མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

༼རང་རེའི་རྒྱལ་རྟགས་ངོས་གསར་དུ་བྲིས་པའི་ཚིག་རྐང་ལས་འཕྲོས་པའི་རང་གི་བསམ་ཚུལ་ཁ་བརྡ་བྱས་པ།༽

ཚྭ་རུ་མ་ཐབས་མཁས་ཀྱིས། རྡ་ས།

རང་རེའི་བོད་གཞིས་བྱེས་གཉིས་གཞན་གྱི་བཙན་གནོན་འོག་དང་། གཞན་ཡུལ་དུ་བཙན་བྱོལ་དུ་ཡོད་པའི་དེང་སྐབས་ཀྱི་གནས་བབ་ཡ་ང་བའི་ངང་ཡོད་པ་བདེན་པ་རེད། བོད་ནང་དུ་རང་རེའི་ཕ་ས་ཕ་ཡུལ་གྱི་ས་སྟེང་ས་འོག་ཡོད་ཚད་སྔོག་འདོན་དང་། གཅོད་གཏུབ་ཀྱིས་ཕྱི་ནང་བསློགས་ཤིང་རྩ་མེད་བཟོས་དང་བཟོ་བཞིན་པའང་བདེན་པ་ རེད། འུ་ཅག་གི་ཕ་མ་སྤུན་ཟླ་ཐམས་ཅད་ལ་ལུས་འགྲོ་འདུག་གི་རང་དབང་། ངག་སྨྲ་བརྗོད་ཀྱི་རང་དབང་། ཡིད་དད་གུས་ཀྱི་རང་དབང་སོགས་རང་དབང་ཡོད་ཚད་གཞན་དབང་འོག་ཚུད་ནས་ཆུ་ཚོད་ཉེར་བཞིའི་རིང་འཛེམས་དོགས། འཇིགས་སྐྲག་ངང་ལུས་བཙོན་དུ་ཚུད་ཅིང་སེམས་དམྱལ་བར་ལྷུང་ནས་ཡོད་པ་ཡང་ཧ་ཅང་བདེན་པ་རེད། འདི་ལྟར་རང་རེའི་ཕ་སའི་རི་ཆུ་ནགས་གསུམ་གྱིས་རྒྱལ་སྤྱིའི་ཐོག་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞུ་འབོད་སྒྲོག་བཞིན་པ་དང་། རང་རེའི་ཕ་མ་སྤུན་ཟླ་ཚོས་སྐྱོ་གདུང་དང་མིག་ཆུའི་ཀློང་ནས་རེ་སྒུག་གི་ཉིན་ཞག་མཛུབ་རྩེར་བགྲང་བཞིན་སྐྱོབ་པའི་ཡིད་ཆེས་ཀྱི་མིག་ཟུང་བྱེས་སུ་ཅེར་ནས་ཡོད་པ་ཤིན་ཏུ་བདེན་པ་རེད། 

 

རང་རེའི་བོད་བྱེས་སུ་ྋརྒྱལ་དབང་མཆོག་དང་ྋཁོང་གི་མཚན་བྱང་ཏཱ་ལའི་བླ་མ་ཞེས་པའི་ཡིག་འབྲུ་བཞི་ཁོ་ནའི་ཐུགས་རྗེ་བཀྲིན་ལས་ཅི་ཡང་མེད་པའི་གཞན་ཡུལ་དུ་གཞུང་སྲིད་མང་གཙོའི་སྒྲིག་འཛུགས་ཀྱི་མ་ལག་ཡོད་ཚད་འཐུས་ཚང་ཕུགས་བརྟན་ཡུན་གནས་ཤིག་གསར་བཙུགས་བྱུང་བ་དང་། སློབ་གྲྭ་དང་ཆོས་སྡེ། ཆོས་ཚོགས་ཁག་སོགས་མདོར་ན་ད་སྐབས་བོད་བྱེས་སུ་བོད་ལ་གང་ཡོད་ཐམས་ཅད་ྋགོང་ས་མཆོག་དང་ཁོང་གི་བཀའ་དྲིན་ལ་མ་འབྲེལ་པ་ཅི་ཡང་མེད་པ་འདི་ཡང་བདེན་པ་ཡིན་ཞིང་། ྋགོང་ས་མཆོག་གིས་སྔོན་ནས་ད་ལྟའི་བར་ཕ་མས་བུ་ལ་འདོམས་པ་ཇི་བཞིན་ཆོས་སྲིད་ལུགས་ཟུང་གི་ལམ་སྟོན་བཀའ་སློབ་གྲངས་མེད་གནང་ཞིང་། ལྷག་པར་བདེན་པ་དང་འཚེ་བ་མེད་པ། ཡང་དག་པ་གཞིར་བཞག་པའི་ཚད་ལྡན་མང་གཙོའི་སྒྲིག་འཛུགས་ཤིག་སྔར་མེད་གསར་བསྐྲུན་མཛད་ནས། དོན་མཐུན་གྱི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་ཆེད་ད་ཆར་ྋཁོང་དང་ཁོང་གི་མཚན་གནས་རྗེས་འབྲེལ་བླ་བྲང་དང་བཅས་པས་བོད་ཀྱི་དབུ་ཁྲིད་དང་། གཞུང་ས་འཛིན་པའི་ལེའུ་མཇུག་རྫོགས་བྱས་ཏེ་ྋཁོང་གི་ཡོད་ཚད་རང་རེའི་བོད་དང་བོད་ཀྱི་མ་འོངས་པའི་ཆེད་དུ་འུ་ཅག་ཚོའི་ལག་ཏུ་གནང་ཟིན་པ་ཧ་ཅང་བདེན་པ་རེད།

 

སྔར་ནས་ད་ལྟའི་བར་འུ་ཅག་བཙན་བྱོལ་དཔོན་རིགས་སྐུ་ངོ་ཚོས་ྋགོང་ས་མཆོག་ལ་ཁ་ནས་གསོལ་བ་འདེབས་བཞིན་གདོང་ན་མིག་ཆུ་ཤམ་ཡང་། ཁོག་ཏུ་ཆོལ་ཁ་ཆོས་བརྒྱུད། ལུང་ཚན་ཚོགས་སྡེ་སོགས་ཀྱི་ཕྱོགས་རིས་ལར་ཞེན་གྱི་ན་ཚ་རྙིང་པ་ཁོ་ན་འཕྱུར་ནས། ནང་ཁུལ་འཐེན་འཁྱེར་དང་རྩོད་རྙོག་ངང་བོད་ཀྱི་རྩ་དོན་ཐོག་ཆིག་སྒྲིལ་མེད་པ། གཞུང་ལ་ལྷག་བསམ་མེད་པ། མང་ཚོགས་ལ་ཤ་ཚ་མེད་པ། ལས་ཀ་ལ་གྲུབ་འབྲས་མེད་པའི་ངང་མི་རིགས་ཤིག་གི་ཆགས་འཇིག་མཚམས་ཀྱི་མི་ལོ་ལྔ་བཅུ་འཐུས་ཤོར་དུ་བཏངས་པ་ཤིན་ཏུ་བདེན་པ་རེད།  ད་དུང་མང་ཚོགས་ཀྱིས་མང་གཙོའི་འོས་འདེམས་བརྒྱུད་ནས་བསྐོས་པའི་སྤྱི་འཐུས་གྲོས་ཚོགས་ནང་དགོས་པའི་རང་རེའི་རྩ་དོན་ཐོག་བགྲོ་གླེང་མ་བྱས་པར་མི་ དགོས་པའི་སྐུ་དྲག་ཁྱིམ་ཆེན་ཚོ་ཕྱོགས་ཁག་གྱེས་ནས་རྩོད་གླེང་བྱུང་བ་དང་། སྤྱི་དོན་སྒྲུབ་སའི་གཞུང་གི་རྐུབ་སྟེགས་དེ་སྒེར་དོན་སྒྲུབ་ཡུལ་གྱི་གནམ་གྲུའི་འབབ་ཐང་བྱས་ནས་བསྐྱོད་མཁན་མང་པོ་བྱུང་དང་འབྱུང་བཞིན་ཡོད་པའང་བདེན་པ་རེད།

 

རང་རེའི་གཞིས་སྡོད་བོད་མི་ཡོད་ཚད་ཀྱི་རེ་བ་བྱེས་སུ་བྱས་ཤིང་། བྱེས་སྡོད་བཙན་བྱོལ་པ་ཀུན་གྱི་སེམས་པ་ནུབ་ཕྱོགས་དང་དཔལ་འབྱོར་གཅིག་པུར་ཤོར་ནས་དེའི་ཆེད་དུ་ཡོད་ཚད་ཀྱི་ཡོད་ཚད་བློས་གཏོང་དང་ངལ་རྩོལ་ངང་རྒྱུག་གིན་ཡོད་པ་ཡང་ཤིན་ཏུ་བདེན་པ་རེད། ད་དུང་གཞིས་སྡོད་སྤུན་ཟླ་དག་གིས་དྲག་གནོན་འོག་རང་རིགས་དང་། རང་རྒྱལ་གྱི་དོན་དུ་རང་སྲོག་གཏོང་སྐབས་བཙན་བྱོལ་ནང་གི་སྐབས་འཚོལ་པ་དང་། ཚོགས་ཁག་འགས་ཕ་སའི་ཛ་དྲག་གི་གནས་ཚུལ་དག་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱ་ཁུལ་ངང་ཚོང་བསྒྱུར་གྱིས་ཚོགས་པ་དང་མི་སྒེར་གྱི་མིང་གྲགས་དང་། ཁེ་བཟང་ཡོང་ཐབས་ཁོ་ན་རུ་བེད་སྤྱོད་བྱས་དང་བྱེད་མུས་སུ་ཡོད་པ་ཡང་བདེན་པ་རེད། མདོར་ན་གཞིས་སྡོད་སྤུན་ཟླ་དག་གིས་ཡོད་ཚད་རང་གི་རིག་གཞུང་དང་སྐད་ཡིག  མི་རིགས་སྲུང་སྐྱོབ་ཀྱི་ཆེད་དུ་བློས་གཏོང་བྱེད་ཀྱིན་ཡོད་ཅིང་། བྱེས་སྡོད་བཙན་བྱོལ་པ་ཚོས་རང་རེའི་ཐུན་མིན་རིག་གཞུང་དང་ལ་རྒྱ་སོགས་ཡོད་ཚད་ སྒོར་མོ་དང་ནུབ་གླིང་དུ་འགྲོ་ཆེད་འཚོང་གིན་ཡོད་པ་ཡང་ཧ་ཅང་བདེན་པ་རེད།

 

འདི་ལྟར་ཕ་སའི་སྤུན་ཟླ་ཚོས་ལུས་སེམས་ཀྱིས་དཀའ་སྡུག་ཚད་མེད་བཟོད་མེད་ངང་མྱོང་གིན་ཡོད་པ་མྱོང་བ་མངོན་སུམ་གྱི་བདེན་པ་རེད་ལ། ང་ཚོ་བཙན་བྱོལ་བོད་པ་ཚོས་ྋགོང་ས་མཆོག་གི་བཀའ་དགོངས་ལ་རྩིས་མེད་དང་། དྲང་ངེས་སུ་འགྲེལ་བཞིན་མི་ལོ་ལྔ་བཅུའི་རིང་ནང་ཁུལ་ཆོལ་ཁ་དང་ཆོས་བརྒྱུད་བར་ཕྱོགས་རིས་བྱས་ཤིང་། ཚོགས་ཁག་དང་གསར་འབྱོར་རྙིང་འབྱོར་བར་འགལ་ཟླའི་བསམ་སྤྱོད་སྤེལ་ནས། ནང་ཁུལ་ཆིག་སྒྲིལ་མེད་པར་ཐམས་ཅད་དཔལ་འབྱོར་འཚོལ་སྒྲུབ་ཀྱི་འཁྲབ་སྟོན་ཁོ་ནར་འབད་པ་ལས་བོད་དང་བོད་པའི་ཡོད་ཚད་ཡལ་བཞིན་པ་དང་། འཆི་བཞིན་པའི་རྩ་དོན་ཐོག་རང་རང་གི་ནུས་ཤུགས་ངོ་མ་དང་འཇོན་ཐང་དོན་ལྡན་པ་ཞིག་སྤྲུགས་པ་དང་། སྤྲུག་གིན་མེད་པ་མཐོང་བ་མངོན་སུམ་གྱི་བདེན་པ་རེད།

 

བདེན་པ་འདི་དག་བདེན་པ་ཡིན་པ་ངོ་ཤེས་པའི་ངང་ཁ་སང་གི་ང་ཚོའི་ནོར་འཁྲུལ་བྱུང་བ་དང་། འཐུས་ཤོར་བཏང་བ་དྲན་པར་བྱས་ཏེ། དེ་རིང་ནས་རང་རེའི་བོད་ཀྱི་རྩ་དོན་དང་། རིག་གཞུང་ཐོག་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་དང་མཐུན་པར་མཐུན་འབྲེལ་ངང་སང་ཉིན་གྱི་བོད་དང་། བོད་ཀྱི་ཉི་མ་གསར་པ་ཞིག་འཆར་པར་ང་ཚོས་མངོན་ལྐོག་མེད་པར་འབད་བརྩོན་གྱིས་འཕག་འཚག་རྒྱག་དགོས་པ་ནི། ད་ལྟའི་འུ་ཅག་བོད་ཀྱི་ཛ་དྲག་གནས་བབ་ཀྱིས་སྤྲོད་བཞིན་པའི་བདེན་པ་ཞིག་རེད། དེས་ན་ྋགོིང་ས་མཆོག་གིས་གནང་ཟིན་པའི་ཚད་ལྡན་མང་གཙོའི་སྒྲིག་འཛུགས་གསར་པ་དང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མགོ་ཁྲིད་བཀའ་ཁྲི་གསར་པ། གྲོས་ཚོགས་ཀྱི་འཐུས་མི་གསར་པ་དང་བོད་ཀྱི་ལོ་རྒྱུས་ནང་གི་དཀྱོགས་མཚམས་གསར་པའམ་སྒྱུར་བཅོས་གསར་པའི་དུས་སྐབས་གསར་པ་འདི་ནས་ང་ཚོས་གསར་དུ་མགོ་བཙུགས་ཏེ། རང་རེའི་བོད་དང་བོད་ཀྱི་ཡོད་ཚད་སླར་གསོ་དང་། འཆམ་མཐུན་གྱི་རླབས་ཆེན་གྱི་ལས་གཞི་གསར་པ་ཞིག་སྤེལ་དགོས་པ་དང་། སྤེལ་བའི་དུས་ལ་བསླེབས་ནས་ཡོད་པ་ཤིན་ཏུ་བདེན་པ་རེད།

 

དེས་ན་ང་ཚོའི་རྒྱལ་རྟགས་ངོས་སུ་གསར་དུ་བྲིས་པའི་༼བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག ༽ ཅེས་པ་ལྟར་ང་ཚོའི་གཞིས་སྡོད་སྤུན་ཟླ་ཚོའི་ལུས་སེམས་ཀྱིས་མནར་གཅོད་མྱོང་བཞིན་ཁྲག་དང་། མིག་ཆུ་བཞུར་བའི་ཁྲོད་ཁུ་ཚུར་འཕྱར་བའི་རྒྱལ་གཅེས་དཔའ་ངར་གྱི་བདེན་པ་དང་། བཙན་བྱོལ་བོད་མི་ཚོས་དངོས་ཡོད་དྲང་བདེན་གྱི་བོད་ཀྱི་གནས་ཚུལ་ངོ་མ་གསལ་བསྒྲགས་བྱེད་བཞིན་པའི་ཉེན་སྐྱོབ་འབོད་པའི་བདེན་པ། ྋགོང་ས་མཆོག་གིས་འཇིག་རྟེན་མི་སྡེ་ཡོངས་དང་ལྷག་པར་བོད་རྒྱའི་བར་འཚེ་མེད་ཞི་བདེའི་ངང་བོད་བོད་ཡུལ་ན་སྐྱིད་པ། རྒྱ་རྒྱ་ཡུལ་ན་སྐྱིད་པའི་དོན་དམ་གྱི་འཆམ་མཐུན་ཐག་གཅོད་ཅིག་གནང་བར་སྔར་ནས་བརྩོན་བཞིན་པའི་རླབས་ཆེན་གྱི་བདེན་པ་དང་། ང་ཚོ་གཞིས་བྱེས་བོད་མི་ཡོད་ཚད་ཀྱི་རེ་སྒུག་དང་རྨི་ལམ་གྱི་གཞིས་བྱེས་ལྷན་འཛོམས་དང་། རང་ཡུལ་རང་སྐྱོང་བྱ་བའི་བདེན་པ་སོགས་བདེན་པ་ཡོད་ཚད་ཀྱི་ཆེད་དུ་ང་ཚོའི་དེ་རིང་གི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གསར་པ་འདི་ནས། ངེས་པར་དུ་ང་ཚོའི་ལུས་ངག་ཡིད་གསུམ་གྱིས་འགུལ་སྐྱོད་གསར་པ་གནད་དུ་སྨིན་ཞིང་བོད་ཀྱི་རྩ་དོན་ཐོག་ཏུ་འབབ་པ་ཞིག་བྱས་ནས། ང་ཚོས་ང་ཚོ་བོད་ལ་ཡོད་པའི་བདེན་པ་ཉིད་རྣམ་པར་རྒྱལ་བར་བྱ་དགོས། དེ་ལྟར་བྱུང་ན་ང་ཚོས་ང་ཚོའི་རྒྱལ་རྟགས་ངོས་སུ་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་དོན་མཐུན་ཞིག་བྲིས་པ་ཡིན་པར་མ་ཟད་། འཛམ་གླིང་རྒྱལ་སྤྱིའི་མཐོང་བ་མངོན་སུམ་གྱི་མིག་ལམ་དུ་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་བྲིས་པ་ཡང་ཡིན་པས། རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་གངས་སེང་ཁ་སྤྲོད་ཀྱི་རྒྱལ་དར་རླུང་གིས་སྐྱོད་བཞིན་བདེན་པ་ཉིད་རྣམ་པར་རྒྱལ་བར་གྱུར་ཞེས་རང་རེའི་བོད་མི་ཡོད་ཚད་ཀྱི་སེམས་ཀྱི་ཟབ་ས་ཞིག་ལས་ཐོན་པའི་ཀུ་སྒྲ་ཆེན་པོ་ཞིག་མཉམ་དུ་བསྒྲགས་པའང་ཡིན་ནོ།། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག

༢༠༡༡ ། ༧ ། ༢༣

 

 

 

འབྲེལ་ཡོད་གསར་འགྱུར།

Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP
Mobile App

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༦ སྔོན་ལ།
རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།
Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

༢༠༢༦/༠༡/༢༢
*As of December 1, 2025 | Total imprisoned: 330 journalists. Chart: Charles SpicerSource: The Committee to Protect Journalists
Mobile App

འདས་ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

༢༠༢༦/༠༡/༢༢
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

༢༠༢༦/༠༡/༢༢

མཆན། 17

  1. གཡུ་རལ་བཀྲ་རྒྱམ། says:
    ལོ་ 15 སྔོན།

    རེད་ཡ་ངོ་མ་ཡག་པོ་བྲིས་འདུག། དེང་སྐབས་བོད་ཀྱི་འགོ་ཁྲིད་མང་དག་ཅིག་རང་རང་མ་ཤི་རང་རང་རེད།
    ར་མགོ་ལུག་ལ་སྦྱར་བའི་དཔེ་ལྟར་ཐ་སྙད་ཙམ་བརྗེ་བར་འཇོན་ཐང་ཞིག་ལ་བརྩི་བཞིན་ཡོད་ན་ཤིན་ཏུ་གླེན་རྟགས་རེད།
    རྒྱལ་བཙོང་མཁན་ངོ་མ་དེ་དག་ད་ལྟ་ལྷང་ལ་འབུད་བཞི་པ་རེད།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ང་ཚོས་ད་ལྟ་དང་མ་འོངས་པའི་ལས་དོན་བྱེད་ཕྱོགས་དང་ཁ་ཕྱོགས་གསར་བར་བསྒྱུར་པ་ལས། འདས་པའི་བྱུང་རབས་སམ་ལོ་རྒྱུས་ལ་སྒྱུར་བཅོས་བཏང་མེད་ལ། གཏོང་ཡང་མི་ཆོག དེ་བས་རྒྱལ་དར་དང་རྒྱལ་གླུ་ཡང་དེ་བཞིན་རང་སོར་གནས་རྒྱུ་རེད།

    Reply
  3. འཇམ་བཟང་། says:
    ལོ་ 15 སྔོན།

    དྲྭ་གྲོགས་རྣམས་པ་ལྷན་རྒྱས་ངས་བལྟས་ན་ད་དུང་བསྒྱུར་བཅོས་བཏང་རྒྱུ་ལུས་འདུག་སྙམ། དེ་གང་ཞིག་རེད་ཟེར་ན། ང་ཚོ་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་སོགས་བསྒྱུར་བཅོས་མི་བཏང་བ་རྒྱུ་མཚན་གང་ཡིན་ནམ། ལྷན་རྒྱས་ཚོས་གཟིགས་དང་།

    སྲིད་ཞི་ཕན་བདེའི་འདོད་རྒུ་འབྱུང་བའི་གཏེར།
    ཐུབ་བསྟན་བསམ་འཕེལ་ནོར་བུའི་འོད་སྣང་འབར།
    བསྟན་འགྲོའི་ནོར་འཛིན་རྒྱ་ཆེར་སྐྱོང་བའི་མགོན།
    འཕྲིན་ལས་ཀྱི་རོལ་མཚོ་རྒྱས།
    རྡོ་རྗེའི་ཁམས་སུ་བསྟན་པས།
    ཕྱོགས་ཀུན་བྱམས་བརྩེས་སྐྱོངས།
    གནམ་བསྐོས་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག
    ཕུན་ཚོགས་སྡེ་བཞིའི་མངའ་ཐང་རྒྱས།
    བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་བདེ་སྐྱིད་རྫོགས་ལྡན་གསར་པས་ཁྱབ།
    ཆོས་སྲིད་ཀྱི་དཔལ་ཡོན་དར།
    ཐུབ་བསྟན་ཕྱོགས་བཅུར་རྒྱས་པས་འཛམ་གླིང་ཡངས་པའི་སྐྱེ་རྒུ་ཞི་བདེའི་དཔལ་ལ་སྦྱོར།
    བོད་ལྗོངས་བསྟན་འགྲོའི་དགེ་མཚན་ཉི་འོད་ཀྱི།
    བཀྲ་ཤིས་འོད་སྣང་འབུམ་དུ་འཕྲོས་པའི་གཟིགས།
    ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་གྱུར་ཅིག
    ངས་ལྟས་ན་ངེས་ཅན་དུ་རྒྱལ་དར་དང་རྒྱལ་གླུ་གཉིས་ཡང་འགྱུར་བ་གཏོང་དགོས་སྙམ།

    Reply
  4. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 15 སྔོན།

    བདེན་པ་་ཉིད་རྒྱལ་གྱུར་གཅིག་ཞེས་པའི་ཚིག་འདི་ལ་གོ་བ་སྟིང་ཟབ་ལོས་ཡོད་དེ་ རྣམ་སྐོས་དགའ་ལྡན་ཕོང་བྲེང་ཞེས་པའི་ཚབ་བྱེད་མི་ཐུབ་ཁི་ཡ།།

    Reply
  5. tata says:
    ལོ་ 15 སྔོན།

    འགྲེལ་བ་མོང་ན་རྩ་བ་གླག་དཔེ་ལྟར། དངོས་གནས་མགོ་ཚོད་ཡ་མི་འདུག་ཨ་ཧོ་ཧོ། ཆུང་ངམ་གཏམ་རྒྱུད་ནང་བཞིན་མགོ་འདོགས་ནས་དུག་མ་བཏུང་རོོགས།

    Reply
  6. ཨ་གཙང་གནས་རྒྱམ། says:
    ལོ་ 15 སྔོན།

    ཚྭ་རུ་ཐབས་མཁས་ལགས། ཁྱོད་ཀྱིས་མིག་གཉིས་ཀ་བྱེ་ནས་བལྟས་མི་གདུག མདུན་ངོས་ཡི་གེའི་རྗེས་ལ་ཤད་གསུམ་ཡོད་པ་དང་མ་གཞིའི་ཡི་གེ་དབུ་མེད་འབྲི་དགོས་དོན་ལ་བསམ་བློ་འཁོར་ཨེ་མྱོང་། ཁྱོད་ཀྱི་བཀྲ་ཤིས་པ་རྐྱང་རྐྱང་བཤད་འདུག་པ་དེ་ཡང་དེ་འདྲ་ཞིག་རེད།

    Reply
  7. དུག་ཚེར་དམར་པོ། says:
    ལོ་ 15 སྔོན།

    ངིས་སྤུན་ཟླ་དགའ་བོ་ཁྱེད་ཀྱི་བརྩོམས་ཡིག་དེ་སྙན་པ་ལ།

    Reply
  8. དབྱངས་ཅན་སྒྲོལ་མ། says:
    ལོ་ 15 སྔོན།

    ཚྭ་རུ་མའི་ཐབས་མཁས་ཁ་བཤད་དོན་དུ་ཁེལ་མཁན་ཞིག་ཡིན་ན་ཧ་ཅང་ཡག་པོ་འདུག
    དེང་སང་ཁ་བཤད་གསེར་གྱི་ཐུར་མ། ལག་ལེན་ཆུ་ཡི་སྦུལ་བ་ཡིན་མཁན་མང་ནི་རེད།
    གང་ལྟར་ཡག་པོ་བྲིས་འདུག

    Reply
  9. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    དྲ་གྲོགས་ཚྭ་རུ་མའི་ཟིན་བྲིས་ལ་རྒྱབ་སྐྱོར་ཡོད། སྐབས་དང་བསྟུན་ནས་གུས་པས་དྲ་གྲོགས་ཚྭ་རུ་མའི་ཕ་ཡུལ་གང་ཡིན་འདྲི་ཆོག་པ་བྱོས། ཁྱེད་ཕ་ཡུལ་མདོ་སྨད་མགོ་ལོག་ཁུལ་རྨ་ཆེན་རྫོང་ཁུངས་དབྱིག་གཞུང་ཤང་ན་ཡོད་པའི་ཚྭ་རུ་མ་འབོད་པའི་ཚོ་བ་ཆུང་ཆུང་དེ་དང་འབྲེལ་བ་ཡོད་དམ། གུས་པ་ཚོ་བ་དེའི་ལོ་རྒྱས་སུ་བྱུང་མྱོང་བའི་རྡོ་སྔོན་བྱང་བུའི་ཚ་བོ་ཡིན།

    Reply
  10. རིག་པའི་རལ་གྲི says:
    ལོ་ 15 སྔོན།

    བདེན་པ་ཉིན་རྣམ་པ་རྒྱལ་གྱུར་ཅིག་ཅེས་པའི་སྨོན་ཚིག་འདི་ནི། ནང་པ་སངས་རྒྱས་པའི་ལྟ་གྲུབ་ཚུལ་མཐུན་ཚུགས་ཐུབ་ལྡན་པའི་ནང་པའི་དགེ་སྦྱོང་ཞིག་གིས། རང་གི་ཁ་ཁོག་ལ་ཁྱད་པར་མེད། བདེན་པ་བདེན་ཐུབ་ཡིན་ལ། བདེན་པ་བདེན་ཐུབ་ཀྱི་ལམ་དུ་འགྲོ་ནས་བདེན་པ་བདེན་ཐུབ་ཀྱི་གྲུབ་འབྲས་ཐོན་གྱུར་ཅིག་ཟེར་བ་རེད། ཁ་ནས་དོན་པའི་ཚིག་ཤིག་ལ། ཚིག་འདི་ལས་རིན་ཐང་ཆེ་བ་ཞིག་སུ་གང་གིས་མ་རྙེད།

    Reply
  11. རླུང་རྟ་རྒྱལ། says:
    ལོ་ 15 སྔོན།

    ཕལ་ཆེར་ངའི་ཡན་ལ་མཆན་རྒྱག་མཁན་ཚང་མ་བཙན་བྱོལ་ཁྲོད་ཀྱི་བོད་མི་ཡིན་པ་འདྲ།རང་སྐྱོན་ལ་གཞན་གྱིས་མཛུབ་མོས་བཀེར་ཚེ་དམ་པའི་ལུགས་ཤོར་པ་འདི་ནི་དངོས་གནས་སྐྱོ་པོ་རེད་ཡ།གཞན་ཤོད་རྒྱུ་ཞིག་ལ།བདེན་པ་ཉིད་རྒྱལ་པར་གྱུར་ཅིག་ཞེས་པའི་དོན་ནི་ཡང་སྙིང་ཅི་ཞིག་ཡིན་པ་ད་དུང་ཤོད་དཀའ།དམངས་གཙོའི་ལམ་དུ་བསྒྱུར་ཡོད་ཟེར་བཞིན་གཞིས་ལུས་རྒྱ་ཆེ་མི་མང་གི་འདོད་བློ་དང་མི་བསྟུན་པར་ཁོ་ཚོའི་རེ་བ་དང་རྒྱབ་འགལ་དུ་སོང་བ་ནི་ང་ཚོས་ཅི་ཞིག་བྱ།

    Reply
  12. ཁུགས་གཟར་དུག་མདའ། says:
    ལོ་ 15 སྔོན།

    བདེན་པ་ཉིད་རྣམ་པ་རྒྱལ་གྱུར་གཅིག་བྲིས་པ་ལས་ཀྲུང་གོ་བོད་མི་རྣམ་པ་རྒྱལ་གྱུར་གཅིག་བྲིས་ན་ཁ་ཞེན་གཉིས་མེད་རེད་འགུ བོད་མིའི་ཆེས་མཐོའི་མི་སྣ་ཡི་དགོངས་པའང་དེ་རེད།།

    Reply
  13. ཉི་ཟླ་སྐར་གསུམ། says:
    ལོ་ 15 སྔོན།

    བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ ཅེས་པའི་དོན་ནི་། རང་བཙན་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཟེར་བ་དང་དོན་དག་གཅིག་པ་རེད་། འདིས་གཞོན་པ་རྣམས་ལ་གོ་རྒྱུ་དང་དམིགས་ཡུལ་ངོ་མ་དེ་བཤད་པ་རེད་འདུག་།
    སུ་གང་གིས་སྒྱུར་མི་ནུས་པ་དང་དུས་ནམ་ཡང་འགྱུར་མི་ཐུབ་པའི་བདེན་པ་ནི་རང་བཙན་རེད་།

    Reply
  14. འཇམ་མགོན། says:
    ལོ་ 15 སྔོན།

    གྲོགས་ཚྭ་རུ་མ་ལགས། ཉིད་ཀྱི་སྡུག་སྐད་འདི་དངོས་ཡོད་ཞིག་རེད་ཞེས་བཤད་མི་ཐུབ་མོད་མི་སྒེར་བ་ཞིག་གི་ལངས་ཕྱོགས་དང་བསམ་འདུ་དང་བསྟུན་ན། ཧ་ཅང་བདེན་པ་རེད་ལ་བསམ་དགོས་པ་ཞིག་ཀྱང་རེད་འདོད། ཉིད་ཀྱིས་དྲ་ཐོག་ལ་མ་བརྒྱུད་པའི་ཡར་སྔོན་ལ་ངས་སྡུག་སྐད་འདི་བརྒྱབ་ཟིན་པ་ཡིན་ལ་དེ་དུས་འདི་ལ་བདེན་འདུན་དང་དང་དོད་གནང་མཁན་མ་བྱུང་། ངས་བསམ་ངོགས་ལ་ང་ནོར་ཡིན་ངེས་རེད་བསམ་བྱུང་། ད་ལྟ་ང་ཚོ་གཞི་ནས་ཕྱི་ཞོལ་བྱེད་དགོས་ཀྱི་རེད་བསམ་གྱིན་མི་འདུག་མོད། ཡིན་ཡང་འདི་བདེན་ཤོས་ཤིག་དང་འཐུས་ཚང་ཞིག་ཡིན་མིན་པ་ད་དུང་ཡང་བརྡར་ཤ་གཅོད་ཆོག་གི་རེད་བསམ་པ་འདུག འཕྱི་དྲགས་ས་ཞིག་ན་ངུ་ཆོག་པའི་འཕང་སེམས་ཤིག་ཀྱང་ཡོད་ཆོག་པར་སེམས།

    Reply
  15. ལྕགས་སྤྲེལ། says:
    ལོ་ 15 སྔོན།

    སྐབས་སྐབས་སུ་སྐྱོན་བརྗོད་བྱེད་གི་ཡོད་ནི་འདྲ་འདྲ་སྐབས་སྐབས་སུ་བསྟོད་པ་བྱེད་གི་འདྲ་བོ་ངས་ཁྱོན་ནས་འགོ་ཚོས་མ་སོང་ཧ་ཧ་

    Reply
  16. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 15 སྔོན།

    ཁྱེད་ཀྱི་རྩོམ་ཡིག་འདི་ཁ་རྩང་ཁ་བརྡ་དྲ་ཚིགས་སྟེང་ནས་བཀླགས་ཟིན།

    Reply
  17. ཤར་མཁན་སྤྲུལ། says:
    ལོ་ 15 སྔོན།

    ཚྭ་རུ་མའི་ཐབས་མཁས་ལགས།
    ཉིད་ཀྱི་བརྩོམས་ཡིག་བརྗོད་བྱེད་ཤིན་ཏུ་ཡག་པོ་འདུག བཀྲ་ཤེས་བདེ་ལེགས་ཞུ་ཞུ།
    འོན་ཀྱང་བརྗོད་བྱ་ངས་ཅི་ཡིན་ཡག་པོ་ཞིག་ཧ་མི་གོ་བས་གློག་མཁན་དག་གིས་གསུང་བའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese