོས་ཁུར་ཐུབ་དགོས་པ་རེད། ༸གོང་ས་མཆོག་ལ་ལག་པ་ཕྱི་ས་དང་ཁག་དཀྲི་བྱ་རྒྱུ་ཡོད་པ་མ་རེད།ཡིན་ནའང་།༸གོང་ས་མཆོག་ལ་བཀའ་སློབ་དང་ལམ་སྟོན་ཞུ་དགོས་ཀྱི་ཡོད་པ་རེད། ང་ཚོས་ཞིབ་ཚགས་པོའི་སྒོ་ནས་མ་འོངས་པར་ལོ་ལྔའི་ནང་ག་རེ་ཡོང་ས་རེད། ལོ་བཅུའི་ནང་ག་འདྲ་ཆགས་ས་རེད་དེར་བསམ་བློ་གཏོང་དགོས་པ་རེད།༸གོང་ས་མཆོག་ཡིན་གཅིག་མིན་གཅིག་ང་ཚོའི་གཞུང་དང་མི་མང་གི་དབུ་ཁྲིད་གནང་དགོས་པ་རེད། ཅེས་གསུངས་བྱུང་།  

ཡང་ཁོང་གིས་བོད་རྒྱ་འབྲེལ་མོལ་དང་རྒྱལ་སྤྱིའི་འབྲེལ་ལམ་ཐད་ཤུགས་རྐྱེན་ཡོང་སྲིད་པའི་སྐོར་གསུངས་དོན། ད་ལྟའི་བར་བོད་རྒྱ་འབྲེལ་མོལ་གཅིག་པུ་ཙམ་མ་ཡིན་པར།   ཨ་རི་དང་ཨིན་ལན་སོགས་ཕྱིའི་རྒྱལ་ཁབ་ཁག་ནང་གཞུང་ཚབ་ ༡༢ ཙམ་ཡོད་པ་དེ་དག་ཚང་མ་༸གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་ལ་བརྟེན་ནས་གནས་ཡོད་པ་རེད། ཏཱ་ལའི་བླ་མའི་གཞུང་ལས་ཁང་ཞེས་ལབ་ཀྱི་ཡོད་པ་རེད་མ་གཏོགས། བཙན་བྱོལ་བོད་ཀྱི་གཞུང་ལས་ཁང་ཞེས་ལབ་ཀྱི་ཡོད་པ་མ་རེད། རྒྱ་མིས་བཙན་བྱོལ་གཞུང་ངོས་ལེན་མེད་ཅེས་ལབ་བསྡད་ཡོད་པ་རེད། ཉེ་སྔོན་བློ་བཟང་སེང་གེ་ངོས་ལེན་ཞེས་ལབ་ཚར་བ་རེད།  གང་ལྟར་ཧོ་ཅིན་ཐའོ་གཙོས་པའི་ད་ལྟའི་རྒྱ་དམར་མགོ་ཁྲིད་དེ་ཚོར་བལྟས་པ་ཡིན་ན། བོད་རྒྱ་ཞི་འགྲིག་ཡོང་ཐབས་ཀྱི་བསམ་འདུན་རྩ་བ་ཉིད་ནས་ཡོད་པ་མ་རེད། བརྒྱ་ཆ་བརྒྱ་ཐམ་པ་མི་འདུག་ཅེས་ངས་བཤད་ཐུབ་ཀྱི་འདུག ཡིན་ནའང་། དེང་སྐབས་རྒྱ་ནག་དཔོན་རིགས་ཚོ་འཛམ་གླིང་ས་ཆ་གང་ལ་ཆས་པ་ཡིན་ནའང་། ཕྱིའི་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོས་རྒྱ་ནག་དཔོན་རིགས་ཚོར་༸གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་གནང་དགོས་པ་དང་། ༸གོང་ས་མཆོག་གི་ལངས་ཕྱོགས་དྲང་བདེན་ཡིན་པ།  བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་མི་འདུག་པའི་སྐོར་གླེང་སློང་གནང་བཞིན་ཡོད་སྟབས། ཁོ་ཚོས་རྒྱལ་སྤྱིའི་མཐོང་ལམ་ནས་ཁ་གཡར་ས་ཞིག་བཙལ་ཏེ་བོད་རྒྱ་གྲོས་མོལ་འགྲོ་བཞིན་པའི་རྣམ་བསྟན་ཏེ་དོན་གྱིས་དུས་ཡུན་ཕྱིར་འགྱང་བྱ་ཐབས་ཙམ་རེད།  སྔོན་མ་ཕྱི་ལོ་ ༡༩༩༦ ལོར་ཅང་ཙེ་མིན་གྱིས་ཀྱང་། ༸གོང་ས་མཆོག་ཕྱིར་བོད་དུ་ཕེབས་འཇུག་མིན་དེ་བོད་ཀྱི་བདག་དབང་གི་གནད་དོན་ཆགས་ཡོད་པ་རེད། གལ་སྲིད་༸གོང་ས་མཆོག་བོད་དུ་ཕེབས་པ་ཡིན་ན་རྒྱ་གཞུང་མགོ་རྟིང་ལོག་གི་རེད་ཅེས་ལབ་ཡོད་པ་རེད། ད་ལྟའི་བར་ང་ཚོས་ངོས་ནས་ལྷག་བསམ་རྣམ་དག་གིས་འབྲེལ་མོལ་གནང་སྟེ།  ཁྱོད་ཚོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་འདུག་གི་ཡིན་ཞེས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆ་དེ་སྤྲད་ཟིན་པ་རེད། ད་ང་ཚོས་ཕྱོགས་ནས་ག་རེ་མ་འགྲིག་པ་རེད། གནད་དོན་གཙོ་བོ་རྒྱ་གཞུང་གིས་འབྲེལ་མོལ་ལ་ཁ་གཡར་ཏེ་དུས་ཡུན་ཕྱིར་འགྱངས་བྱ་ཐབས་ཙམ་ལས་འབྲེལ་མོད་གནང་འདུན་མེད་པར་ཐུག་ཡོད་པ་རེད། ཅེས་གསུངས་བྱུང་།    

མཐར་ཁོང་གིས་བོད་དོན་འཐབ་རྩོད་ཆེད་ནང་ཁུལ་མཐུན་སྒྲིལ་དང་གཞོན་སྐྱེས་ཚོར་སློབ་སྦྱོང་སྤྲོད་པའི་སྐོར་གསུང་དོན། གལ་ཆེ་ཤོས་དེ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཆིག་སྒྲིལ་དགོས་ཡོད་པ་རེད། ཆིག་སྒྲིལ་མེད་ན་ནུས་པ་ཡོང་གི་མ་རེད། གཉིས་ནས་གཞོན་སྐྱེས་ཚོར་སློབ་སྦྱོང་ཡག་པོ་སྤྲོད་དགོས་པ་རེད། རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་སྤྲད་དེ་འཛམ་གླིང་རྒྱལ་སྤྱིའི་སྡིངས་ཆར་བོད་ཀྱི་བདེན་པ་དང་སྡུག་བསྔལ་ར་སྤྲོད་ཐུབ་དགོས་པ་རེད་མ་གཏོགས། རང་ཚོས་རྡ་རམ་ས་ལ་ཁུག་ཀྱོག་འདི་ནས་སྐད་ཆ་ནང་ལ་བཤད་བསྡད་ན་ཕན་ཐོགས་ཅི་ཡང་འབྱུང་གི་མ་རེད། དེར་བརྟེན་མི་ཡོན་ཏན་ཅན་དང་རིག་པ་ཅན་དགོས་པ་རེད། མ་འོངས་པའི་རེ་བ་རྒྱག་ས་གཞོན་སྐྱེས་ཚོ་ཆགས་ཡོད་སྟབས། ཁོ་ཚོར་སློབ་སྦྱོང་སྤུས་དག་པོ་ཚད་དང་ལྡན་པ་སྤྲོད་དགོས། དེང་སྐབས་འཛམ་གླིང་གི་ཆབ་སྲིད་ལ་འཕོ་འགྱུར་ཆེན་པོ་འགྲོ་བཞིན་པར་མ་ཟད། རྒྱ་ནག་ལའང་འགྱུར་བ་འགྲོ་བཞིན་ཡོད་པ་རེད། སྔོན་མ་ཨུ་རུ་སུ་དམར་པོའི་གཞུང་གིས་ཀྱང་ཁོ་ཚོ་འཐོར་བཤིག་འགྲོ་རྒྱུ་རེད་དྲན་ཡོད་པ་མ་རེད། དེ་བཞིན་དེང་སྐབས་རྒྱ་ནག་ནང་རྙོག་དྲ་དང་དཀའ་ངལ་མང་ཡོང་གི་ཡོད་པ་རེད། མ་འོངས་པར་དེ་འདྲའི་འགྱུར་བ་ཐེབས་པའི་སྐབས་ལ་ང་ཚོས་གོ་སྐབས་འཛིན་ཐུབ་རྒྱུར་གྲ་སྒྲིག་ཨང་གསར་དགོས་པ་རེད། ང་ཚོའི་ཉེ་བའི་རྒྱལ་རབས་ལོ་རྒྱུས་ནང་ད་ལྟའི་ཆིག་སྒྲིལ་འདི་ལྟ་བུ་བྱུང་མྱོང་ཡོད་པ་མ་རེད། ད་དུང་ཟབ་ཏུ་བཏང་སྟེ་ཆོལ་ཁ་ཆོས་ལུགས་དང་ལྟ་བ་མཐུན་མིན་གྱི་རྩོད་རྙོག་བཟོ་རྒྱུ་ཡོད་པ་མ་རེད། སོ་སོའི་ལྟ་བའི་ཐོག་ནས་བོད་དོན་བདེན་པའི་འཐབ་རྩོད་ལ་ལས་དོན་ག་རེ་སྒྲུབ་ཐུབ་མིན་ལ་འབད་དགོས་པ་རེད།  ང་ཚོ་ཚང་མས་དམིགས་ཡུལ་དེ་བོད་མི་ས་ཡ་དྲུག་གི་བདེ་སྡུག་རེད། དེ་ལྟར་གོམ་པ་རིམ་པར་བརྒྱབ་པ་ཡིན་ན། འཛམ་གླིང་ལའང་ག་ལེར་འགྱུར་ཞིག་ཐེབས་ཡོང་གི་རེད། ཡིན་ནའང་། འཛམ་བུ་གླིང་གི་འགྱུར་བ་གཅིག་པུར་སྒུག་བསྡད་པ་ཡིན་ན་ཅི་ཡང་རག་གི་མ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 8

  1. ནད་པ says:
    ལོ་ 12 སྔོན།

    འཇུ་ཆེན་གྱིས་གསུངས་པ་དེར་དཔྱད་ཞིབ་བྱས་ན་རིན་ཐང་འདུག སྔོན་མ་རྒྱ་མིའི་བཙན་འོག་ཏུ་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་ཡིན་ཐོག་ཏུ་བཞག་ཡོད། སྐབས་དེར་རྒྱ་མིའི་མེ་མདའི་འོག་ནས་མ་བཞག་ཀ་མེད་ཐུག་རབས་བཤད་ཀྱིན་ཡོད།

    ད་ཆ་ཕྱི་རྒྱལ་རང་དབང་གི་ལུང་པ་ཞིག་ནས་ཡང་ཡིག་ཐོག་ཏུ་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དང་དེའི་རྩ་ཁྲིམས་འོག་ཏུ་རང་སྐྱོང་ཀྱི་གནས་བབ་དགོས་པ་འོགས་ཡིག་ཏུ་བཞག་ཟིན།

    ཕྱིས་འབྱུང་མ་འོངས་པའི་བོད་རིགས་རྣམས་ལ་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་མིན་པའི་ཁྲིམས་ཐོག་ནས་དཔང་པོབྱེད་རྒྱུའི་གོ་སྐབས་རྩ་བ་ནས་མེད་པ་བཟོས་ཡོད།
    དེ་ནི་ཕྱིས་འབྱུང་བོད་རིགས་དམངས་ཀྱི་མངོན་འདོད་ཀྱི་ཞིག་རྩ་བ་ནས་ཆགས་མི་སྲིད་པ་ཞིག་རེད།

    གང་ཡིན་ཟེར་ན་སུ་ཞིག་ཡིན་སོ་སོར་རྒྱལ་ཁབ་གཅིག་དང་། སོ་སོའི་མི་རིགས། སོ་སོའི་རང་དབང་བཅས་རྩོད་འདོད་པ་དང་རྩོད་དགོས་པ་དེ་ནི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་གཤིས་ཀ་ཡིན།

    Reply
  2. རྔ་སྨྱོན། says:
    ལོ་ 12 སྔོན།

    ང་ལ་ནམ་རྒྱུན་བཙན་བྱོལ་ནང་མི་བརྒྱ་ལ་བསམ་ཚུལ་གཅིག་མ་གཏོགས་མེད་པའི་ཚོར་སྣང་ཞིག་ཡོད་པ། ད་ཐེངས་བཀའ་ཟུར་ཚོའི་འཆར་ཚུལ་ལས་སླར་ཡང་ར་སྤྲོད་གསལ་པོ་བྱུང་། མཐར་གཏུགས་ན། བཙན་བྱོལ་ནང་གི་མཐོ་རིམ་མི་སྣ་ཚོའི་བསམ་གཞིགས་སྐབས། ཚོར་སྣང་དང་ཐད་ཀའི་འཆར་ཚུལ་ཁོ་ན་ཡང་དང་བསྐྱར་དུ་སྐོར་བ་ལས། མཚན་ཉིད་རིགས་པ་དང་། གཞུང་ལུག་དང་ལྡན་པའི་བསམ་གཞིགས་ཤིག་ནམ་ཡང་གཏོང་མི་ཐུབ་པ་གསལ་པོ་རེད།

    Reply
  3. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 12 སྔོན།

    བཀའ་ཟུར་དེ་ཚོ་ཕོ་ཉམས་དོད་པོ་འདུག བོད་པའི་སྟག་ཤར་གྱི་གྲལ་དུ་བཞེངས་ན་རྒྱལ་ཁ་ལོན་ངེས་རེད། ཐུགས་རྗེ་ཆེ་སྐུ་ཚེ་བོད་མིའི་ཆེད་དུ་སྐུ་ལས་བསྐྱོན་པ་རེད།

    Reply
  4. མི་ཉག་བཙན་པོ says:
    ལོ་ 12 སྔོན།

    བཀའ་ཟུར་རྣམས་ཀྱིས་དགོངས་ཚུལ་གསུངས་པ་རྣམས་ཡག་པོ་འདུག་མོད།ཡིན་ན་ཡང་བཀའ་ཟུར་བཀྲེས་མཐོང་དང་པདྨ་མ་ཆོས་འབྱོར་
    བཀའ་ཟུར་ཀིརྟི་རིན་པོ་ཆེ་གསུམ་གྱིས་དགོངས་ཚུལ་རྣམས་སྐད་ཆ་གསར་པ་རེ་དང་དགོངས་ཚུལ་གྱི་དོན་གསར་པ་རེ་གསུངས་མི་འདུག
    མི་དམངས་ཁྲོད་ཀྱི་སྐད་ཆ་བྱུང་ཟིན་པ་ཤ་སྟག་རེད།དེས་ན་དེ་དག་གི་དགོངས་ཚུལ་རྣམས་ལ་བསམ་ཆ་མེད།
    བཀའ་ཟུར་འཇུ་ཆེན་ནས་བོད་བཙན་བྱོལ་གཞུང་གིས་གྲོས་མོལ་བརྒྱད་པའི་སྐབས་རྒྱ་ནག་ལ་སྤྲད་པའི་རང་སྲིད་རང་སྐྱོང་སྐོར་གྱི་ཡིག་ཆ་དེ་བོད་མི་ཡོངས་རྫོགས་ཀྱི་བསམ་ཚུལ་དང་མཐུན་པ་ཞིག་མ་རེད་གསུངས་པ་དང་།ཡང་སྔོན་མའི་སྐབས་ཤིག་ལ་བཀའ་ཟུར་ཁོང་ནས་གྲོས་
    ཚོགས་ལ་མ་བསྟན་པའི་ཡིག་ཆ་རེད་ཅེས་དང་༸གོང་ས་མཆོག་གི་དགོངས་པ་མ་རེད་ཅེས་གསུངས་ཡོད་པ་རེད།ཡིན་ན་ཡང་ཁོང་གིས་སྔོན་མ་གསུངས་པ་རྣམས་བཀའ་ཟུར་ཁོང་གིས་གསུངས་པ་དང་དགོངས་པ་བཞིན་མིན་པ་དེ་གསལ་པོ་ཆགས་ཟིན།རེད་མོད་ཁོང་གིས་བོད་མི་
    དམསང་ཡོངས་རྫོགས་ཀྱིས་བསམ་ཚུལ་དང་མཐུན་པ་ཞིག་མ་ཡིན་
    པའི་རྒྱུ་མཚན་གསལ་པོ་གསུངས་དགོས་པ་དང་དེ་ལས་ལྷག་པའི་བོད་མི་དམངས་ལ་ལམ་ཁ་གསར་པ་ཞིག་སྟོན་དགོས་པའི་དུས་ལ་སླེབས་
    ཡོད།དེ་མིན་ལྷག་བསམ་ཚེ་རིང་གི་བསམ་སྟོང་དང་ལག་སྟོང།གྲ་སྒྲིག་དང་འཆར་གཞི་གང་མེད་པའི་རང་བཙན་གྱི་སྟོང་སྐད་རྒྱབ་པ་བཞིན་ཨེ་ཡིན། མིན་པའི་རེ་བ་ཡོད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ནང་ཁུལ་མཐུན་སྒྲིལ་བྱུང་ན།
    ནང་ཁུལ་བདེ་ཉམས་འཆར་ཡོང་།
    ནང་ཁུལ་བདེ་ཉམས་ཤར་ན།
    ནང་ཁུལ་ཞི་བདེ་མྱོང་ཐུབ།
    ནང་ཁུལ་ཞི་བདེ་མྱོང་ན།
    ནང་ཁུལ་ནུས་པ་མཐོང་ཐུབ།
    ནང་ཁུལ་ནུས་པ་མཐོང་ན།
    ནང་ཁུལ་མཛའ་བརྩེ་བསྐྲུན་ཐུབ།

    Reply
  6. རྔ་བ་ཚེ་སྐྱིད། says:
    ལོ་ 12 སྔོན།

    གཤམ་དུ་བཀའ་ཟུར་རྣམ་པའི་དགོངས་ཚུལ་སྙིང་བསྡུས་རེ་བཀོད་ཡོད་པས་ན། གཟིགས་ཞིབ་ཡོང་བར་ཞུའོ།།
    བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས། གཅིག་ནས་བོད་མིའི་སེམས་ཤུགས་མ་ཆག་པ་ཡིན་ན་བོད་ཀྱི་རྩ་དོན་ནམ་ཡང་བརླག་གི་མ་རེད།གཉིས་ནས་ང་ཚོས་རྒྱལ་སྤྱིའི་སྡིངས་ཆའི་སྒང་རྩོད་ལེན་བྱེད་བཞིན་པའི་གནད་དོན་དེ་རྒྱུ་མཚན་ལྡན་པ་ཞིག་དང་། རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་གནད་དོན་དེ་བདེན་པའི་འཐབ་རྩོད་ཅིག་ཡིན་པ་དང་། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་མིར་རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་བསྡད་པ་བཅས་ནི་གནད་འགག་ཆེན་པོ་ཆགས་ཡོད། དེ་བཞིན་མ་འོངས་པར་མུ་མཐུད་ནས་བོད་པའི་རྩ་དོན་མ་བརླག་པའི་ཆེད་དུ་ལག་པ་འཇུ་ས་གཞན་མང་པོ་ཡོད་པ་རེད། ཅེས་དང་།

    བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས། མ་གཞི་ད་ལྟའི་གནས་སྐབས་འདིར་རྒྱ་མིའི་བསམ་ཚུལ་ལ་འགྱུར་བ་འགྲོ་གི་རེད་བསམ་པ་ཞིག་རྩ་བ་ཉིད་ནས་མི་འདུག ཡིན་ནའང་། ད་ལྟ་རྒྱ་ནག་གཞུང་གི་མགོ་ཁྲིད་རྙིང་པ་ཚོ་བརྗེ་བོ་བརྒྱབ་ཏེ་གསར་བ་དེ་ཚོ་སླེབས་དགོས་པའི་དུས་ཚོད་རན་གྱི་ཡོད་པ་རེད། ག་ལེར་མགོ་ཁྲིད་གསར་བ་དེ་ཚོས་རྒྱ་ནག་གཞུང་གི་དབང་ཟིན་ཞིང་། རྒྱ་ནག་མི་མང་གི་བསམ་བློར་ཡང་དུས་རབས་དང་བསྟུན་པའི་འགྱུར་བ་ཞིག་ཕྱིན་ན། ཏན་ཏན་རྒྱ་ནག་གཞུང་ལའང་འགྱུར་བ་ཞིག་འགྲོ་གི་རེད་བསམ་གྱི་འདུག ཅེས་དང་།

    བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ལགས་ཀྱིས། ང་རང་གི་བསམ་ཚུལ་ལ་གྲོས་མོལ་ཐེངས་བརྒྱད་པའི་སྐབས་ཕུལ་བའི་ཡིག་ཆ་དེ་ཚོ་བོད་མི་ཡོངས་རྫོགས་ཀྱི་བསམ་ཚུལ་དང་མཐུན་པ་ཞིག་རེད་བསམ་གྱི་མེད། གང་ལྟར་རྒྱ་ནག་གཞུང་གི་ངོས་ནས་ཀྱང་དེ་མི་རིགས་རང་ལུགས་རེད་ལ་སོགས་པར་ཁ་གཡར་ཏེ་ངོས་ལེན་བྱས་ཡོད་པ་མ་རེད། དེར་བརྟེན། ང་ཚོའི་ངོས་ནས་མུ་མཐུད་མཇུག་སྐྱོང་རྒྱུ་དང་གཞི་འཛིན་དགོས་དོན་གང་ཡང་ཡོད་པ་མ་རེད་བསམ་གྱི་ཡོད་ཅེས་དང་།

    བཀའ་ཟུར་པདྨ་ཆོས་འབྱོར་ལགས་ཀྱིས། ད་ལྟའི་བར་ང་ཚོས་ངོས་ནས་ལྷག་བསམ་རྣམ་དག་གིས་འབྲེལ་མོལ་གནང་སྟེ། ཁྱོད་ཚོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་འདུག་གི་ཡིན་ཞེས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆ་དེ་སྤྲད་ཟིན་པ་རེད། ད་ང་ཚོས་ཕྱོགས་ནས་ག་རེ་མ་འགྲིག་པ་རེད། གནད་དོན་གཙོ་བོ་རྒྱ་གཞུང་གིས་འབྲེལ་མོལ་ལ་ཁ་གཡར་ཏེ་དུས་ཡུན་ཕྱིར་འགྱངས་བྱ་ཐབས་ཙམ་ལས་འབྲེལ་མོད་གནང་འདུན་མེད་པར་ཐུག་ཡོད་པ་རེད་ཅེས་བཀའ་ཟུར་རྣམ་པས་བོད་རྒྱའི་གྲོས་མོལ་ཐད་ལ་དགོངས་ཚུལ་གསུངས་ཡོད་པའི་སྙིང་དོན་འདིར་བཀོད་པ་ཡིན་ནོ།།

    Reply
  7. རིག་འཛིན། says:
    ལོ་ 12 སྔོན།

    དོན་དངོས་དང་གནས་བབས་གང་ལ་བལྟས་ཀྱང་བཀའ་ཟུར་འཇུ་ཆེན་གྱི་གསུང་བཤད་འདིར་རྒྱུ་མཚན་སྣ་མང་འདུག།

    Reply
  8. ཨ་གཙང་གནས་རྒྱམ། says:
    ལོ་ 12 སྔོན།

    བཀའ་ཟུར་རྣམ་པ་ཚོས་གསུང་བ་ཧ་ཅང་ཡག་པོ་རེད། ད་དུང་བཀའ་ཟུར་ལྷག་མ་རྣམས་ཀྱི་དགོངས་ཚོད་རེ་བཀོད་ཐུབ་ཅི་མ་རུང་།
    དེ་ལྟར་ཐུབ་པའི་ཡིད་ཆེས་དང་རེ་བས་སྒུག་ཡོད། ཁོང་རྣམ་པ་ཚོ་སྤྱི་ཚོགས་དངོས་ལ་ཞུགས་པའི་མཉམ་མྱོང་ཧ་ཅང་ཡོད་སྟབས་ལེགས་ཆ་དེ་དག་ལེན་རྒྱུ་གལ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist