མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ངོས་ཀྱི་སྐྱེས་སྐར་ཀྱི་ལག་རྟཊ་ཡག་ཤོས་སེམས་བཟང་པོ་བྱ་རྒྱུ་དེ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp


ང་རང་ཚོས་བཙན་བྱོལ་སྒྲིག་འཛུགས་ཟེར་ནའང་འདྲ། བོད་གཞུང་ཟེར་ནའང་འདྲ། ང་ཚོར་ཡོད་པ་དེ་སྲ་བརྟན་ཕུགས་འཕེར་དང་། དུས་ཡུན་རིང་པོར་སྡོད་ཐུབ་རྒྱུའི་ཆེད་བསྒྱུར་བཅོས་བཏང་བ་ཞིག་ལས། བོད་གཞུང་བསྡུ་གསོག་བརྒྱབ་པ་མ་རེད། ཅེས་༧གོང་ས་མཆོག་གིས་གསུངས་འདུག

ཉིན་འདི་གར་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ཏུ་༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༡ པ་གནང་རྒྱུར་གྲ་སྒྲིག་ཞུ་བཞིན་ཡོད་པ་ལྟར། ༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་ཡོད་ལ། བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ཁ་སང་ཚེས་ ༦ ཉིན་ཨ་རིའི་རྒྱལ་སའི་ཝེ་རི་ཛོན་ཚོགས་ཁང་ཆེན་མོར་( VERIZON CENTER)ཞེས་པའི་ནང་༧གོང་ས་མཆོག་གི་འཁྲུངས་སྐར་གཟབ་རྒྱས་ཤིག་སྲུང་གཙི་བྱས་འདུག མཛད་སྒོའི་སྐུ་མགྲོན་གཙོ་བོར་ཨ་རི་ནས་མི་རིགས་ནག་པོའི་ཐོབ་ཐང་རྩོད་ལེན་པ་མཱར་ཏིན་ལུ་ཐར་ཁུན་མཆོག་གསུམ་པ་ Mr. Martin Luther King III དང་། རྒྱ་གར་ནས་བདག་ཉིད་ཆེན་པོ་གྷན་དིའི་ཚ་བོ་ཨ་རུན་གྷན་དི་ Arun Gandhi རྣམ་གཉིས་ཕེབས་ཡོད་འདུག

ཐེངས་འདིའི་མཛད་སྒོའི་སྟེང་མི་ ༢༠༠༠༠ ལྷག་འདུ་འཛོམས་བྱུང་ཡོད་ཅིང་། དེའི་ཁྲོད་ཡུ་རོབ་དང་ཁ་ཎ་ཌ་དང་ཐེ་ཝེན། ཨ་རིའི་ས་ཁུལ་བཅས་ནས་བོད་པ་ ༥༠༠༠ ཙམ་བྱུང་ཡོད་འདུག ༧གོང་ས་མཆོག་གི་ཆོས་གྲོགས་ཡིན་པའི་ལྷོ་ཨ་ཧྥི་རི་ཁའི་ཆོས་དཔོན་ཊུ་ཊུ་མཆོག་ཐེངས་འདིའི་སྐུའི་འཁྲུངས་ལ་ཕེབས་ཐུབ་མེད་ཀྱང་། ཁོང་གིས་དྲ་བརྙན་བརྒྱུད་སྐུའི་འཁྲུངས་སྐར་ལ་ཤིས་ཚིག་གི་རྟེན་འབྲེལ་ཞུས་འདུག

མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བོད་སྐད་ཡིག་གི་གལ་གནད་སྐོར་ལ་གསུངས་དོན། “གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ལུས་པོར་རང་དབང་བྲལ་ཏེ་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། བསམ་བློའི་ནང་གངས་ཅན་པ་ཟེར་བའི་ཐོག་བསྡད་ཡོད། ཁྱེད་ཚོས་ངའི་སྐྱེས་སྐར་ཉིན་དྲན་གསོ་བྱེད་ཀྱི་ཡོད་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱི་སྐྱེས་སྐར་གྱི་ལག་རྟགས་ཡག་ཤོས་སེམས་བཟང་པོ་བྱ་རྒྱུ་དེ་ཡིན། བོད་མི་ཚོར་སྔར་ཆོས་རྒྱལ་ཚོའི་སྐབས་ནས། ཐུན་མོང་མ་ཡིན་པའི་སོ་སོའི་ཡི་གེ་ཞིག་དང་། ཡི་གེ་དེ་དང་འབྲེལ་བའི་བོད་སྐད་ཅིག་ཡོད་པ་རེད། བོད་ཡིག་ནང་དེང་སང་འཛམ་གླིང་ནང་དོ་སྣང་གསར་པ་བྱེད་པའི་སངས་རྒྱས་ཀྱི་ཆོས་ཤིག་ཡོད། ཆོས་དེའི་ནང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཡོད།  ཚན་རིག་པས་སངས་རྒྱས་ཀྱི་མདོ་དང་བསྟན་བཅོས་ནང་གསུངས་བའི་སེམས་ཀྱི་རྣམ་གཞག་ཐོག་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད། ནང་ཆོས་ལ་ཆ་བཞག་ན། འཛམ་གླིང་ཐོག་ནང་པའི་རྒྱལ་ཁབ་མང་པོ་ཡོད་ལ། ནང་པའི་ཆོས་བྱེད་མཁན་ཡང་ས་ཡ་མང་པོ་ཡོད། ཡིན་ནའང་། སངས་རྒྱས་ཀྱི་ཆོས་ཟབ་པ་དང་རྒྱ་ཆེ་བ། ཚད་མའི་གཞུང་བཅས་ཡོད་པ་བོད་ཡིག་གཅིག་པུ་རེད། བོད་མི་ཚོས་རང་གི་མེས་པོས་དཀའ་ལས་བརྒྱབ་སྟེ་བསྒྲུབས་པའི་སྐད་ཡིག་ཕྱུག་པོ་དེ། ངེས་པར་དུ་རྒྱུན་འཛིན་གནང་རྒྱུ་དང་། དེང་དུས་ཤེས་ཡོན་ཚད་ལོངས་པ་ཞིག་གནང་དགོས་པ་གལ་ཆེན་པོ་ཆགས་ཡོད། སྐད་ཡིག་གཞན་ཤེས་ཐུབ་པ་ཙམ་མིན་པར་ནང་དོན་ཐོག་དུས་རབས་ ༢༡ དང་མཐུན་པའི་དེང་དུས་ཤེས་ཡོན་ཆ་ཚང་ཞིག་དགོིས་པར་གཞིས་བྱེས་སློབ་ཕྲུག་ཚང་མས་ཤུགས་རྒྱག་དགོས་པ་རེད།” ཅེས་གསུངས་འདུག

ཡང་ཁོང་གིས་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་གི་འགན་དབང་རྩིས་སྤྲོད་གནང་དོན་སྐོར་ལ། བར་སྐབས་ནས་ང་ཚོར་འགྱུར་བ་ཕྱིན་ཡོད་པ་རེད། རྒྱལ་དབང་གི་བླ་བྲང་དགའ་ལྡན་ཕོ་བྲང་ཆགས་ཏེ། མི་ལོ་ ༦༠༠ ཙམ་འགྲོ་བཞིན་ཡོད་པ་རེད། དེ་ནི་གཙོ་བོ་རྒྱལ་བ་དགེ་འདུན་རྒྱ་མཚོའི་སྐབས་ནས་བྱུང་བ་ཞིག་རེད། སྐུ་ཕྲེང་གོང་མ་བཞིའི་རིང་དགའ་ལྡན་ཕོ་བྲང་ལ་ཆོས་ཕྱོགས་ཀྱི་མཛད་འགན་ཙམ་ལས་ཆབ་སྲིད་ཀྱི་མཛད་འགན་ཡོད་པ་མ་རེད། ༧གོང་ས་ལྔ་པའི་སྐབས་ནས་མི་ལོ་ ༤༠༠ ཙམ་ཕྱིན་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱས་ཡོད་པ་རེད། འཛམ་གླིང་གི་ཕྱོགས་མང་པོར་བལྟས་ན། སྔ་ཕྱི་མ་གཏོགས་འགྱུར་བ་འགྲོ་བ་ཐག་ཆོད་པ་ཞིག་རེད། འགྱུར་བ་འགྲོ་བ་དེ་འགྱུར་བ་མི་གཏོང་ཀ་མེད་ཅིག་གི་ཐོག་འགྱུར་བ་ཕྱིན་ན་དགོས་པ་ཡོད་པ་མ་རེད། ང་ལ་རྒྱལ་བ་སྐྱེ་ཕྲེང་བཅུ་བཞི་པའི་མིང་ཞིག་ཐོབ་ཡོད་ལ། བོད་པར་ཆ་བཞག་ན་བརྒྱ་ཆ་ ༩༩ ཙམ་གྱིས་ང་ལ་ཡིད་ཆེས་དང་མོས་པ་བྱེད་ཀྱི་ཡོད། འཛམ་གླིང་སྟེང་དུའང་མི་ས་ཡ་འགའ་ཤས་ཀྱིས་ངོས་རང་ངོ་ཤེས་ཏེ་དགའ་མོས་བྱེད་ཀྱི་ཡོད། སྐབས་དེ་འདྲ་ཞིག་ལ། གཞན་རྐྱེན་འོག་འགྱུར་བ་བཏང་བ་མ་ཡིན་པར་རང་དབང་ཐོག་རང་གི་འདོད་པས་དང་དུ་བླངས་ཏེ། སྔར་གྱི་ལུགས་སྲོལ་ཡོལ་ཚར་བ་དེ་དགའ་བཞིན་སྤྲོ་བཞིན་སྤོབས་པའི་ཐོག་འགྱུར་བ་གཏོང་རྒྱུ་ཤིན་ཏུ་འོས་པ་ཞིག་ཏུ་མཐོང་སོང་། ཅེས་དང་།

༧གོང་ས་མཆོག་གིས་མུ་མཐུད་དོན། ང་རང་ཚོས་བཙན་བྱོལ་སྒྲིག་འཛུགས་ཟེར་ནའང་འདྲ། བོད་གཞུང་ཟེར་ནའང་འདྲ། ང་ཚོར་ཡོད་པ་དེ་སྲ་བརྟན་ཕུགས་འཕེར་དང་། དུས་ཡུན་རིང་པོར་སྡོད་ཐུབ་རྒྱུའི་ཆེད་བསྒྱུར་བཅོས་བཏང་བ་ཞིག་ཡིན་པ་ལས། བོད་གཞུང་བསྡུ་གསོག་བརྒྱབ་པ་མ་རེད། ཏཱ་ལའི་བླ་མའི་བླ་བྲང་གི་མིང་ཐོག་ནས་ད་བར་བོད་གཞུང་གསལ་ལ་མ་གསལ་བར་ཕྱིན་བསྡད་པ་རེད། དེར་དབྱེ་བ་གསལ་པོ་ཞིག་ཕྱེ་ཡོང་སྐབས། དེ་ལ་དཔག་པའི་བྱེད་ཐབས་ཡག་པོ་མ་བྱུང་ན་སྐྱོན་ཡོང་གི་ཡོད། རྒྱ་གར་གཞུང་དང་གཞན་ལུང་པ་མང་པོའི་དཀའ་ངལ་འཕྲད་སྲིད་ཀྱི་རེད། དེའི་སྟབས་ཀྱིས་ང་ཚོར་མཐུན་འགྱུར་རོགས་རམ་གནང་མཁན་ཚོར་དཀའ་ངལ་མི་འཕྲད་པ་ཞིག་དང་། ང་ཚོར་ཡང་ཕྱི་གསལ་ནང་གསལ་དང་། མ་འོངས་པར་སྡུག་པོ་མི་ཡོང་རྒྱུར་དམིགས་ཏེ་འགྱུར་བ་གསར་པ་ཞིག་བྱུང་བ་རེད། དེའི་ཐོག་གཞིས་ལུས་རྒྱ་ཆེའི་མི་མང་དང་། བཙན་བྱོལ་བོད་པ་ཚོས་བློ་བདེ་བོ་གནང་རོགས་ཞུ་འདོད་བྱུང་། དོན་དག་ངོ་མ་ཧ་མ་གོ་བར་མདའ་དཀྲུག་ཕུ་དཀྲུག་དང་མགོ་མ་འཚོས་པའི་དཀྲོག་གཏམ་བཤད་བསྡད་ན་ཕན་ཐོགས་གང་ཡང་ཡོད་པ་མ་རེད། ཅེས་གསུངས་འདུག

དེའི་རྗེས། མཱར་ཏིན་ ལུ་ཐར་ཁུན་གསུམ་པ་དང་གྷན་དིས་ཚ་བོ་གཉིས་ཀྱིས་རེ་རེ་བཞིན། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་བཅར་ཐུབ་པ་དེ། ཁོང་ཚོའི་སྔོན་ལས་དང་སྐལ་བ་བཟང་པོ་ཡིན་པ་དང་། ༧གོང་ས་མཆོག་ནི་འཛམ་གླིང་འཁྲུག་འཛིང་གི་སྐབས་སུ་ཞི་བདེའི་སྣེ་ཁྲིད་མཁན་ཞིག་དང་། འཛམ་གླིང་མི་མང་ས་ཡ་མང་པོའི་སེམས་ལ་ཞི་བདེ་བསྐྲུན་ཐུབ་མཁན་ཞིག་ཡིན་ཚུལ་གྱི་གཏམ་བཤད་སོགས་སྤེལ་ཡོད།

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་བྱས་པ་དེ་ནི་ས་གནས་དེའི་འཁྲུངས་སྐར་མཛད་རིམ་གྱི་ཁྲོད་ནས་རྒྱས་ཤོས་དེ་ཆགས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

མཆན། 13

  1. ཤར་མཁན་སྤྲུལ། says:
    ལོ་ 12 སྔོན།

    སྤྱི་མཐུས། ཆབ་བྲག་ལྷ་མོ་སྐྱབས་ལགས།
    ཐུགས་འཁྲོས་ཡོད་མདོག་འདུག ཐུགས་འཁྲོ་དགོས་ནི་མ་རེད།
    ང་ཁ་ལྕེ་མི་བདེ་ནི་ཡིན་ན་ཐང་ཏེ། ང་ཁ་ལྕེ་མ་བདེ་བས་ཡིན་ན་གནད་དོན་ཆུང་ངུ་རེད། དེ་ཏ་མི་སྐྱོན་གི འོན་ཏེ་ཀུན་གྱིས་ཉོན་དང་། ལྟོས་དང་། གསལ་འགོད་པ་དང་། གཏམ་བཤད་མཁན་དག་ལ་ཅི་འདྲའི་བརྗོད་མི་བདེ་བའི་དཀའ་ངལ་འདུག ༸གོང་ས་གཆོག་གིས་གསུངས་བཤད་ལ་ཉོན་དང་ཤེས་སླ། དེ་དག་ཕར་ཞོག་མིང་དོན། ལོ་རྒྱུས་གྲགས་སྙན། གང་གི་ཆ་ནས་ཞབས་འདྲེན། ངན་ལྟས། རང་མཚང་ཆེན་པོ་བཞག་ཡོད་པར་ངོས་འཛིན་ཡོད་ཏེ། ད་ཡིན་ཁྱེད་ཅག་གིས་རྙང་བ་སྐྱར་བཟློས་ཡང་བཟློས་ལས་ཉན་གྱི་མི་འདུག མགོ་འཕེན་ས་ཅི་ཚུད་དང་། ལག་པ་ཕྱི་ས་ཅི་ཚུད་དང་། མྱི་བཟང་རང་ལུགས་ཅི་ཐུབ་བྱེད་པ་ལས་མེད་ན་ད་ཅི་བྱ། སྐུ་ཉིད་ད་བར་དུ་ངས། མ་དགའ་ནང་གི་ཅུང་དགའ་བོ་ཡིན་ཆད་བྱས་པ་ཡིན་དེ། ད་ཁྱེད་ལ་ཡང་ནད་ངན་དེ་ཐེབས་ཡོད་མདོག་འདུག་པས། ཤག་རྒྱབ་པ་དོན་མེད་དུ་མཐོང་བས་ད་དུས་ཚོད་འཕྲོ་བླག་ལས་མི་འདུག་གི་ལགས། ཁྱེད་ཅག་གི་བྱ་བ་ལམ་སློང་ཡོང་བས་སྨོན་འདན་དང་བཅས་འདིར་འཇོག མ་འོང་པར་ལྟ།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ཤར་མཁན་སྤྲུལ་ལགས།
    བསྟོད་མི་ཤེས་པ་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་པ་ཞིག་གིས་སྨད་ན་དགའ་ཟེར་བ་རང་རེད།
    བོད་མིའི་སྒྲིག་འཛུགས་་ཟེར་བ་བརྗོད་མི་བདེ་ན་ཁྱོད་རང་གི་ཁ་ལྕེ་མ་བདེ་བ་རེད། བརྗོད་བྱ་ནི་ཧ་ཅང་ཁྱབ་རྒྱ་ཆེ་སྟེ། བོད་མི་ཞེས་པས་བོད་ཆོལ་གསུམ་གྱི་མངའ་འབངས་ཚང་མར་གོ་ལ། དེའི་ཆེད་དུ་བཙུགས་པའི་སྒྲིག་འཛུགས་ཡིན། འོན་སྒྲིག་འཛུགས་འདི་རྒྱ་ཆེ་ལ་དོན་སྙིང་ཆེ། གསལ་བོ་བཤད་ན་གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་ཤིག་རེད། དེ་༸གོང་ས་མཆོག་གི་དགོངས་གཞི་རེད་ལ། མཚན་བྱང་འདི་གཉིས་ཀ་ཁོང་གིས་མར་གནངས་པ་ཞིག་རེད་ལགས།

    Reply
  3. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 12 སྔོན།

    ཐུབ་དབང་སྨྲ་བ་གང་གིས་གང་བསྟན་པ།།
    ཁྱོད་ཐུགས་ཟླ་བ་རྒྱས་པའི་དཀྱིལ་འཁོར་དུ།།
    ཇི་བཞིན་གསལ་བའི་བརྩེ་ཆེན་ཆོས་དབྱིངས་ནས།།
    ལེགས་པར་གདོམས་མཛད་ཁྱོད་ལ་སྤྱི་བོས་མཆོད།།

    བྱང་ཆུབ་རྒྱལ་ས་རིང་ནས་ཟིན་གྱུར་ཀྱང་།།
    བདག་འཛིན་དྲ་བར་ཚུད་པའི་འགྲོ་བ་རྣམས།།
    ཐུགས་བསྐྱེད་སྙིང་རྗེ་དྲག་པོས་མ་བཟོད་པར།།
    མི་ཡི་ཟློས་གར་འཛིན་ལ་གུས་ཕྱག་འཚལ།།

    སྣ་ཚོགས་ཁམས་དང་མོས་པའི་རྗེས་འགྲོ་བའི།།
    དམ་ཆོས་འཆི་མེད་ལྷ་ཡི་རོལ་མོའི་སྒྲ།།
    ཟབ་ཞིའི་དབྱངས་སུ་བསྒྲགས་པས་ལུས་ཅན་ཀུན།།
    ལས་ཉོན་སྨག་ཆེན་གཉིད་ལས་དཀྲོག་པར་མཛད།།

    བསྐལ་བཟང་རྣམ་འདྲེན་སྟོང་གི་མཛད་པ་ཀུན།།
    ས་ཆེན་འཁོར་ལོ་མཛེས་པའི་གཙུག་རྒྱན་དུ།།
    བརྩེ་ཆེན་ཟླ་ཤེལ་གཞོན་ནུའི་གཟི་འོད་ལས།།
    འདེགས་པར་མཛད་པོ་སྐྱེ་དགུའི་སྙིང་དུ་ཐིམ།།

    ཐ་མལ་ཚུལ་དུ་བཤེས་གཉེན་གཙུག་བཀུར་ཏེ།།
    རབ་འབྱམས་གཞུང་ལུགས་ཐོས་བསམ་སྒོམ་པ་དང།།
    དཔྱད་གསུམ་དག་པས་སྒྲོ་འདོགས་ལེགས་བཅད་པས།།
    ཕྱི་ལྟར་ལྔ་རིག་སྨྲ་བའི་དབང་པོ་སྟེ།།

    དུག་གསུམ་མུན་པའི་ཀློང་དུ་འཁྱམས་གྱུར་བའི།།
    འགྲོ་བའི་འཇིག་ཚོགས་རྩ་བ་གཅོད་པ་ལ།།
    སྙིང་རྗེ་མཆོག་གིས་གཞན་དོན་ཁུར་འཁྱེར་བས།།
    ནང་ལྟར་རྒྱལ་ཀུན་སྙིང་རྗེའི་རང་གཟིགས་ཉིད།།

    གང་ཞིག་རྟེན་འབྱུང་སྟོང་བ་དོན་གཅིག་ཏུ།།
    ཇི་བཞིན་གཟིགས་ཤིང་ཇི་སྙེད་འགྲོ་བ་ཀུན།།
    ཐར་བ་མཆོག་གི་ལམ་བཟང་སྟོན་མཛད་པས།།
    གསང་བ་མཚམས་སྤྲིན་མདངས་འཛིན་འཇམ་པའི་དབྱངས།།

    ཆུ་སྤྲིན་མེ་ཏོག་འཐུང་བའི་ལྗོན་བཟང་ལ།
    གསེར་ཞུན་ལོ་འབྲས་ཁུར་གྱིས་ལྕི་བ་བཞིན།།
    མཁས་བཙུན་བཟང་པོའི་རྒྱན་གྱིས་རབ་དུད་པས།།
    སྐྱེས་མཆོག་ཀུན་གྱི་གཙུག་གི་ཏོག་ཏུ་བཞེངས།།

    འགྲོ་ཕན་སྙིང་པོ་བྱམས་བརྩེས་ཉེར་འཁྱུད་པའི།།
    རབ་དཀར་མཛད་འཕྲིན་འོ་མཚོའི་རླབས་ཕྲེང་འབུམ།།
    འཛམ་གླིང་བསོད་ནམས་སྐལ་བར་སྨིན་པ་ལས།།
    ལེགས་བཤད་བདུད་རྩིའི་ཟེར་བརྒྱ་ཅི་ཡང་སྤྲོ།།

    ལྷག་བསམ་གངས་རི་འབར་བའི་ལྡིང་ཁང་ནས།།
    རིས་མེད་ཆོས་ཚུལ་སྟག་སེང་ཁྱུ་མཆོག་ལ།།
    དག་སྣང་འོད་ཀྱིས་མཛའ་བརྩེ་གཅིག་སྒྲིལ་པའི།།
    རྨད་བྱུང་མཛད་བཟང་སྲིད་ན་མངོན་པར་མཐོ།།

    བདག་འཛིན་དྲ་བར་ཚུད་ཅིང་ཆགས་སྡང་གི།
    བྲན་ལས་སྐྱེས་པའི་དུས་ཀྱི་རྒུད་ཚོགས་ཀུན།།
    བྱམས་བརྩེ་མཚོན་གྱིས་གཞོམ་ཞིང་ཞི་བདེའི་གདུགས།།
    རྟག་ཏུ་སྒྲེང་བའི་གྲགས་སྙན་བླ་ན་འབར།།

    གངས་ལྗོངས་སྣོད་བཅུད་ཤར་ཕྱོགས་གཏུམ་སྤྱོད་ཀྱིས།།
    སྲེག་ལ་ཉེ་བའི་དུས་ཀྱི་མཐའ་མ་དེར།།
    མཚན་དཔེའི་མེ་ཏོག་ཕྲ་ཡང་ལུགས་ཟུང་འཁུར།།
    ཞུམ་མེད་བཞེས་ཏེ་ལེགས་བཅོས་སྒོ་བརྒྱ་འབྱེད།།

    ལྷ་ལྡན་གྲུ་འཛིན་ནོར་བུའི་ཕོ་བྲང་ནས།།
    འཕགས་པའི་ཡུལ་ལ་གསེར་ཞལ་ཟླ་བའི་འཛུམ།།
    སྤྲིན་དཀར་ཡོལ་བའི་གསེབ་ནས་བཞད་པ་ནས།།
    གངས་ལྗོངས་མང་གཙོའི་སྐྱེད་ཚལ་གསར་དུ་སྐྱིལ།།

    དུས་འགྱུར་ཉམ་ངའི་འཐབ་འོག་ཚུད་པའི་ཚེ།།
    དམ་པའི་རང་རྟགས་མ་ཤོར་བོད་ཁམས་སྤྱིའི།།
    ངེས་དོན་རྡོ་རིང་ཡངས་པའི་འཛམ་གླིང་གི།།
    གར་གྱི་སྟེགས་བུར་ལན་མང་ཁྱོད་ཀྱིས་བཙུགས།།

    གང་གི་རྨད་བྱུང་ཐུགས་རྗེའི་ལྕགས་ཀྱུ་ཡིས།།
    ལྔ་རིག་རྒྱུ་སྐར་འཕྲོ་བའི་ཟླ་གྲོགས་སུ།།
    རིག་གསར་ཟླ་གཞོན་བསུས་པའི་འབྲས་བཟང་ལ།།
    ཅི་དགར་ལོངས་སུ་སྤྱོད་པའི་བསྐལ་བཟང་ཐོབ།།

    རྒྱལ་བསྟན་ནོར་བུའི་ཆུ་གཏེར་རབ་རྒྱས་ཏེ།།
    ཕུན་ཚོགས་སྡེ་བཞིས་སྐྱེ་དགུ་འཚོ་ཕྱིར་དུ།
    གཉིས་སྐྱེས་གུར་གུམ་བརྡལ་བའི་ཐང་ཆེན་ནས།།
    ལུང་རྟོགས་བསྟན་པའི་མེ་རོ་སླར་ཡང་གསོས།།

    བགྲང་བྱ་ཉིས་སྟོང་ལྷག་གི་ལེགས་ཉེས་ཀུན།།
    རྣམ་པར་དཔྱོད་ལ་ཐུགས་ཀྱི་ཟླ་དཀྱིལ་རྫོགས།།
    མ་འོངས་མངོན་པར་གཟིགས་པའི་མཁྱེན་དཔྱོད་ཀྱིས།།
    སྲིད་དབང་དམངས་ལ་སྦྱིན་ཕོད་ཁྱེད་མིན་སུ།།

    ཆོས་པའི་གཟུགས་ཀྱིས་ཆོས་ལོག་བྱེད་པ་དང་།།
    ཆོས་ཀྱི་ཚུལ་གྱིས་ཆོས་མིན་བྱེད་པ་སོགས།།
    དབུ་ཚད་རིགས་བརྒྱ་རྒོད་པའི་སོ་ཁ་ནས།།
    ཕྱེ་མར་འཐག་པ་ཁྱེད་མིན་སུ་ཞིག་མཆིས།།

    འགྲོ་ཀུན་ཕན་བདེའི་འབྱུང་རྩ་ཐུབ་བསྟན་གྱི།།
    ངེས་དོན་སྙིང་པོ་གཟུར་གནས་རིག་གསར་དང་།།
    དཔུང་པ་གཤིབས་ནས་འགྲམ་ཆུ་ལྡང་མཛད་དེ།།
    ཐུབ་བསྟན་བྱི་དོར་མཛད་མཁས་ཁྱེད་མིན་སུ།།

    ངེས་དོན་གནས་ལུགས་སྟོན་པའི་སྒྲ་དབྱངས་ཀྱིས།།
    ཁམས་གསུམ་ཕོས་རྒོལ་གླང་པོ་འཁུམ་མཛད་ཅིང་།།
    བློ་ལྡན་བུང་པའི་ཚོགས་ལ་བདུད་རྩིའི་ཟས།།
    སེམས་ཀྱི་ངལ་བ་གསོ་བའི་དཔལ་དུ་སྦྱིན།།

    ཡོན་ཏན་དྲི་གཞོན་འཐུལ་བའི་ཁང་བཟང་ནས།།
    བྱམས་བརྩེའི་ཕྱག་ཟུང་བརྐྱངས་པའི་ལེགས་བཤད་ཀྱི།།
    ག་བུར་དོག་པ་རིས་མེད་སྐྱེ་འགྲོ་ཡི།།
    རྣ་བའི་དཔྱིད་དུ་སིམ་པའི་དགའ་སྟོན་རྒྱས།།

    གང་གི་རྨད་བྱུང་ཡོན་ཏན་ཚོགས་རྣམས་ལ།།
    འཛམ་གླིང་མཁས་པར་གྲགས་པ་མ་ལུས་པའི།།
    གཙུག་གི་ནོར་བུར་བཀུར་བའི་ངང་ཚུལ་འདི།།
    གངས་ཅན་བོད་མིའི་སྤོབས་པའི་གཞི་རྟེན་ཉིད།།

    འོན་ཀྱང་ཁ་བཤད་ཝུ་བའི་བོངས་ཆེ་ཞིང་།།
    ལག་ལེན་རྒྱ་ཁབ་ཙམ་གྱིས་སྟོང་གྱུར་བའི།།
    ཕྱི་ནང་སྐལ་དམན་འགའ་ཡི་ལོག་ཤེས་ངོར།།
    ཡོན་ཏན་སྐྱོན་དུ་ལྟ་བ་སྙིང་རྗེའི་ཡུལ།།

    གང་གི་ཞབས་རྡུལ་སྤྱི་བོའི་མཛེས་རྒྱན་དུ།།
    ལན་མང་འཐུང་པའི་སྐལ་བཟང་ཐོབ་ན་ཡང་།།
    བདག་འཛིན་དྲ་བར་འཛིང་བའི་དུག་གསུམ་དཔུང་།།
    གཉེན་པོས་མ་བཟློག་སྙིང་དུ་ཉལ་བས་སྐྱོ།།

    དུས་མཐའི་ལུས་ཅན་འགྲོ་བའི་ཚོགས་རྣམས་ལ།།
    བྱམས་བརྩེ་ཉི་འོད་རྟག་ཏུ་སྙོམས་མཛད་པའི།།
    སྙིང་རྗེའི་རང་གཟུགས་ཕྱག་ན་པདྨོ་ཡི།།
    ཞབས་ཟུང་ཨེ་ཝཾ་རྡོ་རྗེའི་ཁམས་བརྟན་ཤོག།
    གང་གི་གསང་གསུམ་རྒྱ་མཚོའི་ཀློང་ཡངས་ལས།།
    བདག་བློ་ཀུ་ཤའི་རྩེ་ལས་ཆུ་ཐིག་ཙམ།།
    གུས་པས་མཆོད་པའི་དགེ་རྩ་ཅི་མཆིས་པས།།
    ཚེ་རབས་འབྲལ་མེད་རྗེས་འཛིན་ས་ཐོབ་ཤོག།།

    Reply
  4. མི་ཉག་བཙན་པོ says:
    ལོ་ 12 སྔོན།

    དུས་བབ་པར་རྩོམ་རྒྲིག་པ་ལ་ཞུ་རྒྱུར།
    ༸གོང་ས་མཆོག་གིས་ཨ་རི་ལ་གནང་བའི་བཀའ་སློབ་ཆ་ཚང་དུས་བབ་ཐོག་
    བཀོད་མི་འདུག་རྒྱུ་མཚན་གང་ཡིན་ནམ།་༸གོང་ས་མཆོག་གི་གསུང་ཚིག་རེ་རེས་ཀྱང་སེམས་ཅན་གྲངས་ལས་འདས་པ་ཐར་ལམ་དུ་ཁྲིད་ཐུབ་པ་དང་བདེ་བ་ལ་འགོད་ནུས་པའི་ནུས་པ་ཆ་ཚང་ལྡན་ཡོད།
    ཁྱོད་ཀྱིས་ཇི་སྙེད་བཀའ་བརྩམས་པ།རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག། དེ་ཡང་མྱ་ངན་མདས་ཕྱིར་ཏེ། ཞི་འགྱུར་མིན་མཛད་ཁྱོད་ལ་མིན།ཅེས་གསུངས་པ་ལྟར་རོ།
    དེས་ན་གསུང་ཁ་ཤས་བཀོད་མི་དགོས་པའི་རྒྱུ་མཚན་གཏན་ནས་མེད་ན་ཡང་ཆ་ཚང་བཀོད་མེད་པ་ནི་རྒྱུ་མཚན་གཞན་ཞིག་ཡོད་སྲིད་དམ།
    རྒྱུ་མཚན་གཞན་ཞིག་གིས་དབང་དུ་སོང་ནས་བཀོད་མ་ཐུབ་པ་ཡིན་ན་
    རྒྱུ་མཚན་ཁ་གསལ་གསུང་དགོས་པ་དང་དེས་མིན་གསུང་ཆ་ཚང་འགོད་ཐུབ་ན་དགེ་མཚན་ཆེ་སྙམ།

    Reply
  5. ཤར་མཁན་སྤྲུལ། says:
    ལོ་ 12 སྔོན།

    གཟིགས་མཁན་དང་ཉན་མཁན་ལྷན་རྒྱས།
    དོན་མི་འདྲ་བ་གཉིས་ལ་བསམས་གཞིགས།
    ༸གོང་ས་མཆོག་གིས་ཆབ་སྲིད་རྩིས་སྤྲོད་གནང་བ་དེ་ཁོང་སྐུ་རྒེར་གྱི་གནད་དོན་ཡིན་པས། དེ་ཁོང་གིས་སྐུ་རྒེར་གྱིས་ཐག་གཅོད་བྱེད་པ་ལས་སུ་ལ་ཡང་དེ་ལ་འགོག་སྐྱེན་བྱེད་པའི་དབང་ཆ་མེད་པ་དང་ཐོབ་ཐང་མེད་པས། ཕྲན་ནི་དེ་ལ་རྗེས་སུ་ཡི་རིང་བྱེད་མཁན་གྱི་གྲིས་ཡིན་པ་མ་ཟད། དེ་ནི་དུས་ཚོད་རན་པོ་དང་ཆེས་གལ་ཆེན་ཞིག་དུ་བརྩི་གི་ཡོད། མ་ཟད་འཛམ་གླིང་ལ་ངོམ་ཆོག་པའི་གཟི་བརྗིད་ཆེན་པོ་ཞིག་དུ་བརྩི་བཞིན་ཡོད། དེ་མ་འགྲིག་ཟེར་མཁན་ཚོ་ནི་ཤེས་རྒྱ་ཆུང་བ་འམ། བླུན་དད་ཆེ་བ་འམ། ཡང་ན་ཚོར་བའི་རྗེས་འབྲང་བ་ཡིན་རྟགས་སམ། ཡང་ན་བརྫི་བག་ཅན་ཡང་ཡིན་སྲིད།

    བོད་གཞུང་དམངས་ཚོགས་ཆེན་གྱིས་སྤྱི་མོས་ཀྱིས་ཐག་བཅད་ཚར་རྗེས་སུ་བཙན་བྱོལ་གཞུང་གི་མིང་བསྒྲིག་འཛུགས་ཀྱི་མིང་དུ་བརྒྱུར་དང་། རྒྱལ་རྟགས་ཀྱི་མིང་སྨོན་ཚིག་ཞིག་ཏུ་བརྒྱུར་བ་ནི་ནོར་འཁྲུལ་ཆེས་ཆེན་པོ་ཞིག་གམ། ཡང་ན་བསམ་བཞིན་དུ་གཞན་གྱིས་ངན་བཅོས་སམ་ཆོ་འཕྲུལ་ཞིག་ལས། ལྷག་བསམ་དང་བློ་གྲོས་དང་ཤེས་མཇོན་སོགས་དང་མཉམ་དུ་བྱས་པར་ཁས་མི་ལེན་མཁན་མང་། དེ་དག་གིས། རྒྱལ་བ་རིན་པོ་ཆེས་གཅིག་བསྡུད་བྱས་པ་རེད་ཟེར་བ་དེ་ངོས་ལེན་མེད་ནི་རེད། དེ་ལ་ཡིད་ཆེས་བྱེད་ནི་ཧ་ཅིང་ཉུང་། དེ་སུ་ཞིག་གིས་ཆོ་འཕྲུལ་ཡིན་པར་དོགས་པ་ཆེས་ཆེན་པོ་ཡོད་ལ་ཡོད་རིགས་པ་ཞིག་རེད།
    སེམས་རྣལ་དུ་ཕབས་ན་ངེས་ཤེས་སྙེད་ནུས་པ་ཞིག་ཡིན།
    མ་ཟད་ཁ་ཚང་ཁ་སང་ཨ་རུའི་རྒྱལ་ས་བ་ཤུན་དྲོན་ནས། ༸གོང་ས་རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་ཉིན་༸གོང་ས་མཆོག་སྐུ་ཉིད་ཀྱིས་ལའདི་ལྟར་གསུང་བ་ལ་གཟིགས་རོགས་ཞུ།
    དག་བ་ནང་བཞིན་དུ་ང་ཚོས་དེར་བཙན་བྱོལ་གཞུང་བྱས་ནས། བོད་སྐད་ནང་ལ་གཞུང་ཟེར་བ་ཁོ་དག་དག་འགྲོ་གི་ཡོད་རེད། ང་ཚོས་བླ་བྲང་གཞུང་ཟེར་ཡ། ཆོས་གཞུང་ཟེར་བ་འདྲ་བོ། མི་ཚང་གཞུང་ཟེར་བ། ང་ཚོས་དེ་འདྲ་ཟེར་གི་རེ་བ། ཚིག་དེ་གོ་བའི་ཐོག་ནས་ང་ཚོ་བོད་གཞུང་ཟེར་བ་དེ་ཡོད་བསྡད་པ་དེ། ད་ཆ་དངོས་གནས་དྲང་གནས་ཀྱིས། དམངས་གཙོ་མི་མང་གིས་འོས་བསྡུ་བྱས་ནས་སླེབ་བསྡད་པའི་གཞུང་དང་མགོ་ཁྲིད་ཞིག་དུ་ཆགས་བསྡད་ཡོད་པ་རེད།
    ཞེས་གསུང་བ་དེས་བོད་གཞུང་ཟེར་བའི་མིང་ཏེ་རྗེ་བརྒྱུར་མི་དགོས་པ་ཞིག་དང་། དེ་རྒྱལ་སྤྱིའི་ཁྲིམས་མཐུན་གྱི་གཞུང་ཞིག་ལ་མཐའ་གཅིག་ཏུ་གོ་མི་དགོས་པ་དང་། དེ་མ་དགོས་ན་བཟོ་བཅོས་བྱེད་དོན་མེད་པ། དེ་བཟོ་བཅོས་མི་དགོས་པ་བཅས་ཤུགས་ལ་གསུང་མི་འདུག་གམ། རྒྱ་ཆེས་བོད་རིགས་ཀུན་གྱིས་འཁྲུང་སྐར་བཀའ་སློབས་ལ་ཉོན་ལ་བདེན་དཔང་གནང་རོགས་ཞུ།
    རྒྱ་ཆེས་གློག་མཁན་དང་གཟིགས་མཁན་ཀུན་གྱིས་བསམ་བློ་ཡང་དག་ཞིག་ཐོང་དང་ཤེས་སླ་བོ་མི་འདུག་གམ།
    བོད་གཞུང་གི་མིང་བོད་མིའི་བསྒྲིག་འཛུག་ལ་བརྒྱུར་བ་དེ་༸གོང་ས་མཆོག་གིས་གཅིག་ཆོད་ཡིན་པར་མི་མང་བོས་ཁས་མི་ལེན་པའི་རྒྱུ་མཚན་ནི།
    གོང་ཏུ་༸གོང་ས་མཆོག་གིས་གསུང་བ་བཞིན་དུ། བླ་བྲང་གཞུང་དང་། ཁྱིམ་ཚང་གཞུང་བཞིན་དུ་རྒྱལ་ཁབ་ཞིག་ལ་གོ་མི་དགོས་པ་ཞིག་ཡིན་པས་བརྗེ་མི་དགོས་པ་དང་། གལ་ཏེ་བརྗེས་ན་མི་རབས་གསལ་བ་དག་གིས་མི་ཤེས་བར་རྩ་བླག་ཏུ་འགྲ་བ་སྨོས་ཅི་དགོས།
    མ་ཟད་རྒྱུ་མཚན་མང་ཡང་མདོར་བསྡུས་ན་མིང་རྩ་མེད་བཏང་ན་རིམ་གྱིས་དོན་རྩ་མེད་དུ་འགྲོ་བ་ཆོས་ཉིད་མ་རེད་དམ། གལ་ཏེ་འདྲ་མིན་ན་རྒྱ་གཞུང་གིས་བོད་པའི་ས་ཆ་ཡུལ་སྡེ་སོགས་མང་བོ་སོགས་ཐ་སྙད་ཆེས་མང་བོ་རྩ་མེད་གཏོང་གི་ཟེར་ནས་ང་ཚོས་སྡུག་སྐད་རྒྱག་ཅེས་ཕྱིར་དགོས།
    ཐ་ན་བརྗོད་བྱེད་ཤིན་དུ་མི་བདེ་བ། ཆབ་སྲིད་ཀྱི་བྲོ་བ་གཏན་ནས་མེད་པ་རེད། མ་ཟད་ཐ་ན་བརྗོད་བྱེད་ཀྱི་ཆ་ནས་ཡང་་་་གསར་འགོད་པ། གཏམ་བཤད་པ་ལ་སོགས་ཀུན་ལ་དཀའ་ངལ་ཅི་ཙམ་འཕྲད་གྱི་ཡོད་པ་ལ་ཉོན་དང་། བརྗོད་མི་བདེ་བ། བརྗོད་ཚུལ་མེད་པ་སོགས། གསར་འགོད་པ་ཁ་ཤེས་ཀྱིས་བོད་མིའི་བསྒྲིག་འཛུག་གཞུང་གིས་་་ཟེར་དགོས་ཐུག་ཡོད་པ་ཨེ་གོ དེ་ཕྱིར་འདི་ལ་ངེས་པར་དུ་བསྐྱར་བཅོས་དགོས་ངེས་རེད།
    བཀའ་དྲིན་ཆེ། ཀློག་མཁན་ཀུན་བློ་གཟི་བོར་གནས་ལ་བསམ་གཞིགས་ནན་མོ་གནང་རོགས་ཞུ།

    Reply
  6. གྲགས་བསོད་ says:
    ལོ་ 12 སྔོན།

    ཧེ་ར་བཀྲ་ཤིས་ལགས་ཁྱོད་ཀྱིས་བོད་མི་བསེམ་མེད་འགའ་ཤས་ཀྱིས་ནམ་རྒྱུན་དགོས་མེད་ཀྱི་གཏམ་ཞེས་གསུངས་འདུག་ན་དེ་གང་ཡིན་གསར་ཁ་མཛད་རོགས་ཞུ་ཞུ།

    Reply
  7. ཤར་མཁན་སྤྲུལ། says:
    ལོ་ 12 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ལགས།
    སྐུ་ཉིད་ཀྱིས་ངས་༸གོང་ས་མཆོག་གིས་ཆབ་སྲིད་འགན་དབང་རྩིས་སྤྲོད་གནང་བའི་དངོས་བྱུང་གནས་ཚུལ་ཤེས་ཀྱི་མི་འདུག་པར་བཙན་གྱིས་མགོ་ལ་འཇོག་རྒྱུ་ཡིན་ནམ།
    ཉིད་ཀྱིས་བཤད་དོན།
    ཡིད་བཞིན་ནོར་བུའི་གསུང་དང་བཀའ་སློབ་དག་ལ་ཡག་པོ་སློབ་སྦྱོང་གནོང། ཐད་ཀར་དུ་རྒྱང་བསྲིངས་པའི་གསུང་བཤད་ཀྱང་ཡོད། གནས་ཚུལ་ཡག་པོ་ཤེས་ལ་མ་ཤེས་ཀྱིས་ཚོད་དཔག་དང་འཆར་སྣང་གི་སྑད་ཆ་བཤད་ན་དངོས་ཐོག་བདེན་འཚོལ་མ་རེད། ཟེར།
    འོན་ཀྱང་དོན་དངོས་་་་ཁྱེད་ཀྱིས་ངས་ཅི་བཤད་ལ་གོ་བ་ལོན་མི་འདུག་པས་ཞིབ་གཟིགས་གནང་རོགས།
    ༸གོང་ས་མཆོག་གིས་ཆབ་སྲིད་རྩིས་སྤྲོད་གནང་བ་དེ་ཁོང་སྐུ་རྒེར་གྱི་གནད་དོན་ཡིན་པས། དེ་ཁོང་གིས་སྐུ་རྒེར་གྱིས་ཐག་གཅོད་བྱེད་པ་ལས་སུ་ལ་ཡང་དེ་ལ་འགོག་སྐྱེན་སྥྲོད་པའི་དབང་ཆ་མེད་པ་དང་ཐོབ་ཐང་མེད་པས། ཕྲན་ནི་དེ་ལ་རྗེས་སུ་ཡི་རིང་བྱེད་མཁན་གྱི་གྲིས་ཡིན་པ་མ་ཟད། དེ་ནི་གཟི་བརྗིད་ཆེན་པོ་ཞིག་དུ་བརྩི་བཞིན་ཡོད། དེ་མ་འགྲིག་ཟེར་བའི་ཚིག་ཟིར་ཙམ་ཡང་བཤད་མྱོང་མེད་པ་མཁྱེན་པར་འཚལ།
    བོད་གཞུང་དམངས་ཚོགས་ཆེན་གྱིས་མང་མོས་ཀྱིས་འདོད་པ་མེད་པའི་ཐག་ཆོད་ཟིན་པའི་རྗེས་སུ་བཙན་བྱོལ་གཞུང་གི་མིང་དང་རྒྱལ་རྟགས་ཀྱི་མིང་བརྒྱུར་བ་ནོར་འཁྲུལ་ཆེས་ཆེན་པོ་རེད་ཟེར་གི་ཡོད་ལགས། ཁྱེད་ཅག་གིས་རྒྱལ་བ་རིན་པོ་ཆེས་གཅིག་བསྡུད་བྱས་པ་རེད་ཟེར་གྱི་ཡོད་ཀྱང་། དེ་ནི་ཁོང་གིས་སྐུ་རྒེར་གྱི་ཞལ་དངོས་ནས་མ་གསུང་བར་དུ་དེ་ལ་དོགས་པ་ཆེས་ཆེན་པོ་ཡོད་ཟེར་གི་ཡོད།
    ངས་གསལ་བོ་བྱས་ནས་བཤད་ཡོད་ད་དུང་ཉིད་ཀྱིས་ཧ་མི་གོ་ནི་ཨེ་རེད་ལགས། སེམས་རྣལ་དུ་ཕོབ་ལ་གཟིགས་རོགས། ཡིག་སྐྱོན་དང་མནན་ཉེས་སོགས་ཡོད་མེད་ལ་མ་ལྟོས་པར་ཚིག་གྲོགས་ཁོ་ནས་ཡང་ཤེས་ངེས་ཅན་ཞིག་བྲིས་ཡོད་ལགས།
    ཁྱེད་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་ལུང་དྲང་བ་ལས་ཁོང་གིས་རྒེར་གཅོད་བྱས་ནས་བོད་གཞུང་གི་མིང་བརྒྱུར་བའི་མཚོན་བྱེད་ཅི་ཡང་མི་ག་ལགས།
    མ་ཟད་ཁ་སང་ཨ་རུའི་རྒྱལ་ས་བ་ཤུན་དྲོན་ནས། སྤྱི་ཟླ་༧ པའི་ ཚེས་ ༦ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་ཉིན་སྐུ་ཉིད་ཀྱི་གསུང་བཤད་ནང་དུ་འདི་འདྲ་གསུང་འདུག་གཟིགས་དང་།
    དག་བ་ནང་བཞིན་དུ་ང་ཚོས་དེར་བཙན་བྱོལ་གཞུང་བྱས་ནས། བོད་སྐད་ནང་ལ་གཞུང་ཟེར་བ་ཁོ་དག་དག་འགྲོ་གི་ཡོད་རེད། ང་ཚོས་བླ་བྲང་གཞུང་ཟེར་ཡ། ཆོས་གཞུང་ཟེར་བ་འདྲ་བོ། མི་ཚང་གཞུང་ཟེར་བ། ང་ཚོས་དེ་འདྲ་ཟེར་གི་རེ་བ། ཚིག་དེ་གོ་བའི་ཐོག་ནས་ང་ཚོ་བོད་གཞུང་ཟེར་བ་དེ་ཡོད་བསྡད་པ་དེ། ད་ཆ་དངོས་གནས་དྲང་གནས་ཀྱིས། དམངས་གཙོ་མི་མང་གིས་འོས་བསྡུ་བྱས་ནས་སླེབ་བསྡད་པའི་གཞུང་དང་མགོ་ཁྲིད་ཞིག་དུ་ཆགས་བསྡད་ཡོད་པ་རེད། ཞེས་གསུང་བ་དེས་བོད་གཞུང་ཟེར་བའི་མིང་ཏེ་རྗེ་བརྒྱུར་ཅི་ཡང་བྱེད་དགོས་པའི་བཟོ་རུ་གསུང་མི་འདུག་གམ། རྒྱ་ཆེས་བོད་རིགས་ཀུན་གྱིས་འཁྲུང་སྐར་བཀའ་སློབས་ལ་ཉོན་ལ་བདེན་དཔང་གནང་རོགས་ཞུ།
    གློག་མཁན་ཀུན་གྱིས་བསམ་བློ་ཡང་དག་ཞིག་ཐོང་དང་ཤེས་སླ་བོ་མི་འདུག་གམ།
    ལྟོས་དང་། ཉོན་དང་། བོད་གཞུང་གི་འཚབ་དུ་་་་བོད་མིའི་བསྒྲིག་འཛུག་ཟེར་བར་བརྗོད་བྱའི་ཐད་དུ་ནོར་འཁྲུལ་ཆེ་བ་སྨོས་ཅི། མ་ཟད་ཐ་ན་བརྗོད་བྱེད་ཀྱི་ཆ་ནས་ཡང་་་་གསར་འགོད་པ། གཏམ་བཤད་པ་ལ་སོགས་ཀུན་ལ་དཀའ་ངལ་འཕྲད་ཡོད། བརྗོད་མི་བདེ་བ། བརྗོད་ཚུལ་མེད་པ་སོགས་དཀའ་ངལ་མང་བ་མ་གོ་འམ། གསར་འགོད་པ་ཁ་ཤེས་ཀྱིས་བོད་མིའི་བསྒྲིག་འཛུག་གཞུང་གིས་་་ཟེར་དགོས་ཐུག་ཡོད་པ་ཨེ་གོ
    མདོར་ན་མིང་རྩ་མེད་བཏང་ན་རིམ་གྱིས་དོན་རྩ་མེད་དུ་འགྲོ་བ་ཆོས་ཉིད་མ་རེད་དམ། དེ་མིན་ན་རྒྱ་གཞུང་གིས་བོད་པའི་ས་ཆ་ཡུལ་སྡེ་སོགས་མང་བོའི་མིང་རྩ་མེད་གཏོང་གི་ཟེར་ནས་སྡུག་སྐད་རྒྱག་དགོས་དོན་མེད་ཟེར་རྒྱུ་ཡིན་ནམ། འདི་དག་མཚོན་ཙམ་རེད། གཞན་གནད་འགག་ཆེས་མང་དུ་ཡོད་ལ་ཐུག་ཡོད་པ་ལ་ཀུན་གྱིས་ཐུགས་བསམ་གནང་རོགས།
    བཀའ་དྲིན་ཆེ། ཀློག་མཁན་ཀུན་བློ་གཟི་བོར་གནས་རོགསདང་བསམ་རྣལ་མ་གནང་རོགས་ཞུ།

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ཡིད་བཞིན་ནོར་བུ། ད་ལྟ་ཁྱེད་ཀྱིས་བོད་ཀྱི་རྒྱལ་སྲིད་དམངས་ལ་གནངས་ཏེ། ཡོངས་སུ་བགྲེས་ཡོལ་ལ་ཕེབས་པར་བཞེད་ན་ཡང། རང་རིགས་མི་ཉུང་བ་ཞིག་གིས་བློ་ཕམ་དང་འཁང་ར་བྱེད་མོད། དོན་དངོས་སུ་ཁྱེད་ནི་སྔར་ལྷག་གི་བསྟན་འགྲོའི་བདེ་སྐྱིད་ཀྱི་དོན་ཆེན་སྒྲུབ་པར་གཞོལ་བ་ལས་སྐུ་ངལ་གསོ་བའི་ཉི་མ་གཅིག་ཀྱང་མེད། ད་ནི་གང་ཁྱེད་བོད་གངས་ཅན་པ་ཁོ་ནའི་བླ་མ་མིན་འཛམ་གླིང་མི་དམངས་ཀྱི་བླ་མ་ཡིན། ཁྱེད་ཀྱིས་དེ་རིང་ཡང་ཨ་རིའི་རྒྱལ་ས་ན་དཔལ་དུས་ཀྱི་འཁོར་ལོ་ཐེངས་༣༡་པའི་དབང་སྐུར་བཞིན་པ་མིན་ནམ།
    ཡིད་བཞིན་ནོར་བུ། ཉི་མ་ཀུན་གྱི་ཉི་མ་དང། བླ་མ་ཀུན་གྱི་བླ་མ། ཞེས་པ་འདི་ཁྱེད་ཉིད་ལུང་བསྟན་གྱི་གཏམ་དཔེ་ཞིག་མ་ཡིན་ནམ། གཅིག་བྱས་ན་དེ་སྔ་ཞིག་ནས་ཀྱང་ཉི་མ་ལྟར་གྱི་བླ་མ་ཡང་བྱོན་ཡོད་མོད། ད་ལྟ་ཡོངས་གྲགས་སུ་བླ་མ་ཀུན་གྱི་བླ་མའི་མཚན་གཞི་ཁྱད་འཕགས་པ་ཞིག་འཚོ་ཞིང་གཞེས་པ་ནི་ཡིད་བཞིན་ནོར་བུ་ཁྱེད་ཉིད་དེ། ཁྱེད་ནི་ང་ཚོའི་ཆེས་གཟི་བརྗིད་དང་ཆེས་རླབས་ཆེན་གྱི་མི་རིགས་ཀྱི་མཚོན་རྟགས་ཉིད་ལགས་སོ།
    དེ་ལྟ་ན་ཡང། ཁྱེད་ཉིད་རླབས་ཆེན་གྱི་སྐྱེས་བུར་བཀུར་འདོད་མཁན་གྱི་རང་རིགས་མི་ཉུང་བ་ཞིག་གིས། བསམ་བློ་མ་སྨིན་པའི་དབང་གིས། མི་རིགས་ཀྱི་ལར་ཞེན་ཐལ་དྲགས་པའིདབང་གིས། རིན་པོ་ཆེའི་རིན་ཐང་མི་མཐོང་ལ། རིན་པོ་ཆེ་ཇི་ལྟར་ལོངས་སུ་སྤྱོད་ཚུལ་མི་ཤེས་པ་ནི་ངའི་བློ་ཕམ་དང་སེམས་ཁྲལ་ཆེ་ཤོས་ཤིག་ཡིན།
    ཀྭ་ཡེ། རིགས་མཐུན་དང་བློ་མཐུན་གྱི་གྲོགས་པོ་ཚོ། འཛམ་གླིང་མི་དམངས་ཀྱིས་ཞི་བདེའི་དེད་དཔོན་དམ་པར་བཀུར་བཞིན་པའི་ཡིད་བཞིན་ནོར་བུའི་ཆོས་སྲིད་ལུགས་གཉིས་ཀྱི་རླབས་ཆེན་དགོངས་གཞི་དེ་ང་ཚོས་ཡོངས་སུ་རྟོགས་རན་རེད། འཁྲུལ་མེད་ལམ་སྟོན་དེར་ང་ཚོ་ལྷན་དུ་ཆས་རན་རེད། མ་མཐར་ཡང་ང་ཚོས་ཁོང་གི་ལེགས་པར་བསྟན་གང་ཞིག་ལོག་པར་མི་མཐོང་བའི་གོ་རྟོགས་ཤིག་ངེས་པར་སྐྱེད་དགོས། གལ་ཏེ་ནམ་ཞིག་ང་ཚོ་ཡིད་བཞིན་ནོར་བུའི་བཀའ་གསུང་ལས་ལོག་པར་སྐྱོད་མཁན་ཞིག་ཆགས་ཚེ་དེ་ནས་བཟུང་ང་ཚོའི་བར་གྱི་དམ་ཚིག་གཙང་མ་ཟེར་བ་རི་བོང་རྭ་དང། དེ་ནས་བཟུང་ང་ཚོའི་བར་ལ་ལས་དང་སྨོན་ལམ་གྱི་མཚམས་སྦྱོར་ཟེར་བ་ཡང་ནམ་མཁའི་མེ་ཏོག་ཡིན།
    བསོད་ནམས་མེད་པའི་མི་ལ། གསེར་ཡང་རྡོ་རུ་འགྱུར། ཟེར་བའི་དཔེ་དེ་འདྲ་ཡང་མི་ཡོང་བའི་ངེས་པ་ཅི་ལ་ཡོད། དེ་བས། ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ངོ་ཆོད་དགོས། ནོར་བུའི་ལོངས་སྤྱོད་རྟོགས་དགོས། ནོར་བུའི་དངོས་གྲུབ་མྱོང་དགོས།

    Reply
  9. ཧེ་ར་བཀྲ་ཤིས། says:
    ལོ་ 12 སྔོན།

    བོད་རིགས་སེམས་མེད་འགའ་ཤས་ཀྱིས་ནམ་རྒྱུན་དགོས་མེད་ཀྱི་རྙོག་གཏམ་གང་སར་འཐོར་བ་འདིས་བོད་མིའི་བསོད་ནམས་ཟད་རྒྱུའི་རྒྱུ་རུ་འགྲོ་ཉན་འདུག་པས་ཚང་མས་དགོས་མེད་ཀྱི་རྙོག་གླེང་མ་འཐོར་རོགས།
    བོད་མི་རིགས་ཀྱི་འདི་ཕྱི་གཉིས་ཀྱི་བཀའ་དྲིན་བླ་མེད་དུ་ཆེ་བའི་༧གོང་ས་༧་སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་སྐུ་ཚེ་བརྒྱ་ལྷག་བཞུགས་པའི་གསོལ་འདེབས་ཡང་ཡང་འདེེབས།

    Reply
  10. ཤིང་ལོ། says:
    ལོ་ 12 སྔོན།

    སྟོན་པ་དགོས་ན་ཁོང་གི་ཞབས་ལ་གཏུགས།།
    ལམ་ཞིག་དགོས་ན་ཁོང་གི་དཀའ་ལ་ཉོན།།
    ལྷ་ཡི་རྒྱལ་བོ་མི་ཡི་འདྲེན་པ་མཆོག།
    སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཐུགས་བཞེད་སྒྲུབ།།

    Reply
  11. བཀྲ་ཤིས་དོན་གྲུབ། says:
    ལོ་ 12 སྔོན།

    ང་ཚོས་ཁོང་གི་འཁྲུངས་སྐར་ལ་ཁྲ་ཁྲ་ཟང་ཟིང་བྱས་པ་ཙམ་ལས་དོན་དམ་གྱིས་ཁོང་བཀའ་གསུང་དད་དུ་བླང་བ་དཀོན་པོ་རེད། བོད་པ་ཚོ་དངོས་གནས་ང་ཚོས་ཁོང་གི་སྐུ་ཚེ་བརྟན་པ་ཐུགས་དགྱེས་སུ་འཇུག་འདོད་ན་བཀའ་སློབ་འདི་དག་ཉམས་སུ་ལེན་གལ་ཆེ། དེ་མིན་ཁ་ཡག་སྐམ་པོས་མྱི་བརྒྱག་ཏ་ར་རུལ་བའི་སྐོམ་མི་སོད་ཅེས་རང་རེད།

    Reply
  12. བཀྲ་ཤིས་དོན་གྲུབ། says:
    ལོ་ 12 སྔོན།

    ཤེས་རབ་ཀྱི་བང་མཛོད། བྱམས་བརྩེ་ཡི་བདག་པོ། དྲང་བདེན་གྱི་རྒྱལ་པོ། ཚུལ་ཁྲིམས་ཀྱི་སྟོན་པ། འཇིག་རྟེན་གྱི་མ་མ། མཁའ་ཁྱབ་ཀྱི་ཉི་མ། སྲོག་ལྡན་གྱི་མགོན་སྐྱབས་ལགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ ལེགས་གྲངས་མེད་བཅས།

    Reply
  13. གནས་ཚང་། says:
    ལོ་ 12 སྔོན།

    ད་ཡང་བཙན་བྱོལ་བོད་གཞུང་ཞེས་གླེང་བཞིན་པར་ལྟ་སྐབས། ཟམ་གདོང་རིན་པོ་ཆེ་ནས་བཙན་བྱོལ་སྒྲིག་འཛུགས་ལ་བསྒྱུར་བ་དེ་ནོར་འཁྲུལ་ཤོར་ཚར་བ་ངོ་འཕྲོད་ཀྱིན་པ་འདྲ། ཨོ་སི་ཁྲི་ལི་ཡའི་སྲིད་བློན་དང་ཨ་རིའི་སྲིད་འཛིན་སུ་ཡིན་ནའང་། ཐུག་འཕྲད་མི་གནང་བ་འདི་ཁོ་ནས་ཀྱང་གསལ་བོ་དག་པོ་བཟོས་ཡོད་པ་གསལ་བོ་རེད། དེའི་ཁར་ཆོས་སྲིད་ཁ་ཁ་བྱེད་པའི་དགོངས་དོན་འདི་ད་དུང་བཅའ་ཁྲིམས་ནང་འགུལ་ཙམ་ཡང་གནང་མེད་པས། ཚང་མས་བསམ་བློ་གཏོང་རན་མེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist