དེ་རིང་སྔ་དྲོར་བཙན་བྱོལ་གཞུང་དམངས་ཡོངས་ཀྱིས་བཞུགས་སྒར་ངྷ་རམ་ས་ལར་དམངས་གཙོའི་དུས་དྲན་ང་གཅིག་པ་སྲུང་གཙི་གནང་སྟེ། བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་མཆོག་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྣམ་གཉིས་ཀྱིས་བོད་དོན་ཐོག་གསུང་བཤད་དང་། རྒྱ་གར་དང་བོད་མིའི་བར་གྱི་མཛའ་བརྩེ་མཐུན་ལམ་སྔར་ལས་ཇེ་བརྟན་ཡོང་བར་སྐུལ་འདེད་གནང་བྱུང་།
དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་བཙན་བྱོལ་བོད་མིའི་དམངས་གཙོའི་དུས་དྲན་ཐེངས་ ༥༡ པ་དེ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་གཙི་གནང་ཡོད་ཅིང་། སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཕི་རེམ་ཁའུ་མར་ངྷི་མེལ་ (Shiri PremKumar Dhumal) མཆོག་གཙོས་པའི་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་དང་། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་བློ་བཟང་སེང་གེ་དང་ཁྲིམས་ཞིབ་པ་ཆེ་བ། སྤྱི་འཐུས་ཚོགས་གཙོ་གཙོ་སྤེན་པ་ཚེ་རིང་། གཞན། སྤྱི་འཐུས་རྒྱུན་ལས་རྣམ་པ་དང་གཞུང་ཞབས་ལས་བྱེད་ཆེ་ཕྲ། བཞུགས་སྒར་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སློབ་གྲྭ་ཁག་གི་སློབ་མ། བཞུགས་སྒར་གྱི་སེར་སྐྱ་མི་མང་བཅས་འདུ་འཛོམས་ཐོག་བྱུང་ཡོད།
མཛད་སྒོའི་ཐོག་བོད་གཞུང་ཟློས་གར་ཚོགས་པའི་རྔ་རོལ་དང་བཅས་རྒྱ་གར་དང་བོད་ཀྱི་རྒྱལ་གླུ་གྱེར་འདོན་གྱིས་ཧི་མ་ཅལ་མངའ་སྡེའི་བློན་ཆེན་དང་བཀའ་ཁྲི་མཆོག་རྣམ་གཉིས་ཀྱིས་རྒྱ་གར་དང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་། བོད་གཞུང་ཟློས་གར་ཚོགས་པས་དམངས་གཙོའི་གླུ་གཞས་འབུལ་ལམ་ཞུས་རྗེས། བཀའ་ཁྲི་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱོགས་བསྒྲིགས་བྱས་པའི་༼མང་གཙོའི་ལམ་བུ།༽ཞེས་པའི་དཔེ་དེབ་དང་། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་འགྲེལ་སྤེལ་བྱས་པའི་༼བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན།༽ དིང་རི་ངག་དབང་རྣམ་རྒྱལ་གྱི་དངོས་བྱུང་ལོ་རྒྱུས་༼ ཇོ་མོ་གླང་མའི་བུ་ཕྲུག༽ བཅས་དཔེ་དེབ་ཁག་ཅིག་དབུ་འབྱེད་དང་། ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས། སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་སློབ་གྲྭ་ཁག་ཏུ་བཙན་བྱོལ་བོད་ཀྱི་མི་ལོ་ ༥༠ དུས་དྲན་དང་སྟབས་བསྟུན་༼བཙན་བྱོལ་བོད་མིའི་མང་གཙོ་དང་འབྲེལ་འབྲི་རྩོམ་དང་རི་མོའི་འགྲན་བསྡུར་གྱི་དེབ་ཕྲེང་ཕྱོགས་བསྒྲིགས།༽དབུ་འབྱེད་གནང་བར་མ་ཟད། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཚན་རིག་དང་སྒྱུ་རྩལ། རྩོམ་རིག་བཅས་སྡེ་ཚན་གསུམ་གྱི་ཡིག་རྒྱུགས་རྩེ་ཕུལ་གྱི་སློབ་མ་གསུམ་ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་བསྩལ་སོང་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་ནང་བའི་སློབ་གྲྭ་ཁག་གི་འཛིན་རིམ་ ༩ པ་ནས་ ༡༢ བར་གྱི་རྩོམ་ཡིག་དང་རི་མོ་འགྲན་བསྡུར་ཁྲོད་ཀྱི་སློབ་མ་རྩེ་ཕུལ་ཁག་ཅིག་བཅས་ལའང་བྱ་དགའ་གསོལ་རས་གནང་སོང་།
སྔོན་འགྲོའི་མཛད་རིམ་གྲུབ་རྗེས་བཀའ་ཁྲི་མཆོག་གིས་གཏམ་བཤད་གནང་དོན། ད་ལྟའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དེ་༸གོང་ས་མཆོག་གིས་སྐུ་ན་གཞོན་པའི་དུས་ནས་དྲང་བདེན་དང་འདྲ་མཉམ། མང་གཙོའི་ལྟ་གྲུབ་བཅས་ལ་ཐུགས་མོས་ཆེན་པོ་གནང་མྱོང་བ་དང་། བཙན་བྱོལ་ནང་འབྱོར་རྗེས་ཀྱང་ ༡༩༦༠ ལོ་ཡས་མས་སུ་འཛམ་གླིང་གང་སར་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་གྱིས་མང་གཙོའི་རྒྱལ་ཁབ་མང་པོ་གསར་འཛུགས་ཀྱི་སྐབས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་པ་ནས་གོམ་པ་ཐོག་མ་སྤོས་ཡོད། དེ་ཡང་རྒྱལ་སྤྱིིའི་འགྱུར་འགྲོས་ཀྱིས་དབང་གིས་མང་གཙོ་བཅོས་བསྒྱུར་གནང་བ་མིན་པར། བོད་མི་ཚོས་མང་གཙོའི་བཅོས་བསྒྱུར་དང་ལེན་ཡོང་ཆེད་རྒྱལ་སྤྱིའི་འགྱུར་འགྲོས་ལས་ཁེ་ཕན་བཞེས་ཏེ། ད་ཆ་བོད་མིའི་མང་གཙོའི་སྒྲིག་འཛུགས་སྲ་བརྟན་དང་མིག་དཔེར་འོས་པའི་ལམ་ལུགས་ཤིག་ཏུ་གྱུར་ཡོད། དེ་ཡང་གཙོ་བོ་རྒྱ་གར་གཞུང་དང་མི་མང་གི་མཐུན་འགྱུར་ལ་བརྟེན་ནས་བྱུང་སྟབས། རྒྱལ་སྤྱིའི་སྐྱབས་བཅོལ་སྤྱི་ཚོགས་གཞན་དང་མང་གཙོ་དོན་གཉེར་ཅན་མང་པོས་དོ་སྣང་ཉམས་ཞིབ་བྱེད་ཀྱིན་པའི་མང་གཙོའི་ལམ་ལུགས་དེ་ད་དུང་ཡང་ཡར་རྒྱས་ཡོང་བར་འབོད་བརྩོན་བྱ་དགོས། ཞེས་གསུངས་བ་དང་།
ཡང་ཁོང་གིས། ངས་གདེང་ཚོད་ཆེན་པོས་བཙན་བྱོལ་བོད་མིའི་མང་གཙོའི་འཛིན་སྐྱོང་འདི་བོད་ནང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་ཀྱིན་པའི་མི་སེར་སྤེལ་བའི་ལམ་ལུགས་ལས་ཕྱོགས་ཡོངས་ནས་ཁྱད་དུ་འཕགས་པ་ཡོད་ཅེས་ཞུ་ཐུབ། དེ་ཡང་གཙོ་བོ། གཞིས་བཞུགས་བོད་མི་ཚོ་སྲིད་དབང་སྒེར་འཛིན་ལམ་ལུགས་འོག་ཡོད་པ་དང་། བཙན་བྱོལ་བོད་མི་ཚོས་མང་གཙོ་རང་དབང་ལོངས་སུ་སྤྱོད་ཀྱིན་ཡོད་པར་མ་ཟད། པེ་ཅིན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་མགོ་ཁྲིད་རྒྱ་རིགས་ཁོ་ན་འཇོག་བཞིན་པ་ལྟར་མིན་པར། བཙན་བྱོལ་བོད་མི་ཚོས་ངོ་ཚབ་དེ་འོས་བསྡུའི་ལམ་ནས་བདམས་ཐོན་བྱེད་ཀྱིན་ཡོད་སྟབས། ང་ཚོའི་ལམ་ལུགས་དེ་འཛམ་གླིང་གི་མང་གཙོའི་ལམ་ལུགས་ཀྱི་ཁོངས་སུ་འགྲོ་བཞིན་ཡོད་ལ། བཀའ་བློན་ཁྲི་པ་ནི་བོད་མི་མང་གི་ཁྲིམས་མཐུན་གྱི་ངོ་ཚབ་ཡིན་པ་དང་། བོད་ནང་རྒྱ་ནག་གི་དབང་བསྒྱུར་བྱས་པ་དེ་ཁྲིམས་འགལ་ཆགས་ཡོད། མ་འོངས་པར་རྒྱ་ནག་གིས་འཛམ་གླིང་ཡོངས་ཁྱབ་ཀྱི་རང་དབང་ཁས་ལེན་མ་བྱས་པར་རྒྱ་སྤྱིའི་ནང་རྒྱ་ནག་གཞུང་དེ་བཀུར་འོས་བའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་མི་སྲིད་སྟབས། རྒྱ་ནག་གཞུང་གིས་ངེས་པར་དུ་བོད་མི་རིགས་དང་རྒྱ་ནག་མི་མང་གི་རང་དབང་ལ་བརྩི་བཀུར་བྱ་དགོས། ཞེས་གསུངས་བྱུང་བར་མ་ཟད། ༸གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་གནང་བ་དེ་བཀའ་བློན་ཁྲི་པ་མི་སྒེར་ལ་རྩིས་སྤྲོད་གནང་བ་མིན་པར་བོད་མི་ཡོངས་ལ་རྩིས་སྤྲོད་གནང་ཡོད་སྟབས། ཚང་མས་འཕྱར་གྲུ་མཉམ་འདེགས་བྱ་རྒྱུ་དང་། ལྷག་པར་དུ་གཞོན་སྐྱེས་ཚོས་སེམས་ཤུགས་བསྐྱེད་དེ་གཞིས་བཞུགས་བོད་མིིའི་བསམ་དོན་ལྟར་༸གོང་ས་མཆོག་བོད་ལ་ཞབས་སོར་འཁོད་ཐུབ་པར་འབོད་དགོས། ཞེས་གསུངས་བྱུང་།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་གནང་བའི་ནང་། ༸གོང་ས་མཆོག་གི་འདས་པའི་མི་ལོ་ ༥༠ ལྷག་གི་རིང་བོད་མི་ཚོ་མང་གཙོའི་ལམ་དུ་འཁྲིད་པའི་མཛད་རྗེས་དང་། བོད་བསྟན་སྲིད་ཀྱི་ཆེད་དུ་སྲི་ཞུ་སྒྲུབ་མཁན་གྱི་རྒན་རབས་པ་དག་གི་བཀའ་དྲིན་རྗེས་དྲན། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་འདས་པའི་མི་ལོ་དུ་མའི་རིང་གི་འཛིན་སྐྱོང་གི་སྣེ་འཁྲིད་ལ་བསྔགས་བརྗོད་དང་འབྲེལ། མ་འོངས་པར་༸གོང་ས་མཆོག་གི་འཇིག་རྟེན་བྱམས་བརྩེ་དང་ཞི་བདེ། འཆམ་མཐུན་བཅས་ཀྱི་མཛད་འཕྲིིན་མངོན་འགྱུར་ཡོང་བར་བོད་མི་ཚང་མས་འཕྱར་གྲུ་མཉམ་འདེགས་བྱ་རྒྱུ་དང་། ༸གོང་ས་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་བཀའ་ཁྲིར་རྩིས་སྤྲོད་གནང་སྟེ་བཀའ་ཁྲི་གསར་པར་སྔར་ལས་ལྷག་པའི་འགན་ཆེན་པོ་ཡོད་པའི་ཐད། བོད་མི་ཚང་མས་བོད་དོན་འཐབ་རྩོད་གཙོས། བོད་ཀྱི་སྐད་ཡིག་དང་རིག་གཞུང་བཅས་མི་ཉམས་རྒྱུན་འཛིན་དང་། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར། ཤེས་ཡོན་ཡར་རྒྱས། གཞིས་ཆགས་སྲ་བརྟན་བཅས་ཀྱི་ཐད་མི་མང་གིས་མཉམ་རུབ་བྱ་དགོས་པའི་སྐོར་གསུངས་བྱུང་ལ། མ་འོངས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མང་གཙོའི་ཀ་བ་གསུམ་སོ་སོའི་འགན་དབང་ལྗིད་སྙོམས་སྟངས་འཛིན་གྱི་འགྲོ་ལུགས་གཞིར་བཟུང་ཐོག སྐབས་བཅུ་བཞི་བའི་བཀའ་ཤག་ལ་ཁྲིམས་སྒྲིག་དང་སྲིད་ཇུས་སོགས་ཀྱི་རྒྱུས་སྟོན་དང་མཉམ་རུབ་ཐོག་འགན་འཁྱེར་བར་འབད་བརྩོན་བྱ་རྒྱུ་ཡིན་པ། ཚོགས་ལ་ཉེ་བའི་གྲོས་ཚོགས་སྟེང་བཀའ་བློན་འདེམས་བསྐོའི་ལས་རིམ་དང་ཁྲིམས་སྒྲིག་བསྐྱར་བཅོས་ཀྱིས་ཁྲིམས་བཟོའི་ལས་དོན་རྒྱ་ཆེར་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་བར་མ་ཟད། ཉེ་ཆར་བོད་རང་དབང་སླར་གསོའི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་རྣམ་གཉིས་གཙོས་བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་མངོན་འདོད་བསྒྲུབ་ཆེད། བཙན་བྱོལ་བོད་མི་ཚོའི་ངོས་ནས་ད་ལྟ་ནས་དེར་བསྟུན་གྱིས་གྲ་སྒྲིག་དང་གཞིས་བཞུགས་བོད་མི་ཚོས་ཀྱང་བོད་ཀྱི་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ། ཁོར་ཡུག་སྲུང་སྐྱོང་བཅས་གཙིགས་གནད་དུ་བཟུང་སྟེ། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་སུ་བཀོད་པའི་མི་རིགས་ཐོབ་ཐང་རྩོད་ལེན་འབད་འབུངས་བྱ་དགོས་པའི་རེ་སྐུལ་ཡང་གནང་བྱུང་།
མཐར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས། འདས་པའི་མི་ལོ་ ༥༠ ལྷག་༸གོང་ས་མཆོག་གིས་དཀའ་སྤྱད་འབད་བརྩོན་འོག་རྒྱལ་སྤྱིའི་ནང་བོད་དོན་གྲུབ་འབྲས་གང་འཚམ་ཞིག་ཐོན་ཡོད་པ་དང་། འཛམ་གླིང་མི་མང་གི་ཧ་གོ་བའི་གནས་སྟངས་ཤིག་ཆགས་ཡོད་པར་བསྔགས་བརྗོད་དང་། ཁོང་སྒེར་ངོས་ནས་འདས་པའི་བོད་དོན་འཐབ་རྩོད་ལ་གཞིགས་ཏེ་མ་འོངས་པར་བོད་མི་ཚོར་རང་དབང་སླར་གསོ་ཐུབ་པའི་ཡིད་ཆེས་དང་རེ་བ་ཡོད། ཅེས་གསུངས་བྱུང་ལ། བོད་པའི་བདེན་དོན་འཐབ་རྩོད་མཐའ་གསལ་ཡོང་བར་འདས་པའི་མི་ལོ་ ༥༠ ལྷག་རིང་གི་འཐབ་རྩོད་གཞིར་བཞག་ཐོག་འབད་བརྩོན་བྱ་རྒྱུ་དང་། བོད་དང་རྒྱ་གར་གཉིས་གནའ་སྔ་མོ་ནས་འབྲེལ་ལམ་ཟབ་མོ་ཡོད་པའི་ཐོག་ཕན་ཚུལ་ལ་གཅེན་གཅུང་གི་འབོད་སྲོལ་ཡོད་ལ། ཁོར་ཡུག་གི་ཕྱོགས་ནས་ཀྱང་ཕན་ཚུལ་འབྲེལ་བ་དམ་ཟབ་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཛ་དྲག་ཆགས་ཏེ་གངས་རི་མང་པོ་ཞིག་ཞུ་བ་ཡིན་ན། རྒྱ་གར་གྱི་མོན་བྷེ་དང་ཀ་ལི་ཀ་ཏ་བཅས་ས་གནས་ཁག་མང་པོ་ཞིག་ཉེན་ཁར་ཚུད་རྒྱུ་ཡིན་པ། བོད་ནས་བཞུར་ཡོང་བའི་རྒྱུགས་ཆུ་མང་པོ་ཞིག་ཧི་མ་ཅལ་དང་ཨ་རི་ནཱ་ཅལ་བཅས་རྒྱ་བོད་ས་མཚམས་ཀྱི་ས་གནས་ཁག་བརྒྱུད་དེ་མངའ་སྡེ་གཞན་ནང་བཞུར་གྱིན་ཡོད་སྟབས། ༸གོང་ས་མཆོག་གིས་ནམ་རྒྱུན་ཁོར་ཡུག་སྲུང་སྐྱོབ་དེ་གལ་ཆེན་དུ་འཛིན་གྱི་ཡོད་པ་ལྟར། རྒྱ་གར་ཡུལ་མི་དང་བོད་མི་ཚང་མས་ཁོར་ཡུག་སྲུང་སྐྱོབ་ལ་འབད་པ་བྱ་རྒྱུ་དང་། བོད་རང་བཙན་མ་ཐོབ་པར་མཉམ་གནས་མཉམ་རུབ་བྱ་དགོས། ཞེས་གསུངས་བྱུང་།
གསར་འགོད་པ། དོན་གོ
གངས་རིའི་ཁྲོད་ཀྱི་སེང་གེ་དང་། །བཙན་བྱོལ་ཡུལ་སྐྱེས་སེང་གེ་གཉིས། །
ཆོལ་གསུམ་བོད་མའི་མིག་ཟུང་ཡིན། །སེང་གེ་དཀར་མོའི་གོང་སྟེང་ནས། །
གཡུ་འབྲུག་སྔོན་མོས་སྐད་སྒྲ་ཞེན། །བཀའ་བློན་སེང་གེའི་གསུང་དབྱངས་དེས། །
རྒྱ་ནག་དམར་པོ་ཞུམ་ལིང་ལིང་། །ཆིག་སྒྲིལ་གསར་གཏོད་རང་ཁ་གསོ། །
དེ་གསུམ་རྩ་སྒྲུབ་གཞིར་བཞག་ནས། །གངས་ཅན་བདེ་སྡུག་གསལ་ལ་བརྩོན། །
དུས་རབས་ཉེར་གཅིག་ཁྲིམས་ལུགས་ལ། །ཀུན་རིགས་མཁས་བའི་སེང་གེ་ལགས། །
རྟོགས་སད་ལམ་བསྐྱོད་སྤྱན་རྒྱ་ཡངས། །ཆོལ་གསུམ་མི་རིགས་ཡིད་སྐྱོང་ནས། །
ང་ཚོས་དུས་རབས་མདུན་དུ་བསྐྱོད། །བོད་ཡིག་དང་ནི་བོད་སྐད་གཉིས། །
རང་སྲོག་བཞིན་དུ་གཅེས་འཛིན་དགོས། །ནང་དམེའི་ལྟ་ངན་ཡོངས་དོར་ནས། །
མཐུན་འབྲེལ་སྙིང་སྟོབས་ལམ་དུ་སྦྱོར། །ཇི་ཙམ་ཡུན་རིང་བརྩོན་དགོས་ཀྱང་། །
ཞུམ་པ་མེད་པའི་སྙིང་སྟོབས་དགོས། །མི་རྒྱང་གཞིས་བྱེས་ལྷན་འཛོམས་ཡོད། །
ག་དུས་ཡིན་ན་བློ་སེང་གིས་ང་ལངས་པ་དེ་རྒྱ་མི་ལ་བརྡ་ལེན་སྤྲོད་ཡོད་རགས་བཤད་ན་ཆི་ཕན་ནམ། སྐད་ཆ་གསར་པ་དང་ཐབས་ལམ་གསར་པ་མེད་པ་མེད་འགྲོ ད་ཆི་ཡིན་པ་ཧ་མི་གོ་དུ།
ཨ་མའི་བུ་རྒོད་བློ་བཟང་སེང་གེ་ལགས། བཀྲ་ཤིས་བདེ་ལེགས་བོད་གཞིས་བྱེས་གཉིས་ཀྱི་རེ་བའི་ཟླ་བ་དཀར་པོ།
བཀའ་བློན་ཁྲི་བ་ལ་བཀྲ་ཤིས་བདེ་ལེགས།
མི་མང་གི་ཁྲག་འགྲོན་གང་ཡང་གཏོང་མི་དགོས་པར་རླབས་ཆེན་གྱི་བོད་མིའི་དབུ་སྐྱེས་བུ་དམ་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་གི་མར་གསོལ་རས་གནང་བའི་ཡང་དག་པའི་མང་གཙོ་དབུ་མཉེས་ཏེ་ལོ་ངོ་ ༥༡ འཁོར་བ་རྟེན་འབྲེལ་བཀྲིས་བདེ་ལེགས་གྲངས་མེད་ཞུ། ཡིན་ནའི་འདི་རིང་བཀའ་ཁྲིའི་གཏམ་བཤད་ཉན་སྐབས་དུས་ཆེན་འདི་མང་གཙོ་དབུ་མཉེས་པའི་དུས་ཆེན་གྱི་འཚོར་སྣང་སླེབས་མ་སོང། འདི་ནི་བོད་ཡིག་ཡག་པོ་ཀློག་མི་ཤེས་པའི་བཀའ་ཁྲི་ཁོང་གི་སྐྱེས་སྐར་ཡིན་པའི་འཚོར་སྣངབྱུང་རྒྱུ་མཚན་ཅིའི་ཕྱིར་བརྗོད་ན་མང་གཙོའི་དུས་ཆེན་གྱི་གཏམ་བཤད་ནང་ཁོང་མི་སྒེར་གྱི་ལོ་རྒྱུས་དང་བྱས་རབས་མང་བའི་རྐྱེན་གྱིས་སོ། ཡག་པོ་མ་བྱས་ན་ལོ་ལྔ་ནང་ལི་བྷི་ཡའི་གཞུང་འཛིན་པ་གྷ་ཌ་ཧྥེའི་ནང་བཞིན་མ་ཆགས་ཟེར་ར་མི་འདུག
དེ་རིང་སྔ་དྲོ་བོད་ཀྱི་དུས་བབ་མདུན་ངོས་སུ་བུ་མོ་རིག་འཛིན་སྒྲོལ་མའི་ཉེས་ཆད་སྐོར་འདོན་སྤེལ་བྱས་པ། ཕྱི་དྲོ་ཕྱིར་བསྡུ་མེད་པ་བཟོས་སང་བས་དེ་ལ་དགོས་པ་ག་འདྲ་ཡོད་མེད་གསལ་བཤད་གཅིག་དུས་བབ་ཚང་གི་བྱ་རོགས་ཞུ། ཡང་ཡང་ཞུ།
བཀའ་བློ་བཟང་སེང་གེ་རེད་དམ། བཀའ་ཁྲི་བློ་བཟང་སངས་རྒྱས་རེད། ཁྱེད་སྐབས་འགར་ལ་སྔོན་མར་བློ་བཟང་སེང་གེ་ཞེས་ཐོས་ནའང་། དེང་སངས་ཡང་བློ་བཟང་སངས་རྒྱས་ཞེས་དབྱིན་ཡིག་ཐོག་ལ་མང་པོ་བྲིས་འདུག བོད་མི་སྐྱབས་བཅོལ་པ་འདི་ཚོས་ཅི་ཞིག་ལབ་ཀྱིན་འདུག་ཧ་ཅིང་གོ་དཀའ་མོ་རེད་འདུག
གང་ལྟར་ཡང་བྱ་བ་ཇི་འདྲ་ཞིག་སྒྲུབ་རིམས་ཀྱིས་བལྟ་ཆོག་གི་ཡ། ད་དུང་བསྟོན་སྔ་མ་དྲགས།
བཀུར་འོས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཕི་རེམ་ཁའུ་མར་ངྷི་མེལ་ (Shiri PremKumar Dhumal) མཆོག་ལགས་ཀྱིས་བོད་རང་བཙན་མ་ཐོབ་བར་དུ་ང་ཚོ་མཉམ་གནས་བྱ་དགོས་གསུངས་པར་བཀའ་དྲིན་ཆེ་བྱུང་ཞེས་ཞུ་རྒྱུ་ཡིན།
རྒྱ་གར་གཞུང་གི་དཔོན་རིགས་ཁྱེད་རྣམ་པས་གསུངས་པར་ལྟར་བོད་རྒྱལ་ཁབ་འདིར་རྒྱ་གར་གཞུང་གིས་ངོས་ནས་འཛམ་གླིང་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་རང་བཙན་གཙང་མ་ཡིན་པར་ངོས་ལེན་གནང་རོགས་ཞེས་རེ་བ་རྒྱུ་ཡིན།
བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཕེབས་པར་དང་བོད་རྒྱལ་ཁབ་ཀྱི་རང་བཙན་ལ་ཉི་མ་ཞིག་ཤར་གྱི་ཡོད་པ་ནི་བུ་ཁྱེད་ཀྱི་ཤེས་ཡོན་ལས་བྱུང་བ་ཡིན་པར་མངོན་གསལ་ཆགས་བཞིན་འདུག་པས་བཀའ་དྲིན་ཆེ་ཞུ་རྒྱུ་དང་དགའ་པོ་བྱུང་ཞུ་རྒྱུ་ཡིན།
རྒྱ་གར་གཞུང་གིས་རྒྱལ་སྤྱིའི་ནང་དུ་བོད་རང་བཙན་ཡིན་པར་ངོས་ལེན་གནང་བ་ལ་ཤུགས་རྒྱབ་རོགས་ཞེས་ཞུ་རྒྱུ་ཡིན།