མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་རིགས་ཀྱི་དར་རྒུད་མགོ་རྩོམ་ས་ཞིག་ཆགས་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp


བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་རིགས་ཡོངས་རྫོགས་བསྐྱར་བཅོས་གནང་སྟེ། བཀའ་ཤག་སྐབས་བཅུ་བཞི་བ་དང་སྤྱི་འཐུས་སྐབས་བཅོ་ལྔ་བའི་ལས་དོན་མགོ་འཛུགས་བྱ་ལ་ཉེ་བའི་སྐབས་དང་བསྟུན་ཏེ། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་བཅར་འདྲི་ཞུས་ཡོད།

 

དྲི་བ། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་མི་གསུམ་གྱིས་སྤྱི་ཚོགས་ནང་ཁྱབ་བསྒྲགས་ཡུན་རིང་བྱས་ཏེ་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་ཡོང་སྐབས། ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལགས་སུ་རྒྱལ་ཁ་ཐོབ་ཡོད་པ་རེད། དེར་བརྟེན་ཐེངས་འདིའི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་ཐོག་ལ་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། རྩ་བའི་ད་ལོའི་བཀའ་བློན་ཁྲི་པའི་འོས་བསྡུའི་ཐད་བཙན་བྱོལ་མི་མང་གིས་དོ་སྣང་ཆེན་པོ་གནང་སོང་། དེ་བཞིན་བོད་ནང་དུའང་དོ་སྣང་ཆེན་པོ་བྱུང་ཡོད་ས་རེད། བགྲོ་གླེང་དང་ལས་འགུལ་ཤུགས་ཆེན་པོ་སྤེལ་སོང་། དེ་དག་གིས་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་རྒྱུ་རེད། ཆབ་སྲིད་ཀྱི་སློབ་སྦྱོང་ལྟ་བུ་རེད། གནད་དོན་མང་པོའི་ཐོག་ལ་བསམ་བློ་གཏོང་རྒྱུའི་གོ་སྐབས་བྱུང་བ་རེད། བཙན་བྱོལ་མི་མང་གིས་སྤྱི་བའི་ལས་དོན་ཐོག་དོ་སྣང་དང་ཁུར་ཆེན་པོ་ལེན་གྱི་ཡོད་པའི་རྣམ་འགྱུར་ཤུགས་ཆེན་པོ་ཐོན་སོང་། དེ་བཞིན་ཕྱི་རྒྱལ་ཁག་གི་བོད་རིགས་ཁ་འཐོར་ཚོའི་ནང་དུའང་བཀའ་བློན་ཁྲི་པའི་སྐོར་ལ་དོ་སྣང་ཆེན་པོ་རེད། དེ་རྟགས་མཚན་ཡག་པོ་ཞིག་རེད།

མཐའ་མའི་འོས་ཀྱི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་ཡོང་སྐབས། བཀའ་བློན་ཁྲི་པའི་འོས་ཤོག་གི་གྲངས་ཀ་དེ་སྐབས་གཉིས་པ་ལས་མཐོ་རུ་ཕྱིན་འདུག འོན་ཀྱང་། ང་རང་གི་རེ་བར་དེ་ལས་ཀྱང་མཐོ་བ་ཞིག་ཡོང་གི་རེད་བསམས་ཡོད། སྐབས་སྔོན་མ་བརྒྱ་ཆ་སུམ་ཅུ་སོ་གྲངས་རེད། ཐེངས་འདིར་ཕལ་ཆེར་བརྒྱ་ཆ་བདུན་ཅུར་བསླེབ་མདོག་ཁ་བོ་རེད་བསམས་སོང་། འོན་ཀྱང་དེ་ཙམ་ཞིག་བསླེབས་མི་འདུག མཐའ་མའི་གསལ་བསྒྲགས་ནང་བློ་བཟང་སེང་གེ་ལ་འོས་བརྒྱ་ཆ་ལྔ་བཅུ་ལྷག་ཅིག་ཐོབ་པ་རེད། ངས་སྔོན་མ་དེ་ལས་མཐོ་ཞིག་བསླེབ་ཀྱི་རེད་བསམ་སོང་། འོན་ཀྱང་། བརྒྱ་ཆ་ལྔ་བཅུ་ལས་བརྒལ་བ་དེ་ཡག་རྟགས་རེད།

བློ་བཟང་སེང་གེ་ལ་འོས་ཐོབ་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན། མི་མང་གིས་བློ་བཟང་སེང་གེ་ལ་འོས་བླུགས་པ་དེ་སློབ་སྦྱོང་ཡོད་པ། ལོ་གཞོན་པ། མི་གསར་པ་ཡིན་པ་སོགས་ལ་བལྟས་པ་གསལ་བོ་རེད། བཀྲ་ཤིས་དབང་འདུས་དང་ངེད་གཉིས་ལོ་ཅུང་རྒན་པ་དང་། བཙན་བྱོལ་གཞུང་གི་ལས་བྱེད་རྙིང་པ། སྤྱི་ཚོགས་རྙིང་པའི་མི་རེད། འདིའི་སྐོར་ལ་སྐད་ཆ་དང་བསམ་ཚུལ་ཕྲན་བུ་བྱུང་ཡོད་ས་རེད། འདི་ཅུང་གནས་ཚུལ་གསར་པ་འདྲ་ཞིག་རེད། ལོ་བཅོ་ལྔ་ཉི་ཤུའི་གོང་ལ་བཙན་བྱོལ་གཞུང་གི་ལས་བྱེད་ཚོར་མི་མང་ནང་བརྩེ་དུང་དང་ཡིད་ཆེས་ཆེ་བ་ཡོད་པ་རེད། བར་སྐབས་ཤིག་ནས་ཅུང་མར་ཆག་ཡོད་པ་འདྲ། དེའི་རྒྱུ་མཚན་གསལ་བོ་ཞིག་བཤད་ཐུབ་ཀྱི་མི་འདུག་མོད། ང་རང་གི་མཐོང་ཚུལ་ཞུས་ན་དེ་ལ་གནད་དོ་ཁ་ཤས་ཡོད་རྒྱུ་རེད་དྲན་ཡོད། གཅིག བོད་རྒྱའི་གནད་དོན་ལ་གྲུབ་འབྲས་མ་སོན་པས་མི་མང་ལ་སེམས་འཚབ་ཡོད་རྒྱུ་རེད། གཉིས། སྔོན་ཆད་བོད་གཞུང་དང་བཙན་བྱོལ་མི་མང་ལ་ཕྱི་ནས་རོགས་རམ་ཡག་པོ་རག་སྟེ་ཡར་རྒྱས་ཕྱིན་པ་རེད། འོན་ཀྱང་བར་སྐབས་ཤིག་ནས་རོགས་རམ་དེ་ཙམ་མ་རག་པས་ལན་པ་མིན་འགྲོ་བསམ་གྱི་འདུག གསུམ་པ། ད་ཆར་བཙན་བྱོལ་ནང་བརྒྱད་ཅུ་གྱ་གྲངས་ཀྱི་རྗེས་ནས་འབྱོར་མཁན་བརྒྱ་ཆ་ ༡༠ ཙམ་ཟིན་གྱི་ཡོད་པ་རེད། བོད་ནས་གསར་དུ་འབྱོར་བ་མང་ཆེ་བས་བཙན་བྱོལ་གཞུང་གི་སྒྲིག་འཛུགས་དང་འགྲོ་སྟངས་གསལ་བོ་ཞིག་ཧ་གོ་ཡི་ཡོད་པ་མ་རེད། དེ་བཞིན། དཀའ་ལས་སུས་བརྒྱབ་པ་དང་བྱས་རྗེས་སུ་ལ་ཆེ་བ་ཞེ་དྲག་ཤེས་ཀྱི་ཡོད་པ་མ་རེད། དེའི་སྒང་ལ་རྒྱ་ནག་ལ་དགའ་བོ་མེད་ཀྱང་། ཆུང་དུས་ནས་རྒྱ་གཞུང་གིས་ “སྤྱི་ཚོགས་རྙིང་པ་དང་སྐུ་དྲག” ཅེས་མང་པོ་བཤད་བསྡད་པའི་དབང་གིས་བསམ་བློའི་ནང་བག་ཆགས་ཕྲན་བུ་ཞིག་ཡོད་པ་རེད། བཞི་བ། ཁ་ཤས་ཀྱི་བཤད་སྟངས་ལ་བལྟས་ཡོང་ན། གདན་ས་ཁག་ནང་བོད་ནས་ཕེབས་མཁན་མང་བ་དང་ཆོལ་ཁ་ཆོས་ལུགས་ཀྱི་ལུང་ཞེན་ཆེན་པོ་ཡོད་པ་རེད་ཟེར། དེ་ཡང་ཕྲན་བུ་ཞིག་ཡིན་རྒྱུ་རེད། དེ་འདྲའི་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ཏེ། སློབ་སྦྱོང་ཡོད་མཁན་ཞིག་དང་མི་རབས་གསར་པ་ཞིག་ལ་རེ་སྙེག་བྱས་པ་རེད་བསམ་གྱི་འདུག

ང་རང་སྒེར་ངོས་ནས་སྔོན་འགྲོ་དང་དངོས་གཞི་གཉིས་ཀའི་ནང་ཧུར་ཐག་འབད་ཐག་བྱས་པ་ཡིན། ལས་འགུལ་འདི་ནི་སྤྱི་བའི་ལས་དོན་ཞིག་ཡིན་སྟབས། སྤྱི་བའི་ལས་དོན་དེའི་ཐོག་ལ་དམིགས་ཡུལ་ཇི་བཞིན་འགྲུབ་པ་ཞིག་དང་འདོད་པ་ཁེངས་པ་ཞིག་ཡོང་རྒྱུ་མེད་པ་ངས་སྔོན་མ་ནས་ཧ་གོ་ཡི་ཡོད། འོན་ཀྱང་ཧུར་ཐག་བྱས་ཏེ་སྤྱི་བའི་ལས་དོན་ཐོག་ཕན་ཐོགས་རེ་བྱུང་ན་བསམ་པ་ཡིན་སྟབས། ང་ལ་འགྱོད་པ་ཆེན་པོ་དང་བློ་ཕམ་ཆེན་པོ་དེ་འདྲ་མེད།

   

དྲི་བ། བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་ཁྲི་པའི་སྲིད་བྱུས་དང་ལངས་ཕྱོགས། འོས་བསྡུའི་བརྒྱུད་རིམ་ཁྲོད་འབྲེལ་འདྲིས་བྱས་པའི་མྱོང་ཚོར་བཅས་ལ་གཞིགས་ན། མ་འོངས་པའི་ལོ་ལྔ་དེའི་ནང་བཙན་བྱོལ་སྤྱི་ཚོགས་ལ་འཕེལ་འགྱུར་གང་འདྲ་འབྱུང་སྲིད་དམ། 

ལན། དེ་ངས་འདི་འདྲ་ཞིག་རེད་ཟེར་ནས་མཐའ་གཅིག་ཏུ་གསལ་བོ་ཞིག་བཤད་ཐུབ་ཀྱི་མི་འདུག བཙན་བྱོལ་བོད་གཞུང་གི་ལས་ཀ་དེ་རྙོག་དྲ་ཚ་བོ་ཡོད་པ་རེད། ང་ཚོ་མི་འབོར་ཉུང་ཉུང་དང་གཞུང་གི་སྒྲིག་འཛུགས་ཆུང་ཆུང་ཡིན་ཡང་། རྙོག་དྲ་དང་དཀའ་ངལ་གཞུང་གཞན་ལས་ཆེ་བ་མིན་ཡང་། ཕལ་ཆེར་འདྲ་མཚུངས་ཤིག་ཡོད་པ་རེད། སོ་སོའི་ལུང་པའི་ནང་མིན་སྟབས་ཆབ་སྲིད་དང་འཛིན་སྐྱོང་ཐོག་དཀའ་ངལ་ཆེན་པོ་ཡོད་པ་རེད། བློ་བཟང་སེང་གེ་ལ་མཚོན་ན་གཞུང་གི་ལས་ཀའི་ཉམས་མྱོང་མེད་པའི་དབང་གིས་དཀའ་ལས་ཁག་པོ་ཡོང་གི་རེད། འོན་ཀྱང་བློ་བཟང་སེང་གེ་ལགས་ཀྱི་ལས་ཀ་ལམ་འགྲོ་ཡོང་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད། ཁོའི་ལས་དོན་ལམ་འགྲོ་ཡོང་ན་ང་ཚོ་ཚང་མར་ཁྱད་པར་འགྲོ་བ་རེད། གཞུང་སྒེར་ཚང་མས་རྒྱབ་སྐྱོར་དང་རོགས་རམ་གནང་བ་ཡིན་ན་ཁོང་ལ་ཕན་པ་རེད་ལ་ང་ཚོ་ལའང་ཕན་པ་རེད། ད་ལྟའི་དུས་ཚོད་འདི་ང་ཚོར་ཆབ་སྲིད་ཀྱི་རྙོག་དྲ་ཞིག་ཡོད་པ་རེད། སྤྱི་ཚོགས་ནང་གི་ལྟ་བ་ལངས་ཕྱོགས་དང་ཆོལ་ཁ་ཆོས་ལུགས་ཀྱི་བསམ་ཚུལ་འདྲ་མིན་ཡོད་པ་རེད། དེ་དང་མཉམ་དུ་འཛམ་གླིང་སྤྱི་འགྲོས་ལྟར་སྤྱི་ཚོགས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་རེད། འདི་དག་ཚང་མ་གཞུང་གི་སྒྲིག་འཛུགས་ལ་ཕན་པ་ཞིག་དང་། ལམ་སྟོན་བྱ་ཐུབ་པ་ཞིག་དགོས་པ་རེད། ང་ཚོས་ནམ་རྒྱུན་དུས་ཚོད་ཛ་དྲག་པོ་ཡིན་ཟེར་གྱི་ཡོད་པ་རེད་དེ། ད་ལྟའི་དུས་ཚོད་འདི་དོན་དངོས་ཐོག་འདས་པའི་ལོ་ལྔ་བཅུ་དང་། མ་འོངས་པའི་ལོ་གང་འཚམས་ཤིག་གི་ནང་ཚུན་གྱི་ཛ་དྲག་ཤོས་ཤིག་རེད་བསམས་ཀྱི་ཡོད། བོད་པའི་རྩ་དོན་དང་སྤྱི་ཚོགས་དར་བ་དང་། ཡང་ན་རྒུད་པའི་མགོ་རྩོམ་ས་ཞིག་ཆགས་ངེས་རེད།

   

དྲི་བ། བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་ལྷན་ཚོགས་ནང་ཕྱག་ལས་གནང་འདུན་ཡོད་མེད་དང་། གལ་སྲིད་བཀའ་བློན་ཁྲི་པ་གསར་པས་མིང་འདོན་གནང་བ་ཡིན་ན་ངོས་བཞེས་གནང་འཆར་ཡོད་དམ།

ལན། ད་ལྟའི་ཆར་དེ་ཚོའི་ཐོག་ལ་དམིགས་བསལ་རེ་བ་དང་འབད་བརྩོན་གང་ཡང་བྱེད་ཀྱི་མེད། གང་ཡིན་ཟེར་ན། བཀའ་བློན་ཁྲི་པ་གསར་པ་ཞིག་ཐོན་པ་རེད། ཁོང་རང་ལ་འདོད་པ་ཡོད་པ་དང་ལས་ཀ་མཉམ་དུ་བྱེད་ཐུབ་ས་དེ་འདྲ་ཞིག་བྱུང་ན་ཡག་གི་རེད། སྤྱི་ཚོགས་ནང་ནས་ཀྱང་ཡར་ཡག་པོ་ཡོད་པ་རེད་མར་ཡག་པོ་ཡོད་པ་རེད་ཟེར་ནས་བཀའ་བློན་བསྐོ་བཞག་ཐོག་བསམ་ཚུལ་མང་པོ་བཤད་ན་ཡག་པོ་ཡོང་གི་མ་རེད། གལ་སྲིད་ཁོང་གིས་ང་རང་མིང་འདོན་གནང་བ་ཡིན་ན་ཡང་། སྐབས་མཚམས་ལ་ང་སྒེར་ངོས་ནས་བསམ་བློ་ཞིག་གཏོང་དགོས་པ་རེད་བསམ་གྱི་འདུག ཕྱི་ལོགས་འདྲ་ཆགས་པོ་ཞིག་བྱས་ཏེ་ཕན་ཐོགས་ཡོད་པ་མ་རེད། ལུང་པ་ཁ་ཤས་ནང་ཆབ་སྲིད་ཀྱི་ཕྱོགས་ཁག་གཉིས་ཆགས་ཤིང་། བསམ་ཚུལ་མ་མཐུན་པ་བྱུང་སྟེ་སྤྱི་བའི་ལས་ཀ་ཁྱོན་ནས་བྱ་མ་ཐུབ་པ་བྱུང་སྐབས། འོས་འདེམས་བྱས་ཚར་བའི་རྗེས་ལ་མཐུན་སྒྲིལ་ཡོང་བའི་ཆེད་དུ་ཕྱོགས་གཉིས་ཀའི་མི་སྣ་དེ་འདྲ་མཐོ་རིམ་ནང་བསྐོས་ཏེ་ལས་ཀ་མཉམ་དུ་བྱེད་ཀྱི་ཡོད་པ་དེ་འདྲ་ཡོད། ང་ཚོའི་སྤྱི་ཚོགས་ནང་ད་སྔ་དེ་འདྲའི་མ་མཐུན་པ་མེད་སྟབས། མི་མང་གིས་འོས་འདེམས་བྱས་པ་ཚང་མ་ལ་བདག་པོ་རྒྱག་དགོས་དོན་ཡོད་པ་མ་རེད།

 

དྲི་བ། ༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་མཚམས་འཇོག་གནང་གི་ཡོད་པའི་འཕོ་འགྱུར་འདི་ལ་གཟིགས་ཕྱོགས་གང་འདྲ་ཡོད་དམ།

ལན། འདི་འགྱུར་བ་ཆེན་པོ་རེད། རྒྱལ་རབས་ལོ་རྒྱུས་ནང་འགོད་རྒྱུའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད། ཏཱ་ལའི་བླ་མ་དང་དགའ་ལྡན་ཕོ་བྲང་བོད་སྤྱི་ལ་འབྲེལ་བ་ཆགས་ཏེ་ལོ་ ༤༠༠ ལྷག་འགྲོ་བཞིན་ཡོད། དེའི་ནང་ནས་ཆབ་སྲིད་ཀྱི་ཐོག་ལ་རྒྱལ་དབང་ལྔ་པ་ནས་བཟུང་སྟེ་ཞེ་དྲག་ཉེ་བའི་ལོ་རྒྱུས་ཤིག་རེད། འོན་ཀྱང་ལོ་རྒྱུས་དེ་རྫོགས་པ་ཡིན་ཟེར་ནས་༧གོང་ས་མཆོག་གིས་གསུངས་པ་རེད། རྒྱལ་དབང་སྐུ་ཕྲེང་ ༡༤ བའི་མཇུག་ཙམ་ནས་དགའ་ལྡན་ཕོ་བྲང་མཇུག་བསྒྲིལ་བ་རེད། འདི་ལོ་རྒྱུས་དེབ་ཐེར་ནང་འགོད་རྒྱུ་གལ་ཆེན་ཞིག་རེད། འོན་ཀྱང་བཙན་བྱོལ་མི་མང་ལ་ལས་དོན་འདི་མཇུག་སྐྱོང་བྱེད་པའི་ལས་འགན་ཞིག་ཡོད་པ་རེད། ང་ཚོར་དམངས་གཙོའི་སློབ་སྦྱོང་ཕྲན་བུ་ཐེབས་ཡོད་པ་རེད་དེ། མ་འོངས་པར་མི་མང་གིས་བདམས་པའི་དབུ་ཁྲིད་དེས་བོད་ཕྱི་ནང་གཉིས་ཀར་ཁྱབ་དགོས་པ་རེད་དམ། བཙན་བྱོལ་གཅིག་པུར་བདག་པོ་རྒྱག་མཁན་རེད། འདི་ལ་དཀའ་ངལ་ཆེན་པོ་ཞིག་ཡོང་གི་རེད་བསམ་གྱི་འདུག ༧གོང་ས་མཆོག་ལ་མཚོན་ན། སྐུ་ཕྲེང་བཅུ་བཞི་བའི་མཛད་པ་འཕྲིན་ལས་དང་འཛམ་གླིང་ཐོག་གི་གཟི་བརྗིད་སྨྲ་མ་དགོས་པ་རེད། ལོ་རྒྱུས་རང་བཞིན་གྱི་ཐོག་དང་། ཆོས་ལུགས་རང་བཞིན་གྱི་ཐོག་ནས་ཀྱང་བོད་མི་ས་ཡ་དྲུག་གི་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་དང་། ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་དུ་བོད་མི་ཡོད་དོ་ཅོག་གིས་ཁས་ལེན་གནང་གི་ཡོད་པ་རེད། འོན་ཀྱང་མི་མང་གིས་འོས་འདེམས་བྱས་པའི་དབུ་འཁྲིད་དེ་བཙན་བྱོལ་ནང་ནས་སླེབ་ཀྱི་ཡོད་པ་རེད། བཙན་བྱོལ་བོད་མིའི་མི་འབོར་གྱིས་བོད་མི་སྤྱིའི་མི་འབོར་གྱི་བརྒྱ་ཆ་གཅིག་ལྷག་ལས་ཟིན་གྱི་ཡོད་པ་མ་རེད། ང་ཚོས་ཅི་ཙམ་ཧུར་ཐག་འབད་ཐག་བྱས་ཀྱང་། བོད་མི་ས་ཡ་དྲུག་གིས་༧གོང་ས་མཆོག་མི་གཅིག་ལ་ཡིད་ཆེས་བྱེད་པ་དེ་ལྟ་བུའི་ཡིད་ཆེས་ཤིག་ཡོང་གི་མ་རེད། རེ་བ་ཞིག་ཡོད་རྒྱུ་རེད་དེ། རེ་བའི་ཚོད་ཀྱི་ལས་དོན་ཞིག་འདི་ནས་སྒྲུབ་ཐུབ་པ་ཁག་པོ་རེད། 

   

དྲི་བ། ༧ཏཱ་ལའི་བླ་མས་བོད་པའི་ཆབ་སྲིད་ཀྱི་འགན་བསྐྱུར་ཅིང་དགའ་ལྡན་ཕོ་བྲང་སྒོ་བརྒྱབ་པ་འདི་ལ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ངོས་འཛིན་གང་འདྲ་འབྱུང་སྲིད་དམ། 

ལན། ཕྱི་རོལ་ཆབ་སྲིད་ཀྱི་ཐད་ནས་དོ་ཕོག་ཕྲན་བུ་ཞིག་འགྲོ་སྲིད་པ་རེད་ཟེར་ནས་བཤད་ཐུབ་པ་ཞིག་རེད། འོན་ཀྱང་དོན་དམ་ཐོག་དོ་ཕོག་འགྲོ་བ་མ་རེད་བསམ་གྱི་ཡོད། གཞུང་ཞིག་ཁྲིམས་མཐུན་ཡིན་དང་མིན་དེ་མཐའ་གཅིག་ཏུ་ཁྲིམས་དང་ཁྲིམས་ཡིག་གི་གནད་དོན་ཞིག་མ་རེད། སྐབས་དང་དུས་ཀྱི་ཆབ་སྲིད་གནད་དོན་ཞིག་རེད། ད་ལྟའི་ཆར་བོད་རྒྱ་གཉིས་བར་ཆབ་སྲིད་ཀྱི་རྩོད་པ་ཞིག་རེད། བོད་མི་མང་བསམ་པ་གཅིག་མཐུན་བྱུང་སྟེ་འཐབ་རྩོད་བྱ་ཐུབ་པ་ཡིན་ན། དེ་ང་ཚོའི་ཁྲིམས་མཐུན་རེད། ཁྲིམས་མཐུན་ཡོང་དང་མི་ཡོང་མི་མང་གི་ནུས་པ་དང་མངོན་འདོད་ལ་ཐུག་ཡོད་པ་ཞིག་རེད།

   

དྲི་བ། བཅའ་ཁྲིམས་ནང་བཀོད་པའི་༧གོང་ས་མཆོག་གི་སྐུ་དབང་ཡོངས་དམངས་གཙོའི་ཀ་བ་གསུམ་ལ་བགོ་བཤའ་རྒྱག་སྟངས་ཐད་དགོངས་འཆར་གང་འདྲ་ཡོད་དམ།

ལན། སྔོན་མ་བཅའ་ཁྲིམས་ནང་༧རྒྱལ་བ་རིན་པོ་ཆེ་ནི། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་ཡིན་ཞེས་བཀོད་ཡོད། ད་ཆར་རྒྱལ་ཁབ་དང་འཛིན་སྐྱོང་གཉིས་ཀའི་དབུ་ཁྲིད་གནང་གི་མེད་སྟབས། འཛིན་སྐྱོང་གི་འགན་དེ་རང་བཞིན་གྱིས་བཀའ་བློན་ཁྲི་པའི་སྟེང་ལ་བབས་ཡོད་པ་རེད། རྒྱལ་ཁབ་ཀྱི་དབུ་ཁྲིད་ཟེར་བ་དེ་གསལ་བོ་ཡོད་པ་མ་རེད། རྒྱལ་ཁབ་རེ་ཟུང་ནང་རྒྱལ་བོ་དང་རྒྱལ་མོ་ཡོད་པ་རེད། ཨ་རི་ལྟ་བུར་མཚོན་ན་དམངས་གཙོའི་ཀ་བ་གསུམ་གྱི་ནང་ནས་སྲིད་འཛིན་གྱིས་འཛིན་སྐྱོང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་གཅིག་ལྕོགས་གནང་གི་ཡོད། རྒྱ་གར་ལྟ་བུར་མཚོན་ན། དམངས་གཙོའི་ཀ་བ་གསུམ་གྱི་སྒང་དུ་སྲིད་འཛིན་ཞིག་ཟུར་དུ་འདེམས་བྱེད་ཀྱི་ཡོད་པ་རེད། ངས་བལྟས་ན་དམངས་གཙོའི་ལམ་སྲོལ་ཐོག་གལ་ཆེ་ཤོས་དབང་ཆ་བགོ་བཤའ་རྒྱག་སྟངས་དེ་མ་རེད། རྒྱལ་བོ་མིན་པར་མི་མང་ལ་དབང་ཆ་ཡོད་མཁན་ཞིག་དང་། སྒྲིག་འཛུགས་ཡན་ལག་གསུམ་བཞི་གང་འདྲ་ཡིན་རུང་། དབང་ཆ་ཆེ་བ་འདི་དང་ཆུང་བ་འདི་ཡིན་ཟེར་བ་མེད་པར། གཅིག་གིས་གཅིག་ལ་བསྟུན་དགོས་པ་ཞིག ཁྲིམས་བཟོའི་ལས་དོན་མཐའ་མའི་ཐག་གཅོད་བྱེད་མཁན་སྲིད་འཛིན་ཡིན་པ་དང་། སྲིད་འཛིན་གྱི་ཐག་གཅོད་འགྲིག་མིན་ཁྲིམས་ཁང་གིས་ཐག་གཅོད་བྱེད་ཆོག་པ་ཞིག་བྱུང་ན་ཡག་པོ་རེད། དམངས་གཙོ་ཟེར་བ་དེ་མང་མོས་ཐག་གཅོད་ཀྱི་དབང་ཚད་ཡོད་པ་ཙམ་གྱིས་དམངས་གཙོ་མ་རེད། མཐོ་རིམ་དབང་འཛིན་པས་ཕན་ཚུན་ལ་བསྟུན་དགོས་པ་དང་། མི་མང་ནང་བསམ་ཚུལ་འདྲ་མིན་བཤད་ས་ཡོད་པ། མཐའ་མའི་ཐག་གཅོད་དེ་མང་མོས་ལ་ལྟ་དགོས་པ་ཞིག་ལ་དམངས་གཙོ་ཟེར་གྱི་ཡོད་པ་རེད།

   

དྲི་བ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཟིན་ཐོའི་ཚིག་སྦྱོར་ལེགས་བཅོས་དང་། ཟིན་ཐོ་དེ་༧གོང་ས་མཆོག་ལ་སྐྱབས་འཇུག་ཞུ་ཆེད་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བསྐངས་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། ཚོགས་ཆེན་ཚོགས་ཏེ་མི་མང་གི་སྐུ་ཚབ་དང་ཚོགས་པ་སྒྲིག་འཛུགས་ཁག་གི་སྐུ་ཚབ་ཚོས་བགྲོ་གླེང་གནང་བ་དེ་ཡག་པོ་ཞེ་དྲག་རེད་བསམས་ཡོད། འོན་ཀྱང་ཐག་གཅོད་ཀྱི་དབང་ཆ་ཡོད་པ་མ་རེད། སྔོན་ནས་ཐག་གཅོད་བྱས་ཟིན་པ་དག་ལ་མི་མང་གི་རྒྱབ་སྐྱོར་ཤུགས་ཆེན་ཡོད་མདོག་སྟོན་ཆེད་དུ་ཚོགས་ཆེན་བསྐངས་པ་ཡིན་ན། དོན་དམ་ཐོག་ཕན་འབྲས་བྱུང་ཡོད་པ་མ་རེད། ཨུ་རུ་སུ་དང་རྒྱ་ནག་ནང་ཚོགས་ཆེན་མང་པོ་འཚོགས་ཀྱི་ཡོད་པ་རེད་དེ་ཐག་གཅོད་སྔོན་ནས་བྱས་ཚར་ཡོད་པ་རེད། དེ་གཅིག་རེད། གཉིས་པ་ཐག་གཅོད་ཀྱི་དབང་ཆ་མེད་ཀྱང་། མི་མང་གི་སྐུ་ཚབ་དང་ཚོགས་པ་ཁག་གི་སྐུ་ཚབ་སྐད་བཏང་སྟེ། བསམ་ཚུལ་བསྡུ་ལེན་བྱས་ཤིང་བཀའ་ཤག་དང་སྤྱི་འཐུས་ཀྱིས་མི་མང་གི་བསམ་ཚུལ་ལ་བདག་པོ་བརྒྱབ་པ་ཡིན་ན། རྒྱལ་ཡོངས་ཚོགས་ཆེན་གྱི་དམིགས་ཡུལ་འགྲུབ་ཀྱི་ཡོད་པ་རེད། གཞུང་དང་ཚོགས་ཆེན་གོ་སྒྲིག་པའི་ངོས་ནས་གུ་ཡངས་པོ་དང་ལམ་སྟོན་ཁ་གསལ་བོ་དགོས་པ་གལ་ཆེན་པོ་རེད། ༢༠༠༨ ལོར་༧གོང་ས་མཆོག་གི་སྐུ་དབང་འོག་བོད་ནང་གི་ཛ་དྲག་ཐོག་དམིགས་བསལ་ཚོགས་ཆེན་བསྐངས་པ་རེད། སྐབས་དེར་ཚོགས་ཆུང་ཁག་ནང་བསམ་ཚུལ་འདྲ་མིན་ཡོང་སྐབས། མི་མང་པོ་ཞིག་གིས་ང་ཚོ་༧གོང་ས་མཆོག་གི་དབུ་མའི་ལམ་ལས་གཞན་པ་གང་ཡང་མེད་ཟེར་ནས་བགྲོ་གླེང་ཁྱོན་ནས་ཡོང་གི་མི་འདུག

   

དྲི་བ། ཐེངས་འདིར་༧གོང་ས་མཆོག་གིས་བོད་པའི་ཆབ་སྲིད་ཀྱི་འགན་དབང་མ་བཞེས་པ་འདི་བརྒྱུད་དེ་བོད་རྒྱའི་གནད་དོན་ཐོག་བཟང་ཕྱོགས་དང་སྡུག་ཕྱོགས་ཀྱི་འགྱུར་བ་གང་འདྲ་འགྲོ་སྲིད་དམ།

ལན། འདི་ལ་སྡུག་ཕྱོགས་ཀྱི་འགྱུར་བ་འདྲ་འགྲོ་རྒྱུ་མ་རེད་དྲན་ཡོད། འོན་ཀྱང་ད་ལྟའི་ཆར་རྒྱ་ནག་གཞུང་ཅི་བྱེད་འདི་བྱེད་མེད་པ་ཞིག་བཟོས་ཡོད་པ་རེད། གཅིག་བྱས་ན་རྒྱ་ནག་གཞུང་གིས་བཙན་བྱོལ་སྒྲིག་འཛུགས་ཀྱི་སྐུ་ཚབ་ཅིག་དང་སྐད་ཆ་བཤད་འདོད་མེད་སྐོར་ལབ་སྲིད་པ་རེད། འོན་ཀྱང་ཏཱ་ལའི་བླ་མའི་སྐུ་ཚབ་ཟེར་ན་འདྲ། བོད་གཞུང་གི་སྐུ་ཚབ་ཟེར་ནའང་འདྲ། མིང་གང་འདྲ་ཞིག་བཏགས་ཀྱང་དོན་དམ་གྱི་གྲོས་གཞི་བོད་པའི་སྤྱི་དོན་རེད། ད་ལྟའི་ཆར་རྒྱ་ནག་ནང་ཁུལ་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་རེད། འགྱུར་བ་དེས་རྒྱ་ནག་མི་མང་གི་འདོད་པ་གང་ལ་གང་འཚམ་སྐོང་ཐུབ་ཀྱི་ཡོད་པ་རེད། དེ་བཞིན། བོད་ནང་གི་གནས་སྟངས་ལའང་འགྱུར་བ་གཏོང་གི་ཡོད་མོད། དེ་ཙམ་གྱིས་བོད་མི་རིགས་ཀྱི་འདོད་པ་ཁེངས་ཐུབ་ཀྱི་ཡོད་པ་མ་རེད་ལ། འགྱུར་བ་གཏོང་སྟངས་དེ་ཡང་དྲང་བདེན་ཞིག་དང་ཁོད་སྙོམས་ཤིག་ཡོང་ཐུབ་ཀྱི་མེད་སྟབས། བོད་ནང་གི་བོད་མི་ཚོས་གཞུང་གི་སྲིད་བྱུས་ལ་འདོད་པ་མེད་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད། འདི་ལ་རྒྱལ་སྤྱིའི་ཐོག་ཏུའང་ལྟ་སྟངས་ཡོང་གི་ཡོད་པ་རེད། བོད་ནང་གི་གནས་སྟངས་ལ་འགྱུར་བ་དོན་འབྲས་ལྡན་པ་ཞིག་བཏང་སྟེ། འཛམ་གླིང་ལ་རྒྱ་ནག་གི་ངོ་གདོང་ཡག་པོ་ཞིག་སྟོན་དགོས་བསམ་ན། ༧གོང་ས་མཆོག་ལ་འབྲེལ་བ་ཞུས་ན་མ་གཏོགས་ལས་སླ་བོ་ཡོད་པ་མ་རེད། མི་ག་ཚོད་ཡག་པོ་ཞིག་བསླེབས་ཀྱང་རྒྱ་ཆེའི་མི་མང་གིས་དགའ་བོ་དང་རྒྱབ་སྐྱོར་ཐོབ་པ་མ་རེད། དེ་བས་༧གོང་ས་མཆོག་ལ་འབྲེལ་བ་གནང་བ་ཡིན་ན། མི་ཐོག་མང་པོར་བསྒྲུབ་དགོས་པའི་ལས་དོན་དེ་ལོ་བཅུ་གྲངས་ནང་གྲུབ་འབྲས་འཐོན་ཐུབ་པ་ཞིག་རེད། གོ་སྐབས་འདི་རྒྱ་གཞུང་གིས་མ་ཤོར་བ་བྱ་དགོས་པ་རེད། ཆབ་སྲིད་ཀྱི་དགོས་མཁོ་ཙམ་རེད་མ་གཏོགས་རྒྱ་ནག་གཞུང་གིས་ཀྱང་གནད་འགག་འདི་ཧ་གོ་ཡོད་པ་རེད།

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

ཆུ་ཚོད་ ༡༥ སྔོན་ལ།
This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]
Mobile App

འདི་ལོའི་འཛམ་གླིང་གི་མཚོ་རླུང་ཚབས་ཆེ་ཤོས་ཇ་མ་ཡེ་ཀ་རུ་བྱུང་།

ཆུ་ཚོད་ ༡༥ སྔོན་ལ།
འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱི་རྒྱ་གར་ལྷ་ོཕྱོགས་ཁུལ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་ནང་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་གོ་རྟོགས་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
འཁོར་སྐར་ནས་བླངས་བའི་བོད་ལྷུན་རྩེ་རྫོང་ཁོངས་ཀྱི་མཁའ་དམག་རྟེན་གཞི།
Mobile App

བོད་ལྷུན་རྩེ་རྫོང་ཁོངས་སུ་མཁའ་དམག་གི་རྟེན་གཞི་ཞིག་འཛུགས་སྐྲུན་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་ཀྱི་དཀྱིལ་འཁོར་གྱི་བཟོ་བཀོད་ལྡན་པའི་ལྷ་ཁང་མཐའ་མ་རྗེ་འབུམ་སྒང་དེ་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་ཏུ་བསྒྱུར།

༢༠༢༥/༡༠/༢༧
Sophie Richardson and Geshe Lobsang Monlam Honoured with 2025 Snow Lion Human Rights Award in Berlin, Germany at 25th Oct. 2025. Photos: Andreas Müller/ICT
Mobile App

གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ།

༢༠༢༥/༡༠/༢༧

མཆན། 3

  1. ཀུ་ཤུ་རྟག་ཅན། says:
    ལོ་ 14 སྔོན།

    ཧི་ཧི་ཧི་་་་་་ཕ་གསད་པའི་བུ་ལ་ཡང་རྒྱུ་མཚན་མང་པོ་བཤད་རྒྱུ་ཡོད།

    Reply
  2. བྱམས་པ། says:
    ལོ་ 14 སྔོན།

    རྐུན་རྫོབ་ཀྱི་བཀའ་ཁྲི་མཆོག་ཞུ་རྒྱུ་བོད་ནས་གསར་དུ་འབྱོར་བ་རྣམ་གྱི་བོད་གཞུང་གི་སྒྲིག་འཛུགས་དང་འགྲོ་གཏང་ཤེས་ཀྱི་མེད་པའི་རྒྱུ་མཚན་གསལ་པོ་གསུངས་རོགས།

    Reply
  3. ལྷ་དབང་ says:
    ལོ་ 14 སྔོན།

    ཧ་མ་གོ་ན་ མི་མང་གི་ཡིད་ཆེས་ཆུང་རུ་འགྲོ་ཡ་ངས་བཤད་ཆོག གཙོ་བོ་དེ་སྔོན་ཁྱེད་རང་བཀའ་ཁྲི་སྐབས་སྒོར་འབུམ་ཕྲག་མང་པོ་ལྐོག་ཟོས་བྱས་པ་དང་གཅིག་
    ལས་དུས་མ་ཚང་གོང་ཨ་རི་ཕྱིན་པ་དང་གཉིས། བོད་ཀྱི་ཐང་ཀ་གཉིས་པའི་སྐུ་ཚོང་བརྒྱབ་པ་དང་གསུམ་རེད་། ད་དུང་མང་པོ་བཤད་རྒྱུ་ཡོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese