ད་ལོ་ལོ་སྟོད་རྒྱ་ནག་འབྲི་ཆུའི་འབབ་རྒྱུད་ས་ཁུལ་དུ་ཐན་པ་ཆེན་པོ་བྱུང་བའི་རྗེས། ཡང་བསྐྱར་ཆར་ཞོད་ཆེན་པོ་བརྒྱབ་ཏེ་ཆུ་ལོག་གི་གནོད་འཚེ་འབྱུང་མགོ་བརྩམས་འདུག
ཕྱི་ཟླ་ ༦ པའི་ཟླ་མགོ་ནས་བཟུང་རྒྱ་ནག་གི་འབྲི་ཆུའི་འབབ་རྒྱུད་ས་ཁུལ་དུ་ཆར་ཞོད་རྒྱག་མགོ་བརྩམས་ཡོད་པ་དང་། ཕྱི་ཚེས་ ༡༡ དགོང་མོ་རྒྱ་ནག་གི་ཞིང་ཆེན་ ༡༣ ནང་ཆུ་ལོག་ཆེན་པོ་རྒྱུག་ཏེ། མི་ ༩༤ རྐྱེན་འདས་དང་མི་ ༧༨ གར་སོང་ཆ་མེད་དུ་གྱུར་ཡོད་པར་མ་ཟད། ས་ཞིང་མུའུ་ ༦༩༧༥༠༠༠ དང་ཁང་ཁྱིམ་ ༢༧༡༠༠ ལྷག་ལ་གནོད་སྐྱོན་ཐེབས་ཡོད་འདུག
ད་ལོ་རྒྱ་ནག་གི་འབྲི་ཆུའི་འབབ་རྒྱུད་ས་ཁུལ་དུ་ཡུན་རིང་ཆར་ཆུ་མ་བབ་པར་གཞི་རྒྱ་ཆེ་བའི་ཞིང་ས་མང་པོ་བསྐམས་པ་དང་། མི་ཕྱུགས་ཀྱི་འཐུང་ཆུ་ཆད་པ་སོགས་ཐན་པ་ཆེན་པོ་བྱུང་བར་བརྟེན། ཉེ་བའི་བདུན་ཕྲག་འགའི་ནང་འབྲི་ཆུའི་འགག་གསུམ་གྱི་གཙང་ཆུ་གློད་དགོས་བྱུང་ཡོད་པ་རེད། ཡིན་ནའང་། གཙང་ཆུའི་ཆུ་འགག་གློད་དེ་ཡུན་རིང་མ་སོང་བར་ཆར་ཞོད་ཆེན་པོ་བརྒྱབ་ཏེ་ཆུ་ལོག་གི་གནོད་འཚེ་བྱུང་མགོ་བརྩམས་ཡོད།
གནམ་གཤིས་བརྟག་དཔྱད་མི་སྣས་ཉམས་ཞིབ་ཚོད་དཔག་བྱས་པ་ལྟར་ན། ཕྱི་ཚེས་ ༡༣ ནས་ ༡༥ བར་རྒྱ་ནག་གི་འབྲི་ཆུའི་འབབ་རྒྱུད་ཁུལ་དུ་ཆར་ཤོད་ཆེན་པོ་བརྒྱག་རྒྱུ་ཡིན་པར་མ་ཟད། རྒྱ་ནག་གི་ཨན་ཧེ་དང་ཀྲེ་ཅང་། ཧྥུ་ཅན། ཅང་ཞི། ཧོ་པེ། ཧུའུ་ནན། ཁྲུང་ཆིན། ཀོས་ཀྲུག ཀུང་ཞི་བཅས་ཀྱི་ས་ཁུལ་ནང་ཆུ་ལོག་གི་གནོད་འཚེ་འབྱུང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།