སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་སུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་འབྲེལ་ཏེ། ༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་དང་བཙན་བྱོལ་བོད་གཞུང་མཚན་སྒྱུར་གནང་བ་བཅས་ཀྱི་ཐད་བཅར་འདྲི་ཞུས་ཡོད།
དྲི་བ། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཚོགས་སྟངས་དང་། མཐའ་མའི་གྲུབ་འབྲས་ཐོག་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། དྲི་བ་འདི་ང་ལ་མཚོན་ན་རྒྱུས་མངའ་དེ་ཙམ་མེད་པའི་དོན་དག་ཅིག་རེད། ང་ཚོགས་ཆེན་གྱི་སྔོན་འགྲོའི་ལས་དོན་བྱེད་ཕྱོགས་ཁ་ཤས་ཐོག་ད་དུང་འཐོམ་མ་སངས་ནས་བསྡད་ཡོད། ཐོག་མར་ཚོགས་ཆེན་དེ་འདྲ་ཞིག་འཚོགས་རྒྱུ་ཡིན་པ་དུས་བབ་གསར་ཁང་གིས་སྤྱི་འཐུས་ཚོགས་གཙོར་བཅར་འདྲི་ཞུས་པ་དེ་བརྒྱུད་ནས་ཤེས་སོང་། ཕལ་ཆེར་སྤྱི་ཟླ་ ༤ ཚེས་མགོ་ཞིག་ལ་ཡིན་བསམ་སོང་། གསར་གནས་དེའི་ནང་ཚོགས་ཆེན་གྱི་ཚོགས་མིའི་གྲུབ་ཆའི་ཁོངས་སུ་སྤྱི་ཟུར་ཚོ་ཡང་ཚུད་འདུག་སྟབས། ༸གོང་ས་མཆོག་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་ལས་བགྲེས་ཡོལ་དང་འབྲེལ་བའི་ཚོགས་ཆེན་དེ་ཧ་ཅང་གལ་ཆེན་དུ་མཐོང་ནས་བརྡ་ཐོ་ལ་བསྒུགས་པ་ཡིན། སྤྱི་ཟླ་ ༤ ཚེས་ ༢༩ བར་དུ་བསྒུགས་ཀྱང་བརྡ་ལན་གང་ཡང་འབྱོར་མ་སོང་། དུས་ཚོད་ཀྱིས་གཏུགས་ནས་ཡོང་གི་འདུག ཡིག་ཆ་འགྲིག་མིན་ལ་སེམས་ཁྲལ་གྱིས་འབྲེལ་ཡོད་ལས་ཁུངས་ཁག་ཏུ་ཕྱིན་སྐབས། དོན་གཅོད་ལས་ཁུངས་ཀྱི་ཛ་དྲག་རྒྱབ་གཉེར་ཡོད་ན་ཕན་ཐོགས་འབྱུང་རྒྱུ་ཡིན་སྟབས་སྐུ་ཚབ་དོན་གཅོད་ཁང་ལའང་བཅར་བ་ཡིན། སྐུ་ངོ་དོན་གཅོད་མཆོག་དང་བཀའ་མོལ་བྱུང་བས་ཚོགས་འདུའི་རིགས་ཨ་རིའི་ཛ་དྲག་རེའུ་མིག་ཏུ་ཚུད་མེད་པ་དང་། དེ་ལ་རྒྱབ་གཉེར་གནང་སྲོལ་མེད་པའི་གནས་ཚུལ་ཤེས་རྟོགས་བྱུང་།
ཕྱི་ཟླ་ ༥ ཚེས་༨ ཉིན་ཕྱི་ལོགས་ཀྱི་མི་ཞིག་བརྒྱུད་ནས་དོན་གཅོད་ཁང་གིས་ང་རང་ཚོགས་ཆེན་དུ་བཅར་ཐུབ་མིན་སྐད་ཆ་དྲིས་སོང་། དེ་དུས་ཡོད་ཚད་འཕྱི་དྲགས་ནས་བསམ་པ་དོན་ཐོག་ཏུ་འཁྱོལ་ཐབས་མ་བྱུང་། གལ་སྲིད་ཚོགས་ཆེན་གྱི་ཚོགས་མིའི་ཁོངས་སྤྱི་ཟུར་ཚོ་ཚུད་ཀྱིན་ཡོད་ན། བཀའ་སྤྱི་གཉིས་ཀྱིས་ཚོགས་མི་ཁག་ལ་བརྡ་ཐོ་ཞིག་ངེས་པར་དུ་གཏོང་དགོས་ཀྱང་། གསལ་ལ་མི་གསལ་བའི་གནས་སྟངས་དེ་འདྲ་ཞིག་གི་འོག་ཚོགས་ཆེན་ཚོགས་པ་དེ་འདོད་བློ་ཁེངས་པ་དང་། མི་མང་དང་མཉམ་དུ་བློ་འདྲི་གྲོས་བསྡུར་བྱ་རྒྱུའི་ཀུན་སློང་ཡོད་མེད་ལ་དོགས་པ་ཞིག་ཆགས་སོང་། འདིའི་རིགས་ནི། སྒྲིག་འཛུགས་ཤིག་གི་གྲུབ་ཆ་དང་འབྲེལ་བའི་སྤྱི་ཡོངས་ཀྱི་ཐོབ་ཐང་ཙམ་ལས། ཆེས་མཐོའི་དབུ་ཁྲིད་ཁག་གིས་དམིགས་བསལ་གྱི་གནང་སྦྱིན་བསྩལ་པ་དང་། ཁོང་རྣམ་པའི་ཐུགས་ཀྱི་བྱམས་སྙིང་རྗེ་དང་འབྲེལ་བ་ཡོད་པ་དེ་འདྲ་གང་ཡང་མ་རེད།
དྲི་བ། “བཙན་བྱོལ་བོད་གཞུང” “བོད་མིའི་སྒྲིག་འཛུགས” སུ་བསྒྱུར་བ་དང་། “དགའ་ལྡན་ཕོ་བྲང” “བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག” ཅེས་པར་མཚན་བསྒྱུར་གནང་བའི་ཐད་དགོངས་འཆར་གང་འདྲ་ཡོད།
ལན། བཙན་བྱོལ་བོད་གཞུང་གི་མཚན་ལ་འགྱུར་བ་བཏང་བའི་ཐད་དམིགས་བསལ་ཚོར་བ་དེ་འདྲ་བྱུང་མ་སོང་། ངས་སྔོན་ཆད་ནས་ང་ཚོའི་སྐྱབས་བཅོལ་གྱི་སྒྲིག་འཛུགས་འདི་ཆ་ལག་ཚང་བའི་སྲིད་གཞུང་ཞིག་རེད་བསམ་མྱོང་མེད། སྒྲིག་འཛུགས་འདི་སྲིད་གཞུང་ཡིན་མིན་རྩོད་པ་ལས། སྒྲིག་འཛུགས་འདི་བརྒྱུད་ནས་བོད་མི་ས་ཡ་དྲུག་གི་བདེ་སྡུག་འཛམ་གླིང་གི་སྡིངས་ཆར་ཇི་ལྟར་བསྐྱལ་རྒྱུ་དང་། བོད་ནང་གི་འགྲོ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོས་རང་དབང་། བོད་མི་རིགས་རང་གི་ཐུན་མིན་ལེགས་བྱང་ཁག་མྱུར་སྐྱོབ་ཇི་ལྟར་བྱ་རྒྱུ་ནི། སྒྲིག་འཛུགས་འདི་བཙུགས་པའི་དམིགས་ཡུལ་ལྟེ་བ་རེད་བསམ་ཡོད།
རྒྱལ་རྟགས་ཀྱི་སྐོར་ལ། ངའི་བསམ་ཚུལ་བྱས་ན། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པ་དེ་རྒྱ་གར་ལ་དཔེ་བཤུས་བྱས་པ་ཙམ་ལས། གཞུང་ས་དགའ་ལྡན་ཕོ་བྲང་དང་མིང་སྒྱུར་བྱས་པ་ཞིག་ཏུ་མཐོང་གི་མེད། ད་ལྟ་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་རྒྱལ་རྟགས་ཀྱང་ཡོད་ལ། དགའ་ལྡན་ཕོ་བྲང་ཡང་མ་ཉམས་པར་གནས་བཞིན་པ་ཡིན་སྟབས། དེ་མིང་སྒྱུར་ཞེས་པ་ཞིག་ཏུ་མཐོང་གི་མེད། དགའ་ལྡན་ཕོ་བྲང་ནི་མི་ལའི་མགུར་འབུམ་དུ། བྱུང་བ་འབྱུང་བ་རང་ལས་བྱུང་། །ཐིམ་པ་འབྱུང་བ་རང་ལ་ཐིམ། །གསུངས་པ་ལྟར། ཐོག་མར་ཡོང་ས་ཡང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མ་གནང་གོང་གི་རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་ཕོ་བྲང་གི་མིང་ཙམ་ཡིན་ལ། ད་ལྟ་རྒྱལ་དབང་འདི་བས་ཆབ་སྲིད་ཀྱི་དབུ་ཁྲིད་མ་གནང་བ་ནས་ཕྱིར་རྒྱལ་དབང་རིན་པོ་ཆེ་རང་གི་བཞུགས་ཡུལ་ཕོ་བྲང་ཙམ་གྱི་ངོ་བོར་གྱུར་པ་དེ་རེད། དེར་བརྟེན། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པ་དེ་དགའ་ལྡན་ཕོ་བྲང་དང་མིང་བྱང་བརྗེ་སྒྱུར་བྱས་པ་ཞིག་མ་རེད་སྙམ།
དྲི་བ། ༧གོང་ས་མཆོག་གིས་དུས་རྒྱུན་བོད་དོན་གྱི་མཐའ་མའི་ཐག་གཅོད་གནང་མཁན་དེ་བོད་རྒྱ་ཆེའི་མི་མང་ཡིན་གསུངས་པ་དང་། རྒྱལ་ཡོངས་ཚོགས་ཆེན་སྐབས་བོད་གཞུང་གི་མཚན་བྱང་བརྗེ་བསྒྱུར་བྱ་དགོས་པའི་ཐོག་བཀའ་ནན་ཕེབས་པ་གཉིས་བར་མ་མཐུན་པ་འདྲར་མཐོང་གི་ཡོད་དམ།
ལན། ཁྱེད་རང་དྲི་བ་འདི་དང་། དྲི་བ་འདིའི་རྒྱབ་ལོགས་ཀྱི་བསམ་ཚུལ་དེ་ཅུང་ཉེན་ཁ་ཅན་ཞིག་རེད། དོན་ངོ་མ་དེ་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་སྔ་ཚིག་ཕྱི་འགལ་ཞིག་ཏུ་འགྱུར་མི་འགྱུར་གྱི་སྐད་ཆ་རེད། དོན་དག་འདི་ཚོའི་གྲས་ལ་མཚམས་དང་ཚིགས་འཛིན་མ་ཤེས་པ་ཡིན་ན་བདེན་པ་མ་ཡིན་པའི་མཐའ་ལ་ལྷུང་བའི་ཁེ་ཉེན་ཡོད་པ་རེད། འོན་ཀྱང་མང་ཚོགས་ནང་འདི་འདྲའི་བསམ་བློ་འཁོར་མཁན་ཡང་ཡོང་མི་སྲིད་པ་ཞིག་མ་རེད། ང་རང་གིས་གོ་བ་ལེན་སྟངས་བྱས་པ་ཡིན་ན། ནམ་རྒྱུན་རྒྱལ་བ་རིན་པོ་ཆེས་མཐའ་མའི་ཐག་གཅོད་བྱེད་མཁན་བོད་རྒྱ་ཆེའི་མི་དམངས་ཡིན་གསུངས་པ་དེ། བོད་ལ་རང་བཙན་ནམ་རང་སྲིད་རང་སྐྱོང་སོགས་ཇི་འདྲ་ཞིག་དགོས་མིན་གྱི་རྩ་དོན་ཉག་ཅིག་དེ་རེད་མ་གཏོགས། དོན་དག་ཆེ་ཕྲ་ཆུང་གསུམ་ཡོད་ཚད་རྒྱ་ཆེའི་མི་དམངས་ཀྱིས་ཐག་གཅོད་གནང་དགོས་གསུངས་པ་དེ་འདྲ་ཞིག་མ་རེད།
ཕྱོགས་གཞན་ཞིག་ནས་བཤད་ན། གལ་སྲིད་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཁོང་རང་གི་དགོངས་ཚུལ་གང་ཡིན་ནན་གསུང་གནང་བ་ལ་ན་ཉན་འདོད་མེད་ན། ཚོགས་ཆེན་གྱིས་༧གོང་ས་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུས་པ་དེ་ནོར་བ་རེད། བཀའ་འདྲི་ཞུས་ཏེ་བཀའ་སློབ་གནང་བཅུག་པ་ཡིན་ན་ཁོང་གིས་ཁོང་རང་གི་དགོངས་ཚུལ་ནན་གསུང་གནང་རྒྱུ་དེ་ཁོང་གི་སྐབས་དེའི་ཐུགས་འགན་རེད། དོན་དག་གང་ཞིག་ནན་གསུང་གནང་བ་དེ་ལག་བསྟར་བྱེད་མི་བྱེད་ཀྱི་དབང་ཚད་དེ་མི་དམངས་ལ་ཡོད་ཡོད་པ་རེད། འཛམ་བུ་གླིང་གི་མཁས་པའམ་འབྲེལ་ཡོད་མི་སྣ་ཞིག་གདན་དྲངས་ཏེ་དོན་དག་གང་ཞིག་གི་ཐོག་བསམ་ཚུལ་བཤད་དུ་བཅུག་པ་ཡིན་ན། བཤད་མཁན་དེས་ཁོ་རང་གི་བསམ་ཚུལ་ཁག་ནན་བཤད་བྱ་རྒྱུ་དེ་ཁོང་རང་གི་ལས་འགན་དང་འགྲོ་སྟངས་རེད།
ང་ཚོས་གསལ་བོར་ཤེས་དགོས་པ་ཞིག་ནི། རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་དུ་ཕེབས་པ་ཡིན་ནའང་། ཁོང་བོད་ཀྱི་ཡུལ་མི་ཞིག་ཡིན་པའི་ཆ་ནས། བོད་ཀྱི་དོན་དག་ཆེ་ཆུང་གང་གི་ཐོག་ལའང་དགོངས་ཚུལ་གསུང་བའི་ཐུགས་འགན་དང་དབང་ཚད་གཉིས་ཆ་ཡོད་པ་དེ་རེད།
དྲི་བ། བོད་གཞུང་གི་མཚན་བྱང་མེད་པ་བཟོས་པ་དེས་བོད་ཕྱི་ནང་གི་གཞོན་སྐྱེས་ཚོར་བློ་ཕམ་དང་གཞུང་ལ་ཤ་ཞེན། དེ་བཞིན་བདེན་དོན་འཐབ་རྩོད་ཐོག་སེམས་ཤུགས་དང་ནུས་པ་ཆུང་དུ་འགྲོ་བ་དེ་འདྲ་འབྱུང་སྲིད་དམ།
ལན། ཁ་སང་དེ་རིང་གཞོན་སྐྱེས་ཚོའི་བསམ་ཚུལ་ཟེར་བའི་སྐད་ཆ་ཤུགས་ཆེན་པོ་ཞིག་ཡོང་གི་ཡོད་པ་འདྲ། ཡིན་ནའང་ངས་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་ཚོའི་བསམ་ཚུལ་དངོས་གནས་པ་དེ་ཤེས་ཀྱི་མེད་པ་མ་ཟད། སྐྱབས་བཅོལ་ནང་གི་གཞོན་སྐྱེས་མང་ཤོས་ཀྱི་བསམ་ཚུལ་ཡང་འདི་འདྲ་ཞིག་རེད་ཟེར་ནས་བཤད་ཁག་པོ་རེད། རྗེ་ཞང་སྟོན་བསྟན་པ་རྒྱ་མཚོ་མཆོག་གིས། མི་རིགས་མི་གཅིག་མོག་མོག་རྟ་སྤུ་འདྲ། །བསམ་པ་མི་གཅིག་བལ་བོའི་རས་ཁྲ་འདྲ། །གསུངས་པ་ལྟར་གཞོན་སྐྱེས་ཡིན་ནའང་ཐམས་ཅད་ཀྱི་བསམ་པ་གཅིག་མཐུན་ཡོང་མི་སྲིད། གཞོན་སྐྱེས་རེ་ཟུང་གི་བསམ་ཚུལ་དེ་གཞོན་སྐྱེས་སྤྱིའི་བསམ་ཚུལ་དུ་བསྒྲགས་པ་ཡིན་ན་ཐལ་ཆ་རེད། དངོས་གནས་བོད་སྤྱི་དོན་དུ་ཤ་ཚ་སེམས་ཁུར་ཡོད་མཁན་ཞིག་ཡིན་ན། ཁོང་ཚོའི་སེམས་ཤུགས་དང་ལ་རྒྱ་དེ་བཙན་བྱོལ་བོད་གཞུང་གི་མིང་བྱང་ལ་བརྟེན་ནས་ཡོང་བ་ཡིན་རྒྱུ་མ་རེད། བོད་མི་སྤྱིའི་དཀའ་སྡུག་ལ་བསམ་ནས་སྐྱེས་པ་ཞིག་ཡིན་རྒྱུ་རེད། དེ་འདྲའི་སེམས་ཤུགས་ལ་རྒྱ་དེ་བོད་མིའི་ཆབ་སྲིད་ཀྱི་དཀའ་རྙོག་མ་སེལ་བར་གནས་དགོས་པ་ཞིག་རེད།
ངའི་མཐོང་ཚུལ་ལ་ང་ཚོའི་དཀའ་རྙོག་དངོས་གནས་དེ་བཙན་བྱོལ་བོད་གཞུང་གི་མིང་བྱང་ག་རེ་ཡིན་མིན་ལ་ཐུག་པ་ཞིག་མ་རེད། བོད་མི་ས་ཡ་དྲུག་རང་གི་ཕ་ཡུལ་དུ་གྲངས་ཉུང་མི་རིགས་སུ་གྱུར། བོད་མི་རང་ལ་དགོས་པའི་མངོན་འདོད་ཁག་མ་ཐོབ། མི་རིགས་གཞན་གྱི་གཉའ་གནོན་འོག་དཀའ་སྡུག་ལྡན་པའི་མི་ཚེ་སྐྱེལ་བཞིན་པ་དེ་ལས་ཐར་ཐབས་བྱ་རྒྱུ་དེ་རེད། དངོས་གནས་བྱས་ན་ད་ནི་གཞོན་སྐྱེས་ཚོ་སེམས་ཤུགས་ཆག་རྒྱུའི་ཚབ་ལ་སེམས་ཤུགས་འཕར་དགོས་པའི་དུས་ཚོད་ཅིག་རེད་བསམ་གྱི་འདུག ཁ་ཤས་ལ་རྒྱལ་བ་རིན་པོ་ཆེས་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་བཞེས་པ་ཡིན་ན་དམངས་གཙོ་ཡང་དག་པ་ཆགས་ཐུབ་ཀྱི་མེད་པའི་བསམ་ཚུལ་ཞིག་ཡོད་ཡོད་པ་རེད། ད་ནི་རྒྱལ་བ་རིན་པོ་ཆེ་གཞུང་སྲིད་ཀྱི་དཀྱིལ་འཁོར་ལས་ཕེབས་ཟིན་པ་རེད། མི་དམངས་རང་ངོས་ནས་བཀའ་བློན་ཁྲི་བ་དང་གྲོས་ཚོགས་འཐུས་མི་བདམས་ཟིན་པ་རེད། དེར་བརྟེན་གཞོན་སྐྱེས་ཚོ་སྔར་བས་སེམས་ཤུགས་འཕར་དགོས་པའི་དུས་ཚོད་ཅིག་ཏུ་བསླེབས་བསྡད་ཡོད། དངོས་གནས་འཇོན་ཐང་དང་ནུས་པ་འདོན་ཐུབ་མཁན་ཡོད་ན་འདོན་པའི་གོ་སྐབས་ཆ་ཚང་ཤར་བ་རེད། སྔར་ཡིན་ན་རང་རང་བསམ་ཚུལ་དངོས་གནས་པ་དེ་བཤད་པ་ཡིན་ན། རྒྱལ་བ་རིན་པོ་ཆེ་གཞུང་གི་དབུ་ཁྲིད་ཡིན་པའི་ཆ་ནས་ཅིག་འགྲིག་གི་མི་འདུག་མདོག་མདོག་གི་ལག་པ་འཕྱི་ས་ཞིག་ཡོད་པ་རེད། ད་ལྟ་གཞུང་གི་མིང་བྱང་ཙམ་མ་ཟད། རྒྱལ་སྤྱིའི་ཐོག་ཁས་ལེན་ཡོད་པའི་སྐྱབས་བཅོལ་གཞུང་འཛུགས་ཐུབ་མཁན་ཡོད་ན་འཛུགས་པའི་གོ་སྐབས་ཡོད་ཡོད་པ་རེད།
དྲི་བ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བོད་གཞུང་གི་མཚན་བྱང་བརྗེ་བསྒྱུར་བྱས་མིན་ལ་མ་ལྟོས་པར། མ་འོངས་པར་མུ་མཐུད་བོད་གཞུང་དང་། དགའ་ལྡན་ཕོ་བྲང་གི་མཚན་བྱང་བེད་སྤྱོད་གཏོང་རྒྱུ་ཡིན་གསུངས་པའི་ཐད་དགོངས་ཚུལ་ག་འདྲ་ཡོད།
ལན། དྲི་བ་འདིའི་ཐོག་བསམ་ཚུལ་ཞུ་རྒྱུ་གང་ཡང་མེད། གཞོན་ནུ་ཚོགས་པ་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བྱེ་བྲག་པ་ཞིག་རེད། ཁོང་ཚོར་ཁོང་ཚོའི་ཚོགས་པའི་ལྟ་བ་ལངས་ཕྱོགས་ཤིག་ཡོད་པ་རེད། དེ་འགྲིག་མ་འགྲིག་དེ་མ་འོངས་པ་ན་ལོ་རྒྱུས་ཀྱིས་ཐག་གཅོད་བྱ་རྒྱུ་ཞིག་རེད།
དྲི་བ། ཏཱ་ལའི་བླ་མ་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ལས་ལོགས་སུ་ཕེབས་པ་དེར་དགེ་སྐྱོན་གྱི་གཟིགས་ཕྱོགས་གང་འདྲ་ཡོད།
ལན། རྒྱལ་བ་རིན་པོ་ཆེ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ལས་ལོགས་སུ་ཕེབས་པ་དེའི་སྐོར་ལ་བསམ་ཚུལ་བཤད་དགོས་ན་མང་བོ་རེད། ངས་ན་ནིང་ནས་དེ་དང་འབྲེལ་བའི་རྩོམ་ཡིག་སྔ་ཕྱི་གཉིས་བྲིས་ཏེ་བོད་ཀྱི་དུས་བབ་ཏུ་བཀོད་ཟིན་པ་ཡིན། དེ་ལས་ལྷག་དམིགས་བསལ་བཤད་རྒྱུ་མི་འདུག་སྟེ། རྒྱལ་བ་རིན་པོ་ཆེ་སྐུ་སྒེར་ལ་མཚོན་ན་བགྲེས་ཡོལ་གནང་བ་དེ་དགེ་རེད། ཁོང་སྐུ་སྒེར་ངོས་ནས་དེ་ལ་དགེ་མ་གཏོགས་སྐྱོན་ཅི་ཡང་མེད་པ་ཞིག་རེད། ཡིན་ནའང་ང་ཚོའི་ངོས་ནས་དགེ་དང་སྐྱོན་ཟེར་བ་དེ། མི་གྲངས་ཆིག་འབུམ་ལྷག་གི་དམངས་གཙོ་ཟེར་བ་དེ་རྩ་ཆེན་ཡིན་རྒྱུ་རེད་དེ། རྒྱལ་བ་རིན་པོ་ཆེ་འདི་བས་གཞུང་འདི་དང་མི་དམངས་འདི་གསོས་གསོས་ནས། བསྐྱངས་བསྐྱངས་ནས་མཐའ་མཇུག་ཇག་རྐུན་དང་ཁྲམ་པ་ཁ་ཤས་ཀྱིས་ཤགས་འགྱེད་བྱེད་ཡུལ་ལྟ་བུར་གྱུར་པའི་ངང་བགྲེས་ཡོལ་གནང་བ་དེ་བོད་མི་ས་ཡ་དྲུག་གི་ངོས་ནས་སྐྱོན་མ་གཏོགས་དགེ་ནམ་ཡང་ཡོད་པ་མ་རེད། ང་ཚོའི་ལོ་རྒྱུས་ཐོག་འདི་ལྟ་བུའི་ནོར་འཁྲུལ་ཅན་གྱི་དོན་རྐྱེན་ཁ་ཤས་ཤོར་མྱོང་ཡོད། དཔེར་ན། མི་བསམ་མེད་ཅིག་གིས་ཆུ་མཛོད་ཀྱི་རགས་ཁ་ཀློད་པ་ཡིན་ན། གྱོང་རག་ས་དེ་ཀློད་མཁན་དེ་གཅིག་རང་མ་ཡིན་པར་ཉེས་མེད་མང་ཚོགས་ཆགས་ཡོད་པ་རེད།
དྲི་བ། ༧གོང་ས་མཆོག་གིས་བོད་པའི་ཆོས་སྲིད་གཉིས་ཁ་ཁ་བྱ་དགོས་པའི་ཐུགས་འདུན་ཡོད་སྐོར་གསུང་གི་ཡོད་པ་དང་། ཐེངས་འདིར་ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་གནང་བ་གཉིས་ལ་འབྲེལ་བ་འདྲ་མཐོང་གི་ཡོད་དམ།
ལན། སྤྱིར་བཏང་གི་ཆོས་སྲིད་གཉིས་ཟེར་བ་དང་། བོད་ཀྱི་ནང་བ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་ཆོས་སྲིད་གཉིས་ཀྱི་གནས་ཚུལ་འདྲ་བ་མ་རེད། ཡེ་ཤུ་དང་། ཁ་ཆེ་སོགས་ཆོས་ལུགས་ཆེན་པོ་ཁག་ཅིག་ཁྱིམ་ཚང་གི་བྱེད་སྒོ་གནས་སྟངས་དང་འགྲོགས་ནས་འགྲོ་རྒྱུ་ཞིག་རེད། ང་ཚོ་བཞིན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། དགེ་སློང་གི་སྡོམ་ཁྲིམས་༢༥༠ ལྷག་ཁུར་ནས་སྡོད་དགོས་པ་དེ་འདྲ་མ་རེད། དེར་བརྟེན་ཆོས་ལུགས་དེ་ཚོ་ལྟ་བུ་ཡིན་ན། ཚེ་འདིའི་ཁེ་ཚོང་དང་ཁྱིམ་ཐབ་འཛིན་རྒྱུ་སོགས་གཙོ་བོ་རེད། ང་ཚོའི་ཆོས་ནི་དེ་འདྲ་མ་རེད། ཆོས་པ་ཡག་ཤོས་ཤིག་བྱ་དགོས་ན་འཇིག་རྟེན་གྱི་ཁྱོད་ཤི་ང་གསོན་གྱི་གཡུལ་ས་ལས་གཏན་དུ་གྱེས་དགོས། དེ་ལ་གཞིགས་ན་ཆོས་སྲིད་གཉིས་མཉམ་གནས་མཉམ་སྐྱོང་བྱ་རྒྱུ་དེ་དཀའ་རྙོག་ཆེན་པོ་ཞིག་རེད། དེ་འདྲ་ལ་དགོངས་ནས་རྒྱལ་བ་རིན་པོ་ཆེས་ཆོས་པ་ཆོས་པའི་སར་བཞུགས་པ་ཡིན་ན། སྤྱི་ཚོགས་ནང་དཀའ་རྙོག་ཉུང་དུ་འགྲོ་རྒྱུར་དགོངས་པ་ཡིན་རྒྱུ་རེད། འོན་ཀྱང་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་དུ་འབོད་པ་འདི་དང་། རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་གནང་བ་གཉིས་ལ་འབྲེལ་བ་མཐོང་གི་མེད། བཙན་བྱོལ་བོད་གཞུང་གི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་མེད་པར་བཟོ་དགོས་ན། ཐོག་མར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས་པ་རེད། འོན་ཀྱང་ད་ལྟའི་ཆར་སྤྱི་འཐུས་གྲོས་ཚོགས་ལ་དེ་འགྱུར་བ་གཏོང་བའི་ནུས་པ་ཡོད་པ་ཞིག་ལ་མཐོང་གི་མེད། རྒྱུ་མཚན་གང་ཞེ་ན། ད་ལྟའི་ཆར་དགོན་སྡེ་ཆེན་པོ་ཁག་ཅིག་ནི་ལངས་ཤོར་དུ་གྱུར་ཟིན་པའི་ཆབ་སྲིད་པ་རིགས་ཤིག་བསྐྱེད་སྲིང་བྱེད་ས་ལྟ་བུ་ཆགས་བསྡད་ཡོད་པ་རེད། དེར་བརྟེན་དོན་དག་དེར་འགྱུར་བ་གཏོང་རྒྱུ་ཧ་ཅང་ཁག་པོ་རེད་འདོད།
དྲི་བ། ༧གོང་ས་མཆོག་གིས་བོད་པའི་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པའི་རྗེས་ལ་བོད་པ་ནང་ཁུལ་གྱི་མཐུན་ལམ་དང་། བོད་གཞིས་བྱེས་བར་གྱི་འབྲེལ་བའི་ཐོག་ཤུགས་རྐྱེན་གང་འདྲ་འབྱུང་སྲིད་དམ།
ལན། འདིར་ལན་གསལ་བོ་ཞིག་རྒྱག་ཐུབ་ཀྱི་མི་འདུག གསལ་བོར་བཤད་ན་༸གོང་ས་མཆོག་བཞུགས་བཞིན་པའི་སྐབས་སུའང་ཆོས་ལུགས་དང་ཆོལ་ཁ་གཉིས་ཐད་ནས་ང་ཚོར་སེམས་གཏིང་གི་མཐུན་ལམ་ཟབ་པོ་ཡོད་པ་ཞིག་ལ་མཐོང་གི་མེད། ཕྱི་རྒྱལ་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་གི་བོད་ཀྱི་ཆོས་རྒྱུད་འཛིན་མཁན་ཁག་གིས་ས་དགེ་བཀའ་རྙིང་གི་ཆོས་རྒྱུད་ཕན་ཚུན་དགྲ་ཁ་གཏད་ལྟ་བུར་རྩི་བཞིན་འདུག དེ་རིགས་ནི་ནུབ་ཕྱོགས་པ་ཚོའི་སེམས་ངོས་ན་རང་ཆས་སུ་ཡོད་པ་ཞིག་མ་རེད། ཐོག་མར་བོད་པའི་ཆོས་ལུགས་པ་ཁག་ཅིག་གིས་ཕར་བཏབ་པའི་ས་བོན་རེད།
དེ་བཞིན་ཆོལ་ཁ་དང་ལུང་ཚན་མི་གཅིག་པའི་བར་མཐུན་ལམ་གཏིང་ཟབ་མེད་པའང་དངོས་ཡོད་གནས་ཚུལ་རེད། ཆུང་ས་ནས་བཤད་ན། ཆོལ་ཁ་མི་འདྲ་བ་གཉིས་ཀྱི་ཁྱོ་ཤུག་གཉིས་བཟའ་ཚང་བྱ་རྒྱུར་རྒྱབ་ལོགས་ཀྱི་ཆོལ་ཁའི་དཔུང་ཚོགས་ཀྱིས་གནོན་ཤུགས་སྤྲོད་མཁན་ཉུང་ཉུང་མ་རེད། འདི་ཚང་མའི་སེམས་ལ་གསལ་གསལ་ཐིང་ཐིང་རེད། འདིས་ང་ཚོའི་མཐུན་ལམ་ཟེར་བ་དེ་གཏིང་ཟབ་ལུགས་ག་འདྲ་ཡིན་མིན་གསལ་བཤད་བྱེད་ཀྱི་ཡོད་པ་རེད། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་སྔར་བྱོན་པའི་སངས་རྒྱས་གྲངས་མེད་པས་འགྲོ་བ་རྣམས་ཀྱི་སེམས་རྒྱུད་འདུལ་མ་ཐུབ་པར་སྐྱོ་ངལ་མཛད་འདུག་པ་ཁྱབ་ཤིན་ཏུ་ཆེ་བས་སྐྱོ་ངལ་གྱི་གནས་སུ་མ་གཟིགས་ཀྱང་རུང་མོད། རྒྱལ་བ་བསྟན་འཛིན་རྒྱ་མཚོའི་རིས་མེད་ཀུན་སྙོམས་ཀྱི་དབུ་ཁྲིད་ལམ་སྟོན་གྱིས་བོད་མི་སྐྱབས་བཅོལ་བ་ཆིག་འབུམ་ལྷག་སེམས་རྒྱུད་འདུལ་མ་ཐུབ་པ་དེ་དངོས་གནས་སྐྱོ་ངལ་མཛད་དགོས་པ་ཞིག་རེད། གནས་སྐབས་རིང་ནང་ཁུལ་མཐུན་ལམ་ཇེ་སྡུག་ཏུ་མ་སོང་བའི་དབང་དུ་བཏང་རུང་། ཇེ་ལེགས་སུ་མི་འགྲོ་བ་གཏན་ཁེལ་ཟིན་པ་རེད། འོན་ཀྱང་མི་རབས་རྗེས་མ་རྗེས་མ་ཚོས་ཡངས་པའི་རྒྱལ་ཁམས་མཐོང་། དེང་རབས་ཀྱི་སློབ་སྦྱོང་ཚད་ལྡན་རག་པ་ཡིན་ན་འགྱུར་བ་ཐེབས་མི་སྲིད་པ་མ་རེད།
བོད་ཕྱི་ནང་གི་འབྲེལ་བ་ལ་སྡོམ་རྒྱག་རྒྱུ་ལས་སླ་བོ་མ་རེད་དེ། འོན་ཀྱང་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་གནང་མ་གནང་ལ་ཁྱད་པར་ཆེན་པོ་ཡོད་པ་གསལ་བོ་རེད། ནམ་ཞིག་རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་པ་ཡིན་ན། བོད་ཕྱི་ནང་གི་འབྲེལ་བ་དེ་རྒྱུན་འཛིན་ཐུབ་པ་ཁག་པོ་ཆགས་མི་སྲིད་པ་མ་རེད། འདིའི་ཐད་ད་ལྟ་ནས་གྲ་སྒྲིག་བྱ་དགོས་པ་མང་པོ་ཞིག་ཡོད་པ་རེད་བསམ་གྱི་ཡོད།
དྲི་བ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ནས་བོད་པའི་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་མཚམས་འཇོག་བྱས་པ་འདིས་སྐུ་ཕྲེང་བཅོ་ལྔ་བ་ཕེབས་སྐབས། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་ཐུབ་མིན་ལ་འབྲེལ་བ་ཡོད་དམ།
ལན། དྲི་བ་འདིར་ངས་ལན་གསལ་བོ་ཞིག་རྒྱག་ཤེས་མ་སོང་། འོན་ཀྱང་། སྤྱིར་བཏང་བོད་མི་རྣམས་ཀྱིས་རྒྱལ་བ་རིན་པོ་བཀུར་སྟངས་ལ་གཙོ་བོ་དེ་ཆབ་སྲིད་དང་ཆོས་ལུགས་གཉིས་ལས་ཆོས་ཕྱོགས་ཤུགས་ཆེ། རིགས་གཅིག་གིས་ཁོང་བོད་ཀྱི་རྒྱལ་བོའམ་དབུ་ཁྲིད་ཡིན་པའི་རྒྱུན་སྲོལ་གྱི་འདུ་ཤེས་གཙོ་བོར་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད། དངོས་གནས་བྱས་ན། ད་ལྟ་རྒྱལ་བ་རིན་པོ་ཆེ་ཁོང་ཉིད་ཆབ་སྲིད་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་དུ་ཕེབས་པ་ཙམ་མ་ཡིན་པར། རྒྱལ་བ་རིན་པོ་ཆེས་བོད་གཞུང་གི་དབུ་ཁྲིད་གནང་བའི་རྒྱུན་སྲོལ་གྱི་ལེའུ་དེ་མཇུག་བསྡུས་པ་ཡིན་སྟབས། རྒྱ་གཞུང་གིས་ཡང་སྲིད་དང་འབྲེལ་བའི་དོན་དག་རྙོག་རྫོབ་ཅན་དེ་འདྲ་བསླང་མི་འོས་པ་ལྟ་བུ་ཡིན་མོད། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དང་འབྲེལ་བའི་གནད་དོན་དཀའ་རྙོག་ཅན་དེ་ད་ལྟའང་འགྲོ་བཞིན་པ་ལ་བལྟས་ཡོང་ན། རྒྱ་ནག་གཞུང་གིས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་བ་གཉིས་སམ་དུ་མ་བཟོས་ཏེ་བོད་མིའི་གོང་བུའི་ནུས་ཤུགས་གཅོག་ཐབས་བྱ་རྒྱུ་ལ་སུས་ཀྱང་ལུང་བསྟན་རྒྱག་ཐུབ་པ་ཞིག་རེད། དེར་བརྟེན་རྒྱ་གཞུང་གིས་བོད་ཀྱི་ཆེས་མཐོའི་བླ་ཆེན་ཁག་གི་ཡང་སྲིད་ཐད་དཀའ་རྙོག་ཆེད་དུ་བཟོ་རྒྱུ་དེ། ཡང་སྲིད་དེ་རིགས་ཆབ་སྲིད་ཀྱི་དབུ་ཁྲིད་ཡིན་མིན་དང་འབྲེལ་བ་ཡོད་པ་ཞིག་མ་ཡིན་པར། བོད་མིའི་ནང་ཁུལ་མཐུན་ལམ་གཏོར་བཤིག་དང་འབྲེལ་ནས་ཡོད་པ་ཞིག་རེད།
དྲི་བ། ༧ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་མཛད་འཕྲིན་ཁག་ལས་གལ་ཆེ་ཤོས་གསུམ་དེ་གང་ལ་ངོས་འཛིན་གནང་གི་ཡོད་པ་དང་། དེ་དག་གལ་ཆེ་ཤོས་སུ་འཇོག་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
ལན། ཁྱེད་ཀྱི་དྲི་བ་འདིར་ལན་འདེབས་རྒྱུ་དཀའ་མོ་ཞིག་རེད། ༧གོང་ས་མཚོག་ལ་གཅིག་ལས་གཅིག་ལྷག་གི་རླབས་ཆེན་མཛད་འཕྲིན་དུ་མ་ཡོད། ཡིན་ནའང་ང་རང་གི་བསམ་ཚུལ་ཙམ་ཞུས་ན། དང་བོ། ཞི་མོལ་གྱི་ལམ་ནས་བོད་རྒྱའི་བར་གྱི་དཀའ་རྙོག་སེལ་ཐབས་ཀྱི་ལམ་སྟོན་གནང་བ་འདི་དོན་སྙིང་ཤིན་ཏུ་ཆེ་བའི་གཞུང་ལུགས་ཤིག་ཆགས་འདུག་དྲན་ཡོད། ཐོག་མར་བོད་རྒྱའི་བར་གྱི་དཀའ་རྙོག་སེལ་ཐབས་སུ་བཏོན་ཡང་། ཐའེ་ཝན་སྲིད་འཛིན་ཟུར་བ་ལིས་ཏིན་ཧྭུས་གསུངས་པ་ལྟར། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་ལུང་མང་བོའི་བར་གྱི་དཀའ་རྙོག་སེལ་ཐབས་ཀྱི་གཞུང་ལུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། དེའི་གནད་འགག་ནི། ང་ཚོས་སྔར་གྱི་ཤ་ལན་ལ་ཤ་དང་། ཁྲག་ལན་ལ་ཁྲག་གིས་འཇལ་དགོས་པའི་དགྲར་འཛིན་གྱི་བསམ་བློའི་སྟོབས་ཤུགས་ཅི་ཙམ་བསྐྱེད་པ་དེ་ཙམ་གྱིས་ཚེ་རབས་སུ་ཡུལ་མི་རྣམས་ལ་བདེ་བ་མེད། དཔེར་ན། བོད་རྒྱ་གཉིས་ཀྱི་དགྲར་འཛིན་བསམ་བློའི་ཤུགས་རྒྱས་པའི་ངང་བོད་རང་བཙན་ལྟ་བུ་ཐོབ་པའི་དབང་དུ་བཏང་རུང་། བོད་མི་ས་ཡ་དྲུག་པོ་དམག་མི་བྱས་ཏེ་ལྷོ་ཡུའུ་ནན་དང་སི་ཁྲོན་ནས། བྱང་ཀན་སུའུ་དང་མཚོ་སྔོན། ཉིན་ཞ། ཞིན་ཅང་སོགས་ཀྱི་ས་མཚམས་རིང་མོ་དེ་སྲུང་བའི་ནུས་པ་ཙམ་ཡང་མི་འདང་བ་ལྟ་བུ་ཡིན།
མི་འབོར་དུང་ཕྱུར་བཅུ་ལྷག་དང་། རྡུལ་ཕྲན་མཚོན་ཆ་སྔོན་ཐོན་ཡིན་པའི་རྒྱལ་ཁབ་ཆེན་པོ་རྒྱ་གར་ལྟ་བུས་ཀྱང་། ནུབ་ལ་དྭགས་དང་ཤར་ཨ་རུ་ན་ཅལ་གྱི་ས་མཚམས་ཁག་ཏུ་ཤོག་བུ་སྣུམ་ཟོས་པ་ལྟར། ནང་གཅུན་ནས་ཡོང་གི་ཡོད་པ་འགོག་ཐུབ་ཀྱི་ཡོད་པ་མ་རེད། ང་ཚོ་ལ་ནུས་པ་དེ་འདྲ་ག་ནས་འོང་། དེ་བས་༧གོང་མཆོག་གིས་བཏོན་པའི་གཞུང་ལུགས་ལྟར་བོད་རྒྱ་གཉིས་ཀྱིས་འདས་པའི་ལོ་རྒྱུས་ཀྱི་འཁོན་ལན་བསྐྱར་ནས་སྡོད་པ་ལས། སང་ཉིན་གྱི་མི་རབས་གསར་བ་ཚོ་ཞི་བདེ་དང་བག་ཕེབས་ངང་མི་ཚེ་སྐྱེལ་བའི་ཐབས་ལམ་འཚོལ་རྒྱུ་དེ་ཉིད་གལ་གནད་ཆེ་བ་ཡིན། དེས་ནས་ལམ་འདི་ཉིད་ནི་གནས་སྐབས་ཀྱི་རྒྱལ་ཕམ་དང་ཐོབ་ཤོར་ཙམ་མ་ཡིན་པར། ཕུགས་རྒྱང་རིང་བོར་ཕན་པའི་ཐབས་ལམ་ཉག་ཅིག་དེ་རེད།
གཉིས་པ། བོད་མི་སྤྱིའི་སྤོབས་པ་སླར་གསོ་གནང་བ་འདི་རེད། དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་ནང་། བོད་མི་རྒྱ་ནག་ཏུ་སྡོད་མཁན་དང་འགྲུལ་བཞུད་བྱེད་མཁན་མང་ཆེ་བས་རྒྱ་མི་ཚོའི་མདུན་དུ་ང་བོད་པ་ཡིན་ལབ་རྒྱུའི་སྤོབས་པས་འདང་གི་ཡོད་པ་མ་རེད། ༡༩༥༨ ལོ་ནས་རིག་གནས་གསར་བརྗེ་སོགས་ཀྱིས་མི་རྣམས་ཀླ་ཀློ་དང་། བླུན་རྨོངས། མུན་ནག རྗེས་ལུས་ཡིན་པའི་ཁྱད་གསོད་དྲིལ་བསྒྲགས་ཤུགས་ཆེན་བྱས་སྟབས། བོད་མི་རྣམས་ཀྱི་མི་རིགས་ཀྱི་སྤོབས་པ་ཡོད་ཚད་བཅོམ་ཚར་ཡོད། ཡིན་ནའང་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་འཛམ་བུའི་གླིང་གང་སར་ཆིབས་སྒྱུར་གནང་སྟེ། བོད་མི་རྣམས་རང་བཞིན་དྲང་བ་དང་། གཤིས་རྒྱུད་འཇམ་པ། བྱམས་བརྩེ་དང་སྙིང་རྗེ་ལྡན་པ་བཅས་ཀྱི་ངོ་སྤྲོད་ཤུགས་ཆེན་གནང་བའི་དབང་གིས་ད་ཆར་རྒྱལ་སྤྱིའི་ཐོག་བོད་མིའི་ངོས་འཛིན་ཚད་མཐོན་པོར་བསླེབས་ཡོད། ཕྱི་རྒྱལ་གྱི་རྒྱ་རིགས་ཤེས་ལྡན་པ་ཚོ་ཡང་གནས་ཚུལ་འདི་ལ་ཧ་ལས་ཀྱི་ཡོད་པ་རེད། ཁོང་ཚོས། བོད་པའི་ལུག་རྫི་ཞིག་ཕྱི་རྒྱལ་ལ་ཡོང་ན་ཚགས་པར་གྱི་མདུན་ཤོག་ཏུ་སླེབས་ཐུབ་ཀྱི་ཡོད་མོད། རྒྱ་མིའི་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་། འབུམ་རམས་པ། རྩོམ་པ་བོ་སོགས་ཀྱིས་དྲང་བདེན་གྱི་གཏམ་བཤད་བྱས་ན་ཡིད་ཆེས་བྱེད་མཁན་རག་གི་མི་འདུག་ཟེར་ནས་སྡུག་སྐད་རྒྱག་གི་ཡོད་པ་རེད། དེང་སྐབས་བོད་ཕྱི་ནང་གཉིས་སུ། ང་བོད་པ་ཡིན་ཟེར་དུས་མགོ་མཐོ་བོ་བཏེགས་ཏེ་འགྲོ་ཆོག་ཆོག་ཅིག་ཆགས་ཡོད།
གསུམ་པ། ནང་ཆོས་དང་ཚན་རིག་བར་གཞལ་བསྡུར་གྱི་སྒོ་མོ་ཕྱེ་བ་དེ་རེད། འདས་པའི་ལོ་ངོ་བརྒྱ་ཕྲག་གཅིག་ཡས་མས་ནས་དེང་གི་ཚན་རིག་ཟེར་བ་འདི་དར་ཁྱབ་ཆེན་པོ་བྱུང་སྟེ། རྒྱུ་མཚན་དང་ཁུངས་ལུང་མེད་པའི་རིག་གནས་དང་ལྟ་གྲུབ། ཆོས་ལུགས། སྨན་རྫས་སོགས་སྲོལ་རྒྱུན་གྱི་རིག་གནས་མང་བོ་ཞིག་གཏོར་བཅོམ་ཐེབས་པ་རེད། ཆོས་ལུགས་པ་སུ་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་ཆོས་ལུགས་དེ་ཚན་རིག་གཞལ་བསྡུར་རྒྱུ་སྤོབས་པ་ཡོད་མཁན་དཀོན། རྒྱལ་བ་རིན་པོ་ཆེ་མཆོག་གིས་འདས་པའི་མི་ལོ་སུམ་ཅུ་ལྷག་གི་རིང་ཚན་རིག་ལ་ཐུགས་ཞིབ་དང་། བོད་པའི་ནང་ཆོས་དང་ཚན་རིག་གཞལ་བསྡུར་གྱི་དཔེ་དེབ་བཏོན་པ། འཛམ་གླིང་ཤར་ནུབ་ཀྱི་ཚན་རིག་པ་ཚོ་དང་ལེགས་ཆ་ལེན་རེས་གནང་བ། ལྷག་པར་དུ་བོད་པའི་དགེ་བཤེས་ཚོ་དང་ཚན་རིག་པའི་བར་འབྲེལ་ལམ་བཙུགས་ཏེ། སྒོམ་ཉམས་ལེན་དང་ཀླད་པའི་འགྱུར་བ་ངོ་མཚར་ཅན་མང་པོ་རྙེད་ཀྱི་ཡོད། དེར་བརྟེན། རང་ཅག་གི་ལག་ཏུ་ཡོད་པའི་ནང་བའི་རིག་གཞུང་འདི་འཇིག་རྟེན་ཐོག་གི་ཆེས་མཐའ་མཇུག་གི་རིག་གཞུང་རྙིང་བ་ཚན་རིག་དང་དཔུང་བ་མཉམ་གཤིབ་ཀྱི་ལམ་སྲོལ་ཞིག་གཏོད་ཡོད། ངས་དོན་དག་འདི་གསུམ་རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་མཛད་འཕྲིན་གལ་ཆེན་གསུམ་དུ་བགྲང་གི་ཡོད། འོན་ཀྱང་དེ་ནི་ང་རང་བོད་མི་ཞིག་ཡིན་པའི་མཐོང་ཚུལ་ཙམ་ཡིན་ཡང་སྲིད་པ་རེད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
ད་ལྟ་བོད་མི་བཅའ་ཁྲིམ་འདི་་འཛམ་གླིང་གི་ཁྲིམས་མཐུན་གྱི་བཅའ་ཁྲིམས་ཞིག་ཆགས་ཡོད་མེད་གསལ་པོ་ཞིག་གསུངས་རོག་་་་ཧོར་གཙང་འཇིགས་མེད་ལགས་་ལན་བསྒུག་འདུག་གི་ཡིན
བོད་པ་ནང་ཁུངས་ས་མཚམས་ཆུ་མཚམས་རྩོད་རྒྱག་པ་དང་དེབ་བཟོས་པ་དེ་ལ་ཧང་སངས་ཀྱིས་མི་འདུག
རྩོད་རྒྱག་ཐུབ་མཁན་དང་འཇོན་ཐང་ཅན་ཞིག་ཡིན་ན་རྒྱ་མའི་ལ་ས་ཆ་དང་ཆབ་སྲིད་བདག་དབང་རྩོད་ལེན་བྱེད་ན་བྱོས
ཧོར་གཙང་འཇིགས་མེད་ལྟ་བུའི་རྣམ་དཔྱོད་ཅན་དང་བཙན་བྱོལ་སྤྱི་ཚོགས་ལ་རྒྱུས་མངའ་ཆེ་བ་ཞིག་ལ་བཅར་འདྲི་བྱས་པར་
ངས་སེམས་དང་བསམ་པའི་གཏིང་ནས་དུས་བབ་ཚང་གི་གསར་འགོད་པར་ཐུགས་རྗེ་ཆེ་ཞུ་འདོད།
སྤྱི་ཚོགས་ནང་དུ་ཕྱག་ལས་གནང་མཁན་ཞིག་ལ་མཚོན་ན་འོག་ནས་ཁ་བརྡུང་གཏོང་བ་རྒྱུན་ལྡན་ཞིག་ལས་དམིས་བསལ་བ་གང་ཡང་མ་རེད། ཁོང་གི་ལེགས་ཕྱོགས་ཀྱི་རིགས་རིག་མཁན་དང་སྐྱོན་ཕྱོགས་འཚོལ་མཁན་ཟུང་ལ་བཅར་འདྲི་འདི་ཕན་ངེས་རེད། མཐར་རྩོམ་པ་པོ་ཁོངགི་བསམ་དོན་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཞུ།
བོད་རྒྱལ་ཡོངས་ཚོགས་ཆེན་གྱི་བསམ་ཚུལ་དང་བཙལ་བྱོལ་བོད་གཞུང་གྲོས་ཚོགས་འཕར་མའི་བསམ་ཚུལ་གཉིས་རྩ་བ་མི་མཐུན་པ་མང་མོ་ཡོད་
སོང་ཙང་ང་ཚོ་ཡང་དོག་པ་འདྲ་མིན་མང་པོ་ཡོང་གི་འདུག་།
ཡིན་ན་དེ་རིང་དེ་ཙན་ཡིན་།
ཧོར་གཙང་འཇིགས་མེད་ལགས་ཀྱིས་ད་ཐེངས་སྐད་ཆ་ངོ་མ་དྲང་མོ་དང་གནད་ལ་འཁེལ་ཞིང་བོད་མི་སྤྱི་ཡོངས་ཀྱིས་བསམ་བློ་ཞིབ་མོ་བཏང་དགོས་པའི་དོན་གནད་མང་པོ་ཞིག་བཤད་འདུག་པར་བསྔགས་བརྗོད་ཡོད།
ཞོར་འཕྲོས་མི་ཉག་བཙན་པོ་ཟེར་པ་འདིས་མི་ཉག་གི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་རེད། མི་ཉག་གི་ལོ་རྒྱུས་ཁ་གསལ་གསུངས་རྒྱུ་ཡོད་ན་བོད་དང་རྒྱའི་ལོ་རྒྱུས་ཐོག་ལུས་པའི་དཀའ་རྙོགས་རྣམས་སེལ་ཐུབ། ཅེས་ཁ་ཚོན་གཅོད་སྟངས་ལ་ལྟོས་ན་ཁོང་ཉིད་ལ་མི་ཉག་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་རྡོ་རིང་ཡིན་པ་དང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཡོད་པའི་མཐའ་མཚམས་སེལ་བའི་བདེན་དཔུང་གི་ལོ་རྒྱུས་བཤད་རྒྱུ་ཡོད་པ་འདྲ།
ཡོད་ན་འདིར་ཤོད་དང་མེད་ན་སེམས་ལ་གང་ཤར་འཛུབ་རྩེར་མ་འཕོས་རོགས།
སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་ཁྱེད་ཉིད་སྤྱི་ཟུར་ཞིག་ཡིན་པས་ཆ་ནས་གུས་ཞབས་ཡོད། ཡིན་ནའང་ཁྱེད་ཀྱིས་ང་ཚོར་ཆོལ་ག་དང་ཆོས་ལུགས་བར་གྱི་མཐུན་ལམ་བཟང་བོ་ཞིག་མེད་ཚུལ་བཤད་འདུག གནད་དོན་དེ་ངོ་མ་བདེན་བདེན་འདྲ་ཞིག་ཡོད་པ་རེད། ཡིན་ནའང་ང་ཚོར་ཆོལ་ག་དང་ཆོས་ལུགས་བར་གྱི་མཐུན་ལམ་བཟང་བོ་ཞིག་མི་འདུག་ཅེས་པའི་སྤྱི་བམ་གྱི་སྐད་ཆ་འདི་ལ་ཞིབ་ཆ་མི་འདུག སྤྱི་བམ་གྱི་སྐད་ཆ་འདིའི་རིགས་ཀྱིས་ང་ཚོར་ཕན་གང་ཡང་ཐོག་གི་མ་རེད། ཁྱེད་ཀྱིས་ཆོལ་ག་དང་ཆོས་ལུགས་བར་ལ་མཐུན་ལམ་བཟང་བོ་མེད་པ་ཤེས་ཡོད་ན། གཞུ་བརྟེན་གང་ཞིག་གི་འོག་ནས་ང་ཚོ་ལ་དཀའ་ངལ་འདི་རིགས་འཕྲད་འདུག་བསམ་གི སྤྱི་ཟུར་ལགས་ངས་བསམ་ན་ང་ཚོར་ཆོལ་ག་དང་ཆོས་ལུགས་པར་ན་མཐུན་ལམ་བཟང་བོ་ཞིག་མེད་དོན་གཙོ་བོ་མི་བུ་རང་སྟེང་ལ་བསམ་བློ་ཞིག་བཏང་ན་ཤེས་ཀྱི་རེད་བསམ་གི གང་ཡིན་ཞེས་ན་མི་བུ་རང་སྟེང་ན་ཕྱོགས་གཞེན་འདུག་གམ་མི་འདུག་དང་པོ་གནད་དོན་འདི་རིགས་ལ་བསམ་བློ་གཏོང་དགོས་པ་རེད། དེ་ལ་བསམ་བློ་ཞིག་བཏང་བ་ཡིན་ན་དེའི་ཕུགས་ཀྱི་གནད་དོན་དེ་རྟོགས་ཐུབ་ཀྱི་རེད་བསམ་གི དེ་འདྲ་ཡིན་དུས་སྐུ་ཉིད་ལ་ལུང་ཚན་དང་ཆོལ་གའི་ཕྱོགས་ནས་ཕྱོགས་གཞེན་གྱི་བསམ་བློ་འདུག་གམ་མི་འདུག འདུག་ན་དེ་སྤང་ཐུབ་པར་བྱེད་དགོས། བསམ་བློ་དེའི་རིགས་མི་བུ་སྒེར་སོ་སོས་སྤང་ཐུབ་ན། ཆོལ་ག་དང་ཆོས་ལུགས་པར་གྱི་ཕྱོགས་གཞེན་གྱི་བསམ་བློ་གཅིག་མེད་པར་གྱུར་སོང་བ་རེད་སྤྱི་ཟུར་ལགས། དེ་བས་ན་ང་ཚོའི་བསམ་བློའི་ནང་གི་ན་ཚ་དེའི་རིགས་དེ་བཞིན་རང་ཐོག་ལ་དང་པོ་བསམ་བློ་གཏོང་དགོས་པ་ཞིག་རེད་གུས་པས་འདོག་གི།
ཇ་མ་ལགས། གུས་པ་གནས་ཚང་ལ་བསམ་ཚུལ་ཁ་ཤས་དུས་བབ་དྲ་བརྒྱུད་ནས་འདོན་བཞིན་པ་ལས་ཅི་ཡང་མེད། ཡིན་ནའི། ལོ་རྒྱུས་དོན་དངོས་མི་དགོས་པའི་ལོ་རྒྱུས་རྩོམ་སྒྲིག་པ་ཞིག་ལ་ཧང་སངས་རྒྱུ་མེད་པའང་ཁོང་རང་གིས་ང་ཚོར་གསལ་བཤད་གནང་ཡོད་པ་མ་རེད་དམ།
སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་ནི་༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བཞིན་མདོ་སྨད་ལོ་རྒྱུས་ཆེན་མོ་དེབ་རྒན་ཆེན་པོ་དྲུག་རྩོམ་སྒྲིག་གནང་འདུག
ཝ་ཡེ་གནས་ཚང་བ་ཁྱོད་རང་ལ་ག་ཚོད་ཡོད། ???
བཅར་འདྲི་བྱས་པ་འདི་ཡག་བྱུང་།
ཁྱི་རྒན་དོན་མེད་སྐད་ཅོར་རྒྱག་མཁན་གང་མང་ཞིག་ཀྱང་སླེབས་འདུག
འཇིགས་མེད་ཀྱིས་ན་གཞོན་ཚོར༼དོན་དངོས་སུ་ཡིན་ནམ་༽སེམས་ཤུགས་སྤར་སྟངས་ཧ་ཅང་བཟང་འདུག་སྙམ།
བོད་གཞུང་དང་བཙན་བྱོལ་སོགས་ཀྱི་མིང་ཚིག་ཁྲིམས་ཐོག་ན་མེད་པ་ཡིན་དུས་གསར་འགོད་པས་མི་མང་ལ་དེ་ཤེས་རུ་མཇུག་རྒྱུ་གལ་ཆེན་རེད། དེ་མིན་སྤྱི་ཟུར་དང་དགེ་བཤེས་ཚོ་ལ་དེའི་སྐོར་གྱི་དྲི་བ་གཏོང་རྒྱུ་གལ་ཆེན་མ་རེད་བསམ།
མི་ཉག་བཙན་པོ་ལགས། ངས་སྐལ་མེད་སར་སྐེ་སྲིང་ཆོག་པ་གྱིས། དང་པོ་ཉིད་ཀྱིས་མདོ་སྨད་ལོ་རྒྱུས་ཆེན་མོ་ཡག་པོ་ཞིག་ཀློགས། གཞན་གྱིས་བཤད་པར་ཉན་རྒྱུ་མེད། རང་གིས་དངོས་སུ་མཐོང་དགོས་ཡ། མཐོང་ཐེངས་གཅིག་གིས་མི་འགྲིག ཉུང་མཐའ་ཐེངས་གསུམ་མཐོང་རྗེས་ད་གཟོད་བཤད་དགོས་ཡ། ཁྱེད་ཀྱིས་བཀླག་མ་མྱོང་གོང་ནས་དེ་ལྟར་བཤད་མི་ཉན། དེའི་མིང་ལ་རྟོག་གེ་བ་ཚོས་ཕྱོགས་སྔའི་ནམ་མ་ལངས་གོང་ནས་དགག་བཞག་གི་ཉི་མ་ཤར་ཞེས་བཤད་འདུག ཨ་ལེ། དང་པོ་སོ་སོས་དངོས་སུ་མདོ་སྨད་ལོ་རྒྱུས་ཆེན་མོ་ཚར་གཅིག་ཀློགས། དེ་ནས་བཤད་ཀྱང་ཕྱིས་ཡོད་པ་མ་རེད། འདི་ངའི་བསམ་ཚུལ་ཡིན།
དངོས་གནས་མི་རབས་གསར་བ་ཚོས་ཟབ་དགོས་ས་རེད་
འཇིགས་མེད་ལགས་ཀྱིས་དྲི་ལན་ལ་ལྟས་ན་བསམ་བློ་བ་དང་རྩོམ་པ་པོ་རྣལ་མ་ཞིག་རྩ་བ་ཉིད་ནས་རེད་མི་འགུ གང་ཡིན་ཟེར་ན། རྨོངས་དད་ཅན་ཞིག་རེད་འགུ།
ཧོར་གཙང་གིས་ང་ཚོ་ཆོལ་ག་དང་ཆོས་ལུགས་མཐུན་ལམ་ཟབ་མོ་ཞིག་མེད་གསུངས་པ་འདི་ཁ་ཙམ་མི་པའི་སྐད་ཆ་དངོས་གནས་རེད། དེ་མ་གཏོགས་གོ་སྐབས་རིག་ལུགས་པའི་སྐད་ཆ་རང་རེད། ལྷག་པ་ཏུ། དངོས་གནས་འཇོན་ཐང་དང་ནུས་པ་འདོན་ཐུབ་མཁན་ཡོད་ན་འདོན་པའི་གོ་སྐབས་ཆ་ཚང་ཤར་བ་རེད་ཅེས་བཤད་པ་འདི་ང་ཚོ་བོད་མི་སྤྱི་བོ་གནམ་བསྟེན་ཡོངས་ལ་མཐོང་དང་དམལ་འབོད་ཀྱི་ཚིག་ཉེས་ཅན་པ་ཞིག་མི་ན་ཅི་རེད།
བཀུར་འོས་སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས།་
ཁྱེད་རང་མཇལ་མ་མྱངས་ཀྱང་དྲ་ཐོག་དང་གསར་ལམ་ཁག་ཏུ་གོ་ཐོས་བྱུང་བ་མ་ཟད་ཁྱེད་ཀྱི་རྩོམ་ཡིག་རེ་གཉིས་ཀྱང་བཀླགས་མྱངས་ཡོད། ཁྱད་པ་ཏུ་མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་བའི་དེབ་ཆེན་མང་པོ་ཞིག་བྲིས་ཡོད་པར་ཡང་ཤེས་བྱུང་།
ཡིན་ནའང་ད་ལན་གྱི་སྐད་ཆ་ལ་བལྟས་ན་ལོ་རྒྱུས་ཉམས་ཞིབ་པ་ཞིག་དང་མཁས་དབང་ཞིག་ཡིན་པར་ངོ་འཛིན་དཀའ་མོ་འདུག ཕྱོགས་གཅིག་ནས་ཁྱེད་ལ་བཙན་བྱོལ་སྤྱི་ཚོགས་ནང་དུ་ལོ་མང་མི་ཚེ་བསྐྱེལ་མྱངས་བའི་ཉམས་མྱོང་མེད་པར་འདྲ།
བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་མེད་པ་བཟོས་པའི་ཐོག་ཏུ་བསམ་ཚུལ་ཕྱོགས་སྡོམ་འདི་འདྲ་ཞིག་བརྒྱབས་འདུག་་་༼ངའི་མཐོང་ཚུལ་ལ་ང་ཚོའི་དཀའ་རྙོག་དངོས་གནས་དེ་བཙན་བྱོལ་བོད་གཞུང་གི་མིང་བྱང་ག་རེ་ཡིན་མིན་ལ་ཐུག་པ་ཞིག་མ་རེད། བོད་མི་ས་ཡ་དྲུག་རང་གི་ཕ་ཡུལ་དུ་གྲངས་ཉུང་མི་རིགས་སུ་གྱུར། བོད་མི་རང་ལ་དགོས་པའི་མངོན་འདོད་ཁག་མ་ཐོབ། མི་རིགས་གཞན་གྱི་གཉའ་གནོན་འོག་དཀའ་སྡུག་ལྡན་པའི་མི་ཚེ་སྐྱེལ་བཞིན་པ་དེ་ལས་ཐར་ཐབས་བྱ་རྒྱུ་དེ་རེད།༽ཞེས་གསུངས་ཀྱི་ཡོད་རེད།
དཔེར་ན་་་བོད་ཀྱི་བཤད་སྲོལ་ལ་མིང་ཙམ་མེད་པ་ཐལ་བའི་རྡུལ་དུ་བརླགས་ཞེས་པའི་ཚིག་དོན་གང་ཡིན་ནམ། བོད་མི་ས་ཡ་དྲུག་གི་རང་ཡུལ་ལུང་པའི་ནང་དུ་རྒྱ་ནག་དམར་ཕྱོགས་པའི་འོག་ཏུ་གྲངས་ཉུང་མི་རིགས་ཆགས་ནས་དཀའ་སྡུག་ལྡན་པའི་མི་ཚེ་སྐྱེལ་བཞིན་ཡོད་པ་འདིའི་རྩ་བ་ཐུག་ས་ངོ་མ་བོད་རྒྱལ་ཁབ་འཕྲོག་པ་དང་བོད་གཞུང་བཙན་བྱོལ་ལ་བྲོས་འགྲོ་དགོས་བྱུང་་བས་རྒྱུ་མཚན་གྱིས་མ་རེད་པས།
བོད་མི་ས་ཡ་དྲུག་གི་རྒྱ་རིགས་དམར་ཕྱོགས་པའི་འོག་ཏུ་གཉའ་གནོན་ཁུར་མི་དགོས་པ་དང་རང་ས་རང་བདག རང་མི་རང་དཔོན། རང་གཞུང་རང་ཚུགས། རང་རྒྱུ་རང་བདག་སོགས་མེད་ན་བོད་མི་ས་ཡ་དྲུག་གི་དཀའ་སྡུག་གི་མི་ཚེ་ཞིག་སྐྱེལ་མི་དགོས་པར་ཡོང་སྲིད་ཀྱི་མ་རེད། དེ་བརྟེན་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་འདི་གལ་ཆེན་ཞིག་ཆགས་ཀྱི་ཡོད།
ཁྱེད་ཀྱིས་་་་༼རྒྱལ་སྤྱིའི་ཐོག་ཁས་ལེན་ཡོད་པའི་སྐྱབས་བཅོལ་གཞུང་འཛུགས་ཐུབ་མཁན་ཡོད་ན་འཛུགས་པའི་གོ་སྐབས་ཡོད་ཡོད་པ་རེད།༽ཞེས་གསུངས་འདུག་ཀྱང་རྡ་ས་རི་བོའི་སྟེང་དུ་བོད་གཞུང་གི་མཚན་བྱང་གནས་ཐུབ་མིན་གྱི་ས་མཚམས་འདིར་འཛམ་གླིང་རྒྱལ་སྤྱིའི་ཐོག་ཏུ་ཁས་ལེན་ཡོད་པའི་སྐྱབས་བཅོལ་གཞུང་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་ག་འདྲ་ཞིག་ཡོད་དམ།་་ཧཧཧཧ ཧམ་བཤད་རང་རེད།
གསུངས་སྟངས་འདི་ཡང་སྡུག་སྐྱ་རེད། རྒྱལ་སྤྱིའི་ཐོག་ཁས་ལེན་ཡོད་པའི་སྐྱབས་བཅོལ་གཞུང་འཛུགས་ཐུབ་མཁན་ཡོད་ན་་་་ཞེས་གསུངས་པ་འདི་ལ་བལྟས་ཡོང་དུས་སུ་བོད་མི་ས་དྲུག་གིས་དེ་འདྲ་མི་འཇོན་མདོག་མདོག་བཤད་ཀྱི་ཡོད་རེད། བཀའ་སློབ་གསུངས་སྟངས་འདི་ཡག་པོ་རྩ་བ་ནས་མ་རེད།
ཞོར་དུ་ཞུ་རྒྱུ་ཞིག་ལ་དེང་རབས་ཉེར་གཅིག་ནང་གི་བོད་མི་གཞོན་སྐྱེས་ཚོ་ཆིག་སྒྲིལ་ཡོང་བ་ལ་རྒྱལ་ཞེན་གྱི་འདུ་ཤེས་འདིའི་ཐོག་ནས་ཡོང་དགོས་པ་ལས་བླ་སློབ་དམ་ཚིག་གི་ཐོག་ནས་ཡུན་རིང་གནས་མི་ཐུབ་པ་གསལ་པོ་དག་པོ་རེད། འདིར་མཁྱེན་པ་གནང་རོགས།
བྲིས་མཚམས་བཞག་གི་ཡིན། ལས་ཀ་འགྲོ་རུན་སོང་། ཡིག་ནོར་བཏགས་ནོར་ཡོད་ན་དགོངས་འགལ་མེད་པ་ཞུ་རྒྱུ་དང་བཙན་བྱོལ་བོད་གཞུང་གི་མཚན་བྱང་ཐོག་ཏུ་ང་ཅོ་རི་ལ་སྐད་ཆ་བཤད་པའི་ཐོབ་ཐང་འདྲ་མཉམ་ཡོད་པས་རྒྱུ་མཚན་གྱིས་བཤད་ཀྱི་ཡོད།
སྐད་ཆ་ཁ་རུ་ཁ་ཐུག་དང་། ཕྱི་ནང་སྦ་གསང་མེད་པར་བཤད་འདུག ཆབ་སྲིད་པའི་གཡོ་སྒྱུ་མེད་པར་ཤེས་ཡོན་པ་རྣལ་མ་ཞིག་དང་། སྤྱི་དོན་ལ་དོ་འཁུར་ཡོད་པའི་སྐད་ཆར་མཐོང་སོང་། སྐད་ཆ་སྣང་བར་འགྲོ་ཤོས་དེ་འདི་རེད། ” ད་ནི་རྒྱལ་བ་རིན་པོ་ཆེ་གཞུང་སྲིད་ཀྱི་དཀྱིལ་འཁོར་ལས་ཕེབས་ཟིན་པ་རེད། མི་དམངས་རང་ངོས་ནས་བཀའ་བློན་ཁྲི་བ་དང་གྲོས་ཚོགས་འཐུས་མི་བདམས་ཟིན་པ་རེད། དེར་བརྟེན་གཞོན་སྐྱེས་ཚོ་སྔར་བས་སེམས་ཤུགས་འཕར་དགོས་པའི་དུས་ཚོད་ཅིག་ཏུ་བསླེབས་བསྡད་ཡོད། དངོས་གནས་འཇོན་ཐང་དང་ནུས་པ་འདོན་ཐུབ་མཁན་ཡོད་ན་འདོན་པའི་གོ་སྐབས་ཆ་ཚང་ཤར་བ་རེད། སྔར་ཡིན་ན་རང་རང་བསམ་ཚུལ་དངོས་གནས་པ་དེ་བཤད་པ་ཡིན་ན། རྒྱལ་བ་རིན་པོ་ཆེ་གཞུང་གི་དབུ་ཁྲིད་ཡིན་པའི་ཆ་ནས་ཅིག་འགྲིག་གི་མི་འདུག་མདོག་མདོག་གི་ལག་པ་འཕྱི་ས་ཞིག་ཡོད་པ་རེད། ད་ལྟ་གཞུང་གི་མིང་བྱང་ཙམ་མ་ཟད། རྒྱལ་སྤྱིའི་ཐོག་ཁས་ལེན་ཡོད་པའི་སྐྱབས་བཅོལ་གཞུང་འཛུགས་ཐུབ་མཁན་ཡོད་ན་འཛུགས་པའི་གོ་སྐབས་ཡོད་ཡོད་པ་རེད། “
བཀུར་འོས་སྤྱི་ཟུར་ཧོ་གཙང་འཇིགས་མེད་མཆོག་ལ་ཞུ་རྒྱུར།
དེ་རིང་གི་གོ་སྐབས་བརྒྱུད་རྨོངས་རྟུལ་བདག་གིས་གུས་ཉིད་ལ་དྲི་བ་ཁ་ཤས་ཡོད་ན་བཀའ་ལན་ཁ་གསལ་སྩོལ་གནང་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད།
གུས་ཉིད་ཀྱིས་སྦྱངས་རྩོམས་གནང་བའི་མདོ་སྨད་ལོ་རྒྱུས་ཆེན་མོའི་
ནང་མི་ཉག་མདོ་སྨད་ཡིན་ཁུལ་གསུངས་འདུག་ཟེར་ཕྲན་གྱིས་གོ་
ཐོས་བྱུང་ དེ་བདེན་པ་ཡིན་ནམ། གལ་སྲིད་བདེན་པ་ཡིན་ན་ལོ་རྒྱུས་ཀྱི་ཁོངས་གང་ཡིན་ནམ། སྤྱིར་གངས་ཅན་ལྗོངས་ཀྱི་ཡ་གྱལ་མི་ཉག་ཡུལ་གྲུ་ནི་ཧ་ཅང་རྒྱ་ཆེ་ལ་ལོ་རྒྱུས་ལྡན་པ་མ་ཟད་རྒྱ་ནག་གི་ཉེ་འདབས་སུ་ཆགས་ཡོད་པར་བརྟེན་གལ་ཆེན་པོ་ཆགས་ཡོད། མི་ཉག་གི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་རེད། མི་ཉག་གི་ལོ་རྒྱུས་ཁ་གསལ་གསུངས་རྒྱུ་ཡོད་ན་བོད་དང་རྒྱའི་ལོ་རྒྱུས་ཐོག་ལུས་པའི་དཀའ་
རྙོགས་རྣམས་སེལ་ཐུབ།
བོད་རྒྱ་གཉིས་ཀྱི་ས་མཚམས་རྣམས་ལོ་རྒྱུས་ཐོག་གཙང་མ་བཟོ་ཐུབ་ན་བོད་ཆེན་པོའི་ལོ་རྒྱུས་ལ་བདེན་དཔང་བྱེད་ཐུབ།
ལོ་རྒྱུས་སྨྲ་བའི་དབང་པོ་ཁྱེད་རང་ལ་མི་ཉག་གི་ལོ་རྒྱུས་ཁ་གསལ་
གསུང་རྒྱུ་ཡོད་དམ།་ཡོད་ན་དགའ་བསུ་ཡོད་ཅེས་ཞུ་རྒྱུ་དང་མེད་ན་
མདོ་སྨད་ཡིན་པ་སྒྲུབ་བྱེད་གང་ཡོད་དམ། ལོ་རྒྱུས་རྩོམ་པ་པོ་ཞིག་གིས་ཅོལ་གཏམ་དུ་སྨྲ་བ་ནི་གང་ནས་ཡིན་སྲིད།
མི་ཉག་མདོ་སྟོད་སྨད་གང་ཡིན་ཡང་ཁྱེད་པར་མེད་ཡིན་ན་ཡང་ལོ་རྒྱུས་གལ་ཆེན་པོ་མཐོང་
བས་སོ།
ཧོར་གཙང་འཇིགས་མེད་ཀྱིས་སྐད་ཆ་དྲང་བཤད་བྱས་འདུག ལྷག་པར་དུ་ཆོས་ལུགས་ཆོལ་ཁའི་མཐུན་ལམ་ཐོག དེ་སྔ་མི་སུ་གཅིག་གིས་ཀྱང་དངོས་ཡོད་གནས་ཚུལ་ཟོལ་རྫུ་བྱས་ཏེ། ཕན་ཚུན་ལ་ངོ་རིག་སྤྲེལ་ལད་དང་། ནང་རུལ་ཕྱི་མཛེས་འཁྲབ་བསྟད་པ་རེད། དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འོན་ཀྱང་གནད་དོན་རེ་ཟུང་ཐོག་ཁོ་རང་གི་དགོངས་ཚུལ་གསུངས་པའི་ཁྲོད་མོས་མཐུན་བྱ་མི་ཐུབ་པ་དེ་འདྲ་ཡང་འདུག ཆོས་སྲིད་ཟུང་འབྲེལ་སྐོར་ལ། དེ་སྔ་བོད་པའི་ཆབ་སྲིད་ཀྱི་འགྲོ་ལུགས་དེ་ཆོས་སྲིད་ཟུང་འབྲེལ་སྡུག་ཤོས་དེ་རེད། བོད་པ་བཙན་བྱོལ་བ་ཆགས་རྗེས་ཆོས་སྲིད་ཟུང་འབྲེལ་དམངས་གཙོའི་གཞུང་ཆགས་པ་རེད། འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བཀོད་ཡོད་པ་བདེན་པ་རེད་དེ། ༧གོང་ས་མཆོག་གིས་ལམ་ལུགས་འདིར་དེ་སྔོན་ནས་དེ་ཙམ་མོས་མཐུན་གནང་གི་ཡོད་པ་མ་རེད། ལྷག་པར་དུ་ཉེ་ལམ་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་བྱ་འཆར་གྱི་སྔ་ཕྱིར་འདིའི་ཐད་ཤུགས་ཆེན་པོ་གསུངས་ཡོད་པ་རེད། ཉེ་ལམ་སྤྱི་ཟླ་ ༥ ནང་༧གོང་ས་མཆོག་ལ་ཨ་རིའི་སྲིད་དོན་ཉམས་ཞིབ་པ་ Jim Glassman ལགས་ཀྱིས་བཅར་འདྲི་ཞུས་པའི་ལན་དུ། ༼ ངས་ཆབ་སྲིད་ཀྱི་ལས་འགན་མཚམས་འཇོག་བྱས་པ་དེ་དམངས་གཙོའི་ལམ་སྲོལ་ཐོག་བསྐྱོད་རྒྱུའི་བརྒྱུད་རིམ་ཞིག་རེད། ངས་ལ་རྒྱུན་དུ་ཆོས་དང་སྲིད་ཀྱི་སྒྲིག་འཛུགས་གཉིས་ཐ་དད་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་ཡོད། ༽ ཞེས་ལན་འདེབས་གནང་བ་ལས་ཀྱང་རྟོགས་སླའོ།།
ཧོར་གཙང་འཇིགས་མེད་འབོད་པའི་སྤྱི་ཟུར་འདི་གོ་ཚོད་ལ་ལོ་རྒྱུས་ཉམས་ཞིབ་གནང་མཁན་ཞིག་ཡིན་ཚོད་རེད། ཡིན་ནའི། ལོ་རྒྱུས་ཤེས་པ་ཕར་ཞོག་སྐད་ཆར་ནང་འགལ་བྱུང་ཤག གཅིག་ནས་སོ་སོ་སྤྱི་ཟུར་ཞིག་ཡིན་ཞེས་ལོ་རྒྱུས་ཀྱི་རྒྱུན་ནམ་གནས་བབ་ཅིག་ཡོད་མདོག་མདོག་སྟོན་བཞིན་འདུག གཉིས་ནས་སྔ་མོ་ནས་བཙན་བྱོལ་བོད་གཞུང་ཟེར་བ་ཞིག་མེད་ཚུལ་ལབ་ཀྱིན་འདུག དྲང་པོར་ཞུས་ན། སྲིད་དོན་པའི་ཁྲོད་ཀྱི་སྐབས་འཚོལ་བ་རང་ཞིག་རེད། ཤེས་ཡོན་ཡོད་ཟེར་མཁན་ཆ་ཚང་མི་ལྟ་བུ་ཞིག་ཏུ་མི་འགྱུར་བར་སྨོན་ལམ་འདེབས་རན་མེད་དམ། དྲ་མཁན་ཚོ།