མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“བོད་གཞུང” བཀོད་ཡོད་པའི་སྟོད་གོས་བཙོང་མི་ཆོག་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཝ་ཞིན་ཊོན་གྱི་དུས་འཁོར་དབང་ཆེན་སྟེང་གཞོན་ནུ་ལྷན་ཚོགས་ཀྱིས་སྟེང་ལ་བོད་གཞུང་ཞེས་བཀོད་ཡོད་པའི་སྟོད་གོས་ཤིག་འཚོང་བཞིན་ཡོད་སྐབས། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ཀྱིས་བཀག་སྡོམ་བྱས་ཡོད་འདུག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་དོན་ལྟར་ན། ཉིན་འདི་འགར་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གསུང་གི་ཡོད་པ་དང་བསྟུན་ཏེ། ཁ་སང་ཕྱི་ཚེས་ ༡༣ ཉིན་དབུས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་རྩ་དོན་ལས་འགུལ་ལ་དཔལ་འབྱོར་འདུ་འགོད་ཆེད། སྟེང་དུ་༼ བཙན་བྱོལ་བོད་བོད་གཞུང་ ༽ ཞེས་བཀོད་ཡོད་པའི་སྟོད་གོས་ཚོང་འགྲེམས་བྱེད་བཞིན་ཡོད་པར། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ལགས་ཀྱིས། དེ་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་སྐོར་བརྗོད་དེ་ཚོང་རྭ་ནས་ཕྱིར་བསྡུ་བྱ་དགོས་བྱུང་ཡོད་འདུག
སྐབས་དེར་སྐལ་ལྡན་བློ་གྲོས་ལགས་ཀྱིས་སྟོད་གོས་དེ་དག་ད་ལྟ་རང་ཚོང་རྭ་ནས་ཕྱིར་བསྡུ་བྱ་དགོས་པ་དང་། གལ་སྲིད་དུས་ཐོག་ཏུ་ཕྱིར་བསྡུ་མ་བྱས་ཚེ་སྤྱི་བདེ་མི་སྣ་སྐད་གཏོང་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་མ་ཟད། སྐུ་སྒེར་དྲུང་ཆེ་མཆོག་གི་མཚན་ཡང་བེད་སྤྱོད་བཏང་ཡོད་སྐོར་གཞོན་ནུའི་གསལ་བསྒྲགས་སུ་བཀོད་འདུག འོན་ཀྱང་སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་མཆོག་གིས་གཞོན་ནུས་ཅ་ལག་འཚོང་གི་ཡོད་པའི་སྐད་ཆ་ཙམ་ལས། དེའི་སྟེང་དུ་གང་ཞིག་འཁོད་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་ཚུལ་གསལ་བཤད་གནང་ཡོད་འདུག

གཞོན་ནུའི་གསལ་བསྒྲགས་ནང་། འདས་པའི་མི་ལོ་ ༦༠ རིང་རྒྱ་ནག་གཞུང་གི་ངན་ཇུས་ཀྱིས་རྩ་མེད་བཟོ་མ་ཐུབ་པ་ཞིག སྐལ་ལྡན་བློ་གྲོས་ལྟ་བུ་ཞིག་གིས་བཙན་བྱོལ་བོད་གཞུང་གི་མཚན་བྱང་བཀག་སྡོམ་རྩ་མེད་གཏོང་ཐབས་བྱེད་པ་ནི། བོད་ཀྱི་ལོ་རྒྱུས་དང་བོད་མི་མང་ལ་མཐོང་ཆུང་བྱས་པའི་གནད་དོན་ཚབས་ཆེན་ཞིག་ཡིན་ཚུལ་སོགས་སྐལ་ལྡན་བློ་གྲོས་ཀྱི་བྱེད་སྟངས་དེར་སྐྱོན་བརྗོད་དང་བློ་ཕམ་ཆེན་པོ་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༡༥ སྔོན་ལ་སྐལ་ལྡན་བློ་གྲོས་ཀྱིས་ཡིག་ངག་གཉིས་ཐོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དགོངས་སེལ་ཞུ་དགོས་སྐོར་ཡང་བཀོད་འདུག

 

དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་གསར་འགོད་བསྒྲགས་གཏམ་སྒྲོག་སྦྱོང་གནང་དོན།  “ཁོ་པས་ཚོགས་མི་སུམ་ཁྲི་ལྔ་སྟོང་ལྷག་གི་ཚོགས་གཙོ་དང༌། བོད་རང་བཙན་གྱི་ངོ་བོ་ལྡན་པའི་བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་ཁྲོམ་ར་ནས་ཕྱིར་འབུད་བྱེད་པའི་ཐ་ཤལ་གྱི་བྱེད་སྟངས་དེ་ནི། དགྲ་བོ་རྒྱ་ནག་གི་སྡང་ཟུག་བྱ་ཡུལ་དང༌། བོད་གཞིས་བྱེས་གཉིས་ཀྱི་རེ་བ་ཡིད་ཆེས་བཅོལ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང༌། བོད་རང་བཙན་འཐབ་རྩོད་ལ་མཐོང་ཆུང་ཁྱད་གསོད་བྱེད་པ་ཞིག་ཡིན” ཞེས་དང་། “༧གོང་ས་མཆོག་གི་མཚན་མཐོང་དང་ཐད་ཀར་འབྲེལ་ཆེ་བའི་དཔལ་ལྡན་སྐུ་སྒེར་དྲུང་ཆེའི་མཚན་ཡང་ཁོ་པས་བེད་སྤྱོད་ལོག་པར་བཏང་འདུག་པ་ནི། དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཚོགས་གཙོ་ཞིག་གི་བཟང་སྤྱོད་ཀྱི་འགན་འཁུར་དང་འགལ་བ་ཆགས་ཡོད་པས། ཧ་ཅང་བློ་ཕམ་ཆེ་ཞིང༌། གནས་ཚུལ་དེ་འདི་མུར་བཞག་ན་འབྲེལ་ཡོད་འདས་གསོན་མང་པོའི་བློས་གཏོང་རེ་བ་དང༌། སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་འགན་མ་འཁུར་བ་ཞིག་དང༌། ལྷག་པར་ངན་པ་རྒྱ་ཡན་དུ་གཏོང་བའི་གནད་དོན་ལས་མ་འདས་པར་བརྟེན། སྤྱོད་ངན་ཐེར་འདོན་དང་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་ཆེད་ཐོག་མར་བསྒྲགས་གཏམ་འདི་སྤེལ་བ་ཡིན” ཞེས་བསྟན་འདུག
གསལ་བསྒྲགས་ནང་སྐལ་ལྡན་བློ་གྲོས་ལགས་ཀྱིས་གང་མགྱོགས་གཞོན་ནུ་ལྷན་ཚོགས་ལ་དགོངས་སེལ་ཞུ་དགོས་སྐོར་བཀོད་དོན། “ཁོ་རང་གིས་བརྒྱུད་ལམ་ཁག་དང་མང་ཚོགས་ཐོག་གཞོན་ལྷན་སྒྲིག་འཛུགས་དང་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་ལ་འདི་ཟླའི་ཚེས་ ༡༥ གོང་དུ་ཡིག་ངག་གཉིས་ཐོག་ནས་ངེས་པར་དགོངས་སེལ་ཞུ་དགོས་ཤིང༌། གལ་སྲིད་དེ་ལྟར་མ་བྱས་ཚེ། ཁོ་པའི་བྱེད་ཕྱོགས་དང་བརྡ་ལན་ལ་དཔག་པའི་ང་ཚོས་གོམ་པ་མདུན་སྐྱོད་ཀྱི་གདོང་ལེན་མཐར་ཕྱིན་བྱ་རྒྱུ་ཡིན”

མུ་མཐུད་དུ་བསྟན་དོན། “བོད་མི་ཡོངས་ཀྱིས་བཙན་བྱོལ་བོད་གཞུང་ལ་ལུས་ངག་ཡིད་གསུམ་གྱིས་ངོས་འཛིན་གུས་བཀུར་མུ་མཐུད་རྒྱུན་འཆང་ཞུ་རྒྱུ་ནི། བོད་རང་བཙན་གྱི་འདས་པའི་ལོ་རྒྱུས་སྲུང་སྐྱོབ་དང༌། མ་འོངས་བོད་རང་བཙན་སླར་གསོའི་དགོས་ནུས་གལ་ཆེན་ཞིག་ཆགས་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༧ ཉིན་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་གཏོང་རྒྱུའི་གསལ་བསྒྲགས་སྤེལ་ཟིན་པ་ལྟར། སུ་ཞིག་གི་གནོན་ཤུགས་ཅི་ཞིག་བྱུང་རུང༌། བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་གཏོང་རྒྱུ་ཡིན་ཞིང༌། བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་རྣམས་ཀྱང་མུ་མཐུད་ཚོང་འགྲེམས་ཞུ་རྒྱུ་ཡིན” ཞེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། ༢༠༢༥།༡༠།༢༡ པར་འབྲེལ་ཡོད་མཁོ་སྤྲོད་གནང་།
Mobile App

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

སྐར་མ ༤༥ སྔོན་ལ།
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧

མཆན། 41

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    དྲ་ངོས་འདི་བརྒྱུད་ནས་སྐལ་ལྡན་བློ་གྲོས་ལགས་ཀྱི་ད་ཐེངས་དུས་དབང་གི་སྦྱོར་དངོས་རྗེས་གསུམ་ཐད་ཀྱི་བྱས་རྗེས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། གོང་དུ་འཁོད་པའི་གསལ་བསྒྲགས་འདིའི་རིགས་ཡ་བྱེད་དགོས་ཀྱི་མ་རེད་ཅེས་སྐུལ་མའང་མཉམ་དུ་བྱེད་རྒྱུ་ཡིན།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གསར་འབྱོར་ལགས།
    ལོ་གཅིག་གི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལྷག་ལ་ལས་འགུལ་སྤེལ་ས་དང་སྤེལ་དུས་ཡོད་ཡོད་པ་རེད། གསུམ་བཅུའི་དུས་དྲན་མ་གཏོགས་ལས་འགུལཀ་སྤེལ་མི་ཆོག་ཅེས་ད་བར་སུ་ཞིག་གིས་ཀྱང་བཤད་མྱོང་མེད།
    སྤྱིར་ཆོས་གསུང་སར་ཆབ་སྲིད་འཁྲབ་སྟོན་མི་འོས་ལ་ལྷག་པར་ཐེངས་འདིར་མི་འོས་ཚུལ་ངས་བཤད་ཡོད། དེ་ང་རང་གི་བསམ་ཚུལ་ཙམ་རེད། མི་འགྲིགས་ན་ཡང་སྐྱོན་མི་ཆེ། བསམ་ཚུལ་ནི་བསམ་ཚུལ་རེད། དེ་ལས་ལྷག་པའི་དོགས་པ་དང་སེམས་ཁྲལ་བྱ་དགོས་དོན་མེད།

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    སྐལ་ལྡན་བློ་གྲོས་ལ་གདོང་ལེན་མཐར་ཕྱིན་པ་བྱེད་རྒྱུ་ཡིན་ཚུལ་དང་། བྱེད་སྟངས་དེ་རིགས་ཧམ་སྤྱོད་ཡིན་ཚུལ་གསུངས་སྟངས་ལ་ལྟོས་ན། སྐད་ཆ་ཟེར་བ་འདི་འགྲེལ་བཤད་ཅིག་རྒྱབ་དུས་གང་དུ་ཁྲིད་ཆོག་ཆོག་འདྲ་ཞིག་འདུག་མོད་ཀྱང་། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་དུས་དབང་གི་སྦྱོར་དངོས་རྗེས་གསུམ་གཙང་མ་བྱེད་རྒྱུ་དེ་འོས་འགན་གཙོ་བོ་རེད། དེའི་མཉམ་པོར་ཆབ་སྲིད་དང་འབྲེལ་བའི་ལས་ཀ་བྱེད་ནའང་། གོ་སྒྲིག་ཚོགས་མི་རང་གི་ལྟ་གྲུབ་དང་མ་འབྲེལ་བ་བྱེད་རྒྱུ་དེ་གལ་ཆེན་རེད། སྐལ་ལྡན་བློ་གྲོས་ཀྱིས་༧རྒྱལ་མཆོག་ཐམས་ཅད་མཁྱེན་པས་ཡང་དུ་བསྐྱར་དུ་གསུངས་པའི་མིང་བརྗེ་བསྒྱུར་གྱི་གནས་སྟངས་དེ་ཐུགས་བསམ་བཞེས་ནས། རང་ཉིད་ལམ་སྟོན་དེའི་སྦྱོར་དངོས་རྗེས་གསུམ་ལ་ཡིད་ཆེས་གཙང་མ་བྱེད་མཁན་ཞིག་ཡིན་ན། རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་དེ་དང་མཚུངས་པ་ཞིག་བྱེད་དགོས་སྟབས། གལ་སྲིད་བོད་གཞུང་འཁོད་པའི་སྟོད་གོས་བཙོང་རྒྱུ་བཀག་ཀྱང་། དེ་ལ་ཆབ་སྲིད་ཀྱི་ཐད་དང་ལངས་ཕྱོགས་ཀྱི་ཆ་ནས་ཀྱང་ནག་ཉེས་ཤིག་ནམ་ཞར་དུ་འབབ་ཚོད་མི་འདུག་པས། གཞོན་ལྷན་ལ་ཚོར་ཤུགས་དྲག་པོ་ག་ཚོད་སླེབས་ཀྱང་། སྐལ་ལྡན་བློ་གྲོས་ལ་སྐབས་དེར་འགན་ཁུར་ཞིག་དང་ཐོབ་ཐང་ཞིག་ཀྱང་ཡོད་ངེས་པས་དེ་ལ་གསལ་བཤད་འདྲ་ནམ་ཞར་དུ་དགོས་པ་རེད་བསམ་བསམ་ཞིག་དྲན་གྱི་མི་འདུག
    མ་གཞི་ནས་ཚོགས་གཞོན་དོན་གྲུབ་ལྷ་དར་མཆོག་ངར་ངར་རྫིག་རྫིག་བྱེད་སྟངས་འདི་དེ་སྔར་རྒྱ་ནག་ལ་ལན་འདེབས་བྱེད་སྟངས་ལས་ཚ་བ་ཞིག་འདུག་པས། གད་མོ་རེ་མི་ཤོར་རང་ཤོར་རེད།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ཀྱིས་བོད་གཞུང་གི་མིང་འཁོད་ཡོད་པས་མ་བཙོང་གསུངས་ན་འདྲ། འདི་ཆབ་སྲིད་དང་འབྲེལ་བ་ཆེན་པོ་འདུག་ཅེས་མ་བཙོང་གསུངས་ན་འདྲ། ཁོང་ཉིད་དུས་དབང་གོ་སྒྲིག་ཚོགས་གཙོ་ཡིན་ཚར་དུས། ཆོས་ཕྱོགས་ལས་ཀ་ཞིག་ལ་འགན་བླངས་ཚར་དུས། གནད་དོན་དེ་རིགས་ལ་གདོང་ལེན་བྱེད་དགོས་པ་ནི་ང་ཚོ་གླེན་པ་རྣམས་ཀྱིས་བསམ་བློ་བཏང་ན་རྟོགས་ཐུབ་པ་ཞིག་རེད། སྐད་ཆ་མང་པོ་མེད་པར། ང་ཚོས་ཚོད་དཔག་བྱས་ན། གལ་སྲིད་ཨ་རི་ནས་གཞོན་ལྷན་གྱིས་དུས་དབང་ཞིག་གོ་སྒྲིག་གནང་དགོས་པའི་དབང་དུ་བཏང་ན། འདི་བྱུང་སྲིད་པ་ཞིག་རེད་དམ་མ་རེད་ཅེ་ན། ངས་ལྟོས་ན་རྩ་བ་ཉིད་ནས་མ་རེད།

    དོན་གྲུབ་ལྷ་དར་སོགས་ཀྱིས་ཀྱང་མཁྱེན་གསལ་བཞིན། ཁ་སང་༧རྒྱལ་མཆོག ཨོ་པ་མར་མཇལ་དུས་རྒྱ་གཞུང་གིས་གནོན་ཤུགས་ག་ཚོད་སྤྲད་མ་སོང་ངམ། ཡིན་ནའང་རྣམ་པར་རྒྱལ་ནས་ཨོ་པ་མར་མཇལ་སོང་། ཨ་རིའི་རྒྱལ་ཁམས་བོད་དང་༧ཏཱ་ལའི་བླ་མས་བདུན་ཕྲག་གཅིག་གཉིས་ཤིག་ལ་ས་སྒུལ་གནམ་སྒུལ་བྱས་སོང་། འདི་གལ་མི་ཆེ་བར་གཞོན་ལྷན་གྱི་དཔལ་འབྱོར་འདུ་འགོད་གལ་ཆེན་པོ་རེད་དམ། མི་གླེན་པ་ཞིག་ཡིན་ཡང་། ཨ་རིའི་གཞུང་ནས་ད་ཐེངས་རྒྱ་ནག་གི་གནོན་ཤུགས་ཕར་ལ་བཞག་ནས་དུས་དབང་བདེ་བླག་ངང་མཇུག་སྒྲིལ་ཏུ་བཅུག་པ་འདི་གལ་ཆེན་མིན་པར་གཞོན་ལྷན་གྱི་དཔལ་འབྱོར་འདུ་འགོད་གལ་ཆེན་ཡིན་པ་ཞིག བོད་ཀྱི་གནས་སྟངས་དངོས་གནས་མཁྱེན་མཁན་ཞིག་ཡིན་ན་གནད་དའགག་གཟིགས་ཀྱི་རེད་དམ།
    ཁྱེད་ཚོ་དཔལ་འབྱོར་འདུ་འགོད་ལ་མཁས་པ་ཡོངས་གྲགས་ཐོག དཔལ་འབྱོར་ཡར་རྒྱས་ཡིན་པའང་བཤད་རྒྱུ་ཡོད་མོད་ཀྱང་། ད་ཐེངས་གཟས་ནས་བོད་གཞུང་འཁོད་པའི་སྟོད་གོས་ཤིག་བཟོ་རྒྱུ་དྲན་པ་འདི་ཆབ་སྲིད་མ་རེད་དམ། དེའང་གཟས་ནས་དུས་དབང་སྐབས་བཙོང་བ་འདིའང་ཆབ་སྲིད་མ་རེད་ཟེར་མཁན་གཅིག་ཀྱང་ཡོད་ནི་མ་རེད། དེ་སྤྱིར་བཏང་འགྲིག་ཡོད་མེད་དང་བཙོང་མི་ཆོག་ཅེས་སྐལ་ལྡན་བློ་གྲོས་ཀྱིས་གསུངས་ཀྱི་མ་རེད་ལ། དེ་འདྲ་སྨྲ་མཁན་དཀོན་པོ་རེད། འོན་ཀྱང་ཁོང་གིས་འགན་ཁུར་པའི་དུས་དབང་གི་ལས་དོན་ནང་མ་འབྲེལ་བར་བྱེད་རྒྱུ་ནི་ཐག་གཅོད་ནོར་མེད་པ་ཞིག་རེད་སྙམ།
    འོན་ཀྱང་ཁྱེད་ཚོས་སྐད་ཆ་དེ་ཡར་ཁྱེར་མར་ཁྱེར། རྒྱལ་ཁབ་ཀྱི་ཞེན་ཁོག་སྟེང་ཁྱེར། མཚན་གནས་རྗེས་འབྲེལ་གྱི་སྟེང་ཁྱེར་བ་ནི་དངོས་གནས་བྱས་ན་མི་རྣམས་དགོད་མི་བྲོའམ། གཞོན་ལྷན་དང་སྐལ་ལྡན་བློ་གྲོས་གཉིས་ཀྱི་ལར་ཞེན་དང་བློས་གཏོང་སུས་དབྱེ་འབྱེད་ཐུབ་ཀྱི་རེད་དམ། ཁྱེད་ཚོ་རྣམ་རྟོག་ཆེན་པོ་ལངས་པ་ནི་དངོས་གནས་ཡ་མཚན་མ་རེད་དམ། དེ་བས་བརྡ་འདེད་གཏོང་དགོས་པ་དང་ཡན་གར་འཇོག་མི་ཉན་པའི་ལས་དོན་ནོར་མེད་སྒྲུབ་ན་དགའ་ས་རེད་ལ། གཟས་ནས་དམིགས་དོན་གཞན་ལ་མདའ་འཕེན་རྩིས་ཡིན་ན་དེ་བས་ཀྱང་ཡག་པོ་མ་རེད། གང་ལྟར་ང་སྒེར་ནི་ཁྱེད་ཚོའི་བྱེད་སྟངས་འདིར་ཁོངས་དགོད་སྟེང་ནས་ཤོར་སོང་ལགས།

    Reply
  5. གསར་འབྱོར། says:
    ལོ་ 14 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ཟེར་བའི་མི་འདིས་(དབང་ཆེན་འདི་འདྲ་གནང་སྐབས། ཆབ་སྲིད་དང་ཚོང་གི་ཁེ་ཕན་རང་བཞིན་ཅན་གྱི་ལས་འགུལ་མ་སྤེལ་ན་བཟང་)སོགས་ཧ་ཅང་བློ་རྒྱ་ཆེ་མདོག་གིས་བཤད་སྟངས་ལ་ལྟས་ཡོང་ན་མཁས་པ་འཁྱུག་ན་མདོན་གང་དང་བླུན་པོ་འཁྱུག་ན་མཐོ་གང་ཞེས་པ་ལྟར་ར་བཟུ་བའི་སྐད་ཆ་འདི་འདྲ་བཤད་ཡོང་དུས་དངོས་མ་བློ་ཕམ་བྱུང་། ངས་ཁོང་བཙན་བྱོལ་དུ་ཡོང་དགོས་པའི་དམིགས་གཡུལ་དང་དགོས་པ། མ་ཟད་ད་ལྟ་བར་དུ་བྱེད་དང་བྱེད་བཞིན་པའི་ལས་དོན་མཐའ་དག་གང་གི་ཆེད་དུ་ཡིན་ནམ་བསམ་ནས་སེམས་ལ་རང་བཞིན་གྱིས་དྲི་བ་ཞིག་སླེབས་ཡོང་གི་འདུག འདི་ལྟར་བོད་མི་ཚོས་ཆབ་སྲིད་ཀྱི་ལས་འགུལ་ནི་སུམ་བཅུའི་དུས་དྲེན་སྐབས་སྤེལ་དགོས་པ་ལས་དེ་མིན་སྤེལ་མི་ཆོག་པར་ལྟ་བུར་བརྩི་བཞིན་པ་ནི་ཧ་ཅང་ཆེས་བློ་ཕམས་སྐྱེས་དགོས་པ་ཞིག་རེད་འདུག རྒྱུ་མཚན་ཆབ་སྲིད་ནི་དུས་ནམ་ཡང་གོ་སྐབས་དང་བསྟུན་ནས་སྤེལ་དགོས་པ་ཞིག་ཡིན་པ་མ་ཟད་རྒྱུན་ཆད་མེད་པར་སྤེལ་དགོས་པའི་ལས་དོན་ཞིག་ཡིན།

    Reply
  6. ནགས་མཚོ says:
    ལོ་ 14 སྔོན།

    གྲོགས་པོ་ཚོ་ད་རིང་གི་བྱ་བ་འདི་དགྲ་དགའ་གཉེན་སྡུག་གི་ལས་ཁོ་ནར་ངོས་འཛིན་མི་བྱེད་ཐབས་མེད་རེད། དོན་ངོ་མ་གནས་ཚུལ་ཡོད་ན་ཕན་ཚུལ་སྐད་ཆ་བཤད་ཆོག་པ་ལས་དེ་འདྲ་འཛའ་བྲག་དགོས་དོན་གང་ཡང་མེད་པ་རེད།

    Reply
  7. བོད་པ་ཚང་། says:
    ལོ་ 14 སྔོན།

    ད་ལན་གཞོན་ནུས་དཔལ་འབྱོར་འདུ་འགོད་ཀྱི་ཚོང་འགྲེམས་ཁ་རུ་ཁྱེར་ནས་སྟོད་གོས་འཚོང་བཞིན་པ་དེས་ངོ་མ་༸གོང་ས་མཆོག་གི་ཐུགས་ཐག་གཅོད་སྟངས་ལ་བློ་ཁ་མ་ཚིམས་པའི་རྣམ་པ་ཙམ་ལས། མདའ་མོ་དེ་རྒྱ་ནག་ཕྱོགས་སུ་ཕོག་ཐབས་མེད། ལར་ནས་ད་བར་དུ་བཙན་བྱོལ་བོད་གཞུང་ཞེས་འཁོད་པའི་སྟོད་གོས་རིགས་གཞོན་ནུས་བཙོངས་མྱོང་མེད་ཀྱང་། གློ་བུར་དུ་དེ་ལྟ་བུ་སྤེལ་དགོས་དོན་གང་ཡིན་ནམ། སྐལ་ལྡན་བློ་གྲོས་ཞེས་པའི་ང་རྒྱལ་ཆེ་མདོག་དེས་གནང་བའི་ཐག་གཅོད་དེར་ཡིད་བློ་ཚིམས་སོང་།
    གཞོན་ལྷན་གྱིས་གཏམ་བཤད་མང་པོའི་ཁྲོད་དུ་༸གོང་ས་མཆོག་གི་བཀའ་དགོངས་ཤར་སྐྱོད་གནང་གི་ཡོད་པར་ལན་མང་བཤད་ཀྱང་། དོན་ངོ་མའི་ལག་ལེན་དུ་འཁྱོལ་ཐུབ་ཀྱི་མི་འདུག

    Reply
  8. གཞིས་ཆགས་བུ། says:
    ལོ་ 14 སྔོན།

    སྤྱིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ་གཅིག་པུས་ཐུགས་ཡིད་མི་ཆེས་པར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དེའི་སྐོར་འབྲེལ་ཡོད་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་པ་མཆོག་ལ་བཅར་འདྲི་ཞུ་བ་ཞིག་འདུག་པས། དེར་ཉན་འཇོག་གནང་ནའང་ཁོང་ཚོའི་ཕྱོགས་ཀྱི་སྐད་ཆ་རྣམས་གོ་ཐུབ་ཅིང། དེ་མིན་གནས་ཚུལ་དེར་དངོས་འབྲེལ་མཐོང་མཁན་གྱི་མི་རྣམས་ལ་སྐད་ཆ་དྲིས་ནས་རང་ཉིད་ཀྱི་སུས་ནོར་ཡོད་མིན་ཐོག་ཞིབ་འཇུག་བྱེད་པ་ལས། ཕྱོགས་གཅིག་ཏུ་ཁོ་ན་ལྷུང་ན་མི་རུང་ཞིང། མི་འོས་པ་ཞིག་ཏུ་སྣང། དེ་ཡང་གོ་སྒྲིག་ཚོགས་ཆུང་གི་སྒྲིག་ཚུགས་ལམ་སྟོན་ཞིག་ཡོད་པ་ལས་འགལ་བ་ཡིན་ན། བླ་ཆེན་མི་ཆེན་སུ་ཡིན་ནའང་གསུང་ཆོས་རྭ་བ་ལས་ཕྱིར་འབུད་གཏོང་ཆོག་པའི་ཐོབ་དབང་ཡོད་ཅིང། དེ་འདྲ་ཞིག་མེད་ན་། གོ་སྐབས་དམ་འཛིན་ཅན་འགས་སྡིང་ཆ་དེ་གང་དུའང་བེད་སྤྱོད་སྲིད་པས་དེར་ཐུགས་སྣང་དགོས་གལ་ཆེ་བར་གཟིགས། གང་ལྟར་གནས་ཚུལ་ཆུང་ཆུང་ཞིག་གི་བོད་མི་ནང་ཁུལ་འགལ་ཟླ་འགྲོ་བའི་གནས་ཚུལ་ཞིག་ཏུ་མི་འགྱུར་བར་བྱེད་དགོས་པ་ཤིན་ཏུ་ནས་གལ་ཆེ།

    གོ་སྐབས་དེ་བླངས་ནས་བོད་མི་ནང་ཁུལ་འགལ་ཟླ་བཟོ་རྒྱུར་ཐབས་ཤེས་བྱེད་མཁན་གྱི་སྐབས་འཚོལ་བ་བྱུང་མི་སྲིད་པ་མིན་པས། དེར་ཚང་མས་ཡིད་གཟབ་དང་ཐུགས་སྣང་དགོས་པ་ཡིན།

    སྤྱིར་གནས་ཚུལ་དེའི་རིགས་ནི་ཆེན་པོ་མིན་པ་ལ་ཆེན་པར་བཟོས། གལ་ཆེན་མིན་པ་ལ་གལ་ཆེན་བཟོས།

    བཙན་བྱོལ་བོད་གཞུང་ཟེར་ནའང་བོད་མིའི་སྒྲིག་འཛུགས་ཟེར་ནའང་། དོན་ལ་འགྱུར་བ་འགྲོ་གི་མེད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དེ་འདྲ་སེམས་འཁྲེལ་བྱེད་དགོས་དོན་ཅི་ཡིན་ནམ།

    Reply
  9. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    ༼བཙན་བྱོལ་བོད་གཞུང་༽ཞེས་པའི་མིང་འདི་ཆབ་སྲིད་ཤུགས་ཆེན་པོ་འདུག་ཅེས་པ་དེའི་དོན་ཅི་ཡིན་ནམ། ང་ལ་མཚོན་ན་དངོས་གནས་གོ་བ་ལེན་ཤེས་ཀྱི་མི་འདུག སྐལ་ལྡན་བློ་གྲོས་ལྟར་ན། ཏཱ་ལའི་བླ་མ་ཞེས་པའི་ལོ་རྒྱུས་རིང་བཞིན་གྱི་མཚན་ཐོབ་འདི་ཡང་ཆབ་སྲིད་ཀྱི་ངོ་བོར་འགྱུར་དགོས་པ་ཨེ་རེད། དེ་བཞིན། བཙན་པོ་རྒྱལ་རབས་ཞེ་གཉིས་ཀྱི་མཚན་ཀྱང་ཆབ་སྲིད་ཤུགས་ཆེན་པོ་ཡོད་པར་ཁ་བསྒྱུར་ཏེ་འདོར་དགོས་པ་མ་ཡིན་ནམ། དེ་ལྟར་གནང་དགོས་ཚེ། གངས་རིའི་ལྗོངས་ཀྱི་སྣོད་བཅུད་རིག་གནས་ཡོངས་ཀྱི་ལོ་རྒྱུས་བདག་དབང་མཚོན་པའི་༼བོད༽ཅེས་པའི་ཐ་སྙད་གསོན་པོ་འདིའང་བསུབ་དགོས་པ་རེད་དམ།
    རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་སྐེ་ལ་རལ་གྲི་འཇོག་མཁན་གྱི་སྐྱ་མིན་སེར་མིན་རྣམས་ཏེ། བཙན་པོའི་གསེར་གྱི་གདུང་ཤིང་གཅོགས་མཁན་གྱི་སྡོམ་ཤོར་མི་གསོད་ལག་དམར་མཁན་ལྷ་ལུང་དཔལ་རྡོར་དང་། གངས་ལྗོངས་དམངས་གཙོའི་བདག་དབང་གི་དཔྱིད་མགོའི་མྱུ་གུ་འབལ་མཁན་སྨྱོ་འཆམ་པ་ཁྲི་སྔོན་ནོར་བུ་དབང་རྒྱལ། ལོ་ངོ་དྲུག་ཅུའི་རང་དབང་འཐབ་རྩོད་ཀྱི་མིང་བྱང་ལ་ཁ་ལུད་འབེབས་མཁན་གྱི་གྲ་ལོག་སྐལ་ལྡན་བློ་གྲོས་བཅས་ནི། མ་འོངས་པར་བོད་ཀྱི་ལོ་རྒྱུས་དེབ་ཐར་གྱི་ངོས་སུ་ཉེས་ཅན་ནག་ཅན་དུ་ག་ལེར་སྣང་ངེས་ཡིན།
    དེ་སྔའི་ལྷ་སའི་ཁྲོམ་སྐྱུར་གཞས་ཚིག་ཏུ། མཐོ་དུས་མཐོ་ཚད་མ་ཟིན། ། མི་རྗེ་ས་དབང་ཆེན་མོ། །ཤམ་ཐབ་དཀར་པོ་བཞེས་ནས། །སྨྱོ་འཆམ་བརྒྱབ་ནས་གང་ཡོང་། ། ཞེས་པ་དང་། དོམ་གྱི་མཁྲིས་པ་བཏོན་སོང་། ། ཁྱུང་གི་སྡེར་མོ་བཅག་སོང་། ། ཡུལ་ལྷའི་རྟེན་མཁར་བཤིག་སོང་། ། ཀླུ་རྒྱལ་གཟབ་གཟབ་གནང་ཤོག ། ཅེས་པ་ལྟར་རོ། །

    Reply
  10. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    འཛམ་གླིང་རིལ་མོ་འདིའི་སྒང་རང་དབང་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་དབུ་ཁྲིད་མཁན་ལྟ་བུར་ཆ་འཇོག་གནང་སའི་ཨ་རི་རྒྱལ་ས་ཝ་ཤིན་ཊོན་དུ། ལོ་ངོ་ལྔ་བཅུའི་རིང་བོད་མི་བཙན་བྱོལ་བའི་ངོ་གདོང་ལྟ་བུར་འཕྱར་ཏེ་འོང་པའི་༼བཙན་བྱོལ་བོད་གཞུང་༽ཞེས་པའི་མིང་དེ་ནག་ཅན་ཉེས་ཅན་དུ་བསྒྱུར་སོང་། བསྒྱུར་མཁན་དེའང་ལོ་ངོ་དྲུག་ཅུའི་རིང་བོད་ས་བཙན་བཟུང་དང་བོད་མི་དམར་གསོད་གཏོང་མཁན་གྱི་དགྲ་བོ་རྒྱ་དམར་བའི་སྒེར་གཅོད་དཔོན་རིགས་དག་མ་ཡིན་པར། ཤ་དར་ཁྲག་དར་གྱི་བོད་མི་རྣལ་མ་ཞིག་དང་། ལྷག་པར་དུ་དྲང་བདེན་དང་སྨྲ་བརྗོད་རང་དབང་གི་མགྲིན་ཚབ་པར་བསྔགས་བཞིན་པའི་གསར་འགོད་ལས་རིགས་པ་ཞིག་ཡིན་པ་འདི་ནི་དངོས་གནས་བློ་ཕམ་གྱི་གནས་ཤིག་ཅི་ལ་མིན་འང་། བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་གཏན་འབེབས་ལྟར་ནའང་ཕྱི་ཟླ་ ༧ པའི་ཟླ་སྨད་བར་གཞུང་གི་ཐམ་ཀ་དང་ཡིག་ཆ་ཚང་མའི་ནང་༼བཙན་བྱོལ་བོད་གཞུང༽ཞེས་པའི་མིང་འདི་སྔར་རྒྱུན་ལྟར་ད་དུང་བཀོད་ཆོག་ཡོད་པར་སྣང་། སྐལ་ལྡན་བློ་གྲོས་དང་བོད་གཞུང་དྲ་རྒྱ་གཉིས་ཀྱིས་སྔ་བ་ནས་སྔོན་མ་བྱས་ཏེ། སྲིད་ན་རྙེད་པར་དཀའ་བའི་ནོར་བུ་ཅི་ཞིག་ཐོབ་སོང་བ་ལྟར། བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་མཚོན་བྱེད་ཀྱི་མིང་བྱང་འདི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕྱིར་ཕུད་གཏོང་རྒྱུར་རྔམ་དོན་ཅི་ཡིན་ནམ། ད་ནི། ང་ཚོ་གཞན་གྱིས་གསོད་མ་དགོས་པར་རང་ཉིད་རང་ཤི་རྒྱག་པར་དགའ་འགུ་བྱེད་མཁན་གྱི་མི་རིགས་ཡ་མ་བླ་ཞིག་ཏུ་གྱུར་སོང་ཡིན་ནམ། ང་ཚོས་ལོ་རྒྱུས་ཀྱི་མེ་ལོང་བཟུང་སྟེ་ཁ་ལུད་སྣབས་ལུད་ཀྱིས་ཁེངས་པའི་ད་ལྟའི་རང་གི་ངོ་གདོང་འདིར་གསལ་བོ་ཞིག་བལྟ་དགོས་པར་སྣང་།

    Reply
  11. མངའ་རིས་བུ། says:
    ལོ་ 14 སྔོན།

    ཉེ་སྔོན་བལ་ཡུལ་གྱི་ཉེན་རྟོག་པས་བོད་རང་བཙན་ཞེས་འཁོད་པའི་སྟོད་གོས་གྱོན་མི་ཆོག་པ་དང་གྱོན་མཁན་དེ་རིགས་འཛིན་བཟུང་བྱེད་ཀྱི་འདུག་ཅེས་བོད་མི་ཚོས་ག་ཚད་ཅིག་སྐད་རྒྱབ་ཡོད། དེ་ཆ་བོད་ཀྱི་སྒྲིགས་འཛུགས་གཙོ་བོ་གཞོན་ནུ་ལྷ་ཚོགས་ཀྱི་ཚོགས་གཙོ་ལས་སོགས་ལ་ཉེན་རྟོག་པ་སྐད་གཏོང་གི་ཡིན་ཟེར་བ་ནི་ཆེས་མ་རུང་བའི་གཏམ་མ་རེད་དམ། ད་དགྲ་ཕྱི་དགྲ་མ་ཡིན་ནང་དགྲ་ཡིན། ཟེར་བ་ལྟར་བྱུང་ཤག
    ཆབ་སྲིད་ཀྱི་སྐད་ཆ་བཤད་མི་ཆོག་པ་དང། ཆབ་སྲིད་ཀྱི་ལས་འགུལ་བྱེད་མི་ཉན་ན། སྐབས་དེར་༸གོང་ས་མཆོག་གིས་བོད་དོན་གྱི་སྐོར་ལ་བཀའ་མོལ་རབ་དང་རིམ་པ་གནང་སོང། མ་ཟད་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་རང་དུ་གདན་འདྲེན་གྱིས་བཀའ་སློབ་ཟབ་རྒྱས་གནང་སོང་དེ་ཡང་ཁྲིམས་འགལ་ཞིག་ཡིན་ནམ།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དུས་དབང་གནང་སར་འགན་ཡོད་པའི་གྲ་སྒྲིག་ཚོགས་ཆུང་གལ་ཆེ་བ་ཡིན་ནམ། ཡང་ན་བོད་མིའི་སྒྲིག་འཇུག་གི་ལྟ་བ་དང་མི་མཐུན་པའི་གཞོན་ལྷན་ཚོགས་གཙོ་གལ་ཆེ་བ་རེད། ངས་བྱས་ན་༸སྐུའི་སྐུ་ཕྱྭ་ནི་ཤིནད་ཏུ་ནས་གལ་ཆེ་བས་སྐལ་ལྡན་བློ་གྲོས་ལགས་ལ་བདེན་པ་འདུག་སྙམས་སོ། དགེའོ། །

    Reply
  13. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    དུས་བབ་རྩོམ་སྒྲིག་འགན་འཛིན་ཟུར་པ་ལུང་རིག་ལགས།

    ཁྱེད་ག་རེ་བྱས་སོང་ངམ། ངོ་མ་མི་ཁྱེད་ལ་བོད་མི་རྒྱལ་གཅེས་པ་ཞིག་ཡིན་བསམ་ནས་རེ་བ་ཆེ་པོ་དང་དགའ་པོ་ཡོད། བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་ཐོག་ཏུ་སྡང་ཟུག་འདི་འདྲ་བྱས་ཀྱང་སྐད་ཆ་སྲ་ཐག་ཐག་ཞིག་བཤད་ཀྱི་མེད་པར་ག་རེ་རེད་དམ།

    དུས་དབང་སྒྲིག་པས་གླུ་བ་དང་གླུ་མ་ཚོ་ལ་མགྲོན་འབོད་བྱས་ནས་སྤྲོ་སྐྱིད་བཏང་པའི་དུས་ཚོད་ཤིག་རེད་པས། བོད་གཞུང་ཞེས་པའི་ཐ་སྙད་ཙམ་ཡང་རྩ་མེད་བཟོ་བའི་དེང་སྐབས་སུ་སྐད་ཆ་འདི་འདྲ་བཤད་ནས་སྡོད་ཀྱི་ཡིན་པས།

    ང་ལ་བློ་ཕམ་ཆེ་ཤོས་གཞོན་ནུའི་ཚོགས་གཙོ་ཡིས་ཕྱིར་འཐེན་བྱས་པ་འདིར་ཡིན། ཨ་རིའི་བདེ་སྲུང་དམག་མི་སྐད་གཏོང་གི་ཡིན་ཟེར་དུས་སྐད་གཏོང་བཅུག་དགོས་པ་རེད། བཙོན་དུ་བཅུག་ནའང་བཅུག་ཆུག་དགོས་པ་རེད། དེ་འདྲ་བྱུང་ན་ཨ་རི་གྲོས་ཚོགས་དང་ཕོ་བྲང་དཀར་པོའི་སྲིད་སྐྱོང་བ་ཚོས་ཐག་གཅོད་བྱེད་ཡོང་གི་རེད།

    སྤྱིའི་ཆ་ནས་གཞོན་ལྷན་གྱིས་ངོས་ནས་ཨ་རིའི་ཁྲིམས་ཁང་ནང་དུ་ཁྲིམས་བཏུག་བྱེད་ཆོག་གི་རེད། ནུས་ཕྱོགས་པའི་ཁྲིམས་ལུགས་ཀྱི་འོག་ཏུ་འགྲོ་བ་མི་ཚང་མ་འདྲ་མཉམ་ཡོད་མེད་བལྟ་ཆོག་གི་རེད། ཨ་རིའི་ལྟ་བུའི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་རྒྱུས་མངའ་ཆེ་བའི་ལུང་པ་ཞིག་གིས་བོད་གཞུང་རྩ་མེད་བཟོ་དགོས་ག་དུས་ཡང་གསུང་གི་མ་རེད་འདོད།

    གནས་ཚུལ་འགོ་འཛུགས་ཀྱི་ཡོད་རེད། ལས་དཀའ་ཚོད་ཐམས་ཅད་རྗེས་སུ་ལྷག་ཡོད་པ་རེད། བཙན་བྱོལ་བོད་གཞུང་རྩ་མེད་བཟོ་མཁན་དང་བོད་རྒྱ་ཆེ་མི་དམངས་གཉིས་ག་དུས་ཡང་མཐུན་ཐབས་བྲལ་བ་རེད། བོད་མི་ཚང་མས་གནས་སྐབས་རིང་བཟོད་སྒོམ་བྱས་ནས་བསྡད་ཡོད་རེད། མུ་མཐུད་ནས་གནས་ཚུལ་འདི་ཛ་དྲག་རེ་འགྲོ་གི་རེད་མ་གཏོགས་ཡག་རེ་རྩ་བ་ནས་འགྲོ་གི་མ་རེད།

    འཐབ་རྩོད་འདིར་སྐལ་ལྡན་བློ་གྲོས་ཀྱིས་བཟོས་པའི་འཐབ་རྩོད་ཤིག་མ་རེད། བོད་རྒྱལ་ཁབ་ཁས་ལེན་དང་མི་ལེན། བོད་གཞུང་ངོས་འཛིན་ཡོད་དང་མེད། བོད་རང་བཙན་དང་ལམ་དབུ་མ། རྒྱལ་གཅེས་པ་དང་རྒྱལ་ཙོང་བའི་འཐབ་རྩོད་ཤིག་རེད། གནས་ཚུལ་ཆེན་པོ་རེད། ལོ་མང་བཟོད་སྒོམ་བྱས་ནས་གནས་ཚུལ་འདི་ལྷག་པ་རེད། ད་་་་བསྡད་ན་སྡོད་ས་དང་བྲོས་ན་བྲོས་ས་མེད་པའི་ས་མཚམས་ཤིག་ལ་སླེབས་ཡོང་གི་ཡོད་དོ།

    Reply
  14. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 14 སྔོན།

    ཞོགས་པ་བདེ་ལེགས།

    མཆན་དང་མཆིལ་མ་གཉིས་ཀས་དགའ་རབ་ཅིག་ལ་བསྐྱལ་འདུག སྣ་ནག་མའི་གསལ་བཤད་ཀྱང་སླེབ་ཚར་འདུག

    ད་གླེང་འཇོག་རྒྱུ་ཅང་མི་འདུག གཞོན་ལྷན་ལ་རྐུབ་སྟེགས་སྤྲད་མི་འདུག་ཅེས་པའི་སྐད་ཆ་གང་ལ་འཁྱེར་དགོས་པ་རེད། འོ་ན། བུད་མེད་ལྷན་ཚོགས་དང་བོད་རང་དབང་སློབ་ཕྲུག་ཚོགས་པར་རྐུབ་སྟེགས་སྤྲད་འདུག་གམ། ཡང་ན། གཞོན་ལྷན་གྱིས་རྐུབ་སྟེགས་ཤིག་གནང་རོགས་ཞུས་ཀྱང་ངོས་ལེན་མ་བྱས་པ་རེད་དམ།

    ཐེངས་འདིར་གཞས་པ་གཞས་མ་སོགས་ལ་རྐུབ་སྟེགས་གྲ་སྒྲིག་བྱས་པ་དེ་ནི་དུས་དབང་གོ་སྒྲིག་ཚོགས་པའི་གྲ་སྒྲིག་གི་ཆ་ཤས་ཤིག་ཡིན་རྒྱུ་རེད།

    གཞོན་ལྷན་ལ་རྒྱབ་སྐྱོར་ག་དུས་ཡིན་རུང་ཡོད། འོན་ཀྱང་། ལོ་ཤས་ཤིག་གི་རིང་ནས་གཞོན་ལྷན་གྱི་ལས་དོན་མང་པོ་ཞིག་བཤད་ཚེགས་ཀྱི་ནང་དུ་ཕྱིན་སོང་། དུས་དབང་སྔོན་མ་ཞིག་གི་སྐབས་ལ་ཡང་གཞོན་ལྷན་ལ་བཤད་ཚེགས་ཤིག་བྱུང་། གཞོན་ལྷན་ནང་ཁུལ་ལ་ཡང་ཕྱོགས་ཁག་འདྲ་བོར་གྱུར། ད་ཐེངས་ཀྱང་གླེང་རྙོག་འདི་འདྲ་ཞིག་བྱུང་། དབུས་ནས་སྐད་ཅིག་ཉིད་དུ་གསལ་བསྒྲགས་འདྲ་སྤེལ། སྤྱི་ཚོགས་ནང་ལ་ཡང་དཀྲོགས་གཏམ་འདྲ་ཕྱིན། འདི་ལྟར་མུ་མཐུད་དུ་ཕྱིན་ན་ང་ཚོར་རེ་བ་ཇེ་ཕྲ་རེད། རྒྱ་མིའི་རེ་བ་ཇེ་ཆེར་འགྲོ་གི་རེད།

    Reply
  15. ཇ་མ་ says:
    ལོ་ 14 སྔོན།

    ཨ་ཕོ་མཐུ་ཆེན་གྱིས་གསུང་འདི་དྲངས་བདེན་རང་རེད་བསམ། དེ་མི་བྱུང་ཟིན་པའི་བྱ་བར་རྙོག་བཤད་རྒྱབ་ནས་གང་ཡོང་།

    Reply
  16. གནས་ཚང་། says:
    ལོ་ 14 སྔོན།

    བློ་མཐུན་སྐལ་ལྡན་བློ་གྲོས་ལ་རྒྱ་དངུལ་རེག་གི་ཡོད་སྲིད་པས། དེའང་ཚོང་ཆེན་ཞིག་རེད། དེང་སྐབས་དངུལ་རེག་སོང་ན་ཅི་ཡང་བློས་གཏོང་ཆོག་གི་ཡོད་པ་རེད། ཨ་རིའི་དངུལ་ལ་དམིགས་ནས་གཞུང་མིང་ཡང་བསྒྱུར་ཟིན་པ་མིན་ནམ།

    Reply
  17. ཨ་རིའི་བོད་པ། says:
    ལོ་ 14 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ཟེར་བ་འདི་ཡང་རང་ཉིད་ལ་གོ་སྐབས་དང་རྐུབས་སྟེགས་ཡོད་དུས་གང་ཡང་མི་འཇོན་མཁན་ཞིག་དང། ཕྱི་ལོགས་ལ་ཡོད་དུས་ཚང་མ་ལ་ཁ་གཏོང་མཁན་ཞིག་ཆགས་འདུག མཛད་སྒོ་འདི་རིགས་ལ་“ཆབ་སྲིད་དང་ཚོང་གི་ཁེ་ཕན་རང་བཞིན་ཅན་གྱི་ལས་འགུལ་མ་སྤེལ་ན་བཟང་བ་དང་། མི་མང་གི་སྣང་བར་མི་འགྲོ་བའི་ལས་ཀ་བྱས་ན་ལས་དོན་གང་ཡིན་ཡང་ཕམ་ཉེས་འགྲོ་ངེས་ཡིན་”ཚེ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ལ་ཁ་གཡར་ནས་མི་ནག་ཚོང་བྱས་པ་དང། རྩོམ་པ་པོའི་མཐུན་ཚོགས་ཀྱི་མིང་ཁུར་ནས་ལས་ཀ་ཕྱིན་ཅི་ལོག་ཏུ་བྱེད་བཞིན་པ་དེ་ཚོ་ཡང་༸གོང་ས་མཆོག་གི་དགོངས་གཞི་དང་རྩ་བ་ནས་མི་མཐུན་པས་ཡུལ་དུས་གནས་བབ་ལ་བསྟུན་ནས་ཕན་གནོད་གང་ཆེ་བརྟག་དགོས་རྒྱུ་ཡང་གལ་ཆེ། ཉིན་ཞིག་ཕམ་ཁ་རག་ཡོང།

    Reply
  18. བློ་བཟང་དབང་ཕྱུག says:
    ལོ་ 14 སྔོན།

    སྐལ་ལྡན་བློ་གྲོས་ལགས་ཀྱིས་གནང་སྟངས་དེཅུང་ཐལ་དྲགས་འདུག དེས་ན་རང་དབང་དཔྱ་ཁྲུལ་ལག་དེབ་དང་བཀའ་ཤག་དང་སྤྱི་འཐུས་ཀྱི་ཡིག་ཆ་མང་ཆེ་བ་ན་བོད་གཞུང་འཁོད་པ་ཡོད་།དེ་དག་ཀྱང་ཁྲིམས་འགལ་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་ཟབ་པའི་ཚིག་ཆགས་པས་ཅི་ནས་ཀྱང་ཁྲིམས་འགལ་ཡིན་དང་ཡིན། ད་དུང་ས་གནས་ཉེན་རྟོག་མི་སྣ་ལ་རང་བཙན་འཐབ་རྩོད་པའི་མཐུན་ཚོགས་དེ་རྐུནམ་ནང་བཞིན་རྩིས་སྤྲོད་གྲབས་བྱེད་པ་དེ་བོད་ཕྱི་ནང་གཉིས་ཀྱི་རང་བཙན་འཐབ་རྩོད་པ་ལ་མཐོང་ཆུང་བཟོ་པ་རང་རེད།

    Reply
  19. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    བོད་ཀྱི་གཞོན་ནུ་ཚོགས་པའི་གོ་སྒྲིགས་འོག་བོད་གཞུང་ཞེས་མིང་རྟགས་བཀོད་
    པའི་སྟོད་ཐུང་ཚོང་འགྲེམས་དེ་བཀག་སྡོམས་བྱས་པ་དེར་བསམ་ཚུལ་ཞིག་ཞུས་
    དགོས་ཐལ་སོང་།
    སྤྱིར་བཏང་བོད་ཀྱི་གཞོན་ནུ་ནས་རང་བཙང་གཙང་མ་སྒྲུབ་བྱར་བཟུང་བ་དེ་ལོ་རྒྱུས་ཐོག་ནས་རྒྱུ་མཚན་ཡོད་པ་དང་དགོས་མཁོ་ཡོད་པ་མ་ཟད་ཁྲིམས་མཐུན་གྱི་ཐོབ་ཐང་ཞིག་དེ་བས་ཡིན།འོན་ཀྱང་དེ་ལྟའི་བར་བོད་ཀྱི་གཞོན་ནུ་ཚོགས་པ་ནས་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་པའི་སྐབས་ལ་ཁ་ནས་རང་བཙན་ཅེས་འབོད་སྒྲ་སྒྲོགས་པ་
    ཙམ་ལས་ལས་འགུལ་རྣམས་ཀྱི་ངོ་བོའི་ཐོག་ནས་༸་གོང་ས་མཆོག་གི་བཀའ་
    དགོངས་དང་བོད་བཙན་བྱོལ་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་འགལ་བའི་ལས་འགུལ་སྣ་གཅིག་སྤེལ་མེད།ཆབ་སྲིད་ཀྱི་ལྟ་གྲུབ་ཐོག་ནས་བཤད་ན་སྒྲུབ་བྱ་མི་འདྲ་བ་ཞིག་ཡོད་ན་སྒྲུབ་བྱེད་ཀྱང་མི་འདྲ་བའི་ཐོག་ནས་ལས་འགུལ་སྤེལ་དགོས་པ་ཞིག་དང་སྒྲུབ་བྱ་དང་སྒྲུབ་བྱེད་གཉིས་ཀའི་ཆབ་སྲིད་ཀྱི་ལྟ་གྲུབ་གཅིག་པ་དང་ཆབ་སྲིད་ཀྱི་ལྟ་བ་བརྟན་པོ་བཟུང་
    དགོས་པ་དེ་གལ་ཆེ་ཤོས་ཤིག་ཡིན།བོད་བཙན་བྱོལ་སྒྲིག་འཛུགས་དང་གཞོན་ནུ་གཉིས་ལངས་
    ཕྱོགས་མི་འདྲ་བ་དང་སྒྲུབ་བྱ་མི་འདྲ་བ་ཡིན་ཟེར་ན་ཡང་།
    བོད་ཀྱི་གཞོན་ནུ་ལ་གྲ་སྒྲིག་མི་འདྲ་བ་དང་འཆར་གཞི་མི་འདྲ་བ་མེད་པ། ལས་འགུལ་མི་འདྲ་བའི་རིགས་གཏན་ནས་མེད་པ་ནི་ཆབ་སྲིད་པ་ཞིག་ལ་མཚོན་ན་བློ་ཕམ་དགོས་པ་ཞིག་རེད་སྙམ།
    བོད་བཙན་བྱོལ་སྒྲིག་འཛུགས་དང་༸་གོང་ས་མཆོག་གི་བཀའ་དགོངས་ལས་གཞན་ལས་འགུལ་དང་།
    གྲ་སྒྲིག་དང་འཆར་གཞི་མི་འདྲ་བ་མེད་པ་དང་ནམ་ཡང་ལས་འགུལ་མི་འདྲ་བ་སྤེལ་མི་ཐུབ་པ་ཡིན་ན།དེ་རིང་དུས་དབང་གི་སྐབས་ལ་ཡང་བོད་གཞུང་ཞེས་མིང་རྟགས་བཀོད་པའི་སྟོད་ཐུང་ཚོང་འགྲེམས་བྱས་པ་དེ་བོད་གཞུང་དང་༸་རྒྱལ་བའི་བཀའ་དགོངས་དང་འགལ་བའི་ལས་འགུལ་དེ་འདྲ་རིགས་མ་སྤེལ་ན་དགེ་མཚན་ཆེ་བ་ཡིན། གལ་ཏེ་༸་གོང་ས་མཆོག་དང་བོད་བཙན་བྱོལ་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མི་འདྲ་བའི་ལྟ་བ་དངལངས་ཕྱོགས་ཤིག་བརྟན་པོ་བཟུང་བའི་དམ་བཅའ་ཞིག་ཡོད་ན་།འཚེ་མེད་ཞི་བ་དང་གཉིས་ཕན་གྱི་ལས་འགུལ་ཁོ་ན་ལ་འཇུག་དགོས་དོན་གང་ཡང་མེད་སྙམ།

    Reply
  20. ཚེ་རིང། says:
    ལོ་ 14 སྔོན།

    དགེ་འདུན་རབ་གསལ་ལགས། བཙན་བྱོལ་བོ་གཞུང་ཞེས་འཁོད་པ་༧གོང་ས་མཆོག་གི་སྤྱན་ལམ་དུ་འབུལ་ཆོག་གི་མེད་ན། བོད་ཀྱི་སྔོན་མའི་གལ་ཆེན་ཡིག་ཆ་ཁག་མང་པོར་བོད་གཞུང་དང་བཙན་བྱོལ་བོད་གཞུང་ཞེས་འཁོད་ཡོད། དེ་ཚོ་མེད་པ་བཟོ་ཐུབ་བབ། ཡ་མཚན་པོ་འདུག ཁྱེད་ཀྱིས་བརྟག་དཔྱད་བྱེད་དགོས་གསུང་པ་དེར་མོས་མཐུན་ཡོད།

    Reply
  21. ནགས་མེ། says:
    ལོ་ 14 སྔོན།

    ཉེ་ཆར་ཅང་ཙེ་མེང་གི་གནས་ཚུལ་བཀོད་སྟངས་ལྟར། གསར་འགྱུར་འདིའི་ཨ་མ་ག་འདྲ་ཡིན་མེད་ཤེས་དཀའ་བས། ལམ་སེང་མཐུ་རྒྱག་རྦོད་གཏོང་བྱེད་མི་འདོད།

    Reply
  22. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སྟོད་གོས་སོགས་ཀྱི་ཐོག་ལ། ད་བར་དུ་བོད་རང་བཙན་སོགས་གང་མང་བྲིས་ཡོད། དེ་དག་ལ་ལ་ཚོང་གི་ཆེད་དུ་ཡིན། ལ་ལ་སྲིད་དོན་ཆེད་ཡིན། དེ་དག་ནི་འགོག་ཐུབ་པ་ཞིག་མ་རེད་ལ་འགོག་དགོས་དོན་ཡང་མེད།
    ལར་༸རྒྱལ་བ་ཡིད་བཞིན་ནོར་བུས་འཛམ་གླིང་ཞི་བདེ་དང་འབྲེལ་བའི་དབང་ཆེན་འདི་འདྲ་གནང་སྐབས། ཆབ་སྲིད་དང་ཚོང་གི་ཁེ་ཕན་རང་བཞིན་ཅན་གྱི་ལས་འགུལ་མ་སྤེལ་ན་བཟང་སྙམ་ལ། ལྷག་པར་ད་ལྟ་༸རྒྱལ་བ་ཡིད་བཞིན་ནོར་བུས་བོད་གཞུང་དེ་བོད་མིའི་སྒྲིག་འཛུགས་སུ་མཚན་བྱང་བརྗེ་སྒྱུར་གནངས་མ་ཐག་པའི་སྐབས་འདིར་ཁོང་གི་ཆོས་གསུང་སར་ལས་འགུལ་འདི་རིགས་སྤེལ་ན་དེ་མི་འོས་པ་ཞིག་གུ་མཐོང་སྲིད། དོན་ངོ་མ་སུ་ལ་ངོ་རྒོལ་བྱེད་པའི་རྣམ་འགྱུར་ཡིན་ནམ་སྙམ་པ་སོགས་ཀྱི་རྣམ་རྟོག་མི་སྐྱེ་ག་མེད་རེད། རྗེས་མ་ནས་ཡུལ་དུས་གནས་བབ་ལ་བསྟུན་ཤེས་རྒྱ་གལ་ཆེ། ཕན་གནོད་གང་ཆེ་ལ་བརྟགས་ནས་བྱེད་དགོས། མི་མང་གི་སྣང་བར་མི་འགྲོ་བའི་ལས་ཀ་བྱས་ན་ལས་དོན་གང་ཡིན་ཡང་ཕམ་ཉེས་འགྲོ་ངེས་ཡིན།

    Reply
  23. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 14 སྔོན།

    སྐལ་ལྡན་བློ་གྲོ ས་ཀྱིས་བཙན་བྱོལ ་བོད་གཞུང་ཞེས་འ ཁོད་པའི་སྟོད་ཐུ ང་བཙོང་མི་ཆོག་ས ྐོར་བཤད་པ་ནི་རི ག་གནས་གསར་བརྗེ་ ཆེན་པོའི་སྐབས་ཀ ྱི་དམར་སྲུང་དམག ་ཟེར་བའི་ཧུར་བར ྩོན་ཅན་དེ་ཚོ་དྲ ན་དགོས་པ་འདྲ་རེ ད་འདུག སྤྱིར་དུས་འཁོར་ དབང་ཆེན་བསྐུར་ས ་ལ་བཙན་བྱོལ་བོད ་གཞུང་འཁོད་པའི་ སྟོད་ཐུ ང་བཙོང་ཆོག་གི་མེད་ཚེ། བཙན་བྱོལ་བོད་གཞ ུང་ངམ་བོད་གཞུང་ ཞེས་པའི་མིང་ཚིག ་ཀྱང་འབོད་ཆོག་ག ི་མེད་པ་ཐག་གིས་ ཆོད། ད་དུང་ཡང་བོད་གཞ ུང་དགའ་ལྡན་ཕོ་བ ྲང་ཕྱོགས་ལས་རྣམ ་རྒྱལ་གྱི་རྟགས་ ཐམ་འཁོད་པའི་བཀའ ་སྤྱི་གཉིས་ཀྱི་ ཡི་གེ་འདི་དག་རྩ ིས་མེད་དང་། དེའི་འགན་ཁུར་གཙ ོ་བོ་བཞེས་མཁན་ས ྤྱི་འཐུས་ཚོགས་ག ཙོ་སྤེན་པ་ཚེ་རི ང་མཆོག་དང་། བཀའ་ཁྲི་ཟམ་གདོང ་རིན་པོ་ཆེ་རྣམ་ གཉིས་ཀྱང་དེའི་ཕ ྱོགས་སུ་འགྲོ་ག་ ལ་ཆོག མ་ཚད་ཕྱི་ཚེས་ ༡༣ ཉིན་སྤྱི་འཐུས་ཚ ོགས་ག ཙོ་མཆོག་གིས་བོད་གཞུང་གི་མ ིང་ཚིག་སླར་གསོ་ བྱ་འཆར་ཡོད་སྐོར ་བཤད་སར་སྐལ་ལྡན ་བློ་གྲོ ས་མེད་པ་ཐག་ཆོད། བོད་དངུལ་རྙིང་པ ་ཚོང་མཁན་རྣམས་ས ྔོན་མ་ནས་ཕྱིར་འ བུད་བྱས་ཚར་ཡིན་ རྒྱུ་རེད།

    Reply
  24. དགེ་འདུན་རབ་གསལ། says:
    ལོ་ 14 སྔོན།

    སྐལ་ལྡན་བློ་གྲོས་ཞུ་བས་ རྒྱལ་དར་བཙོང་མི་ཆོག་པར་བཟོས་འདུག་ཟེར་བ་དང་ ཡང་གཞོན་ལྷན་ལ་རྐུབ་སྟེགས་སྤྲད་མི་འདུག་སོགས་ནི་དཔྱད་ཞིབ་བྱེད་དགོས་པ་གནད་དུ་མཐོང་། འོན་ཀྱང་ “བོད་གཞུང་”ཞེས་འཁོད་པའི་སྟོད་ཐུང་དེ་བཙོང་མི་ཆོག་ཅེས་པ་ལ་ཡོད་སྲིད་པའི་གནད་དོན་གཞན་དེ་ནི་འདི་འདྲ་ཡང་ཡིན་སྲིད། མི་བརྒྱ་སྐོར་ཞིག་གིས་སྟོད་ཐུང་དེ་འདྲ་གོན་ནས་༧རྒྱལ་བའི་མདུན་དུ་སླེབས་དུས་ངོ་རྒོལ་གྱི་རྣམ་པ་མཐོང་སྲིད་སྟབས། དེ་འདྲའི་རྣམ་པ་མི་ཐོན་པའི་སྩོལ་བ་ཞིག་བྱས་པ་ཡིན་ནམ།

    Reply
  25. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ལྐལ་ལྡན་བློ་གྲོས་ཟེར་བ་དེ་ངོ་མ་མི་མ་རབས་ཚ་པོ་དང་དྲང་བདེན་ལས་ཀ་བྱེད་མཁན་རེད་མི་འདུག་།
    ཚེས་༡༣་དགོང་མོ་རྩྭ་ཀུ་ཤ་དང་སྲུང་སྐུད་བཀྲམ་སྟངས་ཐད་མགོ་ལོག་ག་ཚད་རྩིས་འདུག་། བོད་མིའི་ཞབས་འདྲེན་ལས་ཀ་ག་ཚད་བྱུང་འདུག་།

    གྲྭ་པ་རྣམས་ལ་མ་དགའ་བའི་སྐད་ཆ་ག་ཚད་བཤད་སོང་། མཁན་པོ་དང་དགེ་བཤེས་བླ་མ་གྲ་པ་རྒན་པ་རྣམས་མི་སྐྱ་སྙམ་དུ་མར་བཞག་། ཁོ་རང་གི་ངོ་ཤེས་རྣམས་སྐུ་མདུན་ཁྲིའི་གཡས་གཡོན་ལ་བཞག་སོང་།

    ངས་མཐོང་བའི་ནང་ནས་ཁ་ཤས་འདི་དག་རེད་། ད་དུང་མི་གཞན་གྱིས་ལབ་པ་དག་ནི་འདིར་མེད་།

    Reply
  26. འབྲོག་པ་དཀར་ཆེན། says:
    ལོ་ 14 སྔོན།

    དྲ་གྲོགས་བོད་རིགས་སྤུན་ཟླ་ཡོངས། གྱོད་ཁ་ནང་ལ་མ་གཏད་ཕྱི་ལ་གཏོད་རོགས། གནས་ཚུལ་ཉུང་ཉུང་གི་རིགས་ཆེན་པོ་མ་བཟོ་རོགས། བསམ་བློ་ཡག་པོ་གཏོང་རོགས། ང་རང་ཚོ་ལ་དུས་ཚོད་ཡོད་པ་རྒྱུ་མཚན་དུ་གནང་ནས་རྟག་པར་དྲ་ལམ་ཉུལ་ནས་སྐྱོན་བརྗོད་བྱེད་རྐྱང་གནང་ན་མཐར་ཕུགས་ཀྱི་དགེ་སྐྱོན་ཡོད་མེད་མཁྱེན་ནམ། མ་མཐའ་ཡང་སོ་སོས་བདེ་སྡུག་གི་ཚོར་བའི་ཉམས་མྱོང་གཞིར་བཞག་ནས་བསམ་བཞིགས་གནང་རོགས་ཞུ། རྒྱ་རྒན་སང་དགའ་གི་ཡོད་ནི་རེད།

    Reply
  27. ས་འཛིན་དཀར་པོ། says:
    ལོ་ 14 སྔོན།

    སྐལ་ལྡན་བློ་གྲོས་ཁོས་བོད་གཞུང་མཚན་བེད་སྤྱོད་མི་ཆོག་ལབ་པ་དང་། དེ་བཞིན་བདེ་སྲུང་ཉེན་རྟོག་པ་སྐད་གཏོང་གི་ཡིན་ལབ་པ་སོགས་ཁྲིམས་འགལ་ནང་གི་ཁྲིམས་འགལ་ཆེན་པོ་ཞིག་མ་རེད་པས། དེ་ཡང་ཁོས་ཆབ་སྲིད་ཅིག་མ་རེད་པས། བཙན་བྱོལ་བོད་གཞུང་དེ་སྐལ་ལྡན་བློ་གྲོས་ཁོ་རང་སྒེར་གྱི་གཞུང་རེད་པས། བཙན་བྱོལ་བོད་གཞུང་དེ་ཆོལ་གསུམ་སྤུན་ཟླ་ཡོངས་ཀྱི་གཞུང་ཞིག་རེད་མ་གཏོགས་ཁོ་སྒེར་ལ་ག་བ་དབང་རེད། གཞོན་ནུའི་ལྷན་ཚོགས་ནི་ཆོལ་གསུམ་བོད་ཡོངས་ཀྱི་རེ་བཅོལ་དང་། མ་འོངས་བོད་མིའི་སོན་རྩ་ཚོ་འགྲོ་ལམ་ཞིག་རེད། བཙན་བྱོལ་བོད་གཞུང་སྐུ་དྲག་རིང་ལུགས་ནས་འདོན་ཚར་བ་ཧ་མ་གོ་རེད་པས། བཙན་བྱོལ་བོད་གཞུང་དམངས་ཚོགས་མཚན་ལྡན་ཞིག་ཆགས་ཡོད་པ་ཁོས་མ་ཤེས་རེད་པས། གཞོན་ནུའི་ལྷན་ཚོགས་མེད་ན་མ་འོངས་བོད་གཞུང་བདེན་མཐའ་སུ་སེལ་གྱི་རེད། སྐལ་ལྡན་བློ་གྲོས་ཞེས་ནང་མི་སེལ་གྱི་རེད་པས།

    Reply
  28. ས་འཛིན་དཀར་པོ། says:
    ལོ་ 14 སྔོན།

    མ་འོངས་བོད་མིའི་སོན་རྩ་གཞོན་ནུའི་ལྷན་ཚོགས་ཀྱིས་བཟོས་པའི་བཙན་བྱོལ་བོད་གཞུང་སྟོད་གོས། ཞེས་པ་དེ་མཐོང་དུས་སྐལ་ལྡན་བློ་གྲོས་སྙིང་ལ་ཟུག་གཟེར་བཏང་དགོས་པའི་ཁོང་ལ་རྒྱུ་མཚན་གང་ལ་ཐུག་གམ། བོད་གཞུང་ཞེས་པ་མི་དགའ་བ་ཡིན་ནམ། ཡང་ན་སྟོད་གོས་དེ་བཀག་ཐུབ་ན་ཁོང་ལ་དཔལ་འབྱོར་ཆེན་པོ་ཞིག་ཐུབ་བམ། དེ་མིན་ན་གཞོན་ནུའི་ལྷན་ཚོགས་བཟོས་པའི་སྟོད་གོས་དེས་ཁོང་འགྲོ་ལམ་ལ་བཀག་འགྲོ་གི་ཡོད་དམ།

    Reply
  29. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་འཁྱེར་དགོས། དུས་དབང་འདིར་ཆབས་སྲིད་ཀྱི་ལས་འགུལ་སྤེལ་ཆོག་གི་མེད་ན་ཆབས་སྲིད་དང་འབྲེལ་བའི་ཚོང་ཟོག་ཀྱང་སྟོན་མི་ཆོག་པ་རེད། གཞོན་ནུ་ཁྱོད་ཚོས་ཅི་ཞིག་བྱེད་རྩིས་ཡོད། ཁྱོད་ཚོས་སྡིག་ར་སྤྲོད་སྟངས་དེར་བལྟས་ན་ཁོ་གསོད་རྕིས་ཡོད་དམ། རྒྱུ་མཚན་ག་རེ་ཡིན་ཟེར་སྐལ་བློས་གཞོན་ནུ་དང་ཆོགས་གཙོར་དགོངས་སེལ་ཞུ་དགོས་རེད། གཏམ་རྣ་བར་མི་འགྲོ མཇེ་སྟུ་ནང་ལ་མི་འགྲོ་ཟེར་བ་དེ་རང་རེད། མ་གཞི་མི་ནག་ཚང་གི་འགྲེལ་བཤད་ཡག་པོ་ཞིག་བཀོད་འདུག་པ་དེར་དྲྭ་མགྲོན་ཚོས་ཡག་པོ་གཟིགས་དགོས།

    Reply
  30. སེམས་དཀར། says:
    ལོ་ 14 སྔོན།

    འདི་དག་ཚང་མ་བདེན་པ་རེད།   སྐལ་ལྡན་བློ་གྲོས་ཟེར་བ་དེ་ཧམ་སེམས་དང་གཡོ་རྒྱུ་ཁོ་ནས་མི་ཚེ་སྐྱེལ་མཁན་ཞིག་རེད།   དཔེར་ན་ད་ལོའི་བོད་གཞུང་མང་ཚོགས་ཆེན་ཐེངས་གཉིས་པའི་ཐོག་ཁོ་རང་ཧམ་སེམས་ཀྱིས་ཚོགས་ཆུང་བཞི་བའི་ཚོགས་དྲུང་གི་ལས་འགན་དངས་བླངས་བྱས་ཤིང་།   ཚོགས་གཙོ་ཀིརྟི་རིན་པོ་ཆེ་དང་ཚོགས་མི་ཡོངས་ལ་མཐོང་ཆུང་དང་བརྙས་བཅོས་ཚད་མེད་བྱས་ཤིང་།   ཚོགས་མི་ཡོངས་ཀྱི་བསམ་ཚུལ་སྣང་མེད་བྱས་ཏེ་རང་གི་བསམ་ཚུལ་ཆལ་ཆོལ་ཞིག་ཚོགས་ཆུང་གི་གྲོས་ཆོད་དུ་བྲིས་ཏེ།    མཇུག་སྡོམ་ཚོགས་ཆེན་ཐོག་ཚོགས་གཙོ་རྣམས་ཀྱིས་ཚོགས་ཆུང་སོ་སོའི་གྲོས་ཆོད་སྒྲོག་སྦྱང་བྱེད་དགོས་བྱུང་བས།   ཚོགས་ཆུང་བཞི་བའི་གྲོས་ཆོད་ཆེས་སྡུག་ཤོས་སུ་ངོས་འཛིན་བྱས་པ་རེད།  
    ད་དུང་མཇུག་སྡོམ་སྐབས་སྤྱི་འཐུས་ཚོགས་གཙོས་མཇུག་སྡོམ་གྲོས་ཆོད་ལ་བསྐྱར་ཞིབ་བྱེད་སྐབས།   ཡང་ངོ་ཚ་མེད་པ་ཁོ་ཡར་ལངས་ནས་༧རྒྱལ་བ་རིན་པོ་ཆེ་གང་ཟག་མ་རེད།   དེར་བརྟེན་གང་ཟག་གཅིག་གིས་དབང་བསྒྱུར་ཟེར་བ་མི་འགྲིགས་ཚུལ་བཤད་པར།   དགའ་ཤར་སོག་པ་ཁང་ཚན་གྱི་མཁས་དབང་གསེར་རྟ་བ་ཚུལ་ཁྲིམས་འོད་ཟེར་སྙིང་སྟོབས་ཆེན་པོས་ཡར་བཞེངས་ཏེ།   ༧རྒྱལ་བ་རིན་པོ་གང་ཟག་རེད།   སྟོན་པ་སངས་རྒྱས་གང་ཟག་རེད།   རྒྱན་དྲུག་མཆོག་གཉིས་ཀྱང་གང་ཟག་རེད་ཅེས་གསུངས་པས་ཚོགས་ཞུགས་པ་བཞི་བརྒྱ་ལྷག་གིས་གད་མོས་ཚོགས་ཁང་ཆེན་མོ་འུར་གྱིས་བཀང་།
    ད་དུང་གོ་ཐོས་ལྟར་ན།   ཕྱི་ལོ་ ༢༠༠༩ ལོར་༧གོང་ས་མཆོག་ཨ་རིར་ཕེབས་སྐབས་སྐལ་ལྡན་བློ་གྲོས་ཀྱིས།   ང་ཚོའི་ཚོགས་པར་སྒོར་མོ་མེད་པས་༧གོང་ས་མཆོག་འདིར་ཕེབས་ནས་དུས་འཁོར་དབང་ཆེན་ཞིག་གནང་རོགས་ཞེས་གསོལ་བ་བཏབ་པས།   ༧གོང་ས་མཆོག་གིས།   དོན་གཉེར་ཡོད་ན་བསམ་བློ་གཏོང་ཆོག   དེ་མིན་ཁྱེད་ཚོས་ང་ཅིག་འཁྲབ་ཀྱི་ཤོག་ཅེས་བོས་ཏེ་ང་ཡོང་ནས་ཅིག་འཁྲབ་ཁུལ་བྱས་ན་ཕན་ཐོགས་གང་ཡང་མེད་ཅེས་བཀའ་གནང་འདུག
    ད་ལྟ་དུས་དབང་གནང་བཞིན་པའི་སྐབས་ཡིན་མོད།   གོ་ཐོས་ལྟར་ན།   དུས་དབང་སྐབས་ཀྱི་ཡོང་འབབ་དང་།   གྲ་སྒྲིག་བྱེད་སྟངས།   ཚོགས་པའི་མགྲོན་ཤོག་ལྐོག་ཚོང་བྱས་པ་སོགས་རྙོག་གྲ་གྲངས་མེད་ཤོད་བཞིན་འདུག་པས།    ཀུན་གྱིས་བརྟག་དཔྱད་དང་ཞིབ་འཇུག་གནང་གལ་ཆེ་ཞེས་ཞུ་འདོད་བྱུང་།

    Reply
  31. བསྟན་པ་ཡར་འཕེལ། says:
    ལོ་ 14 སྔོན།

    ཕྱི་དགྲ་ལྕགས་ནག་གི་སེར་བ། ནང་དགྲ་ཁང་རྒན་གྱི་ཐིགས་པ།

    དེ་རིང་ཞོགས་པ་འབྲེལ་ཡོད་ཅིག་གི་ཁ་པར་བརྒྱུད་ནས་གནས་ཚུལ་མི་སྙན་པ་ཞིག་ཐོས་སོང་། དེར་བརྟེན་རང་གི་སེམས་ཚོར་ངོ་མ་དེ་ཟིན་བྲིས་སུ་མི་སྤེལ་ཀ་མེད་བྱུང། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཟབ་མོ་སྩོལ་བཞིན་པའི་སྐབས་འདིར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ཏུ་བཀུར་བར་འོས་པ་ཚེ་དབང་རིག་འཛིན་ལགས་ཀྱིས་བོད་དོན་དྲིལ་བསྒྲགས་དང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཔལ་འབྱོར་འདུ་འགོད་ཆེད་བོད་དོན་ཁྱབ་བསྒྲགས་ཀྱི་འབོད་ཚིག་འཁོད་པའི་སྟོད་གོས་སོགས་ཚོང་འགྲེམས་གནང་བཞིན་ཡོད་པ་དང། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོར་འབོད་པ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་ལྡན་བློ་གྲོས་ཟེར་བས་སྟོད་གོས་སྟེང་དུ་“བཙན་བྱོལ་བོད་གཞུང་”ཞེས་པ་དེ་འཁོད་ཡོད་སྟབས་ཁྲོམ་སྟོན་མི་ཆོག་ཅེས་ཁ་སང་བཙན་གྱིས་ཕྱིར་འཕུད་བྱས་ནས་ཁྲོམ་སྟོན་བཅུག་མི་འདུག
    ད་ལྟའི་ཆར་བཙན་བྱོལ་བོད་གཞུང་ཞེས་འབྲི་མི་ཆོག་པ་དང་འབོད་མི་ཆོག་པ་ཞིག་ཡིན་ན་ཉེ་ཆར་སྐུའི་འཁྲུངས་སྐར་ཉིན་༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་ཡང་ཡང་གསུངས་པ་དང། ཁ་སང་དགོང་མོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཀྱང་ཀུན་གླེང་ལེ་ཚན་དུ་བཙན་བྱོལ་བོད་གཞུང་མང་པོ་གསུངས་སོང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྟོད་གོས་ཤིག་གི་སྟེང་བཙན་བྱོལ་བོད་གཞུང་ཞེས་འཁོད་པ་ཙམ་གྱིས་ཁྲོམ་སྟོན་མི་ཆོག་པ་ཞིག་ཡིན་ན། འདྲ་མཉམ་ཞེས་པའི་འབོད་ཚིག་དེ་གང་དུ་སོང་བ་དང། ལྷག་པར་དུ་མང་གཙོ་དང་རང་དབང་གི་ལུང་པར་ཁས་འཆེ་བའི་ཨ་རིའི་ལུང་པའི་སྐད་གྲགས་དེ་ཡང་གང་དུ་སོང་བ་རེད།
    སྤྱིར་སྐལ་ལྡན་བློ་གྲོས་ཟེར་བ་དེ་ནི་དུས་རྒྱུན་སྤྱི་ཚོགས་ནང་གི་འཁྲབ་སྟོན་འདྲ་མིན་ནང་འཛུལ་ཞུགས་བྱེད་མཁན་ཞིག་དང། དེའི་རྒྱབ་ལོགས་སུ་རྩེ་མོ་རྩེ་མཁན་ཞིག་རེད། དེའི་སྐོར་ཧ་ཅང་མང་ཡང་སྐབས་སུ་མ་བབས་པས་མི་སྤྲོ་ལ། ད་དུང་༢༠༠༩ ལོར་༧གོང་ས་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་བསྐྱངས་པའི་སྐབས་ཀྱང་ཁོ་པ་དེར་འབྱོར་ཡོད་པ་དང། རྣམ་རྒྱལ་གྲྭ་ཚང་གི་གྲྭ་ལོག་ཡིན་པའི་རྒྱུ་མཚན་གྱིས་ཞབས་འབྲངས་ཀྱི་གྲས་སུ་བཅར་ནས་༧གོང་ས་མཆོག་གི་མཉམ་འཁྱེར་ཕྱག་ཁུག་(ལྟོ་ཕད་)ཁོ་རང་གིས་ཨུ་ཚུགས་ཀྱིས་ཁུར་བ་དང། མོ་ཊའི་ནང་ནས་མར་འབབ་པའི་སྐབས་སྣང་མེད་སྐྱུར་འཇོག་གིས་༧གོང་ས་མཆོག་གི་མཉམ་འཁྱེར་ཕྱག་ཁུག་མོ་ཊའི་ནང་དུ་གཡུགས་པ་རེད། དགོང་མོ་འཚོལ་བའི་སྐབས་ཐེ་ཝན་གླིང་དུ་སྐད་གྲགས་བཞག་པ་རེད། དོན་དངོས་ཐོག་༧གོང་ས་མཆོག་ལའང་བརྩི་མཐོང་ག་ཚོད་ཅིག་ཡོད་པ་གནད་དོན་འདིའི་ཐོག་ནས་ས་རིས་ཐང་གསལ་ལྟ་བུར་གྱུར་འདུག འདི་དག་ཞོར་འཕྲོས་ཙམ་ཆགས་སོང་།
    དོན་མདོར་བསྡུས་ན་བོད་རང་བཙན་ཞེས་པའི་ཚིག་འདི་གོ་ལ་ཧྲིལ་པོའི་སྟེང་ནས་བརླགས་ལ་ཉེ་བའི་སྐབས་འདིར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འབད་བརྩོན་ཆེན་པོས་རང་བཙན་གྱི་མེ་སོན་དེ་ཉིད་ཤི་རུ་མ་བཅུག་པ་ནི། ཤི་བོའི་ཁ་ཆེམས་དང་གསོན་པོའི་རེ་འདུན་རེད་ལ། གལ་ཆེ་བའི་ལས་དོན་ཞིག་ཀྱང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དེང་སྐབས་ཁོ་དང་ཁོ་པའི་ཕྱོགས་གཏོགས་ཚོས་མ་ཉེས་པའི་ཞྭ་མོ་ནག་པོ་གཡོགས་རྒྱུའི་གོ་སྐབས་འཚོལ་བཞིན་པ་འདི་ལ་དུས་ནམ་ཡང་ངོས་ལེན་མེད་ལ། ངོ་རྒོལ་མཐའ་གཅིག་ཏུ་ཡོད།
    ཕྱི་དགྲ་ལྕགས་ནག་གི་སེར་བ་རྒྱ་དམར་གུང་ཁྲན་གྱིས་བརྙས་ན་བརྙས་པའི་དབང་དུ་མི་གཏོང་ཐབས་མེད་ཀྱི་གནས་སུ་གྱར་ཡང། ནང་དགྲ་ཁང་རྒན་གྱི་ཐིགས་པ་རྒྱལ་ཚོང་བ་དེ་ཚོས་བརྙས་ན་བརྙས་པའི་དབང་དུ་གཏོང་མི་འོས་ངེས་ཅན་རེད། ཞིབ་ཕྲ་རྗེས་སུ་མུ་མཐུད་ཞུ་རྒྱུ་ཡིན། སེམས་ལ་གང་དྲན་ཤར་མར་བྲིས་པ་ལས། གོ་རིམ་སོགས་ལ་བསམ་བློ་བཏང་མེད།། ཞེས་འཁོད་འདུག

    Reply
  32. ལྷ་དབང་ says:
    ལོ་ 14 སྔོན།

    ད་ནི་གཞོན་ལྷན་བོད་པའི་སྤྱི་ཚོགས་ནང་ནས་བཏོན་པའི་དུས་ལ་བབ་འདུག

    Reply
  33. གསར་འབྱོར། says:
    ལོ་ 14 སྔོན།

    བོད་ཀྱི་དུས་བབས་ཚང་གིས་ག་དུས་ཡིན་ཡང་འདི་ལྟར་གསལ་ཁ་མེད་པའི་གསར་འགྱུར་རྐྱང་རྐྱང་སྤེལ་ནས་བོད་མིའི་ཚོགས་སྡེ་ཆུང་ཆུང་འདི་མ་བདེ་བ་བཟོ་བཞིན་འདུག དངོས་ཡོད་གནས་ཚུལ་ཤེས་རྟོག་བྱེད་རྒྱུར་གོམས་གཤིས་མེད་ཅིང་གཡམ་རྒྱུག་ལ་དགའ་བའི་བོད་མི་ཀླད་སྟོང་འགས་རྩེད་མཚར་གྱི་ཚུལ་དུ་མཆན་འགོད་རྐྱང་དང་སྐད་ཆ་བཤད་རྐྱང་བྱས་སྟེ་འགན་མི་འཁུར་བའི་བྱ་སྤྱོད་ངན་པ་འདི་བོད་མིའི་སྤྱི་ཚོགས་འདིའི་ཁྲོད་དུ་རྒྱ་གཡན་ཏུ་གཏོང་བཞིན་འདུག་པས། གསར་འགོད་པ་དང་མཆན་འགོད་མཁན་ཚང་མས་བསམ་བློ་ཡག་པོ་གཏོང་རྒྱུ་ཧ་ཅང་གལ་ཆེན་རེད་དྲེན་གྱི་འདུག་ལ་དེ་མཚུངས་ཀྱི་རེ་སྐུལ་ཀྱང་ཞུ་བཞིན་ཡོད།

    Reply
  34. ཤྰ་རིའི་བུ། says:
    ལོ་ 14 སྔོན།

    ད་གཟིགས་དང་
    བློ་ཕམ་གིས་རང་བཞིན་ཡིན། དགྲ་ནང་ལ་སླེབས་ཚར་འདུག་ག

    Reply
  35. འདྲེ་རིག་ལྡན། says:
    ལོ་ 14 སྔོན།

    གཞོན་ལྷན་ལ་གདུང་སེམས་མཉམ་བསྐྱེད་དང་། ཚོགས་གཞོན་གྱི་བསྒྲགས་གཏམ་དེ་དག་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

    བོད་ཀྱི་གཞཽན་ལྷན་རྒྱལ་ལོ། །

    Reply
  36. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    གནས་དོན་འདི་གླེང་རྙོག་ཡག་པོ་ཞིག་རེད། སྐལ་ལྡན་བློ་གྲོས་ཀྱི་ཁ་ཤོམ་གཅིག་གིས་གཞོན་ནུའི་ཚོགས་གཙོ་སྒོ་རུ་དེད་ཅིང་། བསམ་ཞིང་བསམ་ནས་གསར་འགོད་གསལ་བསྒྲགས་བསྐྱངས་པ་འདི་རྒྱུ་མཚན་མེད་པ་ཞིག་ཡིན་མི་སྲིད།
    གནད་དོན་དང་པོ། སྐལ་ལྡན་བློ་གྲོས་ཡིས་སྐུ་སྒེར་དྲུང་ཆེ་གླེང་བའི་རྒྱུ་མཚན་ཅི་ཡིན་རྒྱུ་རེད་དམ།
    གནད་དོན་གཉིས་པ། གཞོན་ནུའི་ཚོགས་གཙོས་དེ་འདྲའི་མགྱོགས་མྱུར་ལྡན་པའི་ངང་མི་ཁོང་གི་བཀའ་བརྩི་བྱེད་དགོས་བྱུང་བའི་རྒྱུ་མཚན་ཅི་ཡིན་ནམ།
    གནད་དོན་གསུམ་པ། སྐལ་ལྡན་བློ་གྲོས་གསར་འགོད་པ་ཞིག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་བཟུང་དགོས་དོན་ཅི་ལྟར་རེད།
    གནད་དོན་བཞི་བ། སྐལ་ལྡན་བློ་གྲོས་ལ་གཞོན་ནུ་ཚོགས་པར་ཁ་གཏད་གཅོག་ཐུབ་པའི་གཡག་སྙིང་དེ་གང་ལ་བརྟེན་ནས་བྱུང་བ་རེད།
    གནད་དོན་ལྔ་བ། ང་ཚོ་ག་ལེར་བལྟས་ཆོག་པའི་གནད་ཚུལ་ཅི་ཞིག་ལྷག་རྒྱུ་རེད། མཐའ་མ་འདི་ནི་ཨ་རི་ལ་མ་ཡིན་པའི་རྡ་ས་ལ་ཡིན་པའི་ཚོད་དཔག་སུ་ཡིས་གནང་ཐུབ་བམ།

    Reply
  37. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བསམ་བློ་ཡག་པོ་གཏོང་དགོས་པ་གལ་ཆེན་པོ་རེད། དགྲ་དགའ་གཉེན་སྡུག་གི་ལས་གཞིར་འགོ་འཛུགས་བྱེད་ཀྱི་འདུག གཞི་ལུས་བོད་མི་རྒྱལ་གཅེས་པ་མང་པོས་བོད་རང་བཙན་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་ཤོར་དང་ཤོར་བཞིན་པ་རེད།

    བཙན་བྱོལ་སྤྱི་ཚོགས་ནང་དུ་ཡང་རྒྱལ་གཅེས་པ་ལྷ་སྲས་འཇིགས་མེད་མཆོག་གི་སྐུ་སྲོག་ཤོར་ནས་ཟླ་ཤས་ལས་སོང་མེད། ཕྱོགས་གཅིག་ནས་གོང་ཁྲན་ཏང་གིས་བོད་རང་བཙན་པ་ཚོ་གསོད་རྡུང་བྱེད་ཀྱི་ཡིན་ཞེས་གསལ་བསྒྲགས་སྤེལ་ཟིན་པ་རེད། བོད་མི་ཚང་མས་མཁྱེན་གསལ་རེད།

    ཕྱོགས་གཞན་ཞིག་ནས་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་གཞུང་དང་བོད་ཀྱི་རྒྱལ་དར་ལ་སོགས་རྩ་མེད་བཟོ་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད། རྒྱལ་གཅེས་པ་ཚོའི་སྙིང་ལ་གྲི་བརྒྱབས་པ་ལྟ་བུའི་སྡུག་ངལ་དང་ན་ཟུག་ཡོང་གི་ཡོད།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་རྒྱལ་གཅེས་པ་ཚོའི་སེམས་ཀྱི་རྟེན་གཞི་དང་ལུས་ངག་གཉིས་ཀྱི་ཐོག་ནས་རྒྱབ་སྐྱོར་བྱས་ས་ཞིག་རེད། གཞོན་ནུ་ལྷན་ཚོགས་ཀྱིས་ངོས་ནས་དོར་མི་སྲིད་པའི་བོད་གཞུང་གི་མཚན་བྱང་དང་བོད་རང་བཙན་གྱི་ལྟ་བ་བོད་ཀྱི་རྒྱལ་དར་བཅས་སུ་དམ་འཛིན་བྱེད་ཀྱི་ཡིན་ན་་་་བཙན་བྱོས་སྤྱི་ཚོགས་ནང་དུ་རྒྱལ་གཅེས་བོད་མི་མང་པོའི་སྐུ་སྲོག་ཤོར་ངེས་རེད་འདོད།

    ད་་་ཨུ་ཐུག་ཐབས་ཟད་ནས་་་་སྡུག་ལས་བྱེད་རུན་པའི་དུས་སུ་བབ་ཡོང་གི་ཡོད་རེད། འདི་ཡག་པོ་མ་རེད། བོད་མི་རིགས་ནང་ཁུལ་རེད།

    Reply
  38. བཀྲ་ཤིས་སྒྲོལ་མ། says:
    ལོ་ 14 སྔོན།

    དང་པོ་འདི་དགྲ་དགའ་གཉེན་སྡུག་གི་ལས་ཁོ་ནར་ངོས་འཛིན་མི་བྱེད་ཐབས་མེད་རེད། རྒྱུ་མཚན་ནི་བོད་ལ་མི་ཕན་རྒྱ་ལ་སྨན་པའི་ལས་ཤིག་ཏུ་གྱུར་འདུག

    གཉིས་པ་སྐལ་ལྡན་བློ་གྲོས་ཞེས་པ་ཁོ་ཡང་ཧམ་པ་ཚ་སེ་བྱུང་འདུག རྒྱུ་མཚན་ནི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་ཞེས་པའི་མིང་འདི་རྒྱུད་མཐུད་ནས་བེད་སྤྱོད་གཏོང་རྒྱུའི་གསལ་བསྒྲགས་ངོས་སུ་སྤེལ་སྐབས་བཙན་བྱོལ་སྒྲིགས་འཛུགས་ངོས་ནས་དེ་ལ་དགག་བྱ་མ་བྱས་པ་ལ། སྐལ་ལྡན་བློ་གྲོས་གང་ཟག་སྒེར་ཞིག་ལ་དེ་འདྲའི་ཐོབ་ཐང་ཆེན་པོ་ཞིག་གང་ནས་རེག་པ་རེད། ད་དུང་ཨ་རིའི་གཉེན་རྟོག་མི་སྣ་རྒྱབ་དཔུང་དུ་ཁུར་བ་སོགས་ངོ་ཚ་བའི་ལས་རང་རེད། བོད་པ་ནང་ཁུལ་མིན་རུང་ཨོ་ཙི་རེད།

    གསུམ་པ་དབུས་གཞོན་ནུའི་ཚོགས་གཙོ་ཁོང་ཡང་ཅི་འདྲའི་ཁ་ཉན་ཞིག་རེད། སྐལ་ལྡན་བློ་གྲོས་ཀྱིས་ཁྲོམ་ཕྱིར་བསྡུ་བྱོས་ལབ་དུས་ཕྱིར་བསྡུ་བྱེད་རྐྱང་བྱས་འདུག དེ་ཡང་ཅུང་གཤིས་དྲང་རྒྱུ་མང་དྲག་འདུག སྤྱིར་བཏང་བྱས་ན་ཨ་རི་ཁྲིམས་ཀྱི་ལུང་པ་ན་གང་ཟག་ག་གེ་མོ་ཞིག་གིས་ཅིག་ལབ་པའི་རྒྱུ་མཚན་གྱིས་ལས་དེ་བྱེད་མི་ཆོག་པ་དེ་འདྲ་ཨེ་ཡོད། དན་དན་ཡོད་རྒྱུ་མ་རེད། འདི་ན་ཡང་གནད་དོན་ཆུང་ཆུང་ཞིག་མེད་དམ་སྙམ།

    Reply
  39. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 14 སྔོན།

    ཅི་སྟེ་ཁོས་དེ་འདྲ་ཞིག་བཤད་ཡོད་ན། དེའི་གོ་བ་ཕལ་ཆེར་འདི་འདྲ་ཞིག་ལེན་དགོས་པ་འདྲ། ད་རེབ་ནི་༧གོང་ས་མཆོག་ཆབ་སྲིད་ཀྱི་ཐུགས་འགན་ནས་ཡོངས་སུ་བགྲེས་ཡོལ་ལ་ཕེབས་རྗེས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་རྒྱལ་ས་ལྟེ་བ་ཝ་ཤིན་ཊོན་ལ་ཆིབས་སྒྱུར་བསྐྱངས་ཏེ། ཞལ་ཞེ་གཉིས་མེད་ཐོག་ཆོས་ཕྱོགས་ཀྱི་མཛད་པ་རྐྱང་བ་ཞིག་སྐྱོང་གི་ཡོད་སྟབས། རྣམ་པ་ཚོས་ཆབ་སྲིད་ཀྱི་ངོ་བོ་ཡོད་པའི་ལས་འགུལ་འདི་འདྲ་མ་སྤེལ་རོགས། གཞོན་ལྷན་ནི་བོད་རང་བཙན་རྩོད་མཁན་ཚོགས་པ་ཆེ་ཤོས་དེ་ཡིན་སྟབས། རྣམ་པ་ཚོས་འདིར་ཆབ་སྲིད་ཀྱི་ངོ་བོ་ཡོད་པའི་ལས་འགུལ་སྤེལ་ན་རྒྱ་གཞུང་གིས་གཙོས་པའི་འཛམ་གླིང་ཐོག་གི་སྐྱེ་བོ་མང་པོ་ཞིག་གིས་ལྟ་ཚུལ་མི་འདྲ་བ་འཛིན་པ་དང་། གང་གི་མཛད་པ་འཕྲིན་ལས་ལ་གནོད་པ་ཡོང་གི་རེད། ཅེས་བཤད་པ་མིན་འགྲོ།

    དེ་མ་གཏོགས། སྟོད་ཐུང་སྟེང་ན་བོད་གཞུང་གི་ཡོད་སྟབས་བཙོང་མི་ཆོག་ལབ་ན་ནི་ཁོའི་བླ་འཁྱམ་སོང་བའམ། ཡང་ན། ར་བཟི་བ་སོང་བ་ཡིན་རྒྱུ་རེད།

    དེང་སྐབས་བོད་པ་མང་པོ་འུར་ཞོག་རྒྱག་རྒྱུར་དགའ་བོ་ཡོད་པ་དང་། སྐད་ཆ་དེའི་གོ་བ་ངོ་མ་གང་ཡིན་ལ་མི་བསམ་པ། མིའི་བསམ་བློ་འཁྲུལ་བའི་སྐད་ཆ་ཁྱབ་བརྡལ་བྱེད་པ། དར་ཆ་ལག་ལ་ཡོང་ཚད་ཕྱར་ནས་རྒྱུག་གི་ཡོད་སྟབས་གཟབ་དགོས་པར་འདོད།

    ཁོས་དོན་ངོ་མར་ག་རེ་བཤད་པ་རེད། ཁོའི་སྐད་ཆ་ལ་རྒྱུ་མཚན་འདུག་མི་འདུག་སོགས་ལ་བསམ་རྒྱུ་གལ་ཆེན་པོ་རེད་འདོད་དོ།

    Reply
  40. བདེན་རྒྱལ། says:
    ལོ་ 14 སྔོན།

    ད་ཡིན་ན་ལྟས་ངན་རེད་ལ་བོད་མི་རྣམ་ལ་བསོད་ནམ་ཟད་པ་རེད། དེ་སྔོན་རྒྱ་མི་འོག་ནས་བོད་མི་ཁག་ཅིག་གི་ཧུར་བརྩོན་དེ་འདྲ་བྱུང་ཡོད་པ་རེད། ད་ཡིན་ན་བོད་རང་བཙན་གཙོད་མཁན་ཚོགས་པ་ཆེ་ཤོས་དེ་ལ་རྒྱ་མི་རྒྱུག་ཁྱི་སྐལ་ལྡན་བློ་གྲོས་ཟེར་བ་གྲ་ལོག་དམ་ལོག་དེ་དུས་ནམ་ཡང་གཞག་གྱི་མིན་དེ་མུར་གཞག་པ་ཡིན་ན་རྗེས་སུ་རྒྱ་མིའི་རྒྱུག་ཁྱི་དེ་ཚོས་བཞུགས་སྒར་རྡ་རམ་ས་ལ་ང་ཚོ་སྡོད་མི་ཆོག་ལབ་ཡ་ཉན་ཁ་ཡོད། གཞོན་ནུ་ཚོ་ད་ལོངས་ཤོག་དེ་འདྲ་གཉའ་གནོན་ཁུར་ཐུབ་ཐོབ་མེད།

    Reply
  41. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 14 སྔོན།

    སྐལ་ལྡན་བློ་གྲོས་ནི་གཞོན་ལྷན་གྱི་དབུས་རྒྱུན་ཟུར་པ་ཞིག་ཡོད་པ་དེ་རེད་དམ། གནས་ཚུལ་འདིའི་ནང་བཀོད་པ་ལྟར་ཡིན་ཚེ་ཁོང་གིས་གསུངས་སྟངས་ཐལ་དྲག་པ་རེད། དམར་ཤོག་གཞུང་གིས་ཀྱང་འདི་ལས་ལྷག་གི་དོགས་ཟོན་བྱེད་ཀྱིན་ཨེ་ཡོད།

    ཡང་མིན་ན། ཁོང་གིས་གཞོན་ལྷན་ལ་ལྟ་ཚུལ་འདི་འདྲ་ཞིག་བྱུང་བ་ཡིན་རྒྱུ་རེད། ༼༧གོང་ས་མཆོག་གིས་རང་སྐྱོང་གསུངས་དུས་ཁྱེད་ཚོས་རང་བཙན་བཤད་ཡོང་གི་འདུག ༧གོང་ས་མཆོག་གིས་ཆོས་གསུང་དུས་ཁྱེད་ཚོས་ཚོང་བརྒྱབ་ཡོང་གི་འདུག ཁ་ཕྱིན་ཅི་ལོག་༽ཅེས་བཤད་འདོད་པ་མིན་འགྲོ། འདི་ལས་ལྷག་ཅིག་བཤད་ཨེ་ཡོད་སྙམ་ཞིང་། མ་གཞི་བོད་པ་ཞིག་གི་ངོས་ནས་བཤད་ཨེ་ཤེས་ཀྱང་འདོད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese