དེ་རིང་ལྷ་ས་འབྲས་སྤུངས་དགོན་པའི་ཧར་སྡོང་ཁང་ཚན་དུ་དགེ་སློང་མ་དཔལ་མོའི་ལུགས་ཀྱི་སྨྱུང་གནས་སྒྲུབ་མཆོད་ཚོགས་བཞིན་ཡོད་ཀྱང་། ཉིན་གུང་ཆུ་ཚོད་ ༡ ཙམ་ལ་གློ་བུར་དུ་རྒྱ་ནག་གི་ཉེན་རྟོག་པ་དང་དྲག་ཆས་དཔུང་དམག་ཡོང་སྟེ། མཆོད་མཇལ་བ་རྣམས་ཕྱིར་ལོག་བྱེད་དུ་བཅུག་ཡོད་པ་མ་ཟད། དགོན་པའི་ལམ་མདོ་ཁག་དང་གླང་བར། ཧར་སྡོང་ཁང་ཚན་གྱི་མཐའ་འཁོར་ཡོངས་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་དམག་མིས་དམ་དྲག་བྱས་ཡོད་འདུག
ལོ་རྒྱུས་ཐོག་ཕྱག་ལེན་གནང་བཞིན་པའི་འབྲས་སྤུངས་དགོན་པར་ལོ་ལྟར་ས་ག་ཟླ་བའི་བོད་ཚེས་ ༡ ནས་ ༡༥ བར་ཧར་སྡོང་ཁང་ཚན་ནང་དགེ་སློང་མ་དཔལ་མོའི་ལུགས་གི་སྨྱུང་གནས་སྒྲུབ་མཆོད་འཚོགས་བཞིན་ཡོད་པ་དང་། ཆོས་ལུགས་བྱེད་སྒོ་དེའི་ནང་སྐྱ་སེར་ཕོ་མོ་སུ་ཡིན་རུང་མཉམ་བཞུགས་གནང་ཆོག་གི་ཡོད་ཀྱང་། ༢༠༠༨ ལོ་ནས་རྒྱ་གཞུང་གིས་བཀག་སྡོམ་བྱས་ཏེ་བྱེད་སྒོ་དེ་བར་མཚམས་ཅད་ཡོད། དགོན་པའི་ངོས་ནས་སྨྱུང་གནས་སྒྲུབ་མཆོད་དེ་སླར་གསོ་ཡོང་ཆེད་གཞུང་ཕྱོགས་ལ་རེ་སྐུལ་སྙན་ཞུ་ཐེངས་མང་ཞུས་མཐར། ཟླ་བ་འདིའི་ནང་ཆོག་མཆན་དངོས་སུ་ཐོབ་པ་ལྟར། དེ་རིང་ཕྱི་ཟླ་ ༥ ཚེས་ ༣༠ ཉིན་སྨྱོང་གནས་ལ་ཞུགས་མཁན་མང་པོ་ཕེབས་ཡོད་ཀྱང་། ཉིན་གུང་ཆུ་ཚོད་ ༡ ཙམ་ལ་གློ་བུར་དུ་གནས་ཚུལ་དེ་བྱུང་ཡོད་འདུག
བོད་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཞིག་དང༌། མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཞིག དེ་བཞིན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞིག་བཅས་ཀྱི་མགོ་ཁྲིད་པའི་ལས་དོན་རུ་ཁག་མི་གྲངས་ ༦༠ ཙམ་འབྲས་སྤུངས་དགོན་པར་རྒྱུན་སྡོད་བྱས་ཏེ། ཁྲིམས་ལུགས་དྲིལ་བསྒྲགས་དང་། དགོན་པའི་ལས་དོན་མཐའ་དག་ལ་སྟངས་འཛིན་དོ་དམ་བྱེད་ཀྱི་ཡོད་པ་མ་ཟད། ༢༠༠༩ ལོར་དྲག་ཆས་ཉེན་རྟོག་དཔུང་སྡེ་ཡང་སྤྱི་བདེ་མེ་གསོད་རུ་ཁག་གི་ངོ་བོའི་ཐོག་དགོན་པར་གསར་འཛུགས་བྱས་ཏེ། དགོན་པའི་སྤྱི་བདེ་མངགས་གཏོང་ཁང་གི་ཉེན་རྟོག་པར་གཞོགས་འདེགས་ཀྱིས་དགེ་འདུན་པ་ཚོར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།
གོང་གསལ་གནས་ཚུལ་དེ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང༌གིས་མཁོ་གཏོང་བྱས།