ལྡི་ལི་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་བྱེད་བཞིན་པའི་རྒྱ་གར་དང་ཕྱི་རྒྱལ་གྱི་བོད་དོན་རྒྱབ་སྐྱོར་པ་ཁག་ཅིག་ལ། བོད་དོན་ཐོག་ལྟ་སྟངས་དང་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བཅར་འདྲི་ཞུས་ཡོད།
དྲི་བ། དང་ཐོག་རང་ཉིད་ངོ་སྤྲོད་མདོར་བསྡུས་ཞིག་གནང་རོགས།
ལན། ང་རང་ཧྤ་རན་སའི་མི་སེར་ཡིན་ལ། ངའི་མིང་ལ་ཧྥུ་ལོ་རན་སི་ཟེར། རང་ལོ་ ༢༢ ཡིན། ༢༠༡༠ ལོར་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ནང་འཛུལ་ཞུགས་ཀྱིས་དཔལ་འབྱོར་རིག་པའི་ཞིབ་འཇུག་ཆེད་ལས་ཐོག་སློབ་སྦྱོང་བྱེད་བཞིན་ཡོད།
དྲི་བ། བོད་དོན་འཐབ་རྩོད་བྱེད་སྟངས་ཐད་ཁྱེད་རང་ལ་བསམ་ཚུལ་གང་འདྲ་ཡོད།
ལན། དང་ཐོག་རྒྱལ་ས་ཕེ་རི་སེའི་ནང་རབ་འབྱམས་པར་སློབ་སྦྱོང་བྱས་སྐབས། ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་ཞེས་པའི་བོད་དོན་སྐོར་ཀྱི་ཆབ་སྲིད་ལས་འགུལ་ཆེན་པོ་ཞིག་གླེང་སློང་བྱེད་བཞིན་པ་གོ་ཐོས་བྱུང་། རིམ་བཞིན་གནས་ཚུལ་དེའི་རྒྱབ་ལྗོངས་ངོ་མ་རྟོགས་འདོད་ཀྱི་བསམ་བློ་འཁོར་ཏེ་ཧྤ་རན་སའི་བོད་རང་བཙན་སློབ་ཕྲུག་ཚོགས་པར་འབྲེལ་བ་བྱས་པ་ཡིན།མི་ལ་རང་དབང་ཐོབ་དགོས་པ། རང་ཐག་རང་གཅོད་དགོས་པ། སྨྲ་བརྗོད་རང་དབང་དགོས་པ་སོགས་ནི་འཚོ་གནས་ཀྱི་ཁྱད་ཆོས་ཞིག་རེད་བསམ་གྱི་ཡོད། ཡིན་ཡང་བོད་ནང་གི་བོད་མི་ལ་གཞི་རྩའི་ཐོབ་ཐང་དེ་མེད་པས། ཉིན་རེའི་འཚོ་པའི་ཐད་དཀལ་ངལ་ཤུགས་ཆེན་འཕྲད་བཞིན་པ་ཤེས་རྟོགས་བྱུང་སྟེ། ངས་བོད་མི་རིགས་ཀྱི་དཀའ་ངལ་སེལ་ཐབས་ལ་དོ་སྣང་བྱས་ཏེ་མུ་མཐུད་ཧུར་བརྩོན་བྱ་རྒྱུའི་དམ་བཅའ་བཞག་ཡོད། བོད་མི་རིགས་ལ་མཚོན་ན་ཡང་། སོ་སོའི་ལུང་པའི་ཆེད་དུ་སོ་སོའི་དཀའ་ལས་བརྒྱབ་སྟེ། ནང་ཁུལ་མཐུན་སྒྲིལ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་དྲན་ཡོད།
དྲི་བ། ཁྱེད་རང་རང་དབང་ལུང་པའི་མི་སེར་ཞིག་ཡིན་པའི་ཆ་ནས་མ་འོངས་པར་བོད་རང་བཙན་ཐད་ལས་འགུལ་འདྲ་སྤེལ་འཆར་ཡོད་དམ།
ལན། ངའི་ལུང་པ་ཧྥ་རན་སི་ལ་ཆ་བཞག་ན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་དེར་ཡོད་པ་རེད། ཁོ་ཚོ་བརྒྱུད་བོད་ཀྱི་གནས་སྟངས་མང་པོ་ཞིག་ཤེས་རྟོགས་བྱུང་ཐུབ་ཡོད། དེ་མིན་རང་ཉིད་ལ་ཆ་བཞག་ན་ལས་འགུལ་གང་ཞིག་སྤེལ་ཡང་དངོས་སུ་ལག་བསྟར་བྱ་དགོས་པ་དེ་གལ་ཆེན་པོ་རེད་དྲན་གྱི་ཡོད། ང་རང་ཡིན་ན་བོད་ནང་དུ་བསྐྱོད་རྒྱུའི་ལས་འཆར་ཁག་གྲ་སྒྲིག་བྱས་ཟིན་པ་ཡིན། ཞིབ་འཇུག་མཐར་ཕྱིན་རྗེས་ལམ་སང་བོད་ནང་གི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་བྱེད་རྩིས་ཡོད། བོད་ནང་གི་བོད་མི་དེ་དག་དོན་ངོ་མ་དམིགས་ཡུལ་གང་ཞིག་གི་ཆེད་ཏུ་རང་སྲོག་བློས་གཏོང་གི་ཡོད་པ། དེ་ནི་བརྒྱུད་རིམ་ཡོད་པ་དང་། ཁུངས་གཏུགས་ས་ཡོད་པ་ཞིག་དགོས་པ་དེ་ཁྲིམས་ལུགས་ཀྱི་བཤད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་མཐོང་སོང་། མ་འོངས་པར་ལས་འགུལ་འདིས་སྟེང་ཏུ་སྤེལ་རྩིས་ཡོད།
དྲི་བ། དང་ཐོག་རང་ཉིད་ངོ་སྤྲོད་མདོར་བསྡུས་ཞིག་གནང་རོགས།
ལན། ངའི་མིང་ལ་སཱ་ར་ཟེར། རྒྱལ་ས་ལྡིའི་ནང་སྐྱེས་པ་ཡིན། རང་ལོ་ ༢༥ དང་ད་ལྟ་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ནང་བརྡ་འཕྲིན་རིག་པའི་ཞིབ་འཇུག་ཆེད་ལས་ཐོག་སློབ་གཉེར་བྱེད་བཞིན་ཡོད།
དྲི་བ། བོད་དོན་འཐབ་རྩོད་བྱེད་སྟངས་ཐད་ཁྱེད་རང་ལ་བསམ་ཚུལ་གང་འདྲ་ཡོད།
ལན། རྒྱ་གར་གྱི་མཐོ་རིམ་སློབ་མ་ཞིག་གི་ངོས་ནས་བཤད་ན་ང་རང་ནི་ལྡི་ལི་བོད་ཀྱི་མཐོ་རིམ་སློབ་མ་དང་ཧ་ཅང་གི་འབྲེལ་འདྲིས་ཆེ་པའི་མི་ཞིག་ཡིན། དེ་ལྟར་ཡིན་སྟབས་བོད་ཀྱི་འཐབ་རྩོད་ནི་ངོ་བོའི་ཆ་ནས་སྔོན་གྱི་རྒྱ་གར་འཐབ་རྩོད་དང་གཅིག་མཚུངས་རེད་དྲན་སོང་། ཡིན་ཡང་རྣམ་པའི་ཆ་ནས་ཁྱེད་རང་ཚོ་ལུང་པ་གཞན་ཏུ་སྐྱབས་བཅོལ་དུ་བསྡད་ཡོད་པ་རེད། མི་རིགས་ཀྱི་འཐབ་རྩོད་དེ་གཞན་གྱི་དབང་བསྒྱུར་འོག་བསྡད་ཡོད་པ་རེད། རྒྱ་ནག་གིས་ཁྱེད་རང་ཚོ་སྦས་སྐུང་བྱེད་བྱས་ཡོད་པ་རེད། ཁྱེད་རང་ཚོ་མི་གཞན་གྱི་མཐོང་ས་ཡོང་སྟེ་ང་ཚོའི་གནས་སྟངས་འདི་འདྲ་ཡིན་ཟེར་ནས་དོན་དངོས་ལ་གདོང་གཏད་དེ་འགྲེལ་བརྗོད་བྱེད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་དྲན་སོང་། དེ་མིན་མི་རིགས་ཞིག་གི་འཐབ་རྩོད་ཟེར་བ་དེ་ཧ་ཅང་གི་རྒྱ་ཆེན་པོ་ཡིན་ཙང་། ལས་སླ་པོ་ཡོད་པ་མ་རེད། ང་རང་གི་ཨ་མ་ལགས་ལ་མཚོན་ན་ཡང་། སྔོན་ཆད་རྒྱ་གར་གྱི་རང་བཙན་འཐབ་རྩོད་བྱེད་མཁན་གྱི་མི་སྣ་གཙོ་གྲས་ཞིག་ཡིན། ནམ་རྒྱུན་ཨ་མ་ལགས་ཀྱིས་བོད་རང་བཙན་འཐབ་རྩོད་ཐད་འཇོན་ཚོད་ཀྱིས་ཤུགས་རྒྱག་དགོས་པའི་རེ་སྐུལ་ཡང་ཡང་གནང་གི་འདུག དེར་བརྟེན། ཨ་མ་ལགས་ཀྱི་རེ་བ་དང་རང་ཉིད་ཀྱི་དགའ་ཕྱོགས་གཉིས་གཙོ་གནད་དུ་བཟུང་ནས་བོད་རང་བཙན་ཐོག་རང་ནུས་གང་ཡོད་འདོན་རྩིས་ཡོད།
དྲི་བ། ཁྱེད་རང་རྒྱ་གར་མི་རིགས་ཞིག་ཡིན་པས་ཆ་ནས་བོད་རང་བཙན་ཐད་ལས་འགུལ་འདྲ་སྤེལ་རྩིས་ཡོད་དམ།
ལན། ཡོད། ང་རང་རྒྱ་གར་མི་རིགས་ཞིག་ཡིན་པས་ཆ་ནས་ངའི་ལུང་པའི་ནང་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་ནུས་པ་འདོན་ཐུབ་པའི་གདང་ཚོད་ཆེན་པོ་ཡོད། དེ་མིན་ང་རང་གི་ངོས་ནས་བོད་ཀྱི་མཐུན་ལམ་ཐོག་ལས་འཆར་ཞིག་གོ་སྒྲིག་བྱེད་བཞིན་ཡོད། གང་ཡིན་ཟེར་ན་ལས་དཀའ་གང་འདྲ་ཞིག་སྒྲུབ་ནའང་མཐུན་སྒྲིལ་ནི་སྟོབས་ཤུགས་ཆགས་ཡོད། བོད་དང་རྒྱ་གར་གཉིས་པར་མཐུན་སྒྲིལ་གྱི་བརྩེ་བ་དམ་པོ་ཞིག་ཆགས་ཐུབ་སོང་ན། མཐུན་སྒྲིལ་གྱི་འགལ་རྫས་དེས་རྒྱ་ནག་སྲིད་གཞུང་གཏོར་ཐུབ་པའི་རེ་བ་ཧ་ཅང་ཆེན་པོ་ཡོད་པ་རེད། མཐུན་སྒྲིལ་གྱི་འགལ་རྫས་དེས་རྒྱུ་ཆ་གཙོ་བོ་ནི་མི་རིགས་གཉིས་ཕན་ཚུན་གཉེན་སྒྲིག་དང་། ལྷག་པར་དུ་གཞོན་ནུ་ཕོ་མོ་ཚོའི་བར་བརྩེ་དུང་གི་རྨང་གཞི་བརྟན་པོ་འཇོག་དགོས་པ་གལ་ཆེན་པོ་རེད། ཡང་གཅིག་བཤད་ན། བོད་ནི་རྒྱ་གར་གྱི་ཁྱིམ་མཚེས་རེད། ང་རང་གིས་ཁྱིམ་མཚེས་ལ་རོགས་བྱ་རྒྱུ་དེ་ང་རང་གི་འགན་འཁྲི་ཞིག་ལ་བརྩི་བཞིན་ཡོད།
དྲི་བ། དང་ཐོག་རང་ཉིད་ངོ་སྤྲོད་མདོར་བསྡུས་ཞིག་གནང་རོགས།
ལན། ངའི་མིང་ལ་ཨེ་ཌ་ཟེར་ཞིང་། རང་ལོ་ ༡༩ ཡིན། ད་ལྟ་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ནང་མཚན་ཉིད་རིག་པའི་ཐོག་སློབ་གཉེར་བྱེད་བཞིན་ཡོད།
དྲི་བ། བོད་དོན་འཐབ་རྩོད་བྱེད་སྟངས་ཐད་ཁྱེད་རང་ལ་བསམ་ཚུལ་གང་འདྲ་ཡོད།
ལན། འཐབ་རྩོད་ཟེར་བ་དེ་རྒྱུན་བསྐྱང་ཐུབ་པ་ཡིན་ན། འཐབ་རྩོད་དེ་ལ་རྒྱལ་ཁ་འཐོབ་རྒྱུ་ཡིན་པ། ཐག་གིས་གཅོད་ཐུབ་པ་ཞིག་རེད། དེ་འདྲ་ཡིན་དུས་བོད་ཀྱི་འཐབ་རྩོད་དེ་ཡང་མངོན་འགྱུར་འབྱུང་རྒྱུའི་ཡིད་ཆེས་ཧ་ཅང་གི་བརྟན་པོ་ཡོད། གནད་འགག་གཙོ་བོ་ཞིག་ནི་བོད་མི་རིགས་ཚང་མ་ཐུན་མོང་ཐོག་འབད་བརྩོན་བྱ་དགོས་པ་དེ་གལ་ཆེན་པོར་མཐོང་སོང་།
དྲི་བ། ཁྱེད་རང་རྒྱ་གར་མི་རིགས་ཞིག་ཡིན་པས་ཆ་ནས་བོད་རང་བཙན་ཐད་ལས་འགུལ་གང་འདྲ་སྤེལ་རྩིས་ཡོད།
ལན། ང་རང་གིས་བོད་དོན་སྐོར་ལ་རིག་གཞུང་འགྲེམས་སྟོན་གྱི་ལས་འགུལ་ཞིག་སྤེལ་འཆར་ཡོད། གང་ཡིན་ཟེར་ན། བོད་རང་བཙན་ཡིན་པ་དེ་ལོ་རྒྱུས་དང་རིག་གཞུང་གི་འགྲེམས་སྟོན་བརྒྱུད་མི་གཞན་ལ་གསལ་བཤད་བྱས་པ་ཡིན་ན། ལོ་རྒྱུས་ཀྱི་བདེན་དཔུང་དེ་དག་གིས་མི་གཞན་ལ་བོད་པའི་བདེན་དོན་ལ་ཧ་ཅང་ཡིད་ཆེས་སྐྱེ་རུ་འཇུག་ཐུབ་པ་རེད་བསམ་གྱི་འདུག དེ་མིན་རིམ་བཞིན་གནས་སྟངས་ལ་བལྟས་ཏེ་ལས་འགུལ་སྤེལ་འཆར་ཡོད།
དྲི་བ། དང་ཐོག་རང་ཉིད་ངོ་སྤྲོད་མདོར་བསྡུས་ཞིག་གནང་རོགས།
ལན། ངའི་མིང་རཱ་ལྗོ་ཟེར་ཞིང་། ལྡི་ལི་གཙུག་ལག་སློབ་གཉེར་ཁང་ནང་སྤྱི་ཚོགས་ཚན་རིག་ཆེད་སྦྱོང་ཐོག་འབུམ་རམས་པ་ཐོན་པ་ཡིན། ད་ལྟ་དགེ་རྒན་དང་གློག་བརྙན་བཟོ་བསྐྲུན་ཐོག་ལས་ཀ་བྱེད་བཞིན་ཡོད།
དྲི་བ། བོད་དོན་འཐབ་རྩོད་བྱེད་སྟངས་ཐད་ཁྱེད་རང་ལ་བསམ་ཚུལ་གང་འདྲ་ཡོད།
ལན། ང་བོད་ཀྱི་གྲོགས་པོ་བཟང་པོ་ཞིག་ཡིན་པས་ཆ་ནས་གནད་དོན་བཞིའི་སྟེང་ནས་རང་ཉིད་ཀྱི་བསམ་ཚུལ་བཤད་རྒྱུ་ཡིན། དང་པོ། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྒང་ནས་ཁྲིམས་མཐུན་གྱི་ངོས་འཛིན་བྱེད་སྟངས་གང་འདྲ་ཡིན་མིན་དེ་དོན་དག་གཅིག་རེད། གཉིས་པ། བཙན་བྱོལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་ཡིན་ན་ཡང་། བོད་འདི་ཡུན་རིང་གནས་ཆེད་རང་བཙན་གྱི་ཕྱོགས་ལ་འབད་བརྩོན་དང་ནུས་ཤུགས་རྒྱ་བསྐྱེད་བྱ་རྒྱུ་དེ་གལ་ཆེན་པོ་རེད། གསུམ་པ། རང་གི་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཆེད་སྐད་ཡིག་དར་སྤེལ་དང་རྒྱུད་འཛིན་བྱེད་རྒྱུ་དེ་ཧ་ཅང་གནད་འགག་ཞིག་ཏུ་མཐོང་སོང་། བཞི་པ། ཁྱེད་རང་ཚོ་བོད་པ་ནང་ཁུལ་གཅིག་སྒྲིལ་གྱི་སྟོབས་ཤུགས་ཡར་རྒྱས་སུ་གཏོང་རྒྱུའི་དེ་འཐབ་རྩོད་གྱི་རྒྱུ་ཆ་མེད་དུ་མི་རུང་པ་ཞིག་རེད།
དྲི་བ། ཁྱེད་རང་རྒྱ་གར་མི་རིགས་ཞིག་ཡིན་པས་ཆ་ནས་བོད་རང་བཙན་ཐད་ལས་འགུལ་གང་འདྲ་སྤེལ་རྩིས་ཡོད།
ལན། ངས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་གློག་བརྙན་ཞིག་བཟོ་འཆར་ཡོད། གཙོ་བོ་རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་གི་ཡོད་པ་དེ་ལ་ངོ་རྒོལ་ཆེད་བོད་ཡུལ་གྱི་རང་བྱུང་གི་ནགས་ཚལ་དང་ཆུ་བོ་དེ་དག་སྔར་བཞིན་གཙང་མ་ཉར་ཐུབ་པ་ཡིན་ན། ང་ཚོ་རྒྱ་གར་ཡིན་ན་ཡང་འཐུང་ཆུའི་མགོ་ཁུངས་དེར་ཐུག་གི་ཡོད་པ་རེད། དེ་ཧ་ཅང་གི་གལ་ཆེན་རེད་དྲན་ སོང་། ཐུགས་རྗེ་ཆེ། བོད་རང་བཙན་གཙང་མ་ཡིན། བོད་རྒྱལ་ལོ།
གསར་འགོད་པ། ཤེས་རབ་རྡོ་རྗེ།
ཐུགས་རྗེ་ཆེ།་་་་་་བདེན་པའི་ཕྱོགས་སུ་ཕེབས་པར་དགའ་སུ་ཞུ།
གོང་གི་བསམ་ཚུལ་ཚང་མ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེན་ཞུ་རྒྱུ་ཡིན།
ཨ་མའི་བུ་དང་བུ་མོ་ཚོ་བཀའ་དྲིན་ཆེ་སོང་། ང་ཚོའི་རྩ་དོན་མ་འགྲུབ་བར་མུ་མཐུད་དཀའ་ངལ་ཇི་ལྟར་འཕྲད་ཀྱང་ཕྱིར་བཤིག་མེད་པར་རྒྱབ་སྐྱོར་གནང་རོགས།
སྤུན་ཟླ་མི་རིགས་འདྲ་མིན་ལ་འདི་ལྟའི་དྲི་བ་དང་གླེང་མོལ་རིགས་བྱེད་རྒྱུ་ཧ་ཅང་གལ་ཆེ། ངོ་མ་བཟང་གི ད་དུང་མུ་མཐུད་དེ་་
ར་ཇོ་ལགས་ཀྱི་དོན་ཚན་བཞིའི་ཐོག་ནས་རང་བཙན་འཐབ་རྩོད་བྱེད་སྟངས་གསུངས་པ་དེ་དངོས་ནས་རྒྱུ་མཚན་དང་ལྡན་པ་ཞིག་རེད་བསམ་འདུག
ང་ཚོ་མི་རིགས་འདི་དང་མི་རིགས་འདིའི་ཐབས་རྩོད་ཀྱི་ཕྱོགས་ལ་མི་རིགས་གཞན་པའི་འདི་འདྲའི་ཤ་ཚ་དང་སེམས་ཁྲེལ་བྱེད་བཞིན་ཡོད་ན་ང་ཚོ་རང་འགར་ཅི་ལ་ཉོབ་བསྡད་ན་འགྲིག་གི་རེད་དམ།
དྲི་འགོད་པ་དང་ལན་འདེབས་པ་ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་གཅིག དྲི་འགོད་པར་བཀའ་འདྲི་ཞུ་རྒྱུར། མིང་ལ་སཱ་ར་ཟེར་བའི་བུ་མོ་དེའི་ཨ་མ་སུ་ཡིན་ནམ།
རཱ་ལྗོ་ལགས་ཁྱོད་ཀྱིས་གནད་དོན་བཞིའི་ཐོག་ནས་བོད་རང་བཙན་འཐབ་རྩོད་བྱེད་སྟངས་ཐད་གསུངས་བཤད་བ་ཐུགས་རྗེ་ཆེན་ཞུ་དང་ཆ་གཅིག་དམིགས་བསལ་གནད་དོན་གཉིས་པ་གསུངས་པ་དེ་ལ་ཐུགས་རྗེ་ཆེན་ལན་བརྒྱ་ཞུ་རྒྱུ་ཡིན།