མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྣམ་རྒྱལ་གྲྭ་ཚང་གི་གསེར་སྐུ

བོད་ཀྱི་དུས་བབ།
༢༠༡༡/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་ཡེ་ཤེས།

ཕྱི་ལོ་༢༠༡༡ ཟླ་ ༦ པའི་ཚེས་ ༢༩ ཉིན།  བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་གི་གཡས་ཕྱོགས་སུ་ཡོད་པའི་དུས་འཁོར་ལྷ་ཁང་དུ་ཕྱིན་ཅིང་མཆོད་མཇལ་བྱས།   ཕྱི་ལོ་ ༢༠༠༣ ལོའི་ཡར་སྔོན་དུ་ལྷ་ཁང་གི་རྩིགས་ངོས་སུ་བྲིས་པའི་དུས་འཁོར་ལྷ་གྲངས་ཡོངས་རྫོགས་ཀྱི་བྲིས་ཐང་ལས་གཞན་དམིགས་བསལ་མེད་མོད།   ད་སྐབས་༧རྒྱལ་བའི་བཞུགས་ཁྲིའི་མདུན་གྱི་གཡོན་ཕྱོགས་སུ་ཤེལ་སྒམ་ནང་དུ་གསེར་ཟངས་ལས་བསྐྲུན་པའི་དུས་ཀྱི་འཁོར་ལོའི་སྐུ་བརྙན་ཆེན་པོ་བཟོ་རྩལ་ཤིན་ཏུ་ལེགས་པ་ཞིག་དང་།   གཡས་ཕྱོགས་སུ་སྒྲོལ་མའི་སྐུ་བརྙན་ཆེ་བ་སྤུས་ཚད་དེ་བས་ཀྱང་ལེགས་པ་གཉིས་བཞུགས་སུ་གསོལ་འདུག་པས་ཞིབ་མོར་མཇལ་བ་ཡིན།   

དུས་འཁོར་ལྷ་ཁང་འདི་རྣམ་རྒྱལ་གྲྭ་ཚང་གི་ཡིན་ཞིང་།   རྣམ་རྒྱལ་གྲྭ་ཚང་ནི་དམིགས་བསལ་དུས་འཁོར་གྲྭ་ཚང་ཞིག་ཡིན་སྟབས།   དུས་འཁོར་གྱི་སྐུ་བརྙན་འདི་ཡང་ཚད་མར་འཛིན་འོས་པ་ཞིག་ཡིན་པས།   དུས་འཁོར་གྱི་སྐུ་བརྙན་དེའི་ཞལ་ཕྱག་སོགས་ལ་ཞིབ་ལྟ་ཞིག་བྱས་པ་ཡིན།   སྟབས་མ་ལེགས་པ་ཞིག་ལ།   དེ་འདྲའི་འབྱོན་ལེགས་ཀྱི་སྐུ་བརྙན་ཆེན་པོ་དེའི་ཐོག་བཟོ་ཉེས་ཀྱི་སྐྱོན་ཆེན་པོ་བློ་ཡུལ་ལས་འདས་པ་ཞིག་འདུག   ངས་བསྐྱར་དུ་ལྷ་ཁང་གི་དབུས་ཀྱི་རྩིགས་ལྡེབས་སུ་བྲིས་པའི་དུས་འཁོར་ཐང་ག་ལ་བལྟས་པས།   དེ་ཡང་སྐུ་བརྙན་དང་འདྲ་བར་ནོར་བ་གཅིག་མཚུངས་སུ་ཡོད་སྟབས།   པར་ཆས་བླངས་ཏེ་པར་ལེན་སྐབས།    སྐུ་གཉེར་བས་པར་ལེན་ཆོག་གི་མ་རེད་གསུངས་པས།    གསེར་སྐུའི་སྐུ་རྒྱབ་མ་གཏོགས་པར་ལེན་ཐབས་མ་ལྡན།    

དེ་ནས་རྣམ་གྲྭའི་མཁན་པོ་མཇལ་འདོད་སྐྱེས་ཏེ་ཉེ་འཁོར་གྱི་གྲྭ་བ་ཞིག་ལ་མཁན་རིན་པོ་ཆེ་བཞུགས་ཡོད་མེད་དྲིས་པས།    ཁོང་གིས།   མཁན་རིན་པོ་ཆེ་ཤག་ཏུ་བཞུགས་ཡོད་མེད་གང་ཤེས།    སོང་ནས་ལྟོས་དང་ཟེར།   ང་མཁན་རིན་པོ་ཆེའི་བཞུགས་ཤག་དུ་སོང་དུས་ཁོང་གི་གསོལ་དཔོན་ཡིན་ནམ་གྲྭ་བ་ཞིག་གིས།   མཁན་རིན་པོ་ཆེ་རྡ་ཤོད་དུ་ཕེབས་སོང་།   སང་ཉིན་དུས་ཚོད་གསུམ་པའི་ཐོག་ཤོག་གསུངས་པས།   དེ་ལྟར་བྱེད་རྒྱུ་བྱས་ཏེ་བསམ་བློ་གཏོང་བཞིན་ཕྱིར་སྡོད་གནས་སུ་ཡོང་།

མཚམས་འདི་ནས་ངས་ཀློག་མཁན་ཚོར་དུས་འཁོར་གྱི་སྐུ་བརྙན་དང་རྩིགས་ངོས་ཀྱི་དུས་འཁོར་ཐང་ག་གཉིས་ཀར་བཟོ་ཉེས་ཀྱི་སྐྱོན་ཅི་ཞིག་ཡོད་པ་གསལ་བོར་ཞུས་ན་འདོད།   

དུས་འཁོར་གྱི་སྐུ་བརྙན་དང་ཐང་ག་གཉིས་ཀར་གཅིག་མཚུངས་སུ་དཔུང་བ་ལག་ངར་བཅས་ཉེར་བཞི་བྱས་འདུག   ༼སྐུ་རྒྱབ་ཀྱི་འདྲ་པར་ཟུར་དུ་ཡོད་པས་གཟིགས་རོགས།༽དུས་འཁོར་ལ་ཕྱག་ཉེར་བཞི་ཡོད་པ་བདེན་མོད།   ཕྱག་ཉེར་བཞིའི་དོན་དཔུང་བ་ཉེར་བཞི་མ་ཡིན་པར་ཕྱག་ངར་རམ་ལག་ངར་ཉེར་བཞི་ཡིན།   དེའི་རྒྱུ་མཚན་ནི།    དུས་འཁོར་རྩ་རྒྱུད་ལས།   ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག།   ཕྲག་པ་དྲུག་དང་ཉི་མའི་དཔུང་བ་རྒྱལ་བའི་ཕྱག་གི་པདྨ།   ཞེས་གསུངས་པ་ལྟར།   ཟླ་བ་ནི་གྲངས་ཀྱི་མངོན་བརྗོད་དེ་སྐུ་གཅིག་དང་།    ཟུང་ནི་གཉིས་ཏེ་ཞབས་གཉིས།   མེ་ནི་གསུམ་སྟེ་མགྲིན་པ་གསུམ།   ཆུ་གཏེར་ནི་བཞི་སྟེ་ཞལ་བཞི།   ཕྲག་པ་དྲུག་དང་ནི་ཕྲག་པ་དྲུག   ཉི་མ་ནི་བཅུ་གཉིས་ཏེ་དཔུང་བ་བཅུ་གཉིས།   རྒྱལ་བ་ནི་ཉེར་བཞི་སྟེ་ཕྱག་ངར་རམ་ལག་ངར་ཉེར་བཞིའོ།།   

ཞིབ་ཏུ་བཤད་ན་འདི་ལྟར།   དཔལ་དུས་ཀྱི་འཁོར་ལོར་སྐུ་གཅིག་ལ་ཞབས་གཉིས།   མགྲིན་པ་གསུམ།   ཞལ་བཞི།   ཕྲག་པ་དྲུག   དཔུང་བ་བཅུ་གཉིས།   ལག་ངར་ཉེར་བཞི་ཡོད།   

ཕྲག་པ་དྲུག་ཟེར་བ་གཡས་གཡོན་གཉིས་ཀར་ཕྲག་པ་གསུམ་གསུམ་སྟེ་དྲུག་ཡོད་པའི་དོན་རེད།   ཕྲག་པ་རེ་རེའི་སྣེ་ནས་དཔུང་བ་གཉིས་གཉིས་གྱེས་པས་གཡས་གཡོན་གཉིས་སུ་དཔུང་བ་བཅུ་གཉིས་ཡོད།   དེ་བཞིན་དུ་དཔུང་བ་རེ་རེའི་སྣེ་ནས་ཕྱག་ངར་རམ་ལག་ངར་གཉིས་གཉིས་གྱེས་པས་གཡས་གཡོན་གཉིས་སུ་ཕྱག་ཉེར་བཞི་ཡོད།   དེ་ལྟར་ན་ཕྲག་པ་རེ་ལས་དཔུང་བ་གཉེས་རེ་གྱེས།   དཔུང་བ་རེ་ལས་ཕྱག་ངར་རམ་ལག་ངར་གཉིས་རེ་གྱེས་པས།  ཕྱོགས་གཅིག་གི་དབང་དུ་དབང་ན།   ཕྲག་པ་གསུམ།   དཔུང་བ་དྲུག   ཕྱག་བཅུ་གཉིས།   ཕྱོགས་གཉིས་བསྡོམས་ན།   ཕྲག་པ་དྲུག   དཔུང་བ་བཅུ་གཉིས།   ཕྱག་ཉེར་བཞི་ཡོད།   

གལ་ཏེ་ཕྱག་དང་དཔུང་བ་མཉམ་བསྲེ་བྱས་ནས་ཉེར་བཞི་བྱས་ན།   གཏན་ནས་མི་འགྲིག་སྟེ།   དཔུང་བ་བཅུ་གཉིས་ནི་དོན་དམ་པའི་ས་བཅུ་གཉིས་ཡོངས་སུ་རྫོགས་པའི་བརྡ་དང་།   ཕྱག་ཉེར་བཞི་ནི་དུས་གཟེར་ཉེར་བཞི་རྣམ་པར་དག་པའི་བརྡ་ཡིན་ནོ།།   

གལ་ཏེ་རང་ལུགས་ལ་དེ་ལྟར་རོ་སྙམ་ན།   རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ།   ཤིང་པར་མའི་གླེགས་བམ་ཉ་པ།   བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་མཁས་གྲུབ་ཞལ་ལུང་ཞེས་པའི་ཤོག་གྲངས་བཞི་བཅུའི་སྲིབ་ངོས།   དབྱིན་ཨང་།  ༣༣༠ ཐིག་ཕྲེང་ལྔ་བར།   གཡས་གཡོན་གྱི་ཕྲག་པ་དང་པོ་སྔོན་པོ།  གཉིས་པ་དམར་པོ།    གསུམ་པ་དཀར་པོ་སྟེ་ཕྲག་པ་དྲུག   གཡས་གཡོན་གྱི་དཔུང་བ་དང་པོ་གཉིས་གཉིས་སྔོན་པོ།   གཉིས་པ་གཉིས་གཉིས་དམར་པོ།   གསུམ་པ་གཉིས་གཉིས་དཀར་པོ་སྟེ་དཔུང་བ་བཅུ་གཉིས།    ཕྱག་ཉི་ཤུ་རྩ་བཞིའི་དང་པོ་བཞི་བཞི་ནག་པོ།    གཉིས་པ་བཞི་བཞི་དམར་པོ།    གསུམ་པ་བཞི་བཞི་དཀར་པོ།   ཞེས་གསུངས།

ཡང་།   དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་གྱི་སྒྲུབ་ཐབས་དངོས་གྲུབ་ཀུན་གྱི་བུམ་བཟང་།   ཤོག་གྲངས་སོ་ལྔའི་སྲིབ་ངོས།    དབྱིན་ཨང་།  ༤༧༤  ཐིག་ཕྲེང་བཞི་བར།   གཡས་གཡོན་གྱི་ཕྲག་པ་དང་པོ་སྔོན་པོ།  གཉིས་པ་དམར་པོ།    གསུམ་པ་དཀར་པོ་སྟེ་ཕྲག་པ་དྲུག   གཡས་གཡོན་གྱི་དཔུང་བ་དང་པོ་གཉིས་གཉིས་སྔོན་པོ།   གཉིས་པ་གཉིས་གཉིས་དམར་པོ།   གསུམ་པ་གཉིས་གཉིས་དཀར་པོ་སྟེ་དཔུང་བ་བཅུ་གཉིས།    ཕྱག་ཉི་ཤུ་རྩ་བཞིའི་དང་པོ་བཞི་བཞི་ནག་པོ།    གཉིས་པ་བཞི་བཞི་དམར་པོ།    གསུམ་པ་བཞི་བཞི་དཀར་པོ།   ཞེས་གསུངས་པ་དང་ཤིན་ཏུ་འགལ་བ་རེད།

 

དེང་སྐབས་༧གོང་མཆོག་གིས་འཛམ་གླིང་ཧྲིལ་བོ་ཞབས་ཀྱིས་བཅགས་ཏེ་དུས་འཁོར་དབང་ཆེན་ཐེངས་མང་གནང་དང་གནང་བཞིན་པའི་བཀའ་དྲིན་ལ་བརྟེན།     ཤེས་ལྡན་མི་ཉུང་བ་ཞིག་གིས་བོད་ཀྱི་ནང་ཆོས་སྤྱི་དང་།   ལྷག་པར་དུ་དུས་འཁོར་ལ་ཚད་མཐོའི་གདེངས་འཇོག་བྱེད་བཞིན་པ་དང་ཆབས་གཅིག   རྡ་རམ་ས་ལའི་དུས་འཁོར་གྲྭ་ཚང་དང་དུས་འཁོར་ལྷ་ཁང་ཡང་ཚད་མར་འཛིན་བཞིན་པའི་སྐབས་འདིར།   དུས་འཁོར་གྲྭ་ཚང་གིས་འདི་ལྟར་མ་བརྟག་མ་དཔྱད་པར་མ་དག་རྒྱུན་འབྱམས་སུ་བཏང་བ་ཡིན་ན།   དེ་ནི་འགན་མ་ཁུར་བའི་བྱ་བཞག་ཅིག་དང་།    བོད་ཀྱི་ནང་བསྟན་ཆོས་ལུགས་དང་།   དེའི་དབུ་ཁྲིད་༧གོང་ས་མཆོག་གི་མཛད་འཕྲིན་ལ་ཤ་ཚ་མེད་པའི་རྟགས་ཡིན་པས།   ཕྱིན་ཆད་གཟབ་གཟབ་བྱེད་དགོས་སྙམ།

ཕྱི་ཟླ་ ༦ ཚེས་ ༣༠ ཉིན།   ཡང་བསྐྱར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེའི་༼ཁྲོམ་ཐོག་རིན་པོ་ཆེ།༽གཟིམ་ཤག་ཏུ་བཅར་བས།   ཐོག་མར་གྲྭ་བ་གཉིས་ཀྱིས་ནང་དུ་ཤོག་ཅེས་བརྡ་བྱུང་བས་ནང་དུ་ཕྱིན།   ནང་དུ་མཁན་རིན་པོ་ཆེ་དང་།   གཞན་གྲྭ་བ་གཅིག   བུ་མོ་གཉིས་བཅས་འདུག  ང་ནང་དུ་འཛུལ་མ་ཐག   མཁན་རིན་པོ་ཆེས།   དོན་དག་ཅི་ཞིག་ཡོད།   དེ་རིང་ང་ཚོར་བྲེལ་བ་ཆེན་པོ་ཞེ་དྲག་ཡོད།   ག་རེ་ཡིན་ནམ།   ག་རེ་ཡིན་ནམ་ཞེས་གསུངས།   དེ་དུས་ངས་གལ་ཆེན་པོ་མིན།   དོན་དག་ཆུང་ཆུང་ཞིག་ཞུ་རྒྱུ་ཡོད་མོད།   རྗེས་སུ་མཇལ་ཆོག་ཅེས་ཞུས་ཏེ་ཕྱིར་ཡོང་གྲབ་བྱས་པས།   ཡང་བསྐྱར་མཁན་རིན་པོ་ཆེས།   ད་ལྟ་ཤོད།   རྗེས་སུ་དུས་ཚོད་རག་རྒྱུ་ཁག་པོ་རེད་ཅེས་གསུངས།   ངས་གུས་བཀུར་བཅས།   རྣམ་རྒྱལ་གྲྭ་ཚང་དུས་འཁོར་གྲྭ་ཚང་རེད།   ཚང་མས་དུས་འཁོར་གྱི་ཕྱོགས་ནས་ཚད་མར་འཛིན་གྱིན་ཡོད་པ་རེད།   འོན་ཀྱང་དུས་འཁོར་ལྷ་ཁང་ནང་གི་དུས་འཁོར་གྱི་སྐུ་བརྙན་དེའི་དཔུང་བ་དང་ཕྱག་གི་གྲངས་ནོར་འདུག་པས།   དེའི་ཐད་མཁན་རིན་པོ་ཆེས་དགོངས་བཞེས་གནང་རོགས་ཞུས་པས།   ཁོང་གིས་ཕྱག་གནམ་ལ་གཡུག   དབུ་ཐད་ལ་གཡུག་བཞིན།   དེ་བཟོ་བཅོས་གཏན་ནས་བྱེད་ཆོག་གི་མ་རེད།   འདི་༧རྒྱལ་བ་རིན་པོ་ཆེའི་ཐུགས་བཀོད་ལྟར་བཞེངས་པ་རེད།   དེ་ཁག་པོ་ཞེ་དྲག་རེད།   དེ་མིན་གཞན་མེད་ན་ད་ཕེབས་རོགས།   ང་ཚོར་ལས་ཀ་མང་པོ་ཞེ་དྲག་ཡོད་ཅེས་གསུངས་པས།   ངས་ལགས་སོ།།   ང་འགྲོ་ཆོག་ཅེས་ཕྱིར་ཡོང་བ་ཡིན།   དོན་ངོ་མར་ངས་མཁན་རིན་པོ་ཆེར་དེའི་ཐད་དགོངས་བཞེས་གནང་རོགས་ཞུས་པ་ཙམ་ལས།   སྐུ་བརྙན་དེ་འཕྲལ་དུ་བཟོ་བཅོས་བྱེད་དགོས་ཞེས་ཞུས་མེད་མོད།   ཁོང་གིས་དེ་ལྟར་ལན་འདེབས་གནང་བྱུང་།   

གལ་ཏེ་༧གོང་ས་མཆོག་གིས།   དུས་འཁོར་སྐུ་བརྙན་འདི་འདྲ་ཞིག་བཞེངས་དགོས་ཞེས་གསུངས་པ་ལྟར་བཞེངས་པ་ཡིན་དུ་ཆུག་ཀྱང་།   ༧གོང་ས་མཆོག་གིས།   དུས་འཁོར་ལ་མགོ་ཡི་གྲངས་འདི་དང་།   དེ་བཞིན་དུ་ཕྲག་པའི་གྲངས་འདི།  དཔུང་བའི་གྲངས་འདི།    ལག་ངར་གྱི་གྲངས་འདི་ཡོད་པ་ཅིག་བཞེངས་དགོས་ཞེས་གསུངས་ཡོད་དམ།  

གང་ལྟར་སྐུ་བརྙན་དང་ཐང་སྐུ་སོགས་གང་ཡིན་ཀྱང་།   ཕྱིན་ཆད་ང་ཚོས་གཟབ་གཟབ་མ་བྱས་ན།  འབྲུག་ཡུལ་གྱི་རྡོ་རྗེ་གཅོད་པ་ལྟར་འགྱུར་ངེས་པས།   འབྲེལ་ཡོད་ཚང་མས་ཐུགས་གཟབ་གནང་རོགས་ཞུས་འབོད་བསྐུལ་ཞུ་བ་ཡིན།

 

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 22

  1. adeng says:
    ལོ་ 15 སྔོན།

    རི་མོའམ་གསེར་ཟངས་རིགས་སྐུ་བརྙན་བཟོས་ནས་འགྲེལ་བཤད་རྒྱག་དགོས་པ་ག་ལ་ཡིན།མདོ་རྒྱུད་ལ་གཟིགས་ནས་རི་མོའམ་གསེར་ཟངས་ཀྱིས་སྐུ་བརྙན་བཟོ་དགོས་པ་ལོད་ཡིན།་དེ་ཡང་རྒྱུད་སྡེ་ལས།ཐིག་ཚད་མི་ལྡན་པའི་སྐུ་ལ་ཡེ་ཤེས་མི་འཇུག་ཞེས་གསུངས་པ་ལྟར་རོ།

    Reply
  2. gyatso says:
    ལོ་ 15 སྔོན།

    མངོན་རྟོགས་ལ་གཟིགས་རྒྱུ་ནི་གལ་ཆེན་པོ་རེད།

    Reply
  3. ཤར་མཁན་སྤྲུལ། says:
    ལོ་ 15 སྔོན།

    གམ་བཅར་བ།
    ཁྱོད་ཀྱིས་སྐྱག་འགོ་གཉང་བཏུམ་གིས་རང་སྐྱོན་འགེབས་ཐབས་ཀྱི་གཏམ་མ་བཤད་ན་མཛེས་གི་རེད། དུས་འཁོར་ལ་དཔུང་པ་བཅུ་གཉིས་ལས་ཉེར་བཞི་མེད་པ་རྣམ་རྒྱལ་གྲྭ་ཚང་གིས་སྔོན་ཚུད་ནས་ཤེས་རྟོགས་དང་རྒྱུས་ལོན་བྱུང་ཡོད་ན་ལོ་དེ་འདྲེའི་མང་བོ་ཞིག་ལ་ཁུང་མེད་ཀྱི་འདྲེ་འསྐུ་འདྲ་བོ་བསམ་བཞིན་དུ་བཞག་པ་ཡིན་ནམ། དང་བོ་བཟོ་དུ་ནས་མ་ཤེས་ན་ཡར་འཇོག་པའི་ཉིན་མོ་མ་ཤེས་པ་ངོ་མི་ཚ་བར་ད་དུང་གཞན་ལ་ལག་པ་ཕྱི་རྒྱུ་ཡིན་ནམ།
    མི་ལོ་དུ་མའི་རང་དུ་འཛམ་གླིང་མི་མང་གི་མདུན་སར་ཞབས་འདྲེན་བྱས་པའི་ལེ་ལན་སྦྱིན་བདག་ལ་འགེལ་རྒྱུ་ཡིན་ནམ། ཁྱེད་ཚོའི་ངན་མཚང་རི་འདྲ་བོ་དེ་ ཇོ་ནང་ཁལ་ཁ་རྗེ་བཙུན་དམ་པའི་སྦྱིན་བདག་བྱས་པ་ལ་འགེལ་ཐབབས་བྱེད་པ་ནི་ངོ་ཚ་མི་ཤེས་པའི་གཏམ་ཡིན་པ་སུ་ཡིས་ཡང་ཤེས་ཐུབ།
    ཁྱོད་ཀྱིས་གཞན་གྱི་ཡིག་སྐྱོན་འཕྲན་བུའི་རིགས་ཚུན་ཆད་ཀྱི་གཞན་སྐྱོན་ཁབ་ཙམ་ལ་ཡང་སྐྱོན་བརྗོད་ནས་རང་སྐྱོན་རི་བོ་འདྲ་བོ་དེ་འགེབས་ཐུབ་བསམ་གི་ཡོད་དམ། དེ་ནི་ཁྱོད་ཀྱིས་རྒྱ་ཆེའི་གཟིགས་མཁན་ཡོངས་རྫོགས་མགོ་སྒོར་གཏོང་ཐུབ་པའི་ཀུན་སློང་དང་རེ་བ་བྱེད་པ་ཀུན་གྱིས་ཤེས་སླ། རང་སྐྱོན་ངོས་མ་ལེན་ཡང་གཞན་ལ་མ་འགེལ་རོགས་གནང་།

    Reply
  4. སེམས་དཀར། says:
    ལོ་ 15 སྔོན།

    བློ་ཡེ་གིས་བཤད་པ་དེའི་ཐོག་ཁ་བརྡ་དྲ་ཐོག་ན་བགྲོ་གླེང་ཡག་ཐག་ཆོད་བྱས་འདུག
    ཨོ། གོང་དུ་གྲྭ་རྒོད་ཀྱིས་བཤད་པའི་ཟླ་ཚེས་ཐོག་བློ་ཡེ་རང་གིས་ཁ་བརྡའི་ཐོག་ནོར་བཅོས་བྱས་འདུག
    བློ་ཡེ་འདི་ངར་བ་ཞིག་རེད་འདུག དུས་འཁོར་ལ་དཔུང་པ་བཅུ་གཉིས་དང་ཕྱག་ཉེར་བཞི་ཡོད་པའི་ཁུངས་རྒྱུད་དང་བསྟན་བཅོས་མང་པོའི་ལུང་གསལ་བོར་བཀོད་པ་མ་ཟད། དེ་ལྟར་བཞེངས་པའི་ཐང་རྙིང་མང་པོའི་དྲ་ཐག་ Link ཡང་བཀོད་དེ་གསལ་བོར་བྱས་འདུག་པས། རྩོད་གླེང་འདིས་ང་ཚོའི་སྤྱི་ཚོགས་ཐོག་ཕན་ལས་གནོད་པ་ཞིག་མེད་པ་འདྲ།
    དྲ་གྲོགས་ཚོ་དྲ་ཐག་འདིར་ཕེབས་ནས་གཟིགས་དང་།
    http://www.khabdha.org/?p=20079

    Reply
  5. ཤེས་རབ་འབྱུང་གནས། says:
    ལོ་ 15 སྔོན།

    གྲྭ་རྒོད་ཀྱིས་གསུང་པ་བདེན་པ་འདྲ་བོ་འདུག ཡིན་ནས་ང་ཚོས་ག་རེ་ཡིན་ན་དྲང་མོ་ལབ་དགོས་རེད། བློ་བཟང་ཡེ་ཤེས་ཟེར་བ་དེས་ཟླ་ཚེས་འབྲི་ནོར་ཡིན་པ་ཁོ་རང་གིས་ཁ་བརྡ་དྲ་བའི་ཐོག་འདི་ལྟར་བྲིས་འདུག ༼འདིར་དྲ་གྲོགས་ཡོངས་ལ་དགོངས་སེལ་བཅས་ནོར་བཅོས་ཞུ་དགོས་པ་ཞིག་ལ། ངས་ཐོག་མར་ཉིན་ཐོ་འདེབས་སྐབས་ཟླ་གྲངས་ནོར་འདུག་པས། གོང་དུ་ཟླ་ ༦ ཚེས་ ༢༩ དང་ ༣༠ ཞེས་བྲིས་པ་དེ་ཟླ་ ༥ པའི་ཚེས་ ༢༩ དང་ ༣༠ རེད་ཅེས་ནོར་བཅོས་ཞུ་བ་ཡིན།༽

    དུས་འཁོར་ངས་ཡག་པོ་ཤེས་ཀི་མེད། ཡིན་ནས་ད་འདང་རྒྱབ་དུས་ཁོས་ལབ་པ་ལ་རྒྱུ་མཚན་ཡོད་པ་ཞིག་མཐོང་གི་འདུག ཁྱེད་ཚོས་googleཐོག་ནས་གཟིགས་དང་དཔུང་པའི་སྣེ་ནས་ལག་ངར་སྐྱེས་པའི་ཐང་ག་མང་པོ་འདུག ཞིབ་ལྟ་བྱས་ན་དེ་དག་རྒྱུད་དང་མཐུན་པ་ཡིན་རྒྱུ་རེད་དྲན་གི་འདུག
    ག་རེ་ཡིན་ན་བློ་བཟང་ཡེ་ཤེས་ཀྱིས་འདི་ལྟར་དྲན་བསྐུལ་བྱས་པས་བཟང་ཆ་ལས་སྐྱོན་ཞིག་མེད་ཀི་བསམ་གི

    Reply
  6. གྲྭ་རྒོད says:
    ལོ་ 15 སྔོན།

    རྣམ་རྒྱལ་གྲྭ་ཚང་གིས་མཁན་པོའི་སྐྱོན་ཡིན་པ་མཐོང་མ་སོང་།གང་ཡིན་ཟེར་བ་སྐུ་འདྲ་བཟོ་མཁན་ཀྱི་སྐྱོན་རེད་བསམ་འོན་ཀྱང་གསར་ཏུ་བཟོས་པའི་དུས་ཤེས་དགོས་པ་དང་སུ་ཞིག་གི་རྩིས་ལེན་བྱས་ཡོད་པ་དེ་ཤེས་ན་དེ་གསལ་པོ་ཆག་ཐུབ་གི་རེད་བསམ།གསར་བསྒྲགས་འདི་སྤེལ་མཁན་ལ་བདེན་པ་ཡིན་མིན་ཐོག་དོག་པ་ཞིག་འདུག ཁོང་གི་བཤད་རྒྱུ་ལ་༢༠༡༡/༦/༢༩ /ལ་འདི་སྤེལ་འདུག ཁོ་རང་ཉིད་མཁན་རིན་པོ་ཆེ་ལ་མཇལ་བ་ཚེས་༣༠ རེད་འདུག་པས་རྫུནཡིན་མིན་གསལ་པོ་ཤེས་མ་སོང་།ཞིབ་འཇུག་ཡག་པོ་བྱེད་རོགས་གནོང་།

    Reply
  7. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    བློ་བཟང་ཡེ་ཤེས་ལགས་ཀྱིས་གསུངས་པར་བདེན་པ་ཡོད་ཤག་རེད། འོན་ཀྱང་ད་དུང་བརྟག་དཔྱད་ངེས་པར་བྱེད་དགོས། འདིའི་འགན་གཙོ་བོ་བློ་བཟང་ཡེ་ཤེས་རང་ལ་ཡོད། ག་རེ་བྱས་ནས་ལབ་ན། འདིའི་གནད་དང་པོ་རྟོགས་མཁན་ཁོང་རང་རེད། རྣམ་རྒྱལ་གྲྭ་ཚང་གིས་ཁ་ཡ་མ་བྱས་ཀྱང་འདི་གནད་དོན་མ་རེད། དེ་ལས་སྐུ་སྒེར་ཡིག་ཚང་ལ་བཅར་དགོས་རེད། རྒྱུ་མཚན་ནི་རྣམ་གྲྭའི་མཁན་པོས་བསྒྱུར་བཅོས་བྱེད་ཆོག་གི་མ་རེད། འདི་༸གོང་ས་མཆོག་གིས་བཀའ་འབྲེལ་ལྟས་བཞེངས་རེད་གསུངས་འདུག དེའི་ཕྱིར་སྐུར་སྒེར་ཡིག་ཚང་རང་ལ་འབྲེལ་བ་བྱེད་དགོས་རེད།

    དེ་ནས་ད་ལྟའི་ཆར་བཙན་བྱོལ་ནང་དུས་འཁོར་གྱི་གདམས་པའི་མཛོད་འཛིན་དམ་པ་སྐྱབས་རྗེ་ཀིརྟིའི་མཚན་ཞབས་རིན་པོ་ཆེ་ནི་མ་བཞུགས་པ་རེད། ད་ཁོང་གི་རྗེས་འབྲངས་པ་དང་དུས་འཁོར་ཆེད་ལས་ཞིབ་འཇུག་པ་ན་གཞོན་རྩོམ་པ་པོ་ཤེས་རབ་དར་རྒྱས་རྡ་སར་བཞུགས་ཡོད་ཤག་ཡིན། ཁོང་ལ་འབྲེལ་གཏུགས་འདྲ་བྱས་ན་གནས་ཚུལ་རྒྱུས་ལོན་ལ་ཕན་ཐོག་ཆེ་བ་ཡོང་གི་རེད།

    Reply
  8. རྒྱ་རྙི། says:
    ལོ་ 15 སྔོན།

    ཟིན་བྲིས་སྤེལ་མཁན་དྲ་གྲོགས་བློ་བཟང་ཡེས་ཤེས་ལགས་ལ་ཞུ་རྒྱུར།
    ད་དུང་ཁྱེད་ལ་རྒྱབ་བརྟེན་ཡོད་པས། ཁ་པར་ཨང་གྲངས་འདིར་འབྲེལ་བ་གནང་རོགས་ཞུ། ༩༨༡༦༨༨༩༦༠༣

    Reply
  9. གཡུ་རལ་བཀྲ་རྒྱམ། says:
    ལོ་ 15 སྔོན།

    དུས་བབས་སྟེང་ལ་ཕྱི་ཚེས་༢༩་ཉིན་བཀོད་འདུག་པས་ཁྱོད་ཕྱི་ཚེས་༣༠་ཉིན་མཁན་པོར་མཇལ་བ་ཡིན་ན་མཐུན་གྱི་མི་འདུག།

    Reply
  10. གཡུ་རལ་བཀྲ་རྒྱམ། says:
    ལོ་ 15 སྔོན།

    བློ་བཟང་ཡེ་ཤེས་ལགས་ཐུགས་ཁུར་ཡག་པོའི་ངང་བྲིས་འདུག། འོན་ཀྱང་ཚེས་གྲངས་དེ་ཏག་ཏག་ཞིག་བསྡད་མི་འདུག།

    Reply
  11. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ཚང་མས་ཐུགས་ལ་བཞག་དགོས་པ་ནི། ང་ཚོས་དུས་རྟག་ཏུ་ནང་འཛྀང་རྒྱག་རྒྱུར་འཛིམ་དགོས་པ་ཡིན། སྐྱོན་བརྗོད་བྱེད་ན་ལྷག་བསམ་དག་དགོས། གཞན་ཕན་གྱི་བསམ་བློས་སྐྱོན་བརྗོད་བྱོས།

    Reply
  12. དྲ་མྱི says:
    ལོ་ 15 སྔོན།

    ངོ་མ་ཤ་ཚ་བའི་གཏམ་རེད་ཧ་ཅིང་ཡག་པོ་འདུག མ་འོང་བར་འདི་འདྲ་ཙམ་མ་ཡིན་པར
    སེར་མོ་བ་སྤྱིའི་ལེགས་ཉེས་གླེང་རྒྱུ་གལ་ཆེན་དུ་མཐོང་།

    Reply
  13. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    སྐུ་ཞབས་བློ་ཡེ་ཤེས་ལགས་ཀྱིས་ངོ་མ་ཞིབ་ཕྲ་ལྟོས་འདུག་ལ་ཞིབ་ཕྲ་དཔྱད་འདུག་པས་དེ་ལ་རྣམ་རྒྱལ་གྲྭ་ཚང་རང་ངོས་ནས་དང་དུས་འཁོར་ཆེད་མཁས་བ་དེ་འདྲ་གདན་དྲངས་ནས་རྟགས་དཔྱད་ནན་ཏན་གྱིས་གསལ་ཁ་ཞིག་བཟོ་དགོས་པ་ལས་འདི་ལྟར་སྣང་མེད་དུ་བཞག་ན་གཏན་ནས་འགྲིག་གི་མ་རེད། ཡང་གཅིག་བྱས་ན་འདི་ལྟར་བཞེངས་སྟངས་ཤིག་ཀྱང་ཡོད་མེད་མི་ཤེས། གལ་སྲིད་དེ་འདྲའི་བཞེངས་སྟངས་ཤིག་ཡོད་ན་གསལ་དགོས་ཀྱི་འདུག་པ་ལས་༧གོང་ས་མཆོག་གི་དགོངས་པ་རེད་ཟེར་ནས་ནག་ཉེས་དང་སྐྱོན་ཆ་ཐོས་ཤོར་ཡོད་ཚད་༧གོང་ས་མཆོག་ལ་ལག་པ་ཕྱིས་ན་གཏན་ནས་འགྲིག་གི་མ་རེད། ང་ཚོའི་སྤྱི་ཚོགས་ནང་དུ་འདི་ལྟའི་ངན་པ་ལངས་ཤོར་གྱི་ལུགས་སྲོལ་རུལ་བ་དེ་འདྲ་ཡོད་པ་རེད། བཟང་ཆ་དང་ལེགས་ཆ་ཞིག་ཡོད་ཚེ་ཁོ་ཚོའི་མིང་ཐོག་ལ་བསྒྱུར་བ་དང་ནག་ཉེས་དང་སྐྱོན་ཆ་ཞིག་བྱུང་རྗེས་ལམ་སེང་༧གོང་ས་མཆོག་ལ་ལག་པ་ཕྱིས་རྐྱང་བྱས་ཀི་རེད། དེ་དག་ནི་ང་ཚོས་ཐེར་འདོན་བྱེད་དགོས་པ་རེད།

    Reply
  14. གླང་དར་མ། says:
    ལོ་ 15 སྔོན།

    དམག་སྒར་གྱི་གྲྭ་པ་ཞིག་ལ་སྙན་ངག་གླེང་བ།
    [ སེང་རྡོར། ] [ 2011-6-29 ]

    གྲྭ་བརྒྱ་ཕྲག་སྟོང་ཕྲག་འདེད་སྒང་དུ། །
    དམག་ཁྲི་སྐོར་འབུམ་སྐོར་ཡོང་སྒང་དུ། །
    ཁྱོད་རང་ཤག་མུན་པའི་གདན་འཁྱག་ཐོག །
    རྩོམ་བཅད་གསར་འབྲི་ཞིང་དཀའ་བ་སྤྱོད། །

    རང་མདང་ནུབ་བཏང་བའི་ཞལ་པར་དང་། །
    དེའི་སྔ་ནུབ་བྱས་པའི་དྲི་བ་ཁག །
    མདོ་རྩ་བ་བསྒྲིལ་ན་སྙན་ངག་ལ། །
    ཐབས་སྒོ་མོ་ཇི་ལྟར་ཡོད་ལུགས་རེད། །

    རྫོང་གང་ནས་དྲ་ལམ་བསྡམས་ལུགས་དང་། །
    སྒར་དེ་ནས་འཕྲིན་ལམ་གཤེར་ལུགས་ཀྱིས། །
    ཚུར་དྲིས་པ་བཞི་གཤིབ་ལྔ་གཤིབ་གྲག །
    ལན་པ་བཏབ་པ་བདུན་རྐྱ་བརྒྱད་རྐྱ་འགྲོ །

    འདིར་མཉན་ན་རང་ལ་ཆམ་སྐད་གྲག །
    གཏམ་མགོ་བོ་ཡོད་ཀྱང་རྔ་མ་མེད། །
    དེར་གསན་ན་ང་ཡང་ལྕེ་ཐོག་ཏུ། །
    རྨ་ཆེ་ཆུང་མང་པོ་བུད་འདྲར་ངེས། །

    དོན་དེའི་ཕྱིར་དྲི་ལན་མ་ངེས་ན། །
    བུ་སེང་འཇམ་སུར་ཡང་ལན་པ་མེད། །
    ལན་ཐག་ཆོད་ངག་གི་དགྲ་བོ་སྟེ། །
    ཁྱོད་ང་གཉིས་བར་གྱི་སྐུད་ལམ་འདི། །

    ངས་ད་སྟེ་ཁྱོད་ཀྱི་དྲི་ལན་ནི། །
    གནད་ཚིགས་བཅད་འགའ་ལ་བསྡུས་ཏེ་འབྲི། །
    ཆར་དུས་ཐོག་ཡིན་ན་ཨེ་མ་ཧོ། །
    མདའ་ས་སྟོང་ཤོར་ན་ག་ལེར་ཤོག །

    དཔེ་མང་པོ་འགོད་དོན་གོ་བའི་ཆེད། །
    ཆ་མང་པོ་འཇོག་དོན་ངེས་པའི་ཕྱིར། །
    གནད་དེ་གཉིས་ལག་ཏུ་ལོན་གྱུར་ན། །
    རྩལ་ལྷག་པ་བསྟན་རྒྱུ་ཡོད་མ་རེད། །

    དཔེ་བྱང་ཕྱོགས་མུན་པའི་སྨག་རིམ་ན། །
    དཔེ་གངས་ལ་ཉི་མ་ཤར་བ་བཞིན། །
    ཁོང་གནའ་མི་ངག་ལ་དཔའ་ཚུལ་ལོ། །
    ཁྱོད་ང་ཚོའི་ཡིད་བརྙན་ཨ་འུ་ཙི། །

    ཁྱོད་རང་བདག་དམྱལ་བ་མནར་མེད་དེ། །
    མི་གཞན་ལ་དངོས་སུ་སྤོ་ཐུབ་ན། །
    རྩོམ་སྙན་ངག་ཡོང་རྐྱང་ཡོང་ཚར་རེད། །
    ཐབས་ཡ་མ་གཟུགས་དག་མེད་ཀྱང་ཅི། །

    ལམ་ཕར་དཀྱོགས་ཚུར་དཀྱོགས་བྱེད་པ་ནི། །
    གཞན་དགོད་ཆེད་མིན་ན་ངུ་ཆེད་དོ། །
    དེ་ཕན་གྱི་དགའ་མིན་སྡུག་མིན་ཞིག །
    འབད་མི་དགོས་ཉིན་གང་རང་ཆས་གདའ། །

    སྨད་ཨ་མདོའི་རོགས་མཐུན་དག་ཚར་ཞིག །
    རྗེ་ཞབས་དྲུང་མཚན་ཅན་བཤུམས་སྐད་ཡོད། །
    དེ་སྙན་ངག་ཡིན་འགྲོ་མིན་འགྲོ་ཞེས། །
    བློ་དོགས་ཆུང་ང་གཉིས་མེད་དང་མེད། །

    འཕྲད་བཀླགས་རིང་མཆི་མ་ཚོད་མེད་བྱུང་། །
    ཁད་བསམས་ཤིང་སྔམ་པ་ཏུར་ཏུར་འཆོར། །
    འདང་གཅིག་བརྒྱབ་ཕག་ལ་གཉིས་ཀྱང་ཡོད་། །
    དེ་ཕན་གྱི་སྙན་ངག་བྱེད་རེ་ཤི །

    འདི་སྙན་ངག་རེད་པས་ཐབས་རྩལ་ནི། །
    ལོགས་གཞན་ནས་འཚོལ་ཞེས་ང་མི་འདོད། །
    བརྡ་ཡི་གེའི་རྣམ་འགྱུར་ཟད་མཐའ་མེད། །
    དེ་གྲངས་སུ་བསྡུ་བར་ང་མི་འདོད། །

    ཝེ་དྲ་གྲོགས་ཁྱེད་ཀྱི་ཞལ་པར་ལ། །
    སྒྲ་ཞར་བྱུང་འདི་ཙམ་ཆེ་བ་ལ། །
    ཡང་རྐྱེན་ངན་གང་འདྲ་འབྱུང་ངམ་ཅི། །
    ཕར་དྲ་མིག་ཁ་ལ་གཟིགས་ཙམ་གྱིས། །

    ཨོ་ད་དུང་དངོས་མིང་འཇམ་དབྱངས་སམ། །
    རང་བློ་མིག་བཏགས་པ་འདི་ཡང་དགོངས། །
    ཉིན་དེ་ལ་གླིང་མཐར་འབར་བའི་ཁོང་། །
    སེམས་ཡ་ཆུང་དཀྱིལ་ལ་འབར་རམ་ཅི། །

    ཁོང་མཆེད་ཅིང་མཆེད་པ་སྙན་ངག་གིས། །
    ཚིག་དོ་བ་ཤུར་ཤུར་ཕྲིས་ལ་ཤོག །
    ཁོང་འབར་ཞིང་འབར་བ་སྙན་ངག་གིས། །
    ངག་གསུར་དྲི་ཅིལ་ཅིལ་རྩོམ་ལ་ཤོག །

    ཕར་རྫོང་རྒྱབ་འགྲོ་རྐྱང་མ་ཡོད་པ། །
    མཚོན་མ་ཐུབ་སྙན་ངག་རོ་ལ་རྒྱོབ། །
    ཚུར་དགོན་ནང་གཤེགས་རྐྱང་མ་ཡོད་པ། །
    ཤོད་མ་ཐུབ་སྙན་ངག་རྫས་ལ་ཕུད། །

    བོའུ་གཉའ་ལྟག་ལེན་བཞིན་སྤྲིན་དཀར་གྱི། །
    འོད་བླ་བྲེ་རྩོམ་སྙིང་དགྲ་ལ་བསྒྱུར། །
    ཁྱོད་གང་དག་གཟིར་ན་དེ་དག་ཕྲིས། །
    ཁྱོད་ཇི་ལྟར་གཟིར་ན་དེ་ལྟར་རྩོམ། །

    ཟབ་ཆེ་སྟེ་གོ་བ་མ་བསྐྱོན་ན། །
    བློ་གུ་ཡངས་མི་སྟེར་མི་ཟེར་གྱི། །
    བསམ་གཟས་ཀྱིས་ཚོར་སྦྲིད་འབད་པ་ནི། །
    གྲི་སྙིང་ནང་ཡོག་དག་འགྲུབ་ཡས་མེད། །

    འདིར་སྒོ་གླེགས་བརྡུང་བ་ཨེ་གོ་ཐལ། །
    ཐེངས་ད་རེས་གཏམ་མཚམས་འདི་ནས་འཇོག །
    སྐབས་ཕྱི་མ་ཡོད་ན་ད་དུང་གཏམ། །
    རྩོམ་བཅད་གསར་བགྲོ་ཞིང་བགྲོ་ཞིང་གཏམ། །

    ཞེས་པ་འདི་ཀི་རྟི་པ་བློ་མིག་འབོད་པའི་དྲ་གྲོགས་ཤིག་གིས་དམག་ཁུལ་ལམ་དགོན་པ་ནས་ཡང་ཡང་ཞལ་པར་བཏང་སྟེ་སྙན་ངག་གི་ཐབས་རྩལ་སྐོར་ནན་གྱིས་དྲིས་བྱུང་བས་ལན་ཙམ་དུ་ཕུལ།

    Reply
  15. ཉི་ཟླ་སྐར་གསུམ། says:
    ལོ་ 15 སྔོན།

    རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་སུ་ཡིན་ནམ་། ལན་གནང་སྟངས་དེ་ཡག་པོ་མ་རེད་། ལག་པ་ཕྱི་ས་དེ་༧གོང་ས་མཆོག་ཡིན་པ་འདྲ་བོ་འདུག་། མཁན་པོ་མཆོག་ནས་གནས་ལུགས་བཤད་དགོས་ཀྱང་ཟུར་གང་ཐུབ་བྱེད་ན་གང་ཕན་།

    Reply
  16. འབྲུག་གྲགས་རྒྱལ་པོ། says:
    ལོ་ 15 སྔོན།

    ནོར་བཅོས་བྱེད་པ་བསྔགས་འོས་ཀྱང་། སྤྱི་སྒེར་ལ་གནོད་གཞིའི་ཁྲོམ་བསྒྲགས་དང་།ཚིག་བརྗོད་རྩུབ་མོ་དེ་འདྲ་མ་གནང་ན་ལེགས་སྙམ། མ་ཟད་དངོས་འབྲེལ་ཤ་ཚ་ཡོད་ན་ཐབས་ཤེས་རི་སྐོར་གྱིས་ཁ་ནང་རྨ་ཁ་ནང་གི་དཔེ་ལྟར་གནང་ན་མིས་སྨོན་རང་སྐྱིད་ཀྱི་དཔེ་བཞིན་ཡོང་ངེས་པས་ཚང་མས་གཟབ་གཟབ་གནང་ནས་མཆན་སྐྱོན་ན་ལེགས།

    Reply
  17. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ཚེ་སྔོན་མའི་སྡེ་པ་གཞུང་ཡིན་ན་བློ་བཟང་ཡེ་ཤེས་མྱོང་ཚར་བ་རེད་ཀྱང་། དེང་གི་སྐབས་སུ་རང་དབང་གི་གཏམ་བཤད་ལ་ཁུང་ལུང་དང་འབྲེལ་བཤད་བྱེད་ཆོག་པར་རྒྱལ་བ་ཡིད་བཞིན་ནོར་བུས་མི་མང་ལ་ཕྱིར་གནང་ཚར་བ་ཡིན་དུས་གུས་པས་ཀྱང་བཤད་ཉན་སྤྲོ་སོང་། དེང་སང་མིང་གི་རྒྱག་པའི་མཁན་སྤྲུལ་འདི་ཚོ་རྒྱ་རིགས་ཤོག་ཁུག་དམར་པོ་ཁ་གཏགས་གིས་གཡོག་པ་ཚོ་དང་། སྐྲ་སེར་མཐོ་ཉམས་ཅན་པོ་འདི་ཚོ་ལ་ནི་ཕེབས་ཕེབས་དང་བཞུགས་བཞུགས་ཟེར་ནས་དུས་ཚོད་ངེས་མེད་དང་། ཤིང་ཏོག་གི་མངར་ཁུ་དང་ཇ་ཁམ་ཟས་སོགས་ནི་འབེལ་འབེལ་ལྷག་ལྷག་བྱེད། ཆོས་དོན་དང་སྤྱི་དོན་སྙིང་ནས་གཉེར་བའི་ཉམས་ཆུང་གི་བོད་མིའི་གྲྭ་བཙུན་གདོང་པ་ནག་ཧྲག་ཧྲག་གི་གསར་འབྱོར་བའི་ཉམས་དོད་རྣམས་དང་། ཧི་མ་ལ་ཡིའི་རི་བརྒྱུད་ཀྱི་ཡུལ་མི་རྣམས་མཇལ་གཏུག་ཡོང་དུས་ཁོང་རྣམ་པའི་ནང་དུ་ཕྱག་ལས་དེ་ཙམ་མེད་ན་ཡང་ཡོད་མདོག དེ་ཙམ་མ་བྲེལ་ན་བྲེལ་མདོག་གི་ཆུ་ཚོད་དང་ཆུ་ཚོད་ལ་སྒུག་དུ་བཅུག དེ་རྣམས་ལའང་ཆོས་བཤད་དང་འདོད་དོན་བསྐང་དགོས་པ་དེ་ཚོ་ནི་བྲེལ་བ་ཡོད་མདོག་གིས་ཡ་ཡ་འོ་འོའི་མཐའ་བསྡུ་ཨི་ཐུབ་ལྟ་བ་དང་། ཅི་འགྱོག་གི་འགྲོ་ཨི་ཐུབ་ལྟ་རྒྱུ་ལས་གང་ཟག་དེ་ལ་གང་དགོས་རྣམས་ལ་ཐུགས་བསམ་མེད་པ་འདི་དེང་གི་སྤྱི་ཚོགས་ནང་རྒྱ་ཁྱབ་ཏུ་འགྲོ་གི་འདུག་པ་མངོན་གསལ་ལ། ཐུགས་མཁྱེན་རྒྱ་ནམ་མཁའ་བས་ཆེ་ཀྱང་། བྱམས་སྙིང་རྗེ་དེ་དམན་ས་ལ་མ་གཟིགས་པའི་ཕྱག་ལས་བྱེད་ན། གནས་ཚུལ་འདི་འདྲ་འབྱུང་ངེས་པ་རེད། བོད་དཔེར། བྱ་བ་ངན་པ་མི་ལ་བྱས་ན། འབྲས་བུ་ངན་པ་རང་ལ་འཁོར་ཞེས་པ་བཞིན། ད་རེས་མཁན་རིན་པོ་ཆེ་ཏོ་ཙམ་འོ་རྒྱལ་བྱུང་མི་འདུག་གམ། རང་གཞན་སུས་ཐད་ནས་མིང་གི་རྒྱག་པ་དེ་ནམ་ཡང་མི་འབྱུང་བ་ཞིག་དགོས་ཀྱི། དེང་གི་དུས་སུ་རང་དབང་ཡིན་དུས། སྐྱོན་ཐེར་འདོན་འདི་ནི་ཤིན་ཏུ་རིག་ཅིང་ངེས་པར་དུ་དགོས་པ་ཞིག་ཀྱང་ཡིན་ལ་བྱེད་ཐུབ་ཞིག་ཀྱང་ཡིན། ནོར་བ་ནི་ནོར་བ་རང་ཡིན་དུས་ནོར་བ་ངོས་ལེན་བྱེད་དགོས་ཀྱི། ནོར་སྐྱོན་བརྗོད་པ་ལ་སྡང་བ་གཏན་ནས་བྱེད་རྒྱུ་མེད། བློ་བཟང་ཡེ་ཤེས་ལགས་ཀྱིས་གསུང་པ་འདི་ལ་ཞིབ་ཕྲ་འདུག་པས་རྒྱབ་སྐྱོར་དང་མ་འོང་པར་རང་གཞན་སུ་ཐད་ནས་མི་དང་གོ་ས་ག་ཚོད་ཆེ་ན་ཡང་ཕྱག་ལས་ཡོང་རྫོགས་ལ་ཞིབ་ཕྲ་དང་ཆེ་ཉམས་མེད་པས། ཉམ་ཆུང་རྣམས་ལ་ཁྱད་གསོད་དེ་ཙམ་མ་གཏོང་རོག མ་ཟད་གང་ཟག་སུ་འདྲ་ཞིག་ཡིན་ན་ཆོས་ཕྱོགས་ཀྱི་འདོད་དོན་བསྐང་དགོས་པ་ནི་ཁྱེད་རྣམ་པའི་ལས་འགན་ཡིན་པས་ངེས་པར་དུ་ཐུགས་ཚིག་མི་མཛད་ནས་དགའ་དད་བྱེད་འོས་པ་ཞིག་བྱེད་རོག་གནང་ཞེས་ཡང་ཡང་ཞུ་གི་ཡོད།

    Reply
  18. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ཨ་རོགས་ཚོ། ཡོད་ཚད་ནོར་འདུག་མ་སྨྲ་ཞིག། གོང་དུ་གཡུ་དྲུག་དཀར་ཞེས་པས་ནོར་བཅོས་བྱས་པ་དེ་ནི་ནོར་བཅོས་བྱེད་མཁན་རང་ཡང་ནོར་འདུག་ཏེ། དེ་ནི་རིན་ཆེན་ཕྲེང་བའི་ཚིག་ཡིན་ཞིང་། གཡུ་དཀར་ནས་དྲངས་པའང་ནོར་འདུག་ཏེ། ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །གང་དུ་གྲོལ་བར་མ་གྱུར་པ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །ཅེས་པ་ཡིན་པས་གཙུག་ལག་ཁང་གི་སྒོ་ཡིག་ནོར་མེད། ཚིག་ཕྲད་ཅིང་ཞེས་པ་བྲིས་ན་གོ་རྒྱུ་གང་ཡང་མེད། འོང་ཏང་བློ་བཟང་ཡེ་ཤེས་ཅན་ནས་དུས་འཁོར་གྱི་སྐོར་གསུངས་པ་ནི་རྒྱུ་མཚན་དྲངས་ནས་གསུངས་འདུག་པས་དོན་ལ་དབྱད་རྒྱུ་ལས་གསུངས་སྟངས་ནི་ཉམས་ཞིབ་ཚད་ལྡན་གྱིས་གསུངས་ཚུལ་ལོ། །

    Reply
  19. གསལ་ལེ་རྒྱལ། says:
    ལོ་ 15 སྔོན།

    དང་པོ་མཇལ། དེ་ནས་དཔྱད། དེ་ནས་བཤད། དེ་ནས་བྲིས། འདི་ནི་ངོ་མ་ཤ་ཚ་བའི་གཏམ་རེད།

    Reply
  20. གཡུ་དྲུག་དཀར། says:
    ལོ་ 15 སྔོན།

    བློ་བཟང་ཡེ་ཤེས་ལགས་ནས་གསུང་བ་དེར་གནས་ལུགས་དང་རྒྱུ་མཚན་ཆེན་པོ་འདུག དེས་ཕྱིར་ང་ཚོས་ལྷ་བཟོ་བས་ནོར་བར་ལག་པ་ཕྱིས་ན་གཏན་ནས་མི་འགྲིག་པས་ངེས་པར་དགོངས་བཞེས་གནང་དགོས།
    ད་དུང་རྣམ་རྒྱལ་གྲྭ་ཚང་གི་ཐུགས་རྗེ་ཆེན་པོའི་ལྷ་ཁང་གི་ཤར་སྒོའི་སྟེང་དུ་ཡང་ཡིག་ནོར་ཚབ་ཆེན་ཞིག་ཤོར་ཡོད། དེ་ནི། ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་།། གང་དུ་མ་གནས་དེ་སྲིད་དུ།། དེ་ཕྱིར་བླ་ན་མེད་པ་ཡི།། བྱང་ཆུབ་ཐོབ་ཅིང་གནས་གྱུར་ཅིག་ཅེས་པའི་ཚིག་རྐང་ཐ་མ་དེར་བྱང་ཆུབ་ཐོབ་(ཀྱང་)གནས་གྱུར་ཅིག་ཅེས་ནོར་ནས་བྲིས་ཡོད། དེར་མ་ཟད། ༧གོང་ས་མཆོག་ལ་བསྔོ་རྟེན་འབུལ་ཡུལ་ལས་ཁུང་ཀྱི་བྱུང་འཛིན་སྟེང་དུ་ཏ་ལའི་བླ་མའི་དགེ་རྩ་ཞེས་མིག་གི་བལྟ་མི་ཕོད་པ་ཞིག་བྲིས་ཡོད། ཏ་ལའི་བླ་མའི་དགེ་རྩ་ཞེས་པ་དེར་ཚིག་མང་པོ་ཞིག་བསྡུས་ཚིག་བྱས་པ་ཡིན་ན་གོ་རྒྱུ་གཞན་ཞིག་ཡོད་སྲིད་མོད། མི་གང་ཡང་རུང་བ་ཞིག་གྲོངས་ཚར་བའི་རྗེས་ཀྱི་རྗེས་འཇུག་གི་དགེ་རྩ་དེ་ལ་མི་དེའི་དགེ་རྩ་ཟེར་གིན་ཡོད་པས། ༧གོང་ས་མཆོག་སྐུ་གཟི་འོད་ལམ་མེར་བཞུགས་པའི་སྐབས་སུ་ཚིག་འདི་འདྲ་ཞིག་བེད་སྤྱོད་གཏོང་ཐུབ་པ་དངོས་གནས་བློ་ཡུལ་ལས་འདས་པ་ཞིག་རེད།

    Reply
  21. མཁར་རྔ་། says:
    ལོ་ 15 སྔོན།

    མ་བརྟག་མ་དཔྱད་མ་དཔྱད་པའི་ཚེ་ན་འཐུས་ཤོར་འདི་འདྲ་ཏན་ཏན་ཡོང་མི་སྲིད་པ་མིན་ཡང་། དཔལ་དུས་ཀྱི་འཁོར་ལོའི་སྐུ་འདི་ཉིད་་་ཇོ་ནང་ཁལ་ཁ་རྗེ་བཙུན་དམ་པས་བཞེངས་རབས་ཤིག་གོ་མྱོང་བ་མ་ཟད།

    དེ་ཡང་གཙོ་བོ་༧རྒྱལ་བའི་༧ཞབས་བརྟན་ལ་དམིགས་པ་ཞིག་ཡིན་རབས་ཡང་གོ་ཐོས་བྱུང་།

    སྒོས་འདི་ཉིད་ལེགས་འགྲུབ་བྱུང་བའི་རྟེན་འབྱུང་རབ་གནས་སོགས་ལ་༧གོང་ས་མཆོག་ངོས་སུ་ཕེབས་ཏེ་བྱིན་རླབས་དང་སྤྱན་འབེབས་གནང་ཡོད་པ་དང་། སྐབས་དེར་ཐུགས་དགོངས་དགྱེས་མཉེས་ཆེན་པོ་བྱུང་ཡོད་པའི་གནས་ཚུལ་ཡང་བྱུང་ཡོད་འདུག

    གང་ལྟར་གླེང་གཞི་འདིར་རྩེ་རྣམ་གྲྭས་ངེས་བར་དུ་ཁུང་ལུང་གང་ཡོད་ཀྱི་ར་སྤྲོད་ཁུངས་སྐྱེལ་གསལ་བོ་ཞིག་མ་གནང་ཚེ།

    མཁན་མིང་པ་ཁྲོམ་ཐོག་གིས་ཤོད་སྟངས་དེས་་་་ནོར་འཁྲུལ་ཡོད་ན་༧གོང་ས་མཆོག་ཡིན་པ་ལས་ང་ཚོ་ལ་འབྲེལ་བ་མེད་ཅེས་ལག་པ་འཕྱི་ས་༧གོང་ས་མཆོག་རང་ཡིན་པ་དངོས་སུ་བྱས་འདུག་པས། བདེན་རྫུན་དབྱེ་བ་ཞིག་འཕྲལ་དུ་གནང་དགོས་གལ་ཆེ་བར་མཐོང་།

    Reply
  22. བརྩོན་རྒྱམ། says:
    ལོ་ 15 སྔོན།

    ངོ་མ་ཡག་པོ་རེད་ཐུགས་རྗེ་ཆེ་གྲྭ་ཚང་ཡག་པོ་ཡོད་པ་རེད་འདོན་རྟ་དབྱངས་གང་ཡིན་ཡང་རིན་ཐང་ཚང་པ་ཞིག་ཡོད་པ་རེད་ཡིན་ཡང་དེ་ནི་ལྷ་འབྲིས་ཀྱི་ལག་རྩལ་ནས་མ་ཡོང་པ་ཡིན་པ་རེད་མ་ཟད་ཁོང་ཚོས་མཉམ་འཇོག་གནང་ཡོད་པ་མ་རེད་དེ་འདྲ་བཀའ་གནང་པ་ཡག་པོ་རེད་དེ་རྗེས་སུ་ཤེས་ཀྱི་རེད།   དེ་ནི་སྐྱོན་བརྗོད་མ་རེད་བདེན་དོན་རེད་གོང་ལྟ་ཞིབ་ཚག་གསུང་འདུག་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese