དཀར་མཛེས་ས་ཁུལ་གྱི་བུད་མེད་ཅིག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ། ད་ཆར་ཤུལ་དུ་ཁོ་མོའི་བྱིས་པ་ཆུང་ཆུང་གཉིས་དང་མ་རྒན་བཅས་ལྷག་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་ཚུལ་ཁྲིམས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་ལམ་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་གྱི་མཚན་མོ་དཀར་མཛེས་མདའ་མདོ་གཞི་ཕྱོགས་གཙོ་ཆུ་གྲོང་གི་རང་ལོ་ ༣༧ ཡིན་པའི་བུ་མོ་འཆི་མེད་དབྱངས་འཛོམས་ལགས་རང་ཁྱིམ་ནས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག དེ་ནི་ཉིན་འགའི་སྔོན་ལ་བཙུན་མ་ཞིག་གིས་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ཡིག་ཆ་ཞིག་གཏོར་འགྲེམས་བྱས་ཡོད་པ་དེ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག་ལ། མོ་འཛིན་བཟུང་བྱས་རྗེས་ད་ཆར་གར་ཡོད་ཅི་ཆགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་ཆགས་ཡོད་འདུག
བུ་མོ་འཆི་མེད་དབྱངས་འཛོམས་ལགས་ནི་དེ་སྔོན་ཚོང་ལས་གཉེར་མཁན་ཞིག་ཡིན་ཞིང་། མོ་རང་འཛིན་བཟུང་བྱས་སྐབས་རྒྱ་གཞུང་གི་ཉེན་རྟོག་པ་ཚོས་ཁོ་མོའི་ཁྱིམ་ཡོངས་རྫོགས་སྔོག་བཤེར་བྱས་ཤིང་། ཅ་དངོས་མང་པོ་འཕྲོག་འཁྱེར་བྱས་ཡོད་པ་མ་ཟད། ཤུལ་དུ་ཡོད་པ་དག་ཀྱང་བཅོམ་ཅག་བཏང་ཡོད་འདུག ད་ཆར་མོ་རང་གི་ཁྱིམ་དུ་བུ་ལོ་ ༡༢ ཅན་ཞིག་དང་བུ་མོ་ལོ་ ༧ ཅན་ཞིག གཞན་ཨ་མ་ལོ་ན་ ༧༠ ཡས་མས་ཅན་ཞིག་བཅས་ལྷག་ཡོད་འདུག