མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་བྱ་བཀླགས་པའི་ཚོར་སྣང་སྐྱེན་པོ།

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

རིགས་སློབ།    ངག་རྣམ།

        གཞུང་འབྲེལ་ཤེས་བྱ་དུས་དེབ་ནི་ངས་ནམ་རྒྱུན་ཀློག་རྒྱུར་སྤྲོ་སྣང་ཆེ་བའི་གནས་འཕྲིན་གལ་ཆེན་ཞིག་ཡིན། ཤེས་བྱ་ཚགས་པར་གྱིས་ད་བར་༸གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་རྒྱུན་ཤེས་མང་པོ་ཞིག་རྟོགས་བྱེད་པའི་ཐབས་ལམ་བསྐྲུན་བྱུང་། ངས་འདིར་ཉེ་ཆར་ཕྱི་ཟླ་བདུན་པའི་ནང་བྱུང་བའི་གནས་ཚུལ་ཁག་ཅིག་ཚགས་ཤོག་དང་དུས་དེབ་ཀྱི་གྲོགས་པོ་ཚོར་ཤོད་འདོད་སྐྱེས།  དེང་སང་སྤྱོད་ཤུགས་ཆེ་བའི་ངོ་དེབ་དང་འཕྲུལ་སྒྲ་སོགས་ཀྱི་ནང་ནས་༸གོང་ས་མཆོག་གི་གསུང་གི་བདུད་རྩི་འཐུང་མི་ཁྲི་ཁྲག་ཡོད་པ་འདི་ཁོ་ནས། ༸གོང་ས་མཆོག་གི་ཕྱི་རྒྱལ་གྱི་མཛད་པའི་ཆ་ཤས་ཙམ་ཡང་ད་ལྟ་འཛམ་གླིང་གི་སྤྱི་ཚོགས་ཧྲིལ་པོས་དགའ་ཞེན་དང་བོད་མི་ཚོས་ཁ་བཀྱག་སྟེ་སྤོབས་པ་བྱེད་པའི་གནས་ཚུལ་ཤ་སྟག་ཡིན་ཡང་། ངས་འདིར་རང་ཉིད་ལ་མྱོང་ཚོར་ཅུང་ཟབ་མོ་བྱུང་བའི་གནས་ཚུལ་རེ་གཉིས་ཟིན་བྲིས་སུ་འགོད་འདོད་བྱུང་།   ཡང་ན་རྩོམ་ཡིག་འདིས་༸གོང་ས་མཆོག་གིས་མི་ལོ་དྲུག་ཅུའི་རིང་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་ཡ་ང་བ་དང་འཇིགས་སྐྲག་ཆེ་བའི་སྐབས་ལས་ཡོངས་སུ་བསྒྲལ་ཏེ། ད་ཆ་ཐུགས་སྤོབས་ཆེན་པོའི་ངང་ནས་ཆབ་སྲིད་ཀྱི་ཐུགས་འགན་ཧྲིལ་པོ་སྲིད་སྐྱོང་མཆོག་ལ་གནང་བའི་བོད་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་གསར་པ་འདིར་ཕུལ་བའི་བཀའ་དྲིན་རྗེས་དྲན་མཚོན་པར་བྱས་ཀྱང་ཆོག

གོད་ཆག་འཕོག་མི་ཚོའི་མིག་ཆུ་དང་ལྷན་དུ།

ཐོག་མར་འདི་ལོའི་ཕྱི་ཟླ་དྲུག་པ་ཙམ་ལ་༸གོང་ས་མཆོག་གིས་ནེའུ་ཛེ་ལན་ཌིར་ས་ཡོམ་གྱི་གོད་ཆག་ཕོག་པའི་མི་མང་ལ་ཐུགས་གསོ་གནང་བར་ཕེབས་ཤིང་། ཁྱེད་ཀྱིས་བྱས་ན་སྐབས་དེར་བཀའ་སློབ་ཅི་ཞིག་གནང་ཡོད་སྙམ་གྱི་འདུག  རྐྱེན་ངན་དེ་འདྲ་བྱུང་བ་ཡིན་ནའང་སེམས་སྡུག་བྱས་ཏེ་མ་བསྡད་པར། སྙིང་སྟོབས་བསྐྱེད་དེ་སེམས་སྡུག་ལས་རྒྱལ་ཐབས་ཀྱིས་གོམ་པ་མདུན་སྤོས་ཐོག་མི་ཚེ་བསྐྱལ་ཐབས་བྱེད་རྒྱུ་ཙམ་མ་ཟད། སྙིང་སྟོབས་དང་ཆོད་སེམས་འཕར་མ་ཞིག་བསྐྱེད་དེ་རྐྱེན་ངན་གྲོགས་སུ་འགྱུར་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་སོགས་ཀྱི་བྱམས་བརྩེའི་བཀའ་སློབ་བསྩལ་བ་དེས་ཁུལ་དེའི་མི་མང་ལ་སེམས་འགུལ་ཚད་མེད་ཐེབས། གཅིག་བྱས་ན་མཚམས་འདིར་ཀློག་མཁན་མང་པོ་ཞིག་གི་སེམས་ནང་རྐྱེན་ངན་དེ་འདྲ་བྱུང་བ་ནི་ང་རང་ཚོའི་སྔོན་མའི་ལས་ཡིན་ཚུལ་མ་གསུངས་པ་གང་ཡིན་ནམ་སྙམ་སྲིད། འོན་ཏེ་འདི་ནི་གོད་ཆག་འཕོག་མི་ཚོའི་ཡིད་ཀྱི་འདོད་པ་དང་མཐུན་པའི་སེམས་གསོ་གནང་ཐབས་ཤིག་མ་རེད་དམ།  

                                                           ཕངས་མེད་ཀྱི་སྦྱིན་པ།

༸གོང་ས་མཆོག་གི་ནམ་རྒྱུན་ཆོས་འབྲེལ་གྱི་འབུལ་རྟེན་གཏན་ནས་མི་བཞེས་པ་ཡོངས་གྲགས་ཡིན་པ་དང་། དེ་ལས་ལྡོག་སྟེ་ཕྱི་ནང་གི་ཉམ་ཐག་རོགས་སྐྱོར་ཚོགས་པ་མང་པོར་དངུལ་གྱི་ཞལ་འདེབས་ཕོན་ཆེན་གནང་གི་ཡོད་པ་ལྟར།   ད་རེས་ཀྱང་ཨོ་སི་ཊོ་ལི་ཡའི་རོགས་ཚོགས་ཤིག་ལ་ཨ་སྒོར་འབུམ་གཅིག་གི་ཞལ་འདེབས་གནང་འདུག  ངས་གནས་ཚུལ་འདི་ཀློག་དུས་དངུལ་དངོས་དང་དབང་འཛིན་གྱི་ལམ་ངན་ཁོ་ན་སྲུང་ནས་སྡོད་པའི་ད་ལྟའི་འཛམ་གླིང་གི་དཔོན་ངན་རིང་ལུགས་ཀྱི་མཇུག་མ་སྐྱོང་བཞིན་པ་དག་ལ་མཆིལ་ཞགས་འཕེན་འདོད་ལ།  གནས་ཚང་རྒྱལ་ཁབ་ཀྱི་ལྐོག་ཟ་རིང་ལུགས་པ་དག་གི་བྱེད་སྟངས་ལའང་དབུགས་རིང་ཞིག་མ་བཏང་ཀ་མེད་བྱུང་། མཚམས་འདིར་སླེབས་དུས་ངས་ས་སྐྱ་ལེགས་བཤད་ཀྱི་ཚིག་འདི་འདྲ་ཞིག་དྲན་སོང་། སྦྱིན་ལ་རྟག་ཏུ་སེམས་སྤྲོ་བ།། དེ་ཡི་གྲགས་པ་རླུང་བཞིན་ལྡང་།།

ཁོར་ཡུག་གི་དཀྱེལ་ཆེའི་དགོངས་པ།

ཁོར་ཡུག་གི་གནད་དོན་ཐད་ནས་བཤད་ནའང་འདི་ལྟར་རྟེན་ཅིང་འབྲེལ་བའི་ལྟ་གྲུབ་ཐོག་ནས་ཁ་ཞེ་གཉིས་མེད་ཐོག་ནན་བཤད་གནང་མཁན་མི་སྣ་ཉུང་ཉུང་ལས་མེད། ད་རེས་ཨོ་སི་ཊོ་ལི་ཡའི་(Herald)ཞེས་པའི་བརྒྱུད་ལམ་དུའང་‘’དེ་སྔ་ཡིན་ན་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་གཙིགས་ཆེ་ཤོས་སུ་འཛིན་སྲོལ་ཡོད་པ་དེ་འགྲིགས་ཡོད་པའི་གནས་སྟངས་ཤིག་ཡོད་ཀྱང་། ད་ལྟའི་དུས་འདིར་རྒྱལ་ཁབ་ཚང་མ་ཕན་ཚན་རྟེན་དགོས་པའི་གནས་སྟངས་ཤིག་ཆགས་པ་དེ་དངོས་ཡོད་གནས་ཚུལ་ཞིག་རེད་’’ཅེས་དང་། དེ་བཞིན་ཡུལ་དེར་ཡོད་པའི་རྒྱ་བོད་ཀྱི་ལྷན་ཚོགས་ཤིག་ཏུ་རྒྱ་ནག་ལ་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་ཚད་ལོངས་པའི་ཁྲིམས་ཡིག་དགོས་ཀྱི་འདུག ད་ལྟ་གུང་བྲན་ཏང་གི་ཁྲིམས་རེད། ང་ཚོས་ཤུགས་རྒྱག་དགོས། དམངས་གཙོའི་ལམ་དུ་ག་ལེར་བྱས་ནས་འགྲོ་དགོས་ཞེས་གསུངས། ཁོང་གིས་དུས་རྒྱུན་ནང་པའི་ཐུན་མོང་མིན་པའི་རྟེན་འབྱུང་གི་ལྟ་བས་ད་ལྟའི་འཛམ་གླིང་གི་ཁོར་ཡུག་དང་དཔལ་འབྱོར་སོགས་ལའང་དངོས་སུ་ཕན་ཐོགས་པའི་སྐོར་གསུང་གི་ཡོད་པ་འདི་ཡང་དོན་དངོས་ཀྱི་གནས་ཚུལ་འདིས་ར་འཕྲོད་ཀྱི་འདུག 

རྒྱ་རིགས་ཀྱི་མིག་གསར་པ།

ཁོང་ཚོས་འགྱུར་ལྡོག་གསར་པ་ཞིག་གི་ཁྲོད་ནས་ཏཱ་ལའི་བཞིན་རས་ལ་ཅེར་དུས་སེམས་ནང་ནས་འགོག་མེད་དུ་འཆར་འོང་བའི་དོན་སྤྱི་ཞིག་ཡོད་པ་ནི། རྒྱ་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་འོག་གི་ཏཱ་ལའི་བླ་མ་དེ་དོན་ལ་སུ་ཡིན་ནམ་གང་དུ་ཡོད་ཅེས་པའི་དྲི་བ་དེ་རེད། འདི་ནི་ཁོང་ཚོར་མཚོན་ན་མཇལ་འཕྲད་ཁྲོད་ཀྱི་ཚོར་སྣང་ཟབ་ཤོས་འབྱུང་བའི་གནས་ཚུལ་ཞིག་ཡིན། བྱམས་བརྩེའི་མངའ་བདག་ཆེན་མོ་གང་གིས་རང་ཉིད་ཀྱིས་རྒྱུ་མཚན་ཐོག་ནས་གཟིགས་པ་དང་ཉམས་བཞེས་མཛད་པའི་གནད་དོན་གསལ་བཤད་དང་གསེད་དཀྲོལ་གནང་བ་ལས། འབྲེལ་མེད་དང་མ་ནུས་པའི་སྟོང་བཤད་ནམ་ཡང་མི་གསུང་བའི་རྟགས་སུ་ད་ལྟའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མངོན་བསྟོད་དང་ཚད་མཐོའི་ངོས་འཛིན་འདི་འཐོབ་པ་བཞིན། རྒྱ་མི་རིགས་ཀྱི་ཕྱོགས་ནས་ཀྱང་ད་ལྟའི་ཆར་དོན་དངོས་དེ་མངོན་སུམ་དུ་མཐོང་བའི་ཉེར་ལེན་ལས་༸གོང་ས་མཆོག་གི་བཀའ་སློབ་དངོས་སུ་ཐོས་ཐབས་དང་འཛུམ་དམུལ་དམུལ་གྱི་ཞལ་རས་དེ་མཇལ་ཐབས་ཀྱི་སྦྱོར་བ་དེ་ཚ་ཚ་འུར་འུར་ངང་རྩོམ་བཞིན་འདུག ད་རེས་ཨོ་སི་ཊོ་ལི་ཡ་ལ་ཡང་རྒྱ་རིགས་དང་མཇལ་འཕྲད་གནང་སྟེ། རྒྱ་ནག་གཞུང་གི་སྐྱུག་བྲོ་བའི་བྱེད་ཐབས་གསལ་བཤད་དང་། ཉིས་སྟོང་བརྒྱད་ལོར་ཡུ་རོབ་སོགས་སུ་ཕེབས་དུས་ཀྱང་རྒྱ་རིགས་ངོ་རྒོལ་བྱེད་མཁན་རེ་གཉིས་བྱུང་བ་དག་ཀྱང་རྒྱ་ནག་གཞུང་ཚབ་ཀྱིས་གོ་སྒྲིག་བྱས་ཡོད་ཚུལ་སོགས་ཀྱི་གནས་ཚུལ་གསུངས་པ་འདིས་རྒྱ་རིགས་དེ་དག་གིས་རྒྱ་གཞུང་ལ་གོ་རྟོགས་གསར་པ་ཞིག་རྙེད་པར་གོར་མ་ཆག  དེ་བཞིན་རྒྱ་རིགས་ཤིག་གིས་ད་ཆ་༸གོང་ས་མཆོག་གིས་སྲིད་དབང་སྲིད་སྐྱོང་ལ་གནང་བ་འདིས་མ་འོངས་པར་བོད་མིའི་ཆབ་སྲིད་ཀྱི་ལམ་བུར་འགྱུར་བ་འགྲོ་སྲིད་སྐོར་ཞུས་པར་༸གོང་ས་མཆོག་གིས་བཙན་བྱོལ་བོད་མི་མང་ཤོས་ཀྱིས་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཤེས་ཡོན་ཅན་མང་ཆེ་བས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྟབས། ངོས་ཀྱི་བསམ་པར་འགྱུར་བ་འགྲོ་ཡི་རེད་བསམ་གྱི་མེད།’’ ཅེས་གསུངས་པ་དང་། དབུ་མའི་ལམ་ལ་དད་ཞེན་མིན་པར་སློབ་སྦྱོང་གི་ཐོག་ནས་རྒྱུས་ལོན་བྱ་དགོས་པའི་བསླབ་བྱ་དང་། ལར་ནས་དབུ་མའི་ལམ་ནི་ཡུན་རིང་བསམ་གཞིག་གཏིང་ཟབ་བྱས་པའི་ཐབས་ལམ་ཞིག་དང་། མིའི་ལྷན་སྐྱེས་ཀྱི་མངོན་འདོད་ལས་ཡོངས་སུ་བརྒལ་བའམ། རྒྱལ་ཕམ་གྱི་སྲིད་དོན་འཐབ་རྩོད་ཅིག་ལས་འདས་པ་སྟེ། མདོར་ན་འདི་ནི་ད་ལྟའི་མི་རྣམས་ཀྱིས་མངོན་པར་རྒྱུག་སའི་རང་རྒྱལ་གཞན་ཕམ་གྱི་རྩ་འཛིན་མེད་པའི་ལྟ་གྲུབ་ཅིག་ཡིན་པས། ཧོབ་སྟེ་བལྟས་ནས་འདི་ནི་ཙི་ཙིས་ཞི་ལའི་མདུན་དུ་མགོ་འདོགས་པའི་རྣམ་འགྱུར་སྟོན་པ་ལྟ་བུར་མཐོང་སྲིད་མོད། ངས་ནི་དེ་ལྟར་གཏན་ནས་མིན་པར་འདི་ནི་སྤྱང་གྲུང་ལྡན་པའི་ཙི་ཙིས་མཐར་ཨ་ཁུ་ཞི་ལ་འགྱོད་པའི་གླིང་ཁར་བསྐྱལ་བ་ལྟ་བུའི་གློག་བརྙན་གྱི་དངོས་དོན་ཉིད་དུ་མཐོང་།  དཔེར་ན་ཉེ་ཆར་བྱུང་བའི་རླབས་ཆེའི་འགྱུར་ལྡོག་དེས་ཀྱང་ཨ་ཁུ་ཞི་ལར་རྣ་རྒྱུགས་ཚ་ཐག་ཆོད་ཅིག་ཕོག་མ་སོང་ངམ།

རྒྱ་ནག་གི་དམངས་གཙོ།

དེ་བཞིན་དམངས་གཙོའི་ཐོག་ནས་ཀྱང་འདི་ལྟར་རྒྱ་གར་ལ་ཡོད་པའི་ང་ཚོའི་བོད་མིའི་སྒྲིག་འཛུགས་དེ་མིང་དོན་མཚུངས་པའི་དམངས་གཙོ་ཚད་ལྡན་ཆགས་ཡོད། མ་འོངས་པར་རྒྱ་ནག་གུང་བྲན་ཏང་ལ་བསམ་འཆར་སྤྲོད་ཐུབ་པའི་སྤོབས་པ་ཡོད་མཁན་ཞིག་ཆགསཡོད། ང་ཚོའི་སྒྲིག་འཛུགས་དེ་ཆུང་ཆུང་ཞིག་ཡིན་ཡང་བསམ་པ་རྣམ་དག་གིས་དམངས་གཙོའི་ཐོག་འགྲོ་བཞིན་ཡོད།  ཅེས་པ་འདིས་རེ་བ་གསར་པ་ཞིག་མཐོང་བ་ནི། ཉིན་ཞིག་རྒྱ་ནག་ནང་སྔར་བྱུང་མྱོང་མེད་པའི་སྤྱི་ཚོགས་ཀྱི་དམངས་གཙོའི་འོས་ལངས་འགོག་ཐབས་མེད་པ་ཞིག་བྱུང་སྟེ། གུང་བྲན་འཐོར་ཞིག་དང་རྒྱའི་མི་རིགས་བསམ་བློ་གསར་པ་དང་མཐོང་རྒྱ་ཅན་ཚང་མས་དམངས་གཙོར་བསྐྱོད་རྒྱུའི་གོ་རྟོགས་སད་ནས། བོད་མིས་རྒྱ་གར་ནང་སྦྱོང་བརྡར་ཡུན་རིང་བྱས་པའི་དམངས་གཙོའི་ལམ་བཟང་འདི་དཔེ་མཚོན་དུ་ལེན་རྒྱུའི་དུས་བབ་ཅིག་འོང་རྒྱུའི་དགོངས་པ་བཞེས་མི་འདུག་གམ། ད་ལྟ་ནས་རྒྱའི་ཤེས་ཡོན་ཅན་མང་པོས་ངྷ་སར་དངོས་སུ་སྐུ་བཅར་བྱས་ཏེ། རྒྱ་ནག་གི་དམངས་གཙོའི་མགོ་འཁྲིད་དེ་༸གོང་ས་མཆོག་བསྐྱང་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད། འདིས་ང་ཚོར་དྲན་སྐུལ་ཞིག་གཏོང་བ་ནི་སྤྱི་འཐུས་ཀྱི་སྒྲོམ་གཞིའི་ནང་མི་མཐོང་རྒྱ་ཅན་དང་། ཤེས་ཡོན་ཅན། གུ་ཡངས་ཅན། བཟོད་བསྲན་ཅན་དེ་འདྲ་མང་ཙམ་དགོས་པ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཀྱི་ཤེས་ཚད་གོང་མཐོར་གཏོང་དགོས་པ་དེ་རེད་སྙམ།

ངོ་མཚར་གྱི་ལེའུ་གསར་པ།

ཚན་རིག་དང་ནང་པའི་ལྟ་གྲུབ་དབར་བགྲོ་གླེང་གནང་རྒྱུ་དེ་ནི་༸གོང་ས་མཆོག་གི་ཆེས་སྤྲོ་སྣང་ལྡན་པའི་བྱ་གཞག་ཅིག་ཡིན་ཏེ། སྙན་གྲགས་ཅན་གྱི་དངོས་ཁམས་རིག་པ་བ་ཨཡེན་སེཊན་གྱིས་གལ་ཏེ་ཚན་རིག་གི་ཐོག་ནས་རང་ཉིད་ཀྱི་འཚོ་ཐབས་འཚོལ་རྙེད་མ་བྱས་ན། ཚན་རིག་ནི་ངོ་མཚར་ཅན་ཞིག་རེད་(Science is a wonderful thing if one does not have to earn one’s living at it.)ཅེས་སྡོམ་ཚིག་བརྒྱབ་པ་ལྟར། གལ་ཏེ་ཚན་རིག་གིས་གོ་ལ་ཧྲིལ་པོའི་བདེ་སྐྱིད་སེམས་གཏིང་དུ་ཉར་ཏེ། གསར་རྙེད་དང་ཞིབ་འཇུག་གི་གོམ་པ་སྤོས་ན་ནི། ཚན་རིག་ལ་འཇིག་རྟེན་ཐོག་རླབས་ཆེའི་ཞབས་འདེགས་སྒྲུབ་པའི་སྟོབས་ཤུགས་ཡོད་པ་དེ། ༸གོང་ས་མཆོག་གིས་སྐུ་ན་ཕྲ་སྐབས་ཕོ་བྲང་པོ་ཏཱར་འཛམ་གླིང་དམག་ཆེན་གཉིས་པའི་སྐོར་གྱི་དབྱིན་ཇིའི་དཔེ་དེབ་གཟིགས་པའི་སྐབས་ནས་མཁྱེན་ཚར་ཡོད། དེར་བརྟེན་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ཙམ་ནས་༸གོང་ས་མཆོག་ཉིད་ཀྱིས་ད་ལྟའི་ཚན་རིག་གིས་བློ་སྒོ་གསར་པ་ཞིག་དང་། འགན་འཁྲི་གསར་པ་ཞིག་གི་ཐོག་ནས་འཇིག་རྟེན་གྱི་བདེ་སྐྱིད་འཚོལ་དགོས་པའི་ལེའུ་གསར་པ་ཞིག་འགོ་འཛུགས་མཛད། དེ་ཡང་ཁོང་གིས་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པའི་ནང་འདི་ལྟར་གསལ་པོར་བཤད་ན།  ད་རེས་ཁུལ་དེར་ཡང་འདི་ལྟར་’’འོན་ཀྱང་ལྟ་གྲུབ་རྒྱ་ཆེ་ཆུང་དང་གཏིང་ཟབ་ལུགས་ལ་བལྟས་ན་ནང་པ་རྒྱ་ཆེ་བར་བརྟེན་ཚན་རིག་པ་ཚོས་འབྲེལ་བ་བྱེད་བཞིན་ཡོད། སྤྱི་ཡོངས་ཀྱི་ཚན་རིག་པས་ཆོས་ཞེས་བརྗོད་སྐབས་ཐག་རིང་པོར་སྡོད་ཀྱི་ཡོད་ཀྱང་ནང་པའི་ཆོས་ཞེས་བརྗོད་སྐབས་དེ་རིང་ཁ་སང་དམིགས་བསལ་བརྩི་བཞིན་འདུག’’ཅེས་དང་། རྒྱུ་མཚན་དེའི་ཕྱིར་ནང་པའི་ཆོས་འདི་རྒྱུ་མཚན་དང་ཚན་རིག་མཉམ་དུ་འགྲོ་ཐུབ་མཁན་གྱི་ཆོས་ཤིག་ཡིན་བསམ་པར་བྱས་ནས་སློབ་སྦྱོང་བྱ་དགོས་པའི་ནན་བཤད་གནང་བ་འདི་དག་གིས་ག་རེ་སྟོན་གྱི་འདུག་ཅེ་ན། འཛམ་གླིང་གི་ཆོས་ལུགས་ཕལ་མོ་ཆེས་ཆོས་ལུགས་ཀྱི་ངོ་བོ་དང་གོ་དོན་ཧྲིལ་པོ་ཡིད་ཆེས་ཀྱིས་རྫོགས་པར་བྱེད་པ་དང་། ཆོས་ལུགས་ག་གེ་མོར་ལྟ་གྲུབ་དང་རྒྱུ་མཚན་གྱི་རྨང་གཞི་འཚོལ་ཐབས་བྱེད་པ་འདི་ནི་དོན་ལ་རྒྱལ་ཁབ་དང་མི་རིགས་དེའི་ཆོས་ལུགས་རྩ་གཏོར་གཏོང་བའི་ཐབས་ཤེས་སུ་བརྩི་བའི་བག་ཆགས་ཤིག་སེམས་གཏིང་དུ་མངོན་གསལ་མེད་པའི་ཐོག་ནས་གནས་ཡོད་པ་གསལ་པོ་རེད།  

འོན་ཀྱང་བོད་ཀྱི་ནང་ཆོས་ནི་ར་བ་དེ་ལས་བརྒལ་ཏེ་ཆོས་མེད་རིང་ལུགས་ཚོའི་ཡིད་ཀྱི་དབང་པོར་ཡང་འགུལ་སྐྱོད་གཏོང་བའི་རིག་རྩལ་གྱི་ཤེས་བྱ་སྐྲུན་གྱི་ཡོད། མདོར་ན་དེང་སང་གི་ཤར་ནུབ་གཉིས་ཀའི་ལྟ་གྲུབ་སྨྲ་བ་དང་། ཤེས་ཡོན་ཅན་དེ་ཚོས་བོད་ཀྱི་ནང་ཆོས་ནི་ཆོས་ལུགས་ཤིག་མ་རེད། དེ་ནི་སེམས་ཀྱི་ཚན་རིག་ཅིག་རེད་ཅེས་སྡོམ་རྒྱག་གི་ཡོད་པ་འདི་རེད།  ངས་ཆོས་ལུགས་ཀྱི་རྨང་གཞིའི་ལྟ་གྲུབ་ཀྱི་ཁྱབ་ཁོངས་ནང་ཡིད་ཆེས་དང་དད་པ་གཏན་ནས་མི་དགོས་པའི་འདུ་ཤེས་ཕྱོགས་རེ་བ་དེ་འདྲ་འཛིན་མི་འདོད་པར། དད་པ་དང་ཡིད་ཆེས་ཙམ་ལས་སྤྲོས་པའི་གཞི་ལམ་འབྲས་བུའི་རྣམ་གཞག་གིས་བཅིངས་པའི་ཆོས་ལུགས་དེར། ང་ཚོའི་ངོས་ནས་ཀྱང་ཡང་དག་པའི་ལྟ་ཚུལ་དང་འགྲེལ་བཤད་རྒྱག་སྟངས་ཀྱང་མི་འདྲ་བ་ཞིག་འཚོལ་ཐབས་མི་བྱེད་པ་འདི་ཕངས་པོར་མཐོང་།  ང་ཚོས་གོ་སྐབས་འདི་དམ་འཛིན་མི་བྱེད་པའི་ངན་གོམས་ཤིག་སྤྱི་ཚོགས་སུ་ཁྱབ་པ་འདི་ཁོ་ནས།  ཆོས་ལ་སྐྱོན་བརྗོད་ཡིན་ཁུལ་གྱི་དཔེ་དེབ་འགའ་མཐོང་བ་དང་རི་བོང་ཅལ་འདྲོགས་ཀྱི་ངང་ཚུལ་འཛིན་པ་འདི་འབྱུང་བཞིན་ཡོད། འདིའི་ཐོག་ལའང་ད་རེས་ནན་བཤད་འདི་འདྲ་ཞིག་གནང་འདུག  དེང་སང་བོད་རིགས་ནང་ནས་ཆོས་ལ་སྐྱོན་བརྗོད་བྱས་པའི་དེབ་བོད་ནང་འབྲི་མཁན་དེ་འདྲ་ཁ་ཤས་ངོས་ཀྱིས་མཐོང་བྱུང་།  དེ་ལྟར་སྐྱོན་བརྗོད་བྱེད་པར་སྔོན་ལ་སངས་རྒྱས་པའི་ཆོས་ཆ་ཚང་ཤེས་པའི་ཐོག་ནས་སྐྱོན་བརྗོད་བྱས་ན་འགྲོ་སྟངས་ཤིག་རེད། སྔོན་ལ་སངས་རྒྱས་པའི་ཆོས་མ་ཤེས་པར་ནང་ཆོས་རོབ་ཙམ་ཞིག་གོ་བ་དང་། རྒྱ་མི་གུང་བྲན་གྱིས་ཆོས་ལ་སྐྱོན་བརྗོད་བྱས་པ་དེ་ནས་ཏོག་ཙམ་ཞིག་བླངས་ཏེ་ཡིད་ཆེས་བྱས་ནས་འགྲོ་བཞིན་འདུག་པས་དེ་བྱབ་ཆུང་རེད།   ཅེས་གསུངས་ཡོད།། 

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༣ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 4

  1. གོང་དཀར་ངག་རྣམ། says:
    ལོ་ 14 སྔོན།

    སྨར་ཀླུང་དཔལ་ལ་ལགས་ཀྱི་ཁོ་བོའི་དཔྱད་བརྗོད་ལ་གདེང་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ།
    སློབ་གསེང་ནས་འདི་ལྟར་རྩོམ་ཡིག་ཕྲན་ཚེགས་དེ་འདྲ་སྤེལ་རྒྱུ་ནི་རང་ཉིད་ཀྱི་དགའ་སྣང་རང་ཡིན་པས། འདི་ནམ་ཡང་མཚམས་འཇོག་མི་སྲིད་ལ། མ་འོངས་པར་ཡང་ངས་དྲང་བདེན་དང་ཡང་དག་པའི་འདུ་ཤེས་འོག་ནས་བོད་དོན་གླེང་གི་ཡིན།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    རྒན་ངག་རྣམ་ལགས་ཀྱིས་ཕྱོགས་སུ་མ་ལྷུང་བའི་བསམ་ཚུལ་འདི་ལ་གུས་པའི་སེམས་གཏིང་ནས་གངས་ཅན་ཤེས་ལྡན་ཡོངས་ཀྱིས་ཐུགས་བསམ་དཀྱེལ་ཆེའི་ཀློང་ནས་དུས་ནམ་ཡང་ཡལ་མི་གནང་བའི་གནད་དོན་གལ་ཆེན་ཞིག་གི་རྒྱུད་བསྐུལ་དོན་ལྡན་ངོ་མ་ཞིག་ཏུ་མཐོང་། ཁོང་གིས་ (མདོར་ན་དེང་སང་གི་ཤར་ནུབ་གཉིས་ཀའི་ལྟ་གྲུབ་སྨྲ་བ་དང་། ཤེས་ཡོན་ཅན་དེ་ཚོས་བོད་ཀྱི་ནང་ཆོས་ནི་ཆོས་ལུགས་ཤིག་མ་རེད། དེ་ནི་སེམས་ཀྱི་ཚན་རིག་ཅིག་རེད་ཅེས་སྡོམ་རྒྱག་གི་ཡོད་པ་འདི་རེད། ངས་ཆོས་ལུགས་ཀྱི་རྨང་གཞིའི་ལྟ་གྲུབ་ཀྱི་ཁྱབ་ཁོངས་ནང་ཡིད་ཆེས་དང་དད་པ་གཏན་ནས་མི་དགོས་པའི་འདུ་ཤེས་ཕྱོགས་རེ་བ་དེ་འདྲ་འཛིན་མི་འདོད་པར། དད་པ་དང་ཡིད་ཆེས་ཙམ་ལས་སྤྲོས་པའི་གཞི་ལམ་འབྲས་བུའི་རྣམ་གཞག་གིས་བཅིངས་པའི་ཆོས་ལུགས་དེར། ང་ཚོའི་ངོས་ནས་ཀྱང་ཡང་དག་པའི་ལྟ་ཚུལ་དང་འགྲེལ་བཤད་རྒྱག་སྟངས་ཀྱང་མི་འདྲ་བ་ཞིག་འཚོལ་ཐབས་མི་བྱེད་པ་འདི་ཕངས་པོར་མཐོང་། ང་ཚོས་གོ་སྐབས་འདི་དམ་འཛིན་མི་བྱེད་པའི་ངན་གོམས་ཤིག་སྤྱི་ཚོགས་སུ་ཁྱབ་པ་འདི་ཁོ་ནས། ཆོས་ལ་སྐྱོན་བརྗོད་ཡིན་ཁུལ་གྱི་དཔེ་དེབ་འགའ་མཐོང་བ་དང་རི་བོང་ཅལ་འདྲོགས་ཀྱི་ངང་ཚུལ་འཛིན་པ་འདི་འབྱུང་བཞིན་ཡོད་) ཞེས་པ་འདི་ནི་ངོ་མ་བོད་མི་རིགས་ཀྱི་དོན་དུ་གཉེར་དགོས་པ་དང་། རིག་པ་རྣལ་མ་གསར་འགྲོག་གིས་མ་ལྷད་པར། མི་རིགས་ཤིག་ལ་ཐུན་མིན་གྱི་རིག་གཞུང་བཟང་པོ་ཞེས་པ་དེ་ནི། འཛམ་གླིང་ན་གྲགས་ཅན་གྱི་མི་སྣ་མཁས་པ་དེ་ཚོས་རྩ་བའི་གཞི་གང་ལ་འཛིན་ཀྱི་ཡོད་པ་དང་མཐོང་ཆེ་བར་བྱེད་ཀྱི་ཡོད་པ་དེ་ཡོངས་གྲགས་ཏུ་ཕྱིན་དུས་ངེས་པར་དུ། དེའི་སྔོན་ནས་ནང་མི་དག་གི་ཤེས་དགོས་པ་མ་ཚད་དེ་ལ་སློབ་སྦྱོང་བྱང་ཆུབ་པ་དང་། རིན་ཐང་ཆེ་བར་བརྩི་ཤེས་དགོས་པ་ནི་གནད་ཆེ་བ་དང་དོན་ཆེ་བ་ཞིག་ཅི་ཡི་ཕྱིར་མིན། དེ་ལྟར་མ་ཤེས་ནས། དགག་ཁུལ་དང་སྐྱོན་བརྗོད་ཁུལ་དེ་ལ་རྒྱབ་སྐྱོར་དང་ཡི་རང་བྱེད་ཁུལ་སོགས་ནི་ཁ་ཟས་བཟང་པོ་རོལ་སའི་སྣོད་དུ། ངན་སྐྱུག་བྲོ་བའི་བཙོག་པས་གཡོག་པ་དང་ཆ་རྐྱང་ལས་རང་གཞན་སུ་ལ་ཡང་ཕན་མི་ཐོག་ཁར་མི་རིགས་དེ་ཉིད་ཀྱི་ནང་དུ་རིག་པ་རྣལ་མ་ཁག་གཉིས་སུ་མི་མཐུན་པ་བཟོ་ཐུབ་པའི་དཀྲུག་རྐྱེན་གྱི་འགོང་པོ་ཞིག་འཛུལ་བ་མ་ཚད་ལོག་ལམ་དུ་ཁྲིད་ཐུབ་པའི་ངན་གཡོ་ཚབ་ཆེན་ཞིག་གི་སྟ་གོན་ཡང་བྱེད་ཀྱིན་ཡོད་པ་གསལ་པོ་རེད། དེར་བརྟེན་བོད་གངས་ཅན་གྱི་ཤ་ཁྲག་ལས་གྲུབ་པ་རིག་ཡོན་ལྡན་པའི་སྐྱ་སེར་ཡོངས་ཀྱིས་ཆོས་ལུགས་ཀྱི་རྨང་གཞིའི་ལྟ་གྲུབ་ཀྱི་ཁྱབ་ཁོངས་ནང་ཡིད་ཆེས་དང་དད་པ་གཏན་ནས་མི་དགོས་པའི་འདུ་ཤེས་ཕྱོགས་རེ་བ་དེ་འདྲ་འཛིན་མི་གནང་བར། དད་པ་དང་ཡིད་ཆེས་གཙང་མ་ལས་སྤྲོས་པའི་གཞི་ལམ་འབྲས་བུའི་རྣམ་གཞག་གིས་ཆིངས་ཆེན་པོ་དང་ནང་དོན་ཕུན་སུམ་ཚོགས་པའི་ཆོས་ལུགས་འདི་ལ། ང་ཚོའི་ངོས་ནས་ཀྱང་ཡང་དག་པའི་ལྟ་ཚུལ་དང་འགྲེལ་བཤད་རྒྱག་སྟངས་ཀྱང་མི་འདྲ་བ་ཞིག་གི་ཐབས་ལམ་འཚོལ་ཐབས་མི་བྱེད་པར་འོན་ཆོ་རེ་སྡོད་པ་འདི། ཕངས་པོར་མཐོང་དགོས་པ་ནི་ངོ་མ་རྒྱུ་མཚན་ཡང་དག་པ་ཞིག་འདུག་པར་ཚོར་བས། ཤེས་ནས་དད་པ་དང་སློབ་སྦྱོང་ལ་ཉམས་ལེན་གྱི་གྲུབ་འབྲས་དངོས་སུ་ལོངས་སྤྱོད་ཚད་དང་ལྡན་པ་ཞིག་རང་ས་རང་སའི་ཁྱབ་ཁོང་ནས། འགྲོ་བ་སེམས་ཅན་ཡོད་དོ་ཅོག་གི་དོན་དུ་ཞི་བདེ་སྒྲུབ་པའི་ལམ་ངོ་མ་ནང་ཆོས་འདི་ལས་ལྷག་པའི་ལམ་གཞན་པ་ཞིག་དང་བྱ་བ་གཞན་པ་ཞིག་ཡུལ་དུས་གནས་སྐབས་གང་དུ་ཡང་མི་འདུག་པ་སེམས་ཀྱི་གཏིང་ནས་གོ་བ་ལོན་ཐབས་བྱེད་དགོས་པ་ནི་འདི་ཕྱི་ཀུན་ཏུ་དགེ་བའི་ལས་ཀ་དོན་ཆེན་པོ་དང་བརླབ་ཆེན་པོ་ཡིན་པ་ངེས་པར་དུ་ཡིད་ལ་འཇོག་དགོས་པའི་བསྐུལ་མ་ཡང་ཡང་ཞུ་གི་ཡོད།
    འདི་ལྟ་བུའི་བསམ་ཚུལ་འཁོ་གཏོང་བ་ལ་ཡང་གུས་པའི་ངོས་ནས་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡོད།

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    རིགས་སློབ་ངག་རྣམ་ལགས་ཀྱིས་སྡེ་ཚན་ལྔ་ཡི་སྒོ་ནས་རྩོམ་ཡིག་ཡག་པོ་ཞིག་མཁོ་འདོན་གནང་པར་བསྔགས་བརྗོད་ཡོད། འབྱུང་འགྱུར་ཡང་རྩོམ་རིགས་གང་མང་སྤེལ་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད། ནང་པའི་ཆོས་ལ་སྐྱོན་བརྗོད་བྱེད་མཁན་ཡིན་མིན་ལ་མ་ལྟོས་པར། སངས་རྒྱས་ཀྱི་གཞི་ལམ་འབྲས་བུའི་རྣམ་གཞག་ལ་རྒྱུས་མངའ་ཡོད་པ་གནང་རྒྱུ་ཤིན་ཏུ་གལ་ཆེན་པོར་མཐོང་། རྒྱུས་ལོན་ཡོད་པའི་ཐོག་ནས་སྐྱོན་བརྗོད་དང་ཉམས་ལེན་གྱི་འཇུག་ལྡོག་ཇི་ལྟར་བྱེད་སོ་སོའི་འདོད་མོས་རེད་ལ་སོ་སོར་ཐོབ་ཐང་ཡང་རེད།
    ཞར་བྱུང་དུ་ཞུ་རྒྱུར། ནང་ཆོས་ལ་བསྐྱོན་བརྗོད་བྱེད་མཁན་ཚོས་བཤད་པ་ལྟར། ༡༽ཚངས་སྤྱོད་རབ་བྱུང་གི་སྡེ་མང་པོ་ཆགས་ན་མི་རིགས་འཕེལ་རྒྱས་ལ་གནོད་པ་དང་། ༢༽མི་ཚེ་ཧྲིལ་པོ་ནང་ཆོས་ལ་ཐོས་བསམ་སློབ་གཉེར་གནང་མཁན་མང་དྲགས་ན་ཕྱི་དཔལ་འབྱོར་གྱི་འཛུགས་སྐྲུན་ལ་གནོད་པ། ༣༽རྒྱལ་ཁབ་ཅིག་འཛིན་སྐྱོང་བྱེད་པར་དགྲ་འདུལ་གཉེན་སྐྱོང་མང་པོ་བྱེད་དགོས་སྟབས་དེ་ལ་ནང་པའི་ཆོས་ཀྱིས་འགོག་རྐྱེན་བཟོ་ཡི་ཡོད་ཚུལ་གསུངས་པ་དེ་བདེན་པར་མངོན་པས། སྐུ་ཉིད་ཀྱིས་དགོངས་ཚུལ་ཞིག་གསུངས་རོགས།

    Reply
  4. གོང་དཀར་ངག་རྣམ། says:
    ལོ་ 14 སྔོན།

    ངོ་མཚར་གྱི་ལེའུ་ཞེས་པའི་ནང་། གཤམ་གྱི་བཀའ་སློ་བདུན་བུ་དེ་འཇུག་རོགས་

    རྟེན་ཞེས་པའི་ནང་འདི་ལྟར་གསལ་པོར་བཤད་ན།་་་་་་་་་་་་་་་་་་ ད་རེས་ཁུལ་དེར་ཡང་
    གསལ་པོར་བཤད་ན་ཚན་རིག་གིས་མངོན་སུམ་གྱི་དངོས་ཡོད་གནས་ལུགས་མ་གཏོགས་གཟུགས་འདས་རིག་པའི་གནད་དོན་དང་། ཀུན་སྤྱོད་རིག་པ་ལ་ཐེ་གཏོགས་བྱེད་ཀྱི་མེད་། ཡིན་ཡང་ནང་པའི་གཞུང་དུ་འདི་གསུམ་ཀར་འཚོལ་ཞིབ་ནན་མོ་ཞིག་བྱེད་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན། ཞེས་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese