བསྟན་རྡོར། བོད་ རང་བཙན་ སློབ་ཕྲུག་ ཚོགས་པ།
བཙན་གནོན་ མཚམས་འཇོག་ མ་བྱུང་ གོང་ རང་དབང་ མགོ་འཛུགས་ བྱ་ དགོས། རང་དབང་ ནི་ འཐབ་རྩོད་ ཀྱི་ བསྒུབ་བྱ་ ཙམ་ མ་ཡིན་པར་ དེའི་ སྒྲུབ་བྱེད་ ཀྱང་ རེད། རང་དབང་ སྒྲུབ་བྱེད་ ཀྱི་ ལག་ཆ་ གཙོ་བོ་ ཞིག་ ནི་ མི་བསྟུན་པའི་ ལས་འགུལ་ རེད། ད་ཆ་ བོད་ ནང་ མཐུན་ལམ་ མི་བྱེད་པའི་ ལས་འགུལ་ གྱི་ རྩ་བ་ བཙུགས་ ཟིན་པ་ མ་ཟད་ སྡོང་བོའང་ སྐྱེ་བཞིན་ འདུག
བོད་ ནང་གི་ ཞི་རྒོལ་ གྱི་ སྡོང་བོ་ དེ་ནི་ ལྷག་དཀར་ ཡིན། ལྷག་དཀར་ ཞེས་པའི་ མིང་ ནི། སྤྱིར་ རེས་གཟའ་ ལྷག་པ་ འདི་ ༧གོང་ས་མཆོག་ གི་ སྐུའི་ བླ་གཟའ་ ཡིན་པར་ བརྟེན་ ཉི་མ་ དེ་ བདམས་པ་ ཞིག་ ཡིན་པ་ དང་། སྔོན་མ་ ནས་ རེས་གཟའ་ ལྷག་པའི་ ཉིན་ བོད་མི་ མང་པོ་ དགོན་པར་ སྐོར་བ་ ལ་ འགྲོ་བ་ དང་། དམར་ཟས་ སྤོང་བ་ སོགས་ དགེ་བའི་ ལས་ སྒྲུབ་པའི་ ལུགས་སྲོལ་ ཡོད། ད་ཆ་ ཆོས་ཕྱོགས་ ཀྱི་ ལས་དོན་ དེ་དག་ སྤྱི་ཚོགས་ དང་ དཔལ་འབྱོར། ཆབ་སྲིད་ ཀྱི་ ལས་དོན་ དུ་ འགྱུར་བཞིན་ འདུག
༢༠༠༨ ལོའི་ སྒེར་ལངས་ ཆེན་པོ་ ནས་ བཟུང་ བོད་ ཀྱི་ ས་ཁུལ་ མང་པོའི་ ནང་ ལས་འགུལ་ གྱི་ ངོ་བོ་ ལ་ འགྱུར་བ་ ཞིག་ ཕྱིན་ཡོད། དེ་ནི་ སྔོན་མ་ ཡིན་ན་ ཆབ་སྲིད་ ལས་འགུལ་ གྱི་ ངོ་བོ་ གཙོ་བོ་ ནི་ སྐད་འབོད་ དང་ ཁྲོམ་བསྐོར་ ཡིན། འོན་ཀྱང་ ད་ཆ་ བོད་མི་ཚོས་ འཐབ་རྩོད་ བྱེད་སྐབས་ སྐད་འབོད་ ཙམ་ མ་ཟད་ མཉམ་འབྲེལ་ སྤོང་བའི་ ཐབས་ལམ་ དང་ མི་བསྟུན་པའི་ ཐབས་ལམ་ སོགས་ སྣ་ཚོགས་ བེད་སྤྱོད་ བྱེད་བཞིན་ འདུག
འདི་ནི་ ལོ་རྒྱུས་ ཀྱི་ རང་བཞིན་ ལྡན་པའི་ འགྱུར་བ་ ཞིག་ རེད་ལ། རྒྱ་གར་ གྱི་ རང་དབང་ འཐབ་རྩོད་ ནང་ ལའང་ ཐོག་མར་ སྐད་འབོད་ དང་ ངོ་རྒོལ་ གྱི་ ཐབས་ལམ་ ཁོ་ན་ བེད་སྤྱོད་ བྱས་ཤིང་། ཕྱིས་སུ་ མཉམ་འབྲེལ་ སྤོང་བའི་ ལས་འགུལ་ དང་ མི་བསྟུན་པའི་ ལས་འགུལ་ བཅས་ བེད་སྤྱོད་ བྱ་རྒྱུ་ མགོ་བཙུགས་ ཏེ་ འཐབ་རྩོད་ དེ་ ཞེ་དྲག་ གི་ ནུས་པ་ ཆེ་རུ་ ཕྱིན་པ་ རེད། དེ་ལྟར་ ང་ཚོའི་ བོད་དོན་ འཐབ་རྩོད་ ཀྱང་ ནུས་པ་ ཆེ་རུ་ གཏོང་ཆེད། སྐད་འབོད་ ཁོ་ནའི་ ལས་འགུལ་ མ་ཡིན་པར་ དེའི་ སྟེང་དུ་ མི་བསྟུན་པའི་ ལས་འགུལ་ ངེས་པར་ དུ་ བསྣན་ དགོས།
༢༠༠༨ ལོའི་ སྒེར་ལངས་ རྗེས་ སུ་ བོད་མི་ མང་པོས་ རྒྱ་གཞུང་ དང་། དེ་བཞིན་ རྒྱ་མིའི་ སྒྲིག་འཛུགས་ སོགས་པ་ དང་ མཉམ་འབྲེལ་ སྤངས་བ་ དང་ རྒྱ་མི་ དང་ ཚོང་འབྲེལ་ ཡང་ སྤངས། རང་ གི་ ཉིན་རེའི་ འཚོ་བའི་ ནང་ བྱ་སྤྱོད་ ལ་ འགྱུར་བ་ བཏང་བ་ སྟེ། བོད་ཟས་ བཟའ་བ་ དང་། དགོན་པར་ འགྲོ་བ། བོད་སྐད་ གཙང་མ་ རྒྱག་པ། བོད་ཡིག་ འབྲི་ཀློག་ བྱེད་པ། བོད་པའི་ ཟ་ཁང་ དང་ ཚོང་ཁང་ ནས་ ཉོ་ཚོང་ བྱེད་པ་ལས། རྒྱ་མིའི་ ཟ་ཁང་ དང་ ཚོང་ཁང་ ནས་ མི་ཉོ་བ། བཅས་ཀྱི་ ལས་འགུལ་ སྤེལ་རྒྱུ་ མགོ་འཛུགས་ བྱས་འདུག
ལས་འགུལ་ དེ་དག་ གི་ རྐྱེན་པས་ གྲོང་ཁྱེར་ ཆུང་བ་ ཁ་ཤས་ ནང་ རྒྱ་མི་ མང་པོ་ ཚོང་གི ཁེ་སྤོགས་ སྐྱོ་དྲག་ ནས་ རྒྱ་ནག་ ལ་ ལོག་པ་ སོགས་ བྱུང་འདུག འདི་ནི་ ཧ་ཅང་ གི་ གྲུབ་འབྲས་ ཆེན་པོ་ རེད། ད་བར་ རྒྱལ་སྤྱིའི་ གནོན་ཤུགས་ དང་ ཨ་རིའི་ རེ་སྐུལ། བོད་གཞུང་ གི་ འབོད་སྐུལ་ བཅས་ གང་ གིས་ ཀྱང་ གཏོང་ མི་ཐུབ་པའི་ འགྱུར་བ་ ཞིག་ བོད་ ནང་གི་ བོད་མིས་ ཞི་བའི་ འཐབ་རྩོད་ ལ་ བརྟེན་ཏེ། གཏོང་ཐུབ་ཡོད། དེར་བརྟེན། ཐབས་ཇུས་ ཡག་པོ་ གདིང་ ཐུབ་ན་ རྒྱལ་ཁ་ འདི་ ལས་ ཀྱང་ ཆེ་བ་ མང་པོ་ ཏན་ཏན་ འཐོབ་ སྲིད།
ངའི་ གོ་ཐོས་ ལ་ དེང་སང་ བོད་པ་ མང་པོས་ ཕན་ཚུན་ སྐད་ཆ་ ཤོད་སྐབས་ རྒྱ་སྐད་ ཤོར་ན་ ངོ་ཚ་བོ་ བྱེད་ཀྱི་ འདུག་ཟེར། གཞན་ཡང་ ཟ་ཁང་ ནང་ ལ་ ཁ་ལག་ མངགས་དུས་ བོད་སྐད་ མ་རྒྱབ་ ན་ ཁ་ལག་ མ་རག་པའི་ སྐོར་ ཡང་ གོ་ཐོས་ བྱུང་། དེ་ཡང་ ལྷ་ས་ དང་ གཞིས་རྩེ། དེ་མིན་ ཁམས་ དང་ ཨ་མདོའི་ ས་ཆ་ མང་པོའི་ ནང་ ལྷག་དཀར་ གྱི་ ཉམས་ལེན་ མགོ་ ཚུགས་ ཡོད་འདུག ད་ཆ་ བོད་ནང་ ལྷག་དཀར་ གྱི་ མིང་ བེད་སྤྱོད་ བྱེད་མིན་ ལ་ མ་ལྟོས་པར་ མི་བསྟུན་པའི་ ལས་འགུལ་ ཉམས་ལེན་ བྱེད་མཁན་ དམའ་མཐར་ སྟོང་ཕྲག་ ཁ་ཤས་ ཡོད་པ་ གསལ་པོ་ རེད། ལོ་ ཁ་ཤས་ རྗེས་སུ་ ལས་འགུལ་ འདིའི་ ནང་ འཛུལ་ཞུགས་ བྱེད་མཁན་ འབུམ་ ཁ་ཤས་ བཟོ་ ཐུབ་ ན་ བོད་དོན་ འཐབ་རྩོད་ ཀྱི་ ནུས་པ་ ཧ་ཅང་ ཚད་ མཐོ་བོ་ ཞིག་ ལ་ སླེབས་ངེས་ རེད།
མི་བསྟུན་པའི་ ལས་འགུལ་ གྱི་ དགེ་མཚན་ གཙོ་བོ་ ནི་ ཐབས་ལམ་ འདི་དག་ ལག་ལེན་ བསྟར་མཁན་ གྱི་ གང་ཟག་ དེ་ རྒྱ་གཞུང་ གིས་ འཛིན་བཟུང་ བྱེད་པའི་ ཉན་ཁ་ ཆུང་ དུ་ འགྲོ་བཞིན་ ཡོད། རྒྱ་གཞུང་ གི་ ཉེན་རྟོག་པ་ ཞིག་ གིས་ ཁྱེད་རང་ བོད་པའི་ ཟ་ཁང་ ལ་ ཁ་ལག་ ཟས་འདུག་ ཟེར་ནས་ འཛིན་བཟུང་ བྱེད་སྲོལ་ མེད་ལ། ཡང་ ཁྱེད་རང་ རྒྱ་མིའི་ ཚོང་ཁང་ ནས་ དངོས་པོ་ གང་ཡང་ ཉོས་ མི་འདུག་ ཅེས་ ཉེས་བརྡུང་ གཏོང་སྟངས་ ཀྱང་མེད། དེར་བརྟེན་ རིམ་གྱིས་ ལས་འགུལ་ ནང་ ཞུགས་མཁན་ ཡང་ མང་ དུ་ འགྲོ་ངེས་ རེད་ལ། ཉེན་ཁ་ ཆུང་བའི་ ལས་འགུལ་ ནང་ འཛུལ་ཞུགས་ བྱེད་མཁན་ ཡང་ མང་ དུ་ འགྲོ་བ་ འཇིག་རྟེན་ ཆོས་ཉིད་ རེད། འོན་ཀྱང་ ལས་འགུལ་ འདིའི་ ནང་ འཛུལ་ཞུགས་ བྱེད་མཁན་ ཆེས་ མང་པོ་ བྱུང་དུས་ ལས་འགུལ་ གྱི་ ནུས་པ་ ཧ་ཅང་ གི་ ཚད་ མཐོ་བོར་ འགྱུར་ཞིང་། རྒྱ་གཞུང་ དང་ བོད་ ནང་ ཡོད་པའི་ རྒྱ་མིའི་ སྒྲིག་འཛུགས་ ལ་ བརྡབ་གསིག་ ཆེན་པོ་ གཏོང་ ཐུབ་ངེས་ རེད།
འདི་ ནི་ སེམས་དཔའ་ ཆེན་པོ་ གྷན་དྷི་ མཆོག་ གིས་ རྒྱ་གར་ ལ་ དབྱིན་ཇིའི་ འོག་ནས་ རང་དབང་ ཐོབ་ཆེད་ སྤེལ་བའི་ ལས་འགུལ་ དང་ གཅིག་པ་ གཅིག་ཀྱང་ རེད། ལོ་རྒྱུས་ ལ་ ཕྱི་མིག་ བལྟས་དུས་ རྒྱ་གར་ མི་མང་ གིས་ དབྱིན་ཇིའི་ གཞུང་ ལ་ ལོ་ངོ་ ༢༠༠ ལྷག་ རིང་ འཐབ་རྩོད་ བྱས་ཡོད་ ཀྱང་། ༡༩༢༩ ནས་ བཟུང་ མི་བསྟུན་པའི་ ལས་འགུལ་ མ་སྤེལ་ བར་ དུ་ དབྱིན་ཇིའི་ གཞུང་ གིས་ རྒྱ་གར་ གྱི་ འཐབ་རྩོད་ ལ་ བརྩི་མེད་ བཏང་ ཡོད། རྒྱུ་མཚན་ འདི་ལ་ བརྟེན་ཏེ་ མི་བསྟུན་པའི་ ལས་འགུལ་ གྱི་ ནུས་པ་ དང་ སྟོབས་ཤུགས་ ངོ་མ་ ནི་ ལོ་རྒྱུས་ ཀྱི་ རྡོ་རིང་ སྟེང་ འཁོད་ཡོད།
བོད་ ནང་ ལ་ ལྷག་དཀར་ སྲུང་བརྩི་ ཞུ་བ་ ནང་བཞིན་ བཙན་བྱོལ་ ནང་ ལའང་ སྲུང་བརྩི་ ཞུ་མཁན་ མང་ དུ་ འགྲོ་དགོས། བཙན་བྱོལ་ གྱི་ རང་དབང་ བེད་སྤྱོད་ བྱས་ཏེ་ རེས་གཟའ་ ལྷག་པ་ ཙམ་ མ་ཟད་ ཉིན་ལྟར་ ཐབས་ལམ་ སྣ་ཚོགས་ ཀྱི་ སྒོ་ནས་ ལས་འགུལ་ སྤེལ་ དགོས། གོ་སྐབས་ བྱུང་ཚད་ བོད་དོན་ སྐོར་ གླེང་བ་ དང་། དྲ་རྒྱའི་ སྟེང་ བོད་དོན་ སྐོར་ འབྲི་བ་ དང་། ཁྲོམ་ལ་ འགྲོ་དུས་ རྒྱ་ནག་ གིས་ བཟོས་བའི་ ཅ་ལག་ མི་ཉོ་བ་ དང་། ཡང་ཡང་ རྒྱ་ནག་ གི་ གཞུང་ཚབ་ མདུན་ དུ་ ངོ་རྒོལ་ གྱི་ རྣམ་པ་ དུ་མ་ སྟོན་པ་ དང་། ཕན་ཚུན་ སྐད་ཆ་ ཤོད་དུས་ བོད་སྐད་ གཙང་མ་ རྒྱག་པ་ དང་། བོད་ཡིག་ གསར་ཤོག་ ཀློག་པ་ དང་། ངོ་དེབ་ དང་ གློག་འཕྲིན་ ཐོག་ བོད་ཡིག་ གང་མང་ འབྲི་བ། ཆབ་སྲིད་ བཙོན་པའི་ ནང་མི་ སོགས་ ལ་ རོགས་འདེགས་ བྱེད་པ་ དང་། རྒྱ་མིའི་ དཔོན་རིགས་ གང་དུ་ སླེབས་ ཀྱང་ ངོ་རྒོལ་ བྱེད་དུ་ འགྲོ་བ་ ལ་ སོགས་པའི་ ལས་འགུལ་ དུ་མའི་ ནང་ ཞུགས་ཏེ། ལྷག་དཀར་ གྱི་ ནུས་པ་ གོང་མཐོར་ བཏང་ ན་ བོད་པའི་ ཞི་བའི་ འཐབ་རྩོད་ དེ་ འཛམ་གླིང་ ཡོངས་ ཀྱིས་ གུས་བརྩི་ བྱེད་པ་ མ་ཟད་ རྒྱ་གཞུང་ གིས་ ཀྱང་ འཇིགས་སྣང་ བྱེད་ས་ ཞིག་ ཏུ་ འགྱུར་ངེས་ རེད།
མཆན་འགྲེལ།
Noncooperation: མི་རྟོན་པ་དང་། མི་བསྟུན་པ། མཐུན་ལམ་ མི་བྱེད་པ། མཐུན་འབྲེལ་ མི་བྱེད་པ། གང་རུང་ བེད་སྤྱོད་ བྱེད་ཆོག
Disobedience: བཀའ་བརྩི་ དང་ལེན་ མི་ཞུ་བ། བཀའ་ ལ་ མི་བརྩི་བ། གང་རུང་ བེད་སྤྱོད་ བྱེད་ཆོག
བསྟན་དོར་ལགསཐུགས་རྗེ་ཆེ་
འོན་ཀྱང་དག་ཆར་ཟབ་ནན་བྱེད་དགོས་ཀྱི་འདུག
ཡིག་ནོར་ཡང་མང་ཙམ་འདུག
བསྟན་རྡོར་ལགས་ལ་དངོས་གནས་གུས་ཞབས་ཡོད་ཡིན་ན་ཡང་ད་ལེན་བོད་ཡིག་འབྲི་གཏང་དེ་བོད་ཀྱི་གཏམ་དཔེ་ལ་ཉ་བསད་ནས་ཁྱི་ལ་སྦྱིན་པ་གཏང་ཟེར་བ་ལས་མ་འདས། མ་གཞི་ཁོངས་ལ་བོད་ཀྱི་ཆོས་དང་རིགས་གཞུང་ལ་ཐོང་དེ་ཙམ་མེད་བཟོ་འདུག
ལྷག་དཀར་ ནི་ ཞི་རྒོལ་ གྱི་ རྩ་བ་ དང་ རང་དབང་ གི་ སྡོང་བོ་ ཡིན།
ཞེས་པ་འདི་བཞིན་ཚིག་འཚམས་བཅད་ན། འདི་ལྟར་དགོས་ཏེ།
ལྷག་དཀར་ནི་ ཞི་རྒོལ་གྱི་ རྩ་བ་དང་ རང་དབང་གི་ སྡོང་བོ་ ཡིན།
བསྟན་རྡོར་ལགས་ཀྱི་འབྲི་ཐབས་གསར་པ་འདི།།
བདག་གི་གློག་ཀླད་ངོས་སུ་འཆར་བའི་ཚེ།།
ཨ་ཙི་ཅི་ཞིག་བྱུང་ངམ་སྙམ་ནས་སེམས་ཁྲལ་གྱིས།།
གློག་ཀླད་འདི་ལ་ཡང་ཡང་སྒྲིག་བཅོས་བྱས།།
ངལ་བ་འབྲས་མེད་མཐོང་ནས་ཀློག་པའི་དུས།།
གཟབ་དང་ནན་གྱིས་ཇི་ལྟར་བལྟས་ནའང་།།
ཡིག་རིགས་གཞན་ཞིག་ཐོག་མར་སྦྱོང་བ་ལྟར།།
ཆ་ཚང་ཀློག་ཐབས་བྲལ་འདིར་ཕམ་པའི་གནས།།
དྭོགས་སློང་མེད་ན་གསར་གཏོད་ཡོང་ཐབས་མེད།།
གསར་གཏོད་མེད་ན་ཡར་རྒྱས་མི་འབྱུང་བའི།།
གཏམ་དེ་བདེན་དུ་ཆུབ་ཀྱང་ད་དུང་ཡང་།།
གསར་པ་ཐམས་ཅད་འདིའི་བརྗོད་བྱ་མིན།།
ཕ་ཡིས་བུ་མོར་སྤྱད་པའི་གསར་པ་དང་།།
རིག་གཞུང་རྙིང་པ་གཏོར་བའི་གསར་བརྗེ་སོགས།།
འདི་འདྲའི་གསར་པ་མང་དུ་མཆིས་ནའང་།
ད་དུང་སྤྱི་ཚོགས་འདི་ལ་མཛའ་བ་མིན།།
ལྷག་བསམ་དཀར་པོའི་ཐུགས་ལས་འཁྲུངས་པ་ཡི།།
བོད་ཡིག་དབྱིན་ཡིག་འབྲི་སྟངས་བསྒྱུར་སྙམ་འདི།།
རྟ་མགོ་གཡག་སྦྱར་སྤུན་ལས་མ་འདས་ཀྱང་།།
ཁོང་གི་བསམ་ཕོད་འདི་ལ་བདག་གིས་བསྟོད།།
ཧཧཧཧ འབྲི་སྟངས་འདི་ཡིན་ན། རྩོམ་པ་པོས་ཧུར་ཐག་བྱས་ཏེ་བྲིས་མདོག་ཁ་བོ་འདུག འོན་ཀྱང། ཀློག་སྟངས་དང་འབྲི་སྟངས་འདི་བཞིན། ཕལ་ཆེར་རྨང་གཞི་འཛིན་གྲྭ་ནས་དམའ་རིམ་འཛིན་གྲྭ་དང་པོ་དག་ལ་དབྱངས་དང་བསྡེབས་ནས་ཁྲིད་ན་ཅུང་སྟབས་བདེ་མིན་འགྲོ།
བཀུར་འོས་རྒྱལ་གཅེར་ལྷག་བསམ་གྱི་ཕྱུག་པའི་གངས་རིའི་མི་བུ་བསྟན་འཛིན་རྡོ་རྗེ་ལགས། ཁྱེད་ཀྱི་རྩོམ་ཡིག་འདིར་ཆ་ཚང་ཞིག་བཀླགས་ཤེས་མ་སོང་། བོད་ཀྱི་སྐད་ཡིག་འདི་ཉམ་ཕྲ་བའི་ཐོག་ཏུ་འབྲི་འདི་འདྲ་བྱེད་ན་ཡག་པོ་རྩ་བ་ནས་མ་རེད།
ཐུགས་རྗེ་གཟིགས། རྗེས་མ་ནས་འདི་འདྲ་མ་འབྲི་རོགས་ཞུ་རྒྱུ་ཡིན། གཞན་ཁྱེད་ལ་ཚིག་ངན་ལབ་ནུས་ཡ་མེད། བོད་རང་སློབ་ཕྲུག་ཚོགས་པས་ལས་འགུལ་སྤེལ་པ་ལས་ལྷག་ཞིག་བཙན་བྱོལ་སྤྱི་ཚོགས་ནང་དུ་སུ་གང་ཡང་མེད། ངོ་མ་ཁ་མ་ཡིན་དོན་གྱི་དགའ་པོ་ཡོད།
གོང་དུ་ངས་མཆན་བཀོད་༼སུམ་བཅུ་པ་༽ཞེས་པ་དེར།
ན་གཞོན་རྣམས་པའི་ཆེད་དུ་སུམ་ཅུ་པ་དང་དག་ཡིག་གསར་བཏོད་དང་གསར་བཟོ་བྱ་ངེས་ཡིན་པར་སོང་ཙམ་ཞེས་ཀློག་གནང་རོགས།
ཧ་ཧ།དྲ་གྲོགས་ཚོས་གཟིགས་དང་།བསྟན་རྡོར་ལགས་ཀྱིས་བོད་མི་ཚང་མས་ཁོ་རང་དང་འདྲ་བ་བོད་ཡིག་ཡག་པོ་འབྲི་ཀློག་ཤེས་ཀྱི་ཡོད་མ་རེད་བསམ་ནས་བོད་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་བྱེད་མ་ཐུབ་ཀྱང་བོད་མི་རིགས་ཀྱི་ཆེད་དུ་བོད་ཡིག་འབྲི་སྐབས་བར་སྟོང་གསར་བཏོད་གང་འདྲ་བྱེད་འདུག
རྗེས་སུ་ཡང་མ་འོངས་པའི་ན་གཞོན་རྣམས་པའི་ཆེད་དུ་སུམ་བཅུ་པ་དང་དག་ཡིག་གསར་བཏོད་དང་གསར་བཟོ་བྱ་ངེས་ཡིན་པར་སོང་།ཚང་མས་ཁོང་གི་བྱ་སྤྱོད་ཐོག་ལ་གཟིགས་ཙམ་གནང་ནས་ལེགས་ཉེན་གྱི་དཔྱད་གཏམ་དང་ཞིབ་དཔྱད་ངེས་པར་དུ་གནང་དགོས་པ་ཞིག་མཐོང་།
རྩོམ་ཡིག་འདིར་རྒྱ་གཞུང་གིས་རིན་ཐང་ཞིག་སྤྲོད་པའི་དབང་དུ་བཏང་ན་དེ་ཡི་མཇུག་འབྲས་ནི་ཐད་ཀར་བོད་ནང་གི་ལྷག་དཀར་ལས་འགུལ་མཚམས་འཇོག་བྱེད་དགོས་པ་དེ་རེད། བོད་ནང་གི་ལྷག་དཀར་ལས་འགུལ་ནི་མིའི་བསམ་བློའམ་ནང་ཉམས་ལ་ཚོད་དཔག་མ་བྱས་པར་སྐད་ཆ་བཤད་ན་མི་རིགས་ཀྱི་སྐད་ཡིག་དང་གོམས་སྲོལ་ལ་གཙི་སྲུང་གཅེས་ཉར་བྱེད་པའི་ལས་འགུལ་ཞིག་ཡིན་པ་ལས་མི་རྟོན་པ་ལྟ་བུའི་ཆབ་སྲིད་ཀྱི་ཐ་སྙད་སྦྱོར་ས་ཡོད་པ་མ་རེད། གང་ཡིན་ཟེར་ན། མི་རིགས་རང་གི་ཟ་ཁང་དང་ཚོང་ཁང་ནས་ཉོ་ཚོང་བྱེད་པ་ནི་དམིགས་དོན་གྱི་ཁོར་ཡུག་རྒྱ་བསྐྱེད་པ་ཙམ་ལགས།
བཤད་པར་བྱ་བ་ཞིག་ལ་ལས་འགུལ་འདི་པེ་ཅིན་ནས་མགོ་བཙུགས་པ་ཡིན་ཙང་། པེ་ཅིན་དུ་རྒྱ་མི་རིགས་དང་མཐུན་ལམ་མི་བྱེད་པའི་ལས་འགུལ་སྤེལ་ན་ལྟོ་ཡང་རེག་གི་མ་རེད། ལས་འགུལ་གྱིས་གང་གི་ཐད་དུ་ནུས་པ་འདོན་རྒྱུ་ཡིན་མིན་གྲུབ་འབྲས་ལ་རེག་ལས་ཀྱང་། ལས་འགུལ་ལ་གསལ་བཤད་བྱེད་པོས་ངོས་འཛིན་གསལ་བོ་ཞིག་བྱེད་ཐུབ་དགོས་རྒྱུ་གལ་ཆེའི་ནང་གི་དོན་ཆེན་རེད།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཕུགས་དམིགས་བོད་རང་བཙན་འཛུགས་རྒྱུ་དེ་ཡིན་ན་་་རང་བཙན་རྩོད་ལེན་ཐད་ལ་ལས་འགུལ་དམིགས་བསལ་བ་སྤེལ་རྒྱུ་ཡོད་དམ། ད་ལྟ་བཅའ་ཁྲིམས་སུ་མ་འོངས་པའི་བོད་དེ་ཡུལ་མིའི་སྲིད་སྐྱོང་ཞིག་ཆགས་རྒྱུར་དམོགས་ཡོད། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ཀྱང་དེ་ག་རང་ཡིན། དེ་བས་བོད་རང་བཙན་ཚོགས་པའི་ཚོགས་མི་རྣམ་པས་ཀྱང་སླར་ཡང་བསམ་ཞིབ་གོ་སྡུར་ཅིག་གནང་ན་མི་བཟང་ངམ།
དབྱིན་རང་བཞིན་ཅན་གྱི་རྩོམ་ཡིག་འདི་བཀླགས་པར་ཁག་སེ་བྱུང་སོང་།
བར་སྟོང་དེ་ཚོ་ག་རེ་ཡིན་པའི་སྐད་ཆ་རེད། དེང་སང་བོད་ཡིག་དང་བོད་སྐད་མི་ཤེས་མཁན་ཚོས་བོད་ཡིག་དང་བོད་སྐད་ལ་དབང་བསྒྱུར་བྱེད་ཐབས་བྱེད་ཀྱིན་འདུག་པ་འདི་ག་རེ་ཡིན་པའི་སྐད་ཆ་རེད། དུས་བབ་ཀྱིས་འདི་འདྲའི་རིགས་ལ་དང་ལེན་བྱེད་པ་དེ་ཡང་ནོར་བ་རེད་བསམ། བར་སྟོང་དགོས་ཟེར་མཁན་དེ་ཚོས་བོད་ཡིག་ཡག་པོ་ཤེས་ཀྱིན་མེད་པའི་རྟོགས་རེད། སློབ་སྦྱོང་བྱེད་དགོས་པ་རེད། སློབ་སྦྱོང་མ་བྱས་ན་ག་བ་ཤེས་ཀི་རེད།
རྒྱལ་ཞེན་ལྷག་བསམ་གྱིས་ཕྱུག་པའི་བསྟན་རྡོར་ལགས་འཚམས་འདྲི་དང་བསྔགས་བརྗོད་ཞུ།
ཉིད་ཀྱིས་ལྷག་དཀར་ལས་འགུལ་སྐོར་རྒྱས་བཤད་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་ཞུ་རྒྱུར། ལྷག་དཀར་ལས་འགུལ་འདི་བཙན་བྱོལ་དུ་དེ་སྔོན་ནས་སྤེལ་འགོ་བཙུགས་ཟིན་པ་མ་ཟད། སེར་བྱེས་འབྲིང་རིམ་སློབ་གྲྭར་སློབ་ཕྲུག་གིས་ངོས་ནས་གང་ཡོང་ཅི་ཡོང་གིས་ལྷག་དཀར་སྲུང་བརྩི་ཞུ་འགོ་འདི་ལོའི་ཕྱི་ཟླ་ལྔ་པའི་ཚེས་བཞི་ནས་བཙུགས་ཟིན་པ་རེད་ལ། སྲུང་བརྩི་ཞུ་སྟངས་ནི་རེས་གཟའ་ལྷག་པ་གང་ཡིན་ལ་སློབ་གྲྭར་དགེ་ལས་སློབ་ཕྲུག་ཚོས་བོད་སྐད་གཙང་མ་བཤད་དགོས་པ་དང་། ལྷག་དཀར་ལས་འགུལ་མཐུན་ཚོགས་ཞེས་པའི་ཚོགས་པ་ཞིག་བཙུགས་འདུག ཚོགས་པ་དེས་སློབ་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གནས་ཚད་མཐོར་འདེགས་ཡོང་བར་གང་ཐུབ་ཅི་ནུས་ཀྱིས་བྱ་བ་བསྒྲུབ་བཞིན་འདུག
སེར་བྱེས་སློབ་གྲྭའི་ལྷག་དཀར་ལས་འགུལ་མཐུན་ཚོགས་ཀྱིས་ལྷག་དཀར་ལས་འགུལ་འདི་ངོ་དེབ་Facebookནང་དུའང་༼ལྷག་དཀར་ལས་འགུལ་༽ ཞེས་པའི་གླེང་སྟེགས་ཤིག་ཏུ་དྲ་གྲོགས་ཚོ་དང་ལྷན་དུ་སྲུང་བརྩི་ཞུ་གིན་ཡོད་འདུག
《བོད་ཀྱི་དུས་བབ་》ལ་ལངས་ཕྱོགས་དང་རང་རེའི་སྐད་ཡིག་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་འགན་ནུས་ཤིག་མེད་པ་ལྟ་བུ་མཚོན་མི་འདུག་གམ། འདི་ལ་ངས་ཀྱང་བདེན་བའི་ཆ་དང་བསམ་བློ་གཏོང་དགོས་པ་ཞིག་མིན་ནམ་སྙམ། འོན་ཀྱང་དེང་རང་དབང་འདི་ཁ་ལ་ཁྱེར་ནས་གང་དྲན་གང་བདེ་བྱེད་མཁན་མང་སྟབས་དེ་ལ་ཡང་བདེན་ཁ་སྟེར་དགོས་པར་ཆགས་ངེས་རེད།
མཐུན་བསྒྲིགས་ཀྱི་རྩ་བ་ནི་མི་དང་མི་བར་གྱི་ཡིད་ཆོས་དེ་རེད།
བསྟན་རྡོར་ལགས།
ཁྱེད་ཀྱི་རང་སྐད་ཀྱི་ཐོག་ལ་རྩོམ་ཡིག་སྤེལ་བ་ནི་དངོས་གནས་ཡག་པོ་རེད།
ཡིན་ནའང་ཁྱེད་ཀྱིས་དབྱིན་ཡིག་གི་བྲིས་སྟངས་ལྟར་བོད་ཡིག་བྲིས་འདུག་དངོས་གནས་དེ་ནི་རང་རིགས་ཀྱི་སྐད་ཡིག་ལ་གཏོར་བཤིག་གཏོང་བསམ་རང་རེད།
རང་མི་རིགས་རིག་གཞུང་ལ་སྦྱངས་པ་མེད་པའི་བསྟན་རྡོར་ཁྱེད་ལྟ་བུས་དབྱིན་ཡིག་བར་སྟོང་ཡོད་པའི་རྒྱུ་མཚན་གྱིས་བོད་ཡིག་བར་སྟོང་བཞག་འདུག
དབྱིན་ཡིག་ལ་བར་ཚེག་ཡོད་མ་རེད་བོད་ཡིག་ལ་བར་ཚེག་མ་བྲིས་ན་གང་འདུག་གམ།
བསྟན་རྡོར་ལགས།
གླེན་རྟགས་དེ་འདྲ་མ་བསྟན་བཟང་སྙམ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
རྩོམ་པ་པོས་བོད་ཡིག་ལ་བར་སྟོང་གི་ཁེངས་པའི་རྩོམ་ཡིག་འཇོག་གནང་བ་དེ་སློབ་ཆུང་སློབ་མ་དང་གསར་བུ་བ་ཚོ་ལ་བོད་ཡིག་སློབ་སྦྱོང་གནང་བདེ་པོ་ཡོང་བའི་ཕན་ཐོགས་ཏན་ཏན་མཐོང་གི་འདུག་། དེ་མིན་བོད་ཡིག་ཡོངས་རྗོགས་དེ་ལྟ་བུའི་ལམ་ནས་འབྲི་དགོས་ན་སྐྱོན་ཆ་མང་པོ་མཐོང་གི་འདུག་ ཀློག་མི་བདེ་བ་དང ་ ཀློག་ཡུན་དང་ འབྲི་ཡུན་འགོར་བ་ ཤོག་བུ་མང་པོ་གཏང་དགོས་པ་སོགས་རེད་ གང་ལྟར་ཁྱེད་ཀྱི་གསར་གཏོད་དང་ རྣམ་དཔྱོད་ཀྱི་རྩལ་ ལྷག་བསམ་བཅས་ལ་གུས་བཀུར་ཚད་མེད་ཞུ་བཞིན་ཡོད་།མ་ཚད་ཁྱེད་ནས་ཁ་སྟོང་ཙམ་མིན་པ་མིག་མདུན་དུ་སྤྱི་དོན་ཐོག་དཀའ་ངལ་རྒྱག་བཞིན་པའི་ཁ་ཡོད་ལག་ཡོད་ཀྱི་གཞོན་སྐྱེས་ཤིག་རེད་ ཐུགས་རྗེ་ཆེ་ཞུ་བ་དང་ མུ་མཐུད་གནང་སྐྱོང་ཡོང་བའི་རེ་སྨོན་ཀྱང་ཞུ།
ལྷག་དཀར་གྱི་ལས་འགུལ་འདི་རླབས་ཆེན་ཞིག་མཐོང་གི་འདུག་
མཆན་འགོད་པ་པོ་རྣམས་ཀྱིས་་་ལྷག་དཀར་གྱི་ལས་འགུལ་་་ འདི་ནུས་ཤུགས་ཆེ་རུ་འགྲོ་ཐབས་ཀྱི་བསམ་ཚུལ་དང་བགྲོ་གླེང་ཤུགས་ཆེ་ཙམ་ཡོང་བའི་རེ་བསྐུལ་ཞུ་།
སྤྱིར་བཏང་འདི་འདྲའི་འགྱུར་བ་ཆེན་པོ་ཞིག་ལ་གདོང་ལེན་བྱས་པ་དེར་གུས་བརྩི་ཡོད། གསར་བརྗེ་བ་ཞིག་ཡིན་ན་ད་དུང་བློ་ཁོག་དང་རང་ཤེད་ཆེ་ཙམ་བྱེད་དགོས་པ་རེད་སྙམ་གི་ཡོད། དེ་མ་གཏོགས་གསར་བརྗེ་ཞེས་པ་དེ་ཡོང་ཐབས་ཡོད་པ་མ་རེད། འདི་སྤྱིའམ་ཞོར་གྱི་སྐད་ཆ་ཡིན།
དེ་ནས། སྐུ་ཉིད་ཀྱི་རྩོམ་ཡིག་འདིར་བལྟས་ན། ཚེགས་ཁྱིམ་འཇོག་ས་ངོ་མ་གང་ཡིན་དང་ག་རེ་བྱས་ནས་འཇོག་དགོས་པའི་རྒྱུ་མཚན་ཙམ་ཡང་ཤེས་མི་འདུག་སྙམ། ཡིད་མི་ཆེས་ན་ང་ཚོ་ཐིག་ཕྲེང་རེ་རེ་བྱས་ནས་བསྐྱར་དུ་འགྲོ་ཆོག་གི་རེད།
དང་ཐོག་གུས་པས་བསྟན་རྡོར་ལགས་ལ་འཚམས་འདྲི་ཞུ་བཞིན་ཡོད།གང་ལགས་
ཞེས་ན་ཁོང་གི་སྙིང་སྟོབས་ཆེན་པོས་བོད་མི་རིགས་དང་བོད་རྒྱལ་ཁབ་ཆེད་དུ་མིང་གྲགས་དང་རང་དོན་ལ་མ་ཤོར་བར་ཕྱག་ལས་གནང་བར་རྗེས་སུ་ཡི་རངས་དང་
བསྔགས་བརྗོད་བྱེད་བཞིན་ཡོད།
བསྟན་རྡོར་ལགས་ཀྱི་རྩོམ་ཡིག་འདིར་དབྱིན་ཡིག་བཞིན་དུ་བོད་ཡིག་ལ་ཡང་བར་
སྟོང་མི་བདེ་བ་ཞིག་བཞག་འདུག བོད་ཡིག་ལ་བར་སྟོང་དགོས་གསུང་མཁན་
བསྟན་རྡོར་གཅིག་པུ་མ་རེད་དེ་སྔོན་ཨ་རིར་གནས་སྡོད་བུ་མོ་ཞིག་གིས་ཀྱང་བོད་
ཡིག་ལ་དབྱིན་ཡིག་བཞིན་བར་སྟོང་བཞག་ན་ཡག་པོ་ཡོད་རབ་གསུངས་སོང་།
ཡིན་ན་ཡང་བསམ་ཚུལ་འདི་ཞིབ་འཇུག་མ་བྱས་པ་དང་དངོས་ཡོད་གནས་ཚུལ་ལ་
བརྟག་དཔྱད་མ་བྱས་པའི་སྐད་ཆ་ཞིག་རེད་སྙམ།
བསྟན་རྡོར་ལགས་དང་ཁོང་ལྟ་བུའི་བསམ་ཚུལ་ཡོད་མཁན་ཚོས་བོད་ཡིག་ལ་སྦྱང་པ་དེ་ཙམ་མ་བྱས་པའི་རྟགས་རེད་སྙམ། གལ་ཏེ་ཁོང་རྣམས་པས་བོད་ཡིག་
ལ་སྦྱང་པ་གང་ཙམ་བྱས་ཡོད་ན་བསམ་ཚུལ་འདི་ཕལ་ཆེར་སླེབས་མི་སྲིད།
གལ་སྲིད་བོད་ཡིག་ལ་བར་སྟོང་འདི་འདྲ་ཞིག་བཞག་པ་ཡིན་ན་བོད་ཡིག་ལ་ཡོད་
པའི་ཁྱད་ཆོས་མང་པོ་ཞིག་བསྒྱུར་བཅོས་གཏོང་དགོས། དེའི་འགན་དེ་ང་ཚོ་
སྐྱབས་བཅོལ་ཡོད་པའི་བོད་མི་ཉུང་ཤས་ཤིག་གི་ཐེགས་མི་ནུས་སྙམ།
ང་ཚོས་མ་ཤེས་ཤེས་མདོག་བྱས་ནས་ཡོད་པ་དེ་མེད་པར་བཟོས་ན་བརྟེན་ནས་མི་
འགྲིག་གལ་སྲིད་བོད་ཡིག་ལ་བར་སྟོང་འདི་འདྲ་ཞིག་དགོས་པའི་དབང་དུ་བཏང་ན་
ཡང་བོད་མི་རྣམས་གཞིས་བྱེས་མཉམ་འཛོམས་བྱུང་ནས་གཞི་ནས་མཁས་པའི་བགྲོ་གླེང་ཐོག་ནས་ཐག་གཅོད་དགོས་པ་ལས་རང་སྣང་གང་དྲན་གྱི་འདི་ལྟར་བྱས་ན་
འགྲིག་ཐབས་ནམ་ཡང་མེད་སྙམ།
འདི་ད་ཁ་སང་བདེ་སླར་གཞིས་མགོ་མཆོག་གིས་བཀའ་ཤག་གི་བཀའ་གསུང་སྒྲོགས་སྦྱོང་བྱས་ནས་མི་མང་གད་མོ་ཤོར་བ་དེའི་ཀློག་སྟངས་རེད། མ་གཞི་གཞིས་ཆགས་ཀྱིས་རྩོམ་འབྲི་སྟངས་དང་ཀློག་སྟངས་རེད་པས་གད་མོ་ཤོར་སོང་།
ཚོགས་གཙོ་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ །
བོད་ཡིག་ལ་བར་སྟོང་མང་པོ་བཞག་ན་དགེ་སྐྱོན་གང་ཆེ་ལ་བསམ་གཞིག་གནང་རོགས།
ཁ་སང་བོད་ནང་ནས །༸གོང་ས་མཆོག་གི་འཁྲུངས་སྐར་དང་བླ་གཟའ་གཙི་སྲུང་དང་
འབྲེལ་ལྷག་དཀར་ལས་འགུལ་གྱི་གོ་རྟོགས་སྤེལ་ཆེད་འོད་སྡེར་VCDསྟབས་བདེ་ཞིག་
འགྲེམ་སྤེལ་བྱས་འདུག གཞས་ཚིག་གཙོ་བོ་གཤམ་གསལ།
ལྷག་དཀར །
གཅིག་ན་བླ་མའི་བླ་གཟའ་རེད ། །
གཉིས་ན་བོད་ཀྱི་ལ་རྒྱ་རེད ། །
གསུམ་ན་ཞི་བདེའི་གཞི་མ་རེད ། །
གཟའ་ལྷག་པའི་ཉིན་མོ་ལྷག་དཀར་དགོས ། །
མི་ལྷག་བསམ་ཅན་ཚོས་ལྷག་པར་དགོས ། །
ལུས་ལ་བོད་ཆས་དག་མ་གྱོན ། །
ཁ་ནས་བོད་སྐད་གཙང་མ་བཤད ། །
སེམས་ལ་བྱམས་བརྩེ་རྣལ་མ་སྒོམ ། །
གཟའ་ལྷག་པའི་ཉིན་མོ་ལྷག་དཀར་དགོས ། །
མི་ལྷག་བསམ་ཅན་ཚོས་ལྷག་པར་དགོས ། །
སྡིག་དང་འབྲེལ་བའི་དམར་ཟས་སྤང་། །
རྫུན་དང་འབྲེལ་བའི་གཏམ་བརྗོད་བསྐྱུར ། །
གནོད་དང་འབྲེལ་བའི་བྱ་ལས་འཇོག །
གཟའ་ལྷག་པའི་ཉིན་མོ་ལྷག་དཀར་དགོས ། །
མི་ལྷག་བསམ་ཅན་ཚོས་ལྷག་པར་དགོས ། །
མ་འོངས་པར་དེ་ལྟར་མུ་མཐུད་ང་ཚོའི་བོད་མི་རིགས་ཀྱི་རིག་གཞུང་སྐད་འདི་རྩ་བརླག་གཏོང་རྩིས་བྱས་ཚེ་ཀློག་རྒྱུ་ཕར་ཞོག་མིག་གིས་ལྟ་ཙམ་ཡང་མི་བྱེད་པར་ཐ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་་་དགྲ་བོ་རྒྱ་དམར་ལས་ལྷག་པའི་ངོ་རྒོལ་བྱ་རྒྱུ་ཡིན་་་་་གང་ཡིན་ཟེར་ན་ད་ཆ་ང་ཚོར་ངོམ་རྒྱུ་ཡོད་པ་གཅིག་པུ་དེ་ཡིན་པས་སོ་་་
སྤྱིར་ན། ངས་ནམ་ཞིག་ཡིན་རུང་། གཞོན་སྐྱེས་ལས་འགུལ་བ་བསྟན་རྡོར་སོགས་ལ་སེམས་བསམ་པའི་གཏིང་ནས། ཡི་རངས་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱིན་པ་ཡིན་ལ། ལག་ལེན་གྱི་ཆ་ནས་ཁོང་ཚོར་མཉམ་རུབ་དང་རོགས་འདེགས་ཀྱང་བྱས་དང་བྱེད་ཀིན་པ་འདི་ཡིན་མོད། ཁོང་ཚོས་བོད་ཀྱི་སྐད་ཡིག་རིག་གནས་ལ་རང་འདོད་རང་བསམ་གྱིས་བཟོ་བཅོས་བྱེད་འདོད་ཀྱི་འདུ་ཤེས་རིང་ལུགས་ཅན་ལ་མཐའ་གཅིག་ཏུ་རྒོལ་གི་ཡིན་ནོ།། གང་ཡིན་ཟེར་ན།
གཅིག་ནས། ཁོང་ཚོ་འདྲ་བོས་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་གཞུང་ལུགས་ཁག་ལ་སློབ་ཞིབ་དང་འབྲེལ་འདྲེས་ཆེན་པོ་མེད་དུས་དེའི་ཟབ་ཚད་ཤེས་ཀྱིན་མེད་པ་དང་།
གཉིས་ནས། ཁོང་དང་ཁོང་གི་སྲིང་མོས་བཏོན་དང་འདོན་བཞིན་པའི་གོང་གི་བོད་ཡིག་འབྲི་ཐབས་འདི། ལག་ལེན་ལ་ཕན་ནུས་ཆེན་པོ་ཡོད་པ་ཞིག་ཡིན་ན། དེའང་བསམ་ཞིབ་བྱེད་ཆོག་པ་རེད་དེ། ཕན་པ་ལས་གནོད་སྐྱོན་གྱི་ཕྱོགས་སུ་ལྷུང་ཡོད་པ།
གསུམ་ནས། བོད་ཀྱི་བརྡ་སྤྲོད་རིག་གནས་འདི་དར་ནས་བཟུང་གོང་གི་འབྲི་ཐབས་ཕྱོགས་ལ་དཀའ་ངལ་གང་ཡང་བྱུང་མྱོང་ཡོད་པ་མ་རེད་ལ། གལ་སྲིད་ཡོང་མི་ཆོག་པ་དེ་འདྲ་རྩ་ནས་མ་རེད་དེ། དཀའ་ངལ་འདིའི་རིགས་ནི། ནང་བྱན་མ་ཆུབ་པ་དང་རང་སྒེར་གྱི་དཀའ་ངལ་གཙོར་འདོན་བྱས་པ་ལས། བརྡ་སྤྲོད་རིག་གནས་ཀྱི་སྒྲོམ་གཞི་མ་འགྲིགས་མ་འཐུས་ཚུལ་ཞིག་མ་ཡིན་པས་ན། རིག་གཞུང་གི་དགོས་དོན་རྟོགས་ཐུབ་ཀྱི་མེད་པ།
བཞི་ནས། སླ་བཅོས་རིང་ལུགས་ཀྱིས་གཤིས་སྤྱོད་འདི་ལྟར་རིམ་གྱིས་ཆགས་ཡོང་ན། བོད་ཀྱི་རིག་གཞུང་གི་སྤུས་ཚད་དེ་ཞན་སྐྱོན་དུ་ཆགས་འགྲོ་བ་མ་ཟད། ལྷག་པར་དུ། བརྡ་སྤྲོད་རིག་གནས་ཀྱི་རིན་ཐང་རང་ཤུགས་ཀྱིས་བརླག་འགྲོ་བ་ཞིག་ཀྱང་རེད།
ལྔ་ནས། རྩོམ་པ་པོ་རེ་འདུན་ལ་རྩོམ་སྒྲིག་པའི་དང་ལེན་བྱེད་ཕྱོགས་ལ་བལྟས་ཡོང་ན། བཙན་བྱོལ་ནང་གི་ཚགས་པར་གྲགས་ཅན་《བོད་ཀྱི་དུས་བབ་》ལ་ལངས་ཕྱོགས་དང་རང་རེའི་སྐད་ཡིག་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་འགན་ནུས་ཤིག་མེད་པ་ལྟ་བུ་མཚོན་མི་འདུག་གམ།
དྲུག་ནས། དཀའ་ངལ་འདི། བཙན་བྱོལ་ནང་གི་རེ་གཉིས་ཤིག་གིས་གླེང་སློབ་བྱས་པ་ཙམ་གྱིས་དེ་འདྲའི་དོ་སྣང་ཆེན་པོ་སྤྲད་སྟངས་ལ་ཅིག་བསམས་ཡོང་ན། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ཀྱི་རིག་གཞུང་གི་བླ་སྲོག་ལ་ངོས་འཛིན་དང་སྲུབ་སྐྱོབ་བྱེད་ཕྱོགས་ཀྱི་རྣམ་འགྱུར་ལྷུང་ལ་བུད་པ་མ་ཡིན་ནམ།
བདུན་ནས། གལ་སྲིད་ངོ་མ་ཅན་གྱི་བརྡ་སྤྲོད་རིག་གནས་རང་གི་ཐོག་ནས་དང་ལག་ལེན་བར་གྱི་དཀའ་ངལ་ཆེན་པོ་ཡིན་ན་ནི། གཞིས་བཞུགས་བརྡ་སྤྲོད་རིག་གནས་ལ་མཁས་དབང་རྣམ་པ་དང་ཤེས་ལྡན་པ་རྣམས་ཀྱིས་སྔར་ནས་གླེང་སློང་དང་དག་བཅོས་བྱས་ཚར་ཡོད་པ་སིམ་ཉི་མི་དགོས་པ་རེད་དེ། དེ་འདྲ་མེད་པའི་རྒྱབ་ལྗོངས་ལ་བལྟས་ཡོང་ན། འདིའི་རིགས་ཀྱི་བསམ་ཚུལ་དང་གླེང་ཕྱོགས་ནི། དགོས་དོན་ཅི་ཡང་མེད་པའི་འཕྲལ་སེལ་སླ་བཅོས་རིང་ལུགས་པའི་བསམ་སྤྱོད་ཀྱི་རྣམ་འགྱུར་བསྟན་པ་ལས། བོད་ཀྱི་བརྡ་སྤྲོད་རིག་གནས་ལ་ཕུགས་ཕན་བསམ་དཀར་གྱིས་བསམ་ཚུལ་ཞིག་བཤད་པ་མིན་པར་རྟོགས་སླའོ།།
བརྒྱད་ནས། འདིའི་རིགས་ཀྱི་བསམ་ཚུལ་དང་ཐབས་ལམ་དེ་སྤྱིར་ཡོང་ཆོག་པ་མ་རེད་དེ། གལ་སྲིད་། འདིའི་བསམ་ཚུལ་དང་ཐབས་ལམ་འདོན་རྒྱུ་ཡིན་ན། གཞུང་ལུགས་དང་ལག་ལེན་གྱིས་རྒྱབ་རྟེན་འཁུར་ཤོག དེ་ནས་ང་ཚོས་བལྟ་ན་འགྲིགས་ཀི་རེད་ལ། གནད་ལ་སྨིན་པའི་ཐབས་ཚུལ་དང་རིགས་ལམ་འཁྱེར་ཤོག བསམ་ཞིབ་བྱས་ནའང་བདེ་མོ་འདུག མ་གཏོགས་རང་འདོད་རང་རྔམ་གྱིས་བསམ་ཚུལ་ཁོ་ནས་སྤྱི་དམངས་དང་རིག་གཞུང་ལ་ཞབས་འདེབས་འགྲུབ་མི་ནུས་པས་ན། ཡ་ལན་བྱེད་འདོད་མི་འདུག་གོ །
བོད་རང་བཙན་སློབ་ཕྲུག་ཚོགས་པའི།།
བསྟན་འཛིན་རྡོ་རྗེ་ལགས་ལ་གུས་འདུད་ཡོད།
ཉིད་ཀྱིས་བརྩོམ་ཡིག་ལ་བར་སྟོང་བཞག་ནས་དྲྭ་རྒྱ་ཐོག་ཏུ་འཇོག་པའི་རྒྱུ་མཚན་དང་དམིག་ཡུལ་དེ་ཕར་ཆེར་ངས་ཤེས་སྙམས།
དེ་ནི་སྐུ་ཉིད་ཀྱིས་བོད་ཡིག་བསྡ་སྤྲོད་ལ་གསར་གཏོད་བྱེད་འདོད་ཀྱི་བསམ་ཚུལ་འདོན་ཆེད་ཡིན་སྙམས།
ཕྲན་གྱི་བསམ་ཚུལ་ནི། སྐུ་ཉིད་ནི་ལྷག་བསམ། ལ་རྒྱ། སྙིང་སྟོབ། ཤེས་ཡོན་གང་ཅིའི་ཐད་ནས་མི་རབ་གསར་བའི་གཞོན་སྐྱེས་ཚོས་མིག་ལྟོས་བྱེད་ས་ཞིག་ཡིན་པར་བསམ་གྱི་ཡོད།
བོད་ཡིག་ལ་བར་སྟོང་བཞག་ན། དེང་སང་གི་བོད་མི་བོད་ཀྱི་སྐད་ཡིག་ཡག་པོ་མི་ཤེས་མཁན་མང་བོ་ཞིག་ལ་ཕན་པ་ལ་སོགས་པའི་ལེགས་ཆ་མང་བོ་ཞིག་ཡོད་པ་ཤེས་ཀྱི་ཡོད། འོན་ཏེ། བསམ་གཞིག་ནན་མོ་བྱས་ན་སྐྱོན་གྱི་ཆ་ཡང་མང་དུ་ཡོད།
སྐྱོན་ཡོན་གཉིས་བསྡུར་ན་སྐྱོན་གྱི་ཆེ་འགྲོ་བར་ང་རང་གིས་འདོད་ཚུལ་འཛིན་གྱི་ཡོད། རྒྱུ་མཚན་མང་དུ་ཡོད་ཏེ་མདོར་བསྡུས་ན། བར་སྟོང་དེ་ཙམ་གྱིས་བྲིས་ན་བརྒྱུར་བཅོས་ཆེ་དྲག་པའི་སྐྱོན་མང་། འོན་ཀྱང་བརྒྱུར་བཅོས་འགའ་རེ་བྱེད་རིག་པ་ཞིག་ཡིན་པར་འདོད་ཀྱི་ཡོད།
འདིའི་ཐད་ཀུན་གྱི་བསྒྲོ་གླེང་མང་དུ་བྱུང་བས་རེ་བ་ཡོད།
ངོ་མ་བཤད་ན་འདི་ལྟར་བར་སྟོང་མི་དགོས་སར་བར་སྟོང་བཞག་ཡོང་དུས་ཇི་ལྟར་ཀླག་དགོས་པའང་མི་ཤེས་ཀི དེ་ལྟར་ཡིན་ན་ཚེག་ཤད་དག་གི་དགོས་པ་ཅི་ཡང་མི་འདུག སྲོག་ལྟ་བུའི་ཡི་གེ་དག་རྩ་མེད་དུ་གཏོང་རོགས་ཞུ། བཀའ་དྲིན་ཆེ།
རྩོམ་པ་པོས་རེ་འདུན་ཡང་ཡང་བཏོན་པ་ལྟར། གོང་གི་རྩོམ་ཡིག་དེའི་ཚིག་གི་བར་སྟོང་རྣམས་རང་སོར་བཞག་སྟེ་གླེང་གཞིའི་ཚུལ་དུ་སྤེལ་བ་ཡིན།