ཁ་སང་རྒྱ་དམག་གི་དམ་དྲག་ཆེན་པོའི་འོག་གྲྭ་ཚེ་དབང་ནོར་བུའི་སྐུ་ཕུང་རྟའུ་ཉ་མཚོ་དགོན་དུ་བཞུགས་འབུལ་ཞུས་ཡོད་འདུག སྐབས་དེར་ས་གནས་བོད་རིགས་མང་ཚོགས་ཆིག་ཁྲི་ ༡༠༠༠༠ ལྷག་འདུ་འཛོམས་ཀྱིས་མྱ་ངན་ཞུས་ཡོད་འདུག
ཕྱི་ཚེས་ ༡༥ ཉིན་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་པའི་བདེན་དོན་དང་། རང་དབང་གི་ཆེད་དུ་སྐུ་ལུས་མེར་བསྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་རྗེས། རྒྱ་དམག་གིས་འདས་པོའི་ཕུང་བོ་བཙན་འཕྲོག་བྱེད་རྩིས་བྱས་ཡོད་ཀྱང་། དགོན་པའི་གྲྭ་མང་ཚོས་སྲུང་སྐྱོབ་དམ་པོས་སྐུ་ཕུང་དགོན་པར་གདན་ཞུ་གནང་སྟེ་བསྔོ་སྨོན་མཆོད་འབུལ་གནང་ཡོད།
ངྷ་སར་གནས་སྡོད་རྟའུ་བློ་བཟང་མཁས་གྲུབ་ལགས་ཀྱིས་བརྗོད་པ་ལྟར། རྟའུ་ཉ་མཚོ་དགོན་པའི་དུར་ཁྲོད་དགོན་པའི་རྒྱབ་རིའི་ངོས་སུ་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧ པའི་ཐོག་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚོས་འདས་པོའི་སྐུ་ཕུང་དགོན་པའི་རྒྱབ་རིའི་སྟེང་བཞུགས་འབུལ་གནང་རྩིས་བྱས་ཡོད་ཀྱང་། རྒྱ་དམག་གིས་དགོན་པའི་མཐའ་བསྐོར་ཏེ་ཕར་འགྲོ་ཚུར་འོང་གི་ལམ་ཁ་ཡོངས་སུ་བཀག་སྡོམ་བྱས་ཡོད་སྟབས། མཐར་དམ་པ་དེའི་སྐུ་ཕུང་དགོན་པ་རང་ནས་བཞུགས་འབུལ་ཞུ་དགོས་བྱུང་ཡོད་པ་དང་། སྐབས་དེར་རྒྱ་དམག་གིས་དགོན་པ་ཡོངས་སུ་བསྐོར་ཏེ་ཕྱི་ཕྱོགས་ཀྱི་མི་གཅིག་ཀྱང་དགོན་པར་བསྐྱོད་བཅུག་མེད་པར་དམ་དྲག་ཤུགས་ཆེན་བྱས་ཡོད་ཀྱང་། སྐུ་ཕུང་བཞུགས་འབུལ་སྐབས་རྟའུ་རྫོང་དང་དགོན་པའི་ཉེ་འདབས་ཀྱི་བོད་རིགས་མང་ཚོགས་ ༡༠༠༠༠ ལྷག་དགོན་པའི་མཐའ་རུ་འཛོམས་ཏེ་འདས་པོར་མྱ་ངན་བྱས་ཡོད་འདུག
ཉེ་ཆར་གྱི་དོན་རྐྱེན་དེའི་དབང་གིས་རྒྱ་གཞུང་གིས་རྟའུ་རྫོང་ཐོག་དང་བོད་མི་འདུས་སྡོད་ཆེ་ཤོས་ཀྱི་གྲོང་སྡེ་ཁག་ཏུ། དམག་དཔུང་ཕོན་ཆེན་འགྲེམས་འཇོག་གིས་ཉིན་མཚན་དུས་དྲུག་ཏུ་ལྟ་སྲུང་ནན་མོ་བྱས་ཡོད་པ་དང་། ཉེ་ལམ་དོན་རྐྱེན་དེ་བྱུང་རྗེས་རྒྱ་གཞུང་གིས་ཉ་མཚོ་དགོན་པར་ཆུ་དང་གློག་བཅད་དེ་གྲྭ་མང་ལ་གནོན་ཤུགས་སྤྲད་ཡོད་ཀྱང་། དེ་ལ་མང་ཚོགས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན་ད་ཆར་བསྐྱར་དུ་ཆུ་གློག་བཏང་ཡོད་ཀྱང་། རྟའུ་བྲག་དཀར་བཙུན་དགོན་གྱིས་ཟླ་སྔོན་མར་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་བྱས་ཡོད་སྟབས། དུས་ད་ལྟའང་བཙུན་དགོན་དེར་གློག་བཅད་ཡོད་འདུག
བློ་བཟང་མཁས་གྲུབ་ལགས་ཀྱིས་བརྗོད་དོན། “ ཉ་མཚོ་དགོན་པ་ནི་རྟའུ་ཁུལ་གྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་དེ་ཡིན་པ་དང་། དགོན་པ་དེར་ས་གནས་མང་ཚོགས་ཀྱིས་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཕྱི་ཚེས་ ༡༧ ཉིན་ཉ་མཚོ་དགོན་པར་འདས་པོའི་སྐུ་ཕུང་བཞུགས་འབུལ་གནང་སྐབས་ཉེ་འཁོར་གྱི་བོད་མི་ཆིག་ཁྲི་ལྷག་འདུ་འཛོམས་བྱུང་འདུག དེར་རྒྱ་གཞུང་ཁོང་ཁྲོ་ལངས་ཡོད་ས་རེད། སི་ཁྲོན་ཞིང་ཆེན་གྱི་རྒྱ་རིགས་མགོ་ཁྲིད་ལིག་ཞའོ་ཕིན་ཟེར་བ་ཞིག་དགོན་པར་ཡོང་སྟེ། དགོན་པ་འདི་ཁ་བྲལ་ལས་འགུལ་སྤེལ་མཁན་གཏེ་བོ་ཞིག་ཆགས་ཡོད། ཁྱོད་ཚོས་ཡག་པོ་མ་བྱས་ན་དགོན་པ་འདི་སྒོ་རྒྱག་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་སོང་ཟེར། ཁམས་རྟའུ་ས་ཁུལ་གྱི་སྐད་དེ་ལོག་སྐད་ཆགས་ཡོད་སྟབས། དོན་རྐྱེན་དེའི་སྐོར་རྒྱ་སྐད་ནང་མཁོ་སྤྲོད་བྱེད་པ་ལས། བོད་སྐད་ནང་གོ་བརྡ་འཕྲོད་ཀྱི་མེད་དུས་དཀའ་ངལ་ཆེན་པོ་འདུག་ ” ཅེས་བརྗོད་བྱུང་།
ཕྱི་ཚེས་ ༡༥ ཉིན་གྱི་དོན་རྐྱེན་དེ་བྱུང་རྗེས་བཙན་བྱོལ་བོད་མིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག དགོན་སྡེ་ཁག་བཅས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་འདྲ་མིན་སྤེལ་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་། ཁ་སང་ཕྱི་ཚེས་ ༡༧ ཉིན་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་བཅས་ཀྱིས་ཛ་དྲག་ཐོག་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། ཁམས་རྟའུ་ཉ་མཚོ་དགོན་པའི་འདས་པོ་ཚེ་དབང་ནོར་བུ་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་ཁམས་རྟའུ་གཙོས་པའི་བོད་ནང་གི་བོད་མི་ཚོར་དྲག་གནོན་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུས་འདུག
ཁམས་རྟའུ་རྫོང་ནི་རྒྱ་བོད་ས་མཚམས་ཀྱི་བོད་རིགས་རྫོང་ཞིག་ཡིན་ཞིང་། རྫོང་དེར་ཁྱོན་བོད་མི་ ༥༠༠༠༠ ཙམ་ཡོད་འདུག ཉ་མཚོ་དགོན་པར་བོད་ས་མ་ཤོར་གོང་གྲྭ་བ་ ༢༠༠༠ ལྷག་ཡོད་ཀྱང་ད་ཆར་གྲྭ་བ་ ༣༠༠ ཙམ་ལས་མི་འདུག
གསར་འགོད་པ། དཔལ་ལྡན།
སྙིང་སྟོབས་ཀྱིས་ཕྱུག་པས་དཔའ་བོ་ཚེ་དབང་ལགས་ཁྱེད་ནི་བོད་མི་རིགས་ཀྱི་ཁྱེད་ནོར་རེད
སྐུ་ཞབས་ཚེ་དབང་ནོར་བུ་མཆོག་བོད་བསྟན་པ་ཆབ་སྲིད་དོན་དུ་རང་སྲོག་བློའི་བཏང་བྱས་པ་དེ་གདུང་སེམས་མཉམ་སྐྱེད་དང་། ཁོང་གནས་སྐབས་ལུས་རྟེན་བཟང་པོ་ཞིག་དང་མི་རིང་བར་རྣམ་མཁྱེན་སངས་རྒྱས་གོ་འཕང་རིན་པོ་ཆེ་ཐོབ་པས་སྨོན་འདུན་ཞུ།
རྒྱལ་གཅེས་དཔའ་བོ་སྐུ་ཞབས་ཚེ་དབང་ནོར་བུ་དེ་ཉིད་ལ་གུས་བཏུད་ཞུ།
སྐུ་བཤགས་དམ་པ། རྒྱལ་གཅེས་དཔའ་བོ། སྙིང་སྟོབས་གངས་སེང་ལས་ཆེ། དཔའ་སྙིང་རྒྱ་སྟགས་ལས་ངར། ཨ་མའི་བུ། བཙན་པོ་གདོང་རྒྱུད། ཁྱེད་ཀྱིས་བདེན་དོན་དང་རང་དབང་།ཐོབ་ཐང་དང་འདྲ་མཉམ།མདོར་ན་ གངས་ཅན་པའི་ཆེད་དུ་ཡོད་ཚད་བློས་གཏོང་བྱས་། ་ལེགས་བྱས་འབུམ་ལྡན་གྱི་སྐུ་ལུས་སྟིང་གི དམར་ལྷབ་ལྷབ་དུ་འབར་བའི་མེ་ལྕེ་རྩུབ་པོས་གཡོ་རྫུན་མཁས་བའི་རྒྱ་དམར་གྱི་སྨྲ་ལྕེ་ཡང་ ཐུལ་གྱིས་སྲེག །སྐྱེས་མཆོག་ལགས་ཐུགས་བདེ་མོ་ངང་བྱོན་དང་།ང་ཚོ་ཤུལ་ལུས་སྤུན་ཟླ་ཚོས་གཅིག་སྒྲིལ་གྱི་དཔུང་གདང་སྒྲིག་ནས་རང་ས་རང་གི་ལེན་རྒྱུ་དམ་བཅའ་ཕུལ་ཡོད། ༸གོང་ས་ཡིད་བཞིན་ནོར་བུ་ལགས་གྲྭ་ཚེ་དབང་ནོར་བུ་མཆོག་ལ་ཕྱི་མའི་ལམ་བཟང་ཞིག་བསྟན་དུ་གསོལ།།འདི་ནས་ཤི་འཕོས་གྱུར་མ་ཐག །དགའ་ལྡན་སྐྱེ་ནས་ཡིད་དགའ་བ།།མྱུར་ཏུ་བྱམས་མགོན་མཉེས་བྱས་ནས།།བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །།
རྒྱལ་གཅེས་དཔའ་རྒོད་གྲྭ་ཚེ་དབང་ནོར་བུ་མཆོག་ལ་སེམས་ཁོང་རུས་པའི་གཏིང་ནས་མྱ་ངན་ཞུ། དཔའ་རྒོད་རེ་རེ་བཞུད་ཤུལ་ནས་ང་ཚོས་མྱ་ངན་ཞུ་ཚིག་རེ་ལས་ཇི་ཡང་འཇོན་ཀི་མེད། དེའི་ཞོར་ནས་ད་དུང་མར་མེ་ཁྲོམ་སྐོར་རེ་བྱས་རྗེས་རྒྱལ་གཅེས་དཔའ་རྒོད་ཁོང་ཚོའི་རེ་འདུན་དང་ཕྱི་རབས་པར་བཞག་པའི་ཁ་ཆེམས་ཡོད་ཚད་མཇུག་བསྡུ་ཀི་ཡོད། ང་ཚོའི་ཁོང་ཅག་གི་རེ་འདུན་བསྒྲུབ་མི་ཐུབ་ཀྱང་ང་ཚོའི་སྒྲིག་ཁོང་ནས་འཇིག་མི་ཐུབ་པའི་རྡོ་རིང་ཞིག་བཞེངས་ནས་རང་ཉིད་ཀྱི་ཚེ་སྲོག་མི་རིགས་ཀྱི་ཕྱིར་དུ་ཕུལ་ཟིན་པའི་རྒྱལ་གཅེས་པ་རེ་རེའི་མིང་གཞུང་མུ་མཐུད་ནས་རྡོ་རིང་གི་ངོས་སུ་ཕབ་དགོས། རྒྱལ་གཅེས་པ་རེ་རེ་བཞིན་འདི་ལྟར་བཞུད་སོང་ནའང་ང་ཚོའི་ངོས་ནས་དྲན་རྟེན་ལྟ་བུ་ཞིག་དང་ཁོང་ཚོ་ཅི་ཞིག་གི་ཆེད་དུ་ཚེ་སྲོག་བློས་བཏང་གནང་བ་ང་ཚོའི་ཕྱི་རབས་པའི་སྡེ་ལ་གསལ་བཤད་ཡང་དག་ཅིག་གནང་རྒྱུའང་གལ་ཆེན་ལྟ་བུ་སྣང་།
དམ་པ་འདིའི་བསྟན་སྲིད་དངམི་རིགས་ཀྱི་དོན་དུ་་སྐུ་ལུས་མཆོད་མེ་འབུལ་བ་འདི་ང་ཚོས་ནམ་ཡང་བརྗེད་མི་ཕོད།
གྲྭ་གྲོགས་ཚོ་གཞིས་ན་སྡུག་གི་ཁུར་བོ་མ་ཐེག་པར་ཡོད་སྐབས་བྱེས་ནས་དགོས་མེད་ཀྱི་ཆོལ་ཁའི་ན་ཚ་གླེང་མཁན་འདི་དོགས་གཞི་ཧ་ཅང་ཆེ་བས་གང་བྱུང་གཡམ་རྒྱུགས་མ་བྱེད།
དོན་གྲུབ་བཀྲ་ཤིས་ལགས་ཀྱིས་གསར་འགོད་པ་ཞིག་གི་ལྟ་ཚུལ་གང་འདྲ་ཞིག་བཟུང་བའི་ཐོག་གསར་འགྱུར་སྤེལ་གྱི་ཡོད་པ་ངོ་སྤྲོད་གནང་བ་དེ་བདེན་པ་རེད།
དེ་ནས་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་སྒྲོན་པའི་གསར་འགྱུར་འདི་ད་ལན་ཅུང་འཐུས་ཚང་ངང་གཙོ་གྲས་གསར་འགྱུར་དུ་སྤེལ་འདུག་པར་དགའ་བསུ་ཞུ།
དེ་མིན་ཉིན་འགའི་སྔོན་དུ་གནས་ཚུལ་འདིའི་སྐོར་ལ་གསར་འགྱུར་ཞིག་སྤེལ་བ་དེ་གཙོ་གྲས་གསར་འགྱུར་དུ་མ་བཀོད་པས་མཐོང་ཕྱོགས་ཡོང་ངེས་རེད། དེ་རྗེས་ཐེངས་འདིར་སྤེལ་བའི་གསར་འགྱུར་འདི་ཡང་ཉིན་འགའི་རྗེས་ལ་མ་གཏོགས་སྤེལ་ཐུབ་མ་སོང་།
ཟླ་བ་འདིའི་ནང་གི་གསར་འགྱུར་ཆེ་ཤོས་དེ་བཀའ་ཁྲིའི་ཁྲི་སྟོན་མཛད་སྒོ་དང་། གནས་ཚུལ་འདི་གཉིས་ཆེ་ཤོས་རེད། དེའི་ཚོད་ཀྱིས་གསར་འགྱུར་ཁང་དུས་བབ་དང་བང་ཆེན་གཉིས་ཀའི་ངོས་ནས་དྲ་ལམ་ཁག་ཏུ་གནས་ཚུལ་ཞིབ་ཚགས་མཁོ་འདོན་བྱེད་ཐུབ་མ་སོང་ལ། ཁ་བརྡ་ལྟ་བུའི་བཤད་རྒྱུ་མང་པོ་ཅན་དེ་ཚོའི་ནང་གི་དྲ་གྲོགས་དེ་ཚོ་ཡང་ད་ལན་ཁ་ཞེ་དྲག་ཁ་གྲགས་མ་བྱུང་ཨང་། དེར་བརྟེན་ད་ལན་མཐོང་ཚུལ་ཞིག་ཡོང་ངེས་བཞིན་བྱུང་འདུག་བསམ་བྱུང་།
རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་མི་རིགས་ཀྱི་རང་དབང་དང་། མ་འོངས་པའི་བདེ་སྐྱིད་ཆེད་དུ་སྐུ་སྲོག་གི་མཆོད་མེད་ཕུལ་བར་སྙིང་ཁུང་རུས་པའི་སྟེང་ནས་བསྔགས་བརྗོད་དང་། གདུང་སེམས་མཉམ་སྐྱེད་ཁྲི་ཕྲག་གི་སྐྱེལ་མ་ཡོད།
སྔར་ལྟ་ཚུལ་འདྲ་མིན་སྐྱེས་མྱོང་བར་བཟོད་གསོལ་ཞུ་བ་དང་སྦྲགས། དོན་གྲུབ་བཀྲ་ཤིས་ཀྱིས་གསལ་བཤད་ར་སྤྲོད་ལ་བརྒྱ་ཆའི་བརྒྱ་མོས་མཐུན་དང་། གནས་ལུགས་རྒྱུ་མཚན་གཏིང་ཟབ་མོས་ཐོག་ནས་སེད་བཀྲོལ་གནང་བ་དེ་དུས་ས་བབ་པ་ཞིག་ཏུ་མཐོང་བྱུང་།
རྒྱལ་བཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས། ཁྱེད་བདེ་བར་བཞུད་ཅིག ང་དང་ང་འདྲ་བའི་གངས་རིའི་བུ་ཕྲུག་ཚོའི་ཟུང་ཁྲག་དམར་པོ་འདི་ས་ལ་མ་ཐིམ་བར། རུས་གོང་དཀར་པོ་འདི་རྡོ་ལ་མ་གྱུར་བར། ཁྱེད་ཀྱི་མཛད་རྗེས་ནམ་ཡང་བརྗེད་མི་སྲིད་ལ། ཁྱེད་ཀྱི་བྱས་པ་དེ་ནམ་ཡང་ཆུད་ཟོས་ལ་གཏོང་མི་སྲིད།
བཙན་པོའི་བུ་ལགས། སྤྱིར་བཏང་འདི་འདྲའི་ལྟ་སྟངས་འཛིན་པ་ནི་ཧ་ཅང་བྱབ་ཆུང་ཡིན་མོད། ཕྱོགས་གཞན་ཞིག་ནས་བཤད་ན་ཁྱོད་ལའང་ཅི་ཁག བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གུ་དོག་དཀྱེལ་ཆུང་གི་མིག་དབང་སྤྱད་དེ་བོད་ཀྱི་དུས་བབ་ཀློག་མཁན་ཞིག་ཡིན་ན། དོགས་པ་རྣམ་རྟོག་གི་འདྲེ་དགུ་འཁོར་སའི་གནས་སྐབས་དེ་བས་ཀྱང་མང་ངེས་ཡིན། གནད་དོན་འདིའི་ཐད་ནས་ད་བར་བོད་ཀྱི་དུས་བབ་ཀྱིས་འཁང་ར་དང་སྡིགས་སྨོད། སྐྱོན་བརྗོད་མི་ཉུང་བ་ཞིག་འཁུར་དགོས་བྱུང་། བོད་ཀྱི་དུས་བབ་ལ་སྐྱོན་དང་ནོར་འཁྲུལ་རྩ་ནས་མེད་པ་ཞིག་ཡོང་དཀའ་མོད། གནས་ཚུལ་མང་པོ་ཞིག་གི་ཐད་ནས་དོན་མེད་དུ་སྐྱོན་བརྗོད་དང་། བློ་ཕམ་སྐྱེ་གཞིའི་ཚིག་ངན་རིགས་བཟེད་འདོད་མེད་པས། དེ་རིང་གནས་ཚུལ་འདི་བརྒྱུད་ནས་ཐུགས་དོགས་ཡོད་རིགས་ཚོར་གསེད་བཀྲོལ་ཕྲན་བུ་ཞུ་རྒྱུ་ཡིན།
ས་ཆ་གང་ཞིག་ཏུ་མི་སུ་ཞིག་གིས་འབར་གས་དང་མེ་མདའ་སོགས་ཀྱི་དོན་རྐྱེན་ཆེ་ཆུང་ཅི་འདྲ་ཞིག་བསླངས་ཡོད་ཀྱང་། དེ་ལ་ཁྲིམས་ཐོག་ནས “འཇིགས་སྐུལ་རིང་ལུགས་པ” ཞེས་པའི་ངོས་འཛིན་མ་བྱས་བར་དང་། ཡང་ན། སྤྱི་དམངས་ཁྲོད་ཡོངས་ཁྱབ་ཏུ་འཇིགས་སྐུལ་རིང་ལུགས་པ་ཞེས་པའི་ཐ་སྙད་མ་སྤྱད་བར་དུ་གསར་འགོད་པས་ཁ་ཚོན་བཅད་དེ། འཇིགས་སྐུལ་རིང་ལུགས་པ་ག་གེ་མོ་ཞིག་གིས་ཞེས་མིང་འདོག་བྱེད་སྲོལ་མེད་ལ། དེ་བཞིན། རྒྱ་རིགས་ག་གེ་མོ་ཞིག་གིས་གཞུང་ཕྱོགས་ལ་ངོ་རྒོལ་གྱི་ལས་འགུལ་ཅི་འདྲ་ཞིག་སྤེལ་ཡོད་ཀྱང་། རྒྱབ་ལྗོངས་ལོ་རྒྱུས་ངེས་ཅན་ཞིག་མེད་པར་གསར་འགོད་པས་ “རྒྱ་རིགས་དམངས་གཙོ་དོན་གཉེར་བ་ག་གེ་མོ” ཞེས་འབྲི་བ་ཡང་ཚད་ལྡན་མིན། གསར་འགྱུར་གྱི་ནང་དོན་གང་ཟག་གཉིས་པའི་སྐད་ཆ་ལུང་འདྲེན་ཡིན་ན། “དཔའ་རྒོད” མིན་ཡང་དཔའ་རྒོད་བྲིས་ཆོག་ལ། “སྨྱོན་པ”མིན་ཡང་སྨྱོན་པ་ཞེས་བཀོད་ཀྱང་འགྲིག
དམ་པ་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་མཚོན་པའི་བོད་བསྟན་སྲིད་མི་རིགས་ཀྱི་བདེ་རྩའི་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཕངས་མེད་མཆོད་འབུལ་གནང་མཁན་རྒྱལ་གཅེས་དཔའ་རྒོད་དེ་དག་ལ་མཚོན་ན་ཡང་། གནས་ཚུལ་འབྲི་བ་བོ་དཔལ་ལྡན་དང་། ཞུ་དག་པ་དོན་འགྲུབ་བཀྲ་ཤིས་གང་ཟག་སྒེར་ངོས་ནས་བཤད་ན། རྒྱལ་གཅེས་དཔའ་བོ་ཞེས་བོས་ཀྱང་མཚན་གནས་དམའ་དྲགས་ཏེ་གུས་བཀུར་མ་བྱས་པ་ཞིག་དང་། ཚིག་རྒྱན་ཆུང་དྲགས་ཏེ་རིན་ཐང་མ་སྤྲད་པ་ཞིག་ཆགས་ཡོད། ཁོང་ཅག་གི་སྙིང་སྟོབས་དང་ཆོད་སེམས། ལར་ཞེན། བློས་གཏོང་སོགས་རླབས་ཆེན་གྱི་ཞབས་རྗེས་དང་འཚམ་པའི་མཚན་ཞིག་གསོལ་དགོས་ན། ང་ལྟ་བུ་ཞིག་གི་སེམས་ལ་དྲན་པ་དཀའ་ཞིང་ཚིག་གིས་མཚོན་པ་དཀོན་མོད། མར་གད་ཀྱི་རྡོ་རིང་བཞེངས་ཤིང་། གསེར་ནག་གི་ཡི་གེར་བཀོད་དེ། ཇི་སྲིད་བོད་པ་འཚོ་བའི་བར་དུ། དེ་སྲིད་སྙིང་གི་རུས་པའི་སྟེང་གི་རི་མོར་འཇོག་གོས་པ་ཞིག་ཅི་ནས་ཀྱང་ལོས་ཡིན།
འོན་ཀྱང་། གསར་འགོད་པ་དང་རྩོམ་སྒྲིག་པ་ཞིག་གི་མིང་ཐོག་ནས་བཤད་ན། བོད་ཕྱི་ནང་གི་བོད་མི་སུ་འདྲ་ཞིག་གིས་ལས་དོན་ཆེ་ཞུང་གང་འདྲ་ཞིག་བསྒྲབས་ཡོད་ཀྱང་། དེ་ལ་མང་ཚོགས་ནང་ཆེ་བསྟོད་ཀྱི་ཐ་སྙད་རྒྱུན་འཇགས་སུ་མ་བཀོལ་སྔོན་ལ། གསར་འགོད་པའི་སེམས་ཚོར་གསར་འགྱུར་དུ་བསྲེས་ཏེ“རྒྱལ་གཅེས་དཔའ་བོ” ཟེར་བ་སོགས་ཀྱི་ཚིག་རྒྱན་ཐ་སྙད་སྤྱད་ན། དེ་ནི་གནས་ཚུལ་ལ་ཆེ་མཐོང་སྤྲད་དང་མ་སྤྲད་ཀྱི་སྐད་ཆ་མིན་པར། གསར་འགོད་པའི་ཀུན་སྤྱོད་དང་མཐུན་དང་མ་མཐུན་གྱི་གནད་དོན་ཆགས་ཡོད། གསར་འགོད་པའི་རྩ་དོན་ལ་སྲུང་སྐྱོབ་བྱེད་མཁན་ཞིག་དང་། གསར་འགྱུར་ལ་མཚོན་མདོག་མ་བྱུག་པར་མང་ཚོགས་ལ་སྐྱེལ་མཁན་ཞིག་ཡིན་ན། མ་མཐར་ཡང་གསར་འགྱུར་ལས་རིགས་ཐོག་གི་རྒྱུན་ཤེས་འདི་དག་ལ་རྒྱུས་མངའ་ཏོག་ཙམ་ཡོད་དགོས། དེ་བཞིན་དུ “རླབས་ཆེན་གྱི་སྐྱེས་བུ” “བསམ་བློ་བ” “མཁས་དབང” “མཛངས་མ” “གྲུབ་ཐོབ” “ སྐྱབས་མགོན” “ཐམས་ཅད་མཁྱེན་པ” ཟེར་བ་འདི་རིགས་ཀྱང་། གསར་འགོད་པ་བོད་པ་ཡིན་པ་དང་། གནས་ཚུལ་བོད་དོན་ཡིན་པར་དམིགས་བསལ་ཡེ་ནས་མེད་པར། གོ་གནས་དང་རྒྱབ་ལྗོངས་ངེས་ཅན་ཡོད་པའི་ཐ་སྙད་དང་། ཚིག་རྒྱན་འདི་རིགས་གསར་འགོད་པར་གང་འདོད་དུ་དབང་བ་ཞིག་གཏན་ནས་མིན།
༄༅།།སྐྱེས་པ་གཟི་བརྗིད་ཆེ་ཤི་བ་རླབས་ཆེ་གྲྭ་
༄༅།།སྐྱེས་པ་གཟི་བརྗིད་ཆེ་ཤི་བ་རླབས་ཆེ་
ཁྱེད་ཀྱིས་བོད་མི་རིགས་ཕྲལ་ཕུགས་གི་ཆེད་དུ་སྐུ་སྲོག་ལེགས་ཕུལ་བ་བཀའ་དྲིན་ཆེ་
ཞུ་དང།་མྱ་ངན་གུས་དུད་ཞུ་པ་དང་ཁྱེད་དང་བོད་མི་རིགས་ཀྱི་དོན་དུ་སྐུ་སྲོག་དོར་པའི་དཔལ་བོ་ཕོ་མོ་རྣམས་ང་ཚོའི་ནམ་ཡང་རྗེད་མི་རུང་་
གློག་འཁྱུག་པའི་ཟིན་བྲིས་ནས་དྲངས།
མེ་སྤར་བ།
་་་་་་་་་་་་་་་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་སྐུ་ལུས་མེར་བསྒྲོན་རྗེས།
བཙན་པོའི་ཤོག་ལྷེ་ངོས་སུ མེ་སྤར་བྱུང
མུན་ནག་གི་ཡིག་འབྲུ་རེ་རེ་བཞིན གསལ་ནས་གསལ་དུ་གྱུར
བདག་གིས་ད་གཟོད ཚེ་དབང་ནོར་བུ
རང་ཉིད་ཀྱི་རྩ་ལམ་ན་འབར་བཞིན་པ་ཤེས་བྱུང
སྐད་ཅིག་མ་ལྟ་བུའི་རྟའུ་ཨར་འདམ་སྟེང་གི་མེ་ལྕེ་དེ
པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་སྒོ་དང་སྒེའུ་ཁུང་ནག་པོར་བསྒྱུར་སོང
པོ་ཏཱ་ལའི་མདུན་ཐང་གི་དམག་མི་དེ་ཚོ མེ་ལྕེ་ལ་གཡོལ་ཅི་ཐུབ་བྱས
རྟའུ་ནས་འབར་བའི་མེ་ལྕེ་དེ དངོས་གནས་ཤུགས་ཆེ་བ་ཨང
རྒྱལ་སྤྱིའི་དྲ་ལམ་དག་ཚ་ལམ་ལམ་འབར
ཁུ་སིམ་སིམ་གྱི་གནའ་བོའི་མཐོ་སྒང ཉེ་བའི་དུས་འདིར
མེ་སྤར་མཁན་ཇེ་མང་རེད ཁོ་ཚོས་རྐང་དང་རུས་པ་སྤར་ནས
བླ་དང་སྲོག་སྤར་ནས འུ་ཚང་གི་གཡང་ཁྱིམ་གྲུ་བཞིའི་ཕྱི་ནང་ཀུན་ཏུ
ཚ་ཚ་འུར་འུར་གྱི་གསར་བརྗེ་ལྟ་བུའི་ལོ་རྒྱུས་བྲིས་བྱུང
ཚེ་དབང་ནོར་བུ འོད་སྣང་ཞིག་ཡིན་ནམ
འོད་གསལ་གྱི་དབྱིངས་སུ་འཐིམ་པའི་རྣམ་ཤེས་དེས
ངའི་ཕ་ཡུལ་ལ་བྱི་དོར་གྱ་ནོམ་པ་ཞིག་བྱས་སོང
ས་འུར་འུར གནམ་འུར་འུར
སྐབས་འདིར་མེ་ལྕེ་འབར་བའི་ཡིག་ཆ་མང་པོ་མཐོང་གིན་འདུག
ཐུབ་བསྟན་དངོས་གྲུབ བཀྲ་པེ བློ་བཟང་ཕུན་ཚོགས ཚེ་དབང་ནོར་བུ
མེ་སྤར་ཤེས་མཁན འོད་ཟེར་བསྐྱེད་ཤེས་མཁན དྲོད་ཁོལ་སྦྱིན་ཤེས་མཁན
ཡར་ཀླུང་རྒྱལ་ཁམས་ཉེ་རུ་བཅར་གྱིན་འདུག ཉེ་རུ་བཅར་གྱིན་འདུག
མེ་ལྕེ་འདི བོད་པ་ཞིག་འབར་བྱུང་བ་རེད
མེ་ལྕེ་འདིས མི་རིགས་ལ་དཀར་མེ་ཞིག་སྤར་བ་རེད
༢༠༡༡ ༨ ༡༩ ཞོགས་པར།
འདོན་སྤེལ།: ༢༠༡༡/༠༨/༡༩
རིག་པ་འདོན་པ།
ཤག་སྒང་པ།
༢༠༡༡/༠༨/༡༩ ཉིན་འདོན་སྤེལ་བྱས། ཁྱེད་ཀྱི་དཔའ་བོ་ཚེ་དབང་ནོར་བུར་བསྟོད་པའི་སྙན་ངག་ཕུལ་འབྱུང་འདི་ནི། པོ་ཏ་ལ་ནས་པེ་ཅེན། རྒྱལ་སྤྱིའི་སྤྱི་ཚོགས་དང་། དྲ་ལམ་ཚ་མེར་མེར་དུ་བཏང་ནས་འདུག་པས་བློ་སེམས་རབ་ཏུ་སྤྲོ། ཐུགས་རྗེ་ཆེ།
བསྟན་པ།
༢༠༡༡/༠༨/༡༩ ཉིན་འདོན་སྤེལ་བྱས། སྙན་ངག་འདི་འདྲ་རེད། མུ་མཐུད་དུ་སྤེལ་རོགས་ཞུ།
རྒྱལ་གཅེས་དཔའ་བོ་སྐུ་ཞབས་ཚེ་དབང་ནོར་བུ་མཆོག་གི་མཛད་རྗེས་དང་ལྷག་བསམ་དེ་བོད་མི་རྣམས་ཀྱི་དུས་ནམ་ཡང་བརྗེད་སྲིད་ཀྱི་མ་རེད། ཁོང་གི་འདོད་དོན་མྱུར་དུ་འགྲུབ་པའི་སྨོན་འདུན་དང་། སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་བཟུང་ནས་ཁོང་མགྱོགས་མྱུར་རང་ཡུལ་ཁ་བ་གངས་ཅན་ལྗོངས་སུ་མི་ལུས་རིན་ཐོབ་པའི་སྨོན་ལམ་ཞུ།
གསར་འགོད་པའི་གསལ་བཤད། དྲ་གྲོགས་བཙན་པོའི་བུ་ལགས། འདས་པོ་དམ་པའི་གནས་ཚུལ་དེ་གསར་འགོད་པས་ལྷག་བསམ་རྣམ་དག་གི་བྲིས་ཡོད་པ་ཞིག་ལས། དེར་ཆོལ་ཁ་དང་ས་ཕྱོགས་རིང་ལུགས་ཀྱི་བསམ་བློ་སྤུ་ཙམ་ཡང་ཡོད་པ་མ་རེད། ངའི་བསམ་ཚུལ་ལ་སྐུ་ཉིད་ནས་ཕྱོགས་རིས་ཀྱི་སྤྱན་གྱིས་མ་གཟིགས་རོགས། ང་ཚོ་བོད་པའི་ལས་དབང་གཅིག་རེད། རྩ་དོན་གཅིག་རེད། གསར་འགྱུར་གྱི་ནང་དོན་ལ་ཞིབ་ཏུ་གཟིགས་རོགས། ཤེས་དགོས་པ་ཞིག་ལ་གསར་འགོད་པ་རེ་རེར་རང་ཉིད་ཀྱི་དམིགས་བསལ་གསར་འགྱུར་འབྲི་ཐབས་རེ་ཡོད་དུས། ཚིག་བེད་སྤྱོད་གཏོང་སྟངས་གཅིག་ཡིན་དགོས་པའི་ངེས་པ་ཡོད་པ་མ་རེད། ངའི་རེ་བར་ཁྱེད་དང་དྲ་གྲོགས་སུ་ཡིན་རུང་གསར་འགོད་ཀྱི་ལས་ཀར་ཡི་རངས་ཞུ་རྒྱུའི་ཚབ་ཏུ་དམའ་འབེབས་བཏང་ན། ལས་རྒྱུ་འབྲས་དང་བཟང་སྤྱོད་གཉིས་ཀར་འགྲོ་གི་མ་རེད། ཐུགས་རྗེ་ཆེ།
བཙན་པོའི་བུ་ལགས་སུ། ནམ་ནམ་ཞར་ཞར་དུ་ཨ་མདོ་དང་ཨ་མདོ་ཞེས་ཏེ་དཀར་ས་ནས་ནག་སར་མི་འདེད་པར་ཞུ། ཆོས་ཆོལ་རིས་གཅོད་ཀྱི་བསམ་བློ་ཐ་ཤལ་བ་དེ་དག་ནི་རྦད་ཀྱིས་དོར་དུ་མ་ཡོད་ནའང་། ཆོལ་གསུམ་མཉམ་ཆིག་སྒྲིལ་གྱི་འགོ་འབུས་མ་ཐག་པ་འདི་ཙམ་པོ་ལ་བྱད་ཕུར་མི་གཏོང་རོགས་མཛོད། གལ་སྲིད་དུས་བབ་ཚང་གིས་རིས་གཅོད་བྱས་སོང་བ་ལྟ་བུའི་བསམ་བློ་ལྟར་སྣང་བ་དེ་འདྲ་དངོས་སུ་ཡོད་ན། སྐུ་ཉིད་ཀྱིས་”རྒྱལ་གཅེས་དཔའ་བོ་”ཞེས་ཤར་ནས་ནུབ་ཏུ་བསྒྲགས། ནུབ་ནས་བྱང་དུ་དེད་ནའང་ཁྱེད་ཀྱི་སྨྲ་བརྗོད་ལ་ལྕགས་ཀྱི་ཐུ་ལུ་འདེབས་པོ་གཅིག་ཀྱང་མེད་པས། དེ་ནི་ཁྱེད་ལ་དབང་བའི་ཐོབ་ཐང་ཡིན་ཆོག་ལ། ཞེན་ཁོག་གིས་སྦས་ནས་ཡོད་མཁན་ཞིག་ལ་མཚོན་ན་གོ་སྐབས་ཤིག་ཀྱང་ཡིན་ངེས་པས་དེ་དེ་བཞིན་དུ་མཛོད། དེ་མ་གཏོགས་གསང་མིང་སྣ་ཚོགས་སུ་ཡིབ་ནས་ཕྱིང་ཧྲུལ་གནམ་འཕྱར་མི་བྱེད་པར་ཞུ།
གལ་ཏེ་ད་ཐེངས་འདིར་རང་ཉིད་ཀྱི་གཅེས་པའི་རང་སྲོག་རང་གི་མི་རིགས་དང་རིག་གཞུང་། ཡང་ན་དྲང་བདེན་སོགས་ཀྱི་ཆེད་དུ་མར་མེ་རྐང་གཅིག་གི་ཚུལ་དུ་བསྒྲོན་ཅིང་། ཆེས་ཐོབ་པར་དཀའ་བའི་མི་ལུས་རིན་པོ་ཆེ་འདི་ཡང་འཇིག་རྟེན་འདི་དང་གཏན་དུ་ཁ་བྲལ་ཏེ་བཞུད་ཟིན་པའི་རྒྱལ་གཅེས་དཔའ་བོ་སྐུ་ཞབས་ཚེ་དབང་ནོར་བུ་ལགས་ཨ་མདོའི་ཡུལ་དུ་སྐྱེས་པའི་ཨ་མདོ་བ་ཞིག་ཡིན་རྒྱུ་ན། དུས་བབ་རྩོམ་བསྒྲིགས་པ་དང་ཡང་ན་གསར་འགོད་པ་དག་གིས་སྤྱིར་བཏང་གི་མི་བུ་དཀྱུས་མ་ཞིག་ལ་འབོད་སྟངས་ཏེ་”གྲྭ་ཚེ་དབང་ནོར་བུ་”ཞེས་མི་འབོད་པར། རླབས་ཆེན་བྱས་རྗེས་ཅན་གྱི་མི་སྣ་ཞིག་ལ་འབོད་སྟངས་ཏེ་”རྒྱལ་གཅེས་དཔའ་བོ་སྐུ་ཞབས་ཚེ་དབང་ནོར་བུ་”ཞེས་འབོད་ངེས་ཡིན་མོད། འོན་ཀྱང …
རྒྱལ་གཅེས་དཔའ་བོ་རྟའུ་གྲྭ་ཚེ་དབང་ནོར་བུ་མཆོག་ལ་མྱ་ངན་གུས་འདུད་ཞུ། ཁོང་ང་ཚོ་དང་གཏན་དུ་ཁ་བྲལ་ན་ཡང་ཁོང་གི་རེ་འདུན་དང་སྙིང་སྟོབས་དེ་ནམ་ཡང་ང་ཚོའི་སེམས་ན་གསོན་ཡོད།
དངོས་གནས་རྒྱལ་གཤེས་དཔའ་བོ་ཁོང་ལ་གུས་འདུད་དང་བཀའ་དྲིན་ཞུ།
ཟླ་བྷེའི་ང་ཆབ་སྲིད་བཙོན་པ་ང་རྒྱལ་གཤེས་དཔའ་བོ་ཡིན་ཟེར་བ་དང་འགྲན་ཟླ་བྲལ། བཅོས་མ་མ་ཡིན་པའི་ཁོང་དང་ཁོང་ལྟ་བའི་དཔའ་པོ་དག་ལ་རྗེས་སུ་ཡི་རངས་ཞུ། གདུང་སེམས་ཉམས་བསྐྱེད་བྱེད།
རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་མཆོག་ལ་པུས་མོའི་ལྷང་ང་ས་ལ་བཙུགས་ནས་སྙིང་ཁུང་རུས་བའི་སྟེང་ནས་གུས་འདུད་ཞུ།
རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་མཆོག་ལ་གུས་འདུད་བླ་ན་མེད་པ་དང་།དཔའ་བོ་དཔའ་མོ་ཁོང་ཚོའི་རིན་བྲལ་ཚེ་སྲོག་ལ་བརྗེས་པའི་རེ་འདུན་ལྟར །བོད་མི་གཞིས་བྱེས་གཉིས་པོ་རྡོག་རྩ་གཅིག་སྒྲིལ་དང་།བརྩེ་སེམས་མཉམ་འདྲེས་ཀྱིས་མི་རིགས་ཀྱི་བྱ་བཞག་ཆེན་མོ་ལ་འབད་དགོས་པར་སྐུལ་མ་ཆེན་པོ་ཐེབས་ཡོད་པའི་སྨོན་འདུན་ཞུ །
བོད་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་རང་ལུས་མེ་བསྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དམ་པ་འདི་ཉིད་ནི་བོད་མི་རིགས་ཀྱི་བདེན་རྫུན་གྱི་ཀ་བ་ཞིག་ཡིན་པ་མ་ཟད་རྒྱ་ནག་དམར་གཞུང་གིས་དྲག་དཔུང་གི་དུས་རྟག་ཏུ་བཙན་འཛུལ་བྱེད་ཀྱི་ཡོད་པ་བདེན་དཔང་བྱས་པ་རེད། བོད་གངས་ཅན་ལྗོངས་ཀྱི་ཆོས་སྲིད་གཉིས་ཀྱི་བདེན་དོན་ཡིན་པ་གསལ་བོ་རེད་དམ་པ་ཁོང་གི་སྙིང་སྟོབས་ལ་ཡི་རིང་དང་བསྔོ་སྨོན་གང་ཤེས་བྱེད་ཀྱི་བཅས།
རྒྱལ་གཅེས་པ་དེ་ཉིད་བྱས་པ་རྗེས་སུ་ཡི་རང་དང་གངས་ཅན་མགོན་པོས་ཚེ་རབས་ནས་ཚེ་རབས་རྗེས་སུ་བཟུང་སྟེ་དམ་པ་སྐུ་གཉིས་ཐོབ་པའི་སྨོན་འདུན་ཞུ། གོང་གི་“བཞུགས་འབུལ་”ཞེས་པ་དེ་“ཞུགས་འབུལ་”རེད་འདུག་པས་བཅོས་པར་ཞུའོ། །
རྒྱལ་གཅེས་དཔའ་བོ་རྟའུ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་བསྟན་སྲིད་ཆེད་སྐུ་སྲོག་ལ་འཛེམས་པ་མེད་པར་རང་ལུས་མེར་སྒྲོན་ཏེ་ངོ་རྒོལ་གྱིས་སྐུ་གྲོངས་པར་མྱ་ངན་གུས་འདུད་གྲངས་མེད་ཞུ།
གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་རབ་བརྟན་ཅིང་། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །
རྒྱལ་གཅེས་དཔའ་བོ་གྲྭ་ཚེ་དབང་ནོར་བུ་མཆོག་ལ་མྱ་ངན་གུས་འདུད་ཞུ།