མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅོ་ལྔ་པའི་སྤྱི་འཐུས་ཕྱོགས་སྐྱོད་པ་སྐོར་ཞིག་གི་མཐོང་ཐོས།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམ་པ་ཆ་བགོས་ཀྱིས་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་དང་ཁ་འཐོར་བོད་མིའི་བཞུགས་ཡུལ་ཁག་ཏུ་འཚམས་གཟིགས་སུ་བསྐྱོད་པ་ལྟར། འདི་གའི་གསར་ཁང་གིས་ས་གནས་མི་འདྲ་བའི་ནང་ཕྱིན་པའི་སྤྱི་འཐུས་ཁག་ཅིག་ལ་གཞིས་ཆགས་བོད་མིའི་གནས་སྟངས་དང་དཀའ་ངལ་སྐོར་ལ་བཅར་འདྲི་བྱས་ཡོད།

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སོགས་སུ་འཚམས་གཟིགས་སུ་ཕེབས་མཁན་དབུས་གཙང་སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སུ་བཅར་འདྲི་ཞུར་པར་ཁོང་གིས། “ ཐེངས་འདིར་ང་དང་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་གཉིས་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་ལུགས་ཟུང་བསམ་འགྲུབ་གླིང་། མེལ་སོར། བྷེང་ལོར། མེན་ལོར་བཅས་ཀྱི་བོད་མིའི་གཞིས་ཆགས་ཁག་དང་སློབ་གྲྭ། དགོན་སྡེ་སོགས་སུ་སྐོར་སྐྱོད་བྱས་པ་ཡིན། ངེད་གཉིས་ཀྱི་ལས་དོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དང་བཙན་བྱོལ་བོད་གཞུང་གི་མཚན་བྱང་བརྗེ་བསྒྱུར་གནང་སྟངས། ༧གོང་ས་མཆོག་གི་ཆབ་སྲིད་ཐུགས་འགན་མི་མང་གིས་བདམས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་གནང་བའི་རྗེས་ཀྱི་གནས་སྟངས། རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་བཅས་དོན་ཚན་ ༦ གི་ཐོག་ས་གནས་མི་མང་ལ་འགྲེལ་བཤད་རྒྱག་ཏུ་ཕྱིན་པ་རེད། ཡིན་ནའང་། ཐེངས་འདིའི་སྐོར་སྐྱོད་རིང་གི་མཐོང་ཐོས་ཙམ་ཞུས་ན། སྤྱིར་བཏང་སྦེལ་ཀོབ་གཞིས་ཆགས་དེ་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་ཡོད་པ་ཡོངས་གྲགས་རེད། འོན་ཀྱང་། སྦེལ་ཀོབ་གཞིས་ཆགས་ལ་མཚོན་ན། ད་ལྟའི་བར་ཆོལ་ཁ་གསུམ་རྡོག་རྩ་ཆིག་སྒྲིལ་བྱ་མ་ཐུབ་པའི་དབང་གིས་ས་གནས་འཐུས་ཚོགས་འཛུགས་ཐུབ་ཀྱི་མི་འདུག དེ་དཀའ་ངལ་ཆེ་ཤོས་རེད། གནས་ཚུལ་དེ་ས་གནས་མི་མང་ལ་དྲིས་སྐབས་དབུས་གཙང་གི་མི་ཚོས་མདོ་སྟོད་སྨད་གཉིས་ཀྱིས་མཉམ་རུབ་བྱེད་ཀྱི་མི་འདུག་ཟེར་ཞིང་། མདོ་སྟོད་སྨད་ཀྱི་མིས་ས་གནས་གྲོས་ཚོགས་དེ་འོས་བསྡུའི་ལམ་ནས་བདམས་པ་ཡིན་ན། དབུས་གཙང་ལ་མི་འབོར་མང་བས་གྲོས་ཚོགས་འཐུས་མི་ཚང་མ་དབུས་གཙང་གི་མི་ཆགས་ཏེ་མདོ་སྟོད་སྨད་གཉིས་ཀྱི་མི་མང་གི་མངོན་འདོད་འགྲུབ་དཀའ་མོ་ཡིན་ཚུལ་བརྗོད་བྱུང་། ལས་དོན་འདིའི་ཐོག་ད་བར་ཐབས་ལམ་འདྲ་མིན་གནང་ཡང་གྲུབ་འབྲས་ཐོན་མེད་སྟབས། ས་གནས་གཞིས་མགོའི་ངོས་ནས་ཕྱི་ཟླ་ ༡༠ བའི་ནང་༸གོང་ས་མཆོག་ཆིབས་བསྒྱུར་སྐབས་དང་བསྟུན་ཏེ། དཀའ་ངལ་དེ་སེལ་ཐབས་ལ་གྲ་སྒྲིག་ཞུ་བཞིན་འདུག  ང་རང་གི་ངོས་ནད་དེ་ནི་དཀའ་ངལ་ཆེ་ཤོས་ཤིག་དང་། ཕུགས་ཀྱི་རྩ་དོན་ལ་གནོད་གཞི་ཞིག་ཏུ་མཐོང་སོང་། ས་གནས་གྲོས་ཚོགས་མེད་པ་དེས་མི་མང་གི་ཟ་བཏུང་དང་འཚོ་བར་དམགས་བསལ་དཀའ་ངལ་མེད་ཀྱང་། རྒྱ་ནག་དང་འཐབ་རྩོད་བྱེད་མཁན་ཞིག་གི་ངོས་ནས་བཤད་ན། ས་གནས་དེ་དག་ནང་ཁ་ནས་རྡོག་རྩ་ཆིག་སྒྲིལ་ཟེར་གྱི་ཡོད་པ་ལས་དོན་ལ་ཆོལ་ཁའི་འཐེན་འཁྱེར་འོག་ལས་དོན་འཐུས་ཤོར་དུ་འགྲོ་བཞིན་འདུག དེ་བཞིན། རང་བདེན་ཚོགས་ཆུང་ལ་མཚོན་ནའང་། མི་མང་གི་འོས་བསྡུའི་ལམ་ནས་འདེམས་ཐོན་བྱ་དགོས་ཀྱང་། ད་ལྟའི་ཆར་མི་རེ་ཟུང་ཞིག་མ་གཏོགས་ཕྱག་ལས་གནང་ཤེས་མཁན་མེད་པའི་དཀའ་ངལ་ཞིག་འཕྲད་ཀྱི་འདུག  དཀའ་ངལ་དེ་ཡང་གཙོ་བོ་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་ཆགས་འདུག ”  ཅེས་བརྗོད་བྱུང་།

ཡང་ཁོང་མོར་སློབ་གྲྭ་ཁག་གི་སྐོར་དྲིས་སྐབས། “ ཐེངས་འདིར་མཐོ་སློབ་ཁག་དང་བོད་ཁྱིམ། གཏན་སློབ་ཁག་བཅས་ལ་གཏམ་བཤད་བགྲོ་གླེང་བྱས་པ་ཡིན། སློབ་སྦྱོང་གི་མཐུན་རྐྱེན་དང་སློབ་མའི་ཤེས་ཡོན་གནས་ཚད་སྔར་ལས་ཡར་རྒྱས་ཕྱིན་འདུག་ལ། བོད་དོན་ཐོག་དོ་སྣང་དང་བོད་ཡིག་བོད་སྐད་ཐད་ལའང་སྔར་ལས་དོ་སྣང་ཆེ་རུ་ཕྱིན་འདུག སྤྱིར་ས་གནས་དེ་ཁུལ་དུ་སྐྱོ་བོ་ཉམ་ཐག་དང་དཀའ་ངལ་ཆེན་པོ་ཡོད་པ་དེ་འདྲ་མཐོང་མ་སོང་། ས་ཞིང་དང་ཆུ་སོགས་ཀྱི་མཐུན་རྐྱེན་ཡག་པོ་ཡོད་སྟབས། སྲོལ་རྒྱུན་ཞིང་ལས་གཙོ་བྱས་པའི་ཟ་འབྲུ་དང་སྔོ་ཚོད་སོགས་ཀྱི་ཐོན་སྐྱེད་ཡག་པོ་ཡོད་ས་རེད། མ་འོངས་པར་གཞུང་ངོས་ནས་མཐུན་རྐྱེན་བསྐྲུན་ཐུབ་པ་ཡིན་ན། སྦེལ་ཀོབ་དེ་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་ལྟེ་གནས་ལྟ་བུ་ཞིག་ཆགས་ཐུབ་རྒྱུར་རེ་བ་ཆེན་པོ་འདུག ”  ཅེས་བརྗོད་བྱུང་།

 

བལ་ཡུལ་གནས་སྡོད་བོད་མིའི་གཞིས་ཆགས་ཁང་ནང་འཚམས་གཟིགས་སུ་ཕེབས་མཁན་མདོ་སྟོད་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས།  “ ཐེངས་འདིར་ང་དང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག  ཆོས་སྐྱོང་དབང་ཕྱུགས་བཅས་མི་གསུམ་ཟླ་གཅིག་ལྷག་རིང་བལ་ཡུལ་གྱི་གློ་སྒྲིག་བྱམས་པ་གླིང་དང་དཔལ་འབྱོར་གླིང་། བཀྲ་ཤིས་སྒང་། བཀྲ་ཤིས་དཔལ་འཁྱིལ། སྤོག་ར་བཀྲ་ཤིས་གླིང་། བལ་ཡུལ་རྒྱལ་ས། འཇོ་ལཱ་ཁེ་བསམ་གྲུབ་གླིང་། འཕགས་ཤིང་། མཆོད་རྟེན། འཇོར་པ་ཀྲི། མཐའ་མཚམས་ཤར་ཁུམ་བཅས་སུ་བསྐྱོད་པ་ཡིན། བལ་ཡུལ་གཞུང་གི་ཆབ་སྲིད་བརྟན་པོ་མེད་སྟབས་བལ་ཡུལ་ས་གནས་ཁ་ཤས་ཀྱི་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག བལ་ཡུལ་ནང་གི་བོད་པ་སྐྱབས་བཅོལ་བ་ཐུན་མོང་ལ་དཀའ་ངལ་ཞིག་ཡོད་པ་ནི། བལ་ཡུལ་གཞུང་གིས་བོད་མི་ཚོར་སྐྱབས་བཅོལ་ལག་འཁྱེར་སྤྲོད་ཀྱི་མེད་པ་དེ་རེད། གནས་སྟངས་འདིིའི་འོག་ནས་མཐོ་སློབ་ཐོན་པའི་བོད་པའི་གཞོན་སྐྱེས་མང་པོ་ཞིག་ལ་ལས་ཀ་འཚོལ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག ༢༠༠༨ ལོ་ནས་བཟུང་བལ་ཡུལ་གཞུང་གིས་བོད་མི་ཚོར་དམིགས་བསལ་དམ་དྲག་བྱས་ཏེ་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་དང་། གཞུང་འབྲེལ་གྱི་མཛད་སྒོའི་རིགས་རྩ་བ་ནས་བཀག་སྡོམ་བྱས་འདུག དུས་ཚིགས་དེ་དག་ནང་བལ་ཡུལ་ཉེན་རྟོག་པས་བོད་མི་མང་པོ་འཛིན་བཟུང་དང་གཅར་རྡུང་ཚད་མེད་བྱེད་ཀྱི་ཡོད་ས་རེད། དེ་བཞིན་འཕགས་ཤིང་དང་མཆོད་རྟེན་མཐའ་ཁོར། རྒྱལ་ས་སོགས་ཀྱི་བོད་མི་ཚོང་ལས་གཉེར་མཁན་ཚོར་ཡང་གནོན་ཤུགས་དང་འཇིགས་སྐྲག་སྣ་ཚོགས་ཡོང་གི་འདུག ”  ཅེས་བརྗོད་བྱུང་།

གསར་འགོད་པས་ཁོང་ལ་བལ་ཡུལ་ཁུལ་དུ་བོད་མ་ཉམ་ཐག་དེ་འདྲ་ཡོད་མེད་དྲིས་པར། “ ད་ལྟའི་བར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བལ་ཡུལ་ནང་གི་བོད་མི་ཉམ་ཐག་ཚོར་སྐྱོབ་གསོའི་རོགས་དངུལ་སྤྲོད་ཀྱི་ཡོད་ས་རེད། སྤོག་ར་གཞིས་ཆགས་ལྟ་བུར་མཚོན་ན། གཞིས་གྲོང་རེ་གཉིས་མ་གཏོགས་མང་ཆེ་བའི་འཚོ་བའི་གནས་སྟངས་སྐྱོ་བོ་རེད་ལ། ལྷག་པར་དུ་བྱམས་པ་གླིང་གཞས་ཆགས་ལ་མཚོན་ན། ད་ལྟ་ད་དུང་ཡང་སྔོན་མ་བོད་གཞུང་གིས་བརྒྱབ་པའི་ཁང་རྙིང་དག་ཏུ་བསྡད་འདུག་ལ། ཁང་པ་ཆུང་ཆུང་ཞིག་གི་ནང་མི་བདུན་བརྒྱད་རེ་མཉམ་དུ་བསྡད་འདུག དེའི་ནང་ཨེ་ཙི་སོགས་ཀྱི་འགོས་ནད་རིགས་ཡོད་མཁན་ཡང་ཡོད་ས་རེད། འཕྲོད་བསྟེན་གྱི་ཕྱོགས་ནས་ཀྱང་མཐུན་རྐྱེན་ཧ་ཅང་སྐྱོ་བོ་རེད། སྔོན་མ་དབུས་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་ས་གནས་དེ་གའི་བོད་རིགས་གཞོན་སྐྱེས་ལས་མེད་ཚོར་དམིགས་ཏེ། མགྲོན་ཁང་དང་ལག་ཤེས་སློབ་གྲྭ་སོགས་བཙུགས་ཡོད་ཀྱང་། དེ་དག་ནང་ལས་ཀ་བྱེད་མཁན་བོད་པ་ཉུང་ཤས་ཤིག་ལས་མང་ཆེ་བ་ཡུལ་མི་རྐྱང་ཆགས་འདུག དེ་དག་བོད་གཞུང་གིས་མ་ཤེས་པ་དང་བདག་པོ་མ་བརྒྱབ་པ་དེ་འདྲ་ཡིན་ས་མ་རེད་དེ། བལ་ཡུལ་གྱི་ཆབ་སྲིད་བརྟན་པོ་མེད་པའི་དབང་གིས་དཀའ་ངལ་སེལ་ཐབས་ཡག་པོ་ཞིག་གནང་ཐུབ་ཀྱི་མེད་པ་འདྲ། ” ཅེས་བརྗོད་བྱུང་།

ཡང་ཁོང་ལ་བལ་ཡུལ་བོད་མིའི་སློབ་གྲྭ་ཁག་གི་སྐོར་དྲིས་པར། “ རྣམ་རྒྱལ་མཐོ་སློབ་དང་སྲོང་བཙན་སློབ་གྲྭ་གཙོས་པའི་སློབ་གྲྭ་ཁག་མང་པོ་ཞིག་སློབ་གྲྭའི་འཛུགས་སྐྲུན་དང་སློབ་སྦྱོང་གི་མཐུན་རྐྱེན། དེ་བཞིན་དགེ་རྒན་གྱི་ཆ་རྐྱེན་སོགས་ཧ་ཅང་ཡག་པོ་འདུག  ཡིན་ནའང་། རྒྱལ་སར་ཡོད་པའི་སློབ་གྲྭ་ཁག་ཏུ་མའོ་ཤོག་ཁག་གིས་དཀའ་ངལ་འདྲ་མིན་བཟོ་བཞིན་ཡོད་ས་རེད། མའོ་ཤོག་ཁག་གི་མི་ཡོང་སྟེ་སློབ་གྲྭའི་ནང་ཡུལ་མིའི་ཕྲུ་གུ་བསྡུས་མི་ཆོག་པ་དང་། ཁོང་ཅག་མའོ་ཤོག་ཁག་གི་ཕྲུ་གུ་ལེན་དགོས་ཚུལ། ཡུལ་མིའི་སློབ་ཕྲུག་ཚོར་བོད་ཡིག་ཤུགས་ཆེན་བསླབས་ཏེ་བོད་པ་བཟོ་ཐབས་བྱས་ན་མི་འགྲིག་སྐོར་སོགས་ཀྱི་རྙོག་དྲ་བཤད་དེ་སུན་གཙེར་ཡང་ཡང་བཟོ་བཞིན་འདུག ད་ཆར་ཁོང་ཅག་གིས་དེ་སྔོན་བོད་མི་ཆིག་སྟོང་ཨ་རིར་འཐེན་རྒྱུའི་གླེང་སློང་ཞིག་བྱུང་ཡོད་པ་དེ་རྒྱུན་འཁྱོངས་བྱས་ཏེ། བལ་ཡུལ་གནས་སྡོད་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཁག་དང་བོད་མི་ཁ་འཐོར་རིགས་ཕྱི་རྒྱལ་ལུང་པ་ཞིག་ལ་གནས་སྤོ་བྱས་ན་ལེགས་པའི་དགོངས་ཚུལ་འདུག ” ཅེས་བརྗོད་བྱུང་།

 

རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་འཚམས་གཟིགས་སུ་ཕེབས་མཁན་མདོ་སྨད་སྤྱི་འཐུས་རྒྱ་རིགས་མཐར་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ ཐེངས་འདིར་སྤྱི་འཐུས་རྒྱ་རོང་ཟླ་བ་ཚེ་རིང་དང་ངེད་གཉིས་ཟླ་གཅིག་ལྷག་རིང་ལ་དྭགས་སླེ་ཁུལ་གྱི་བོད་མིའི་གཞིས་གྲོང་ཆེ་ཆུང་ ༡༢ དང་། བྱང་ཐང་བཅས་ཀྱི་ས་ཁུལ་མང་ཆེ་བའི་ནང་འཚམས་གཟིགས་སུ་ཕྱིན་པ་ཡིན། འགྲོ་མ་ཐུབ་པའི་ས་གནས་ཁག་གི་གཞིས་མགོ་ལ་དྭགས་རྒྱལ་ས་སླེ་རུ་སྐད་བཏང་སྟེ་གནས་སྟངས་རྒྱུས་ལོན་བྱས་པ་ཡིན།  སྤྱི་ཡོངས་ཀྱི་ཆ་ནས་ལ་དྭགས་ཁུལ་གྱི་བོད་མིའི་འཚོ་རྟེན་དང་དཔལ་འབྱོར་གང་འཚམས་ཡག་པོ་འདུག ལྷག་པར་དུ་རིག་གཞུང་གི་ཕྱོགས་ནས་ལ་དྭགས་ལ་མཚོན་ན། བོད་ཡིག་བོད་སྐད་ཙམ་མིན་པར། གདོད་མ་ནས་དར་བའི་བོད་པའི་ལེགས་བྱང་དང་སྲོལ་རྒྱུན་རིག་གནས་མང་པོ་ཞིག་ཉར་ཚགས་བྱས་འདུག ནང་ཆོས་ལའང་ཕྱིའི་གནོན་ཤུགས་དང་གཏོར་བཅོམ་མ་ཐེབས་པར་རྒྱུན་འཛིན་བྱེད་སྟངས་ཧ་ཅང་ཡག་པོ་འདུག ས་གནས་དེར་མ་འོངས་པར་ཡང་མུ་མཐུད་དུ་ལྷད་མ་ཞུགས་པའི་བོད་པ་རང་གི་སྲོལ་རྒྱུན་གྱི་རིག་གཞུང་རྒྱུན་གནས་བྱ་ཐུབ་པའི་རེ་བ་ཆེན་པོ་ཞིག་མཐོང་བྱུང་། དེ་བཞིན། ངེད་ཅག་ལ་དྭགས་སླེ་དང་བྱང་ཐང་གི་ས་ཁུལ་ཁག་གི་སློབ་གྲྭ་ཁང་མང་པོ་ཞིག་ཏུ་ཕྱིན་པ་ཡིན། སློབ་གྲྭ་མང་ཆེ་བའི་ནང་སློབ་མའི་སློབ་ཞུགས་ཀྱི་གྲངས་འབོར་དང་སློབ་སྦྱོང་གི་མཐུན་རྐྱེན།  དགེ་རྒན་གྱི་སློབ་ཁྲིད་བྱེད་ཕྱོགས་གང་ཐད་ནས་ཡག་པོར་མཐོང་བྱུང་། དགེ་རྒན་འགའ་རེ་ཡིས་འོ་མའི་ཤོག་སྒམ་སོགས་ཀྱི་སྟེང་དུ་རི་སྐྱེས་སྲོག་ཆགས་དང་ཤིང་ཏོག ཅ་དངོས་སོགས་དབྱིན་བོད་གཉིས་ཐོག་བྲིས་ཏེ་ངོས་འཛིན་བྱེད་པ་དང་ཐ་སྙད་སྦྱོང་བརྡར་བྱེད་པ། སློབ་ཁང་གི་རྩིག་ལྡེབས་སོགས་སུ་ཡང་བོད་ཡིག་དང་དབྱིན་ཡིག་གི་ཐ་སྙད་སོགས་སྡེ་ཚན་འདྲ་མིན་དུ་བགོས་ཏེ་སློབ་མའི་ཤེས་ཡོན་ཡར་རྒྱས་ཀྱི་མཐུན་རྐྱེན་བསྐྲུན་འདུག དགེ་རྒན་ཚོས་ངག་གི་སློབ་ཁྲིད་ཙམ་མིན་པར་མིག་སྟོན་ལག་ལེན་མང་པོ་ཞིག་འགྲོ་བཞིན་འདུག དེ་རིགས་ཧ་ཅང་ཡག་པོར་མཐོང་སོང ”  ཞེས་བརྗོད་བྱུང་།

སྔར་ལོ་ལ་དྭགས་ཁུལ་དུ་ཆུ་ལོག་གི་གོད་ཆག་ཆེན་པོ་བྱུང་བའི་ས་གནས་ཁག་གང་འདྲ་ཆགས་ཡོད་མེད་དྲིས་པར། “ སྔར་ལོ་ཆུ་ལོག་བརྒྱབ་པ་དེས་ས་གནས་མི་མང་ལ་གོད་ཆག་ཆེན་པོ་བཟོས་ཡོད་ཀྱང་། རང་གཞུང་གི་རོགས་རམ་འོག་ད་ཆར་གང་འཚམ་བསྐྱར་གསོ་བྱས་འདུག ལ་དྭགས་ཡུལ་མིའི་ཁང་ཁྱིམ་སླར་གསོ་དང་བོད་པའི་ཁང་ཁྱིམ་སླར་གསོ་གཉིས་བསྡུར་ན། བོད་མིའི་གཞིས་གྲོང་ ༡༢ ཙམ་གྱི་སྡོད་ཁང་དང་ཞིང་ས། སྡོང་རྭ་སོགས་བསྐྱར་གསོ་གྲུབ་ཏེ། གཞུང་གིས་འགྲོ་གྲོན་བཏང་བར་གྲུབ་འབྲས་ཡག་པོ་ཐོན་འདུག་བསམ་པ་ཞིག་བྱུང་སོང་།  མི་མང་ཚོའི་ངོས་ནས་ཀྱང་ཆད་ལྷག་དང་། འདྲ་མཉམ་མ་བྱུང་བ། འདོད་པ་མ་ཁེངས་པ་དེ་འདྲ་གང་ཡང་གསུང་མ་སོང་། སྤྱིར་ས་ཁུལ་དེ་དག་ནང་བརྒས་གཅོང་ཉམ་ཐག་མང་པོ་དེ་འདྲ་མཐོང་མ་སོང་མོད། ལོ་ ༨༠ ཡས་མས་ཅན་འགའ་རེ་ཁོ་རང་ཚོས་རྒན་གསོ་ཁང་ལ་འགྲོ་འདོད་མ་བྱས་པར་ལྷག་འདུག་པ་དེ་འདྲ་འདུག ” ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། “ ལ་དྭགས་ལྷོ་བྱང་གཉིས་ལ་དཀའ་ངལ་ཞིག་ཡོད་པ་ནི། ས་ཁུལ་མང་ཆེ་བར་ཞིང་ཁར་ཆུ་འདྲེན་མ་ཐུབ་པའི་དཀའ་ངལ་ཞིག་འདུག ས་གནས་ཁག་ཅིག་ཏུ་འཐུང་ཆུའི་དཀའ་ངལ་ཡང་འདུག བོད་གཞུང་གི་ངོས་ནས་དེ་སྔ་དུང་ཁ་ཤས་བརྐོས་འདུག་ཀྱང་། ད་དུང་ཆུའི་དཀའ་ངལ་ཡོད་ས་མང་པོ་ལྷག་འདུག ང་ཚོར་ས་གནས་མི་མང་གིས་རེ་བ་ཁ་ཤས་བཏོན་པ་ནི། དེ་སྔ་བོད་གཞུང་གིས་མི་མང་ལ་ཕྱུགས་ཟོག་གི་གཟན་རྩྭ་གྲ་སྒྲིག་ཐད་བུན་དངུལ་སྤྲད་ཡོད་པ་དེ་མུ་མཐུད་དུ་གནང་རྒྱུ་དང་། དྲོད་ཁང་གསར་རྒྱག་བྱ་རྒྱུ། བྱང་ཐང་ས་ཁུལ་དུ་རྨོ་འདེབས་འཕྲུལ་ཆས་ཀྱི་མཐུན་རྐྱེན་སྦྱོར་རྒྱུ། ཆུ་ཤུར་ས་ཁུལ་གྱི་གནས་སྤོར་བཅས་ལ་རོགས་སྐྱོར་བྱ་དགོས་པ་སོགས་རེད། ལ་ཐེངས་འདིའི་སྐོར་སྐྱོད་སྐབས་ཚོར་སྣང་ཆེ་ཤོས་ཤིག་བྱུང་བ་ནི། ལ་དྭགས་ས་ཁུལ་དེ་བོད་པའི་སྲོལ་རྒྱུན་རིག་གནས་ཀྱི་ངོ་བོ་མ་འགྱུར་བར་གནས་བསྡད་ཡོད་པ་དེ་རེད། ས་གནས་མི་མང་ལ་གཞན་དང་མི་འདྲ་བའི་མི་རིགས་རང་གི་ཁྱད་ཆོས་མང་པོ་ཞིག་འདུག མ་འོངས་པར་མཐུན་རྐྱེན་གང་ལེགས་བསྐྲུན་དེ། ལ་དྭགས་གནས་སྡོད་བོད་མི་ཚོ་མུ་མཐུད་ས་གནས་དེ་ག་རང་དུ་གནས་ཐུབ་ལ་འབད་བརྩོན་བྱ་རྒྱུ་དེ་གལ་ཆེན་འགེངས་ཆེན་ཞིག་ཏུ་མཐོང་སོང ”  ཞེས་བརྗོད་བྱུང་།

 

ཀ་རྡོར་སྒང་གསུམ་ཁུལ་དུ་འཚམས་གཟིགས་སུ་ཕེབས་མཁན་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ ཐེངས་འདིར་ང་དང་སྤྱི་འཐུས་ཀ་རྨ་ཆོས་འཕེལ་གཉིས་ཟླ་གཅིག་ལྷག་རིང་རྒྱ་གར་ཤར་བྱང་ཁུལ་གྱི་སོ་ན་རྡ་བཀྲ་ཤིས་གླིང་དང་ཁར་ཤང་། པ་ཏི། རྡོར་གླིང་། ར་ཝང་ལ། ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་། སྒང་ཏོག  རུམ་བཏེགས། འབྲས་ལྗོངས། ཀ་སྦུག  རྡོར་གདན་བཅས་ཀྱི་གཞིས་མགོ་ ༤ དང་ས་གནས་ཁག་ ༢༠ ཙམ་ལ་སྐོར་སྐྱོད་བྱས་པ་ཡིན། ཀ་རྡོར་སྒང་གསུམ་གྱི་བོད་མི་འདུས་སྡོད་ཁག་གི་དཀའ་ངལ་གཙོ་བོ་དེ། གཞིས་ཆགས་དེ་དག་གི་གཞོན་སྐྱེས་མང་ཆེ་བ་ཕྱི་རྒྱལ་དང་རྒྱ་གར་གྲོང་ཁྱེར་ཁག་ཏུ་ལས་ཀ་འཚོལ་དུ་ཕྱིན་སྟེ་ཤུལ་དུ་རྒན་འཁོགས་འགའ་རེ་ལས་ལྷག་མི་འདུག གཞིས་ཆགས་དེ་དག་གི་ས་ཞིང་འདེབས་ལས་དང་ཕྱུགས་ཟོག་འཚོ་སྐྱོང་སོགས་རྒྱ་གར་བ་མང་པོ་གླས་འདུག གནས་སྟངས་དེ་མཐོང་སྐབས་ང་ཚོས་ནམ་རྒྱུན་བཤད་བསྡད་པའི་ “གཞིས་ཆགས་སྲ་བརྟན” ཟེར་བ་དེ་གང་འདྲ་ཞིག་ལ་སླེབ་ཀྱི་ཡོད་ན། ད་དུང་མུ་མཐུད་དུ་དེ་ལྟར་ཕྱིན་པ་ཡིན་ན་གཞིས་ཆགས་དེ་དག་རྩ་བརླག་ཏུ་འགྲོ་རྒྱུར་ལོ་མང་པོ་འགོར་ས་མ་རེད་སྙམ་པའི་ཚོར་བ་ཤུགས་ཆེན་པོ་བསླེབས་སོང་། དེ་བཞིན། ཀ་རྡོར་སྒང་གསུམ་ལ་མཚོན་ན་ཡང་སྤྱིར་བཏང་བོད་མི་མང་པོ་ཡིན་ཡང་། དེ་ཁུལ་གྱི་བོད་མི་ཚོས་བོད་སྐད་བོད་ཡིག་བེད་སྤྱོད་གཏོང་གི་མེད་པར་བལ་ཡུལ་གྱི་སྐད་བཤད་ཀྱི་འདུག ཐ་ན་ཁྱིམ་ཚང་ནང་ཁུལ་ནས་ཀྱང་བལ་ཡུལ་གྱི་སྐད་བཤད་དེ་གཞོན་སྐྱེས་ཚོའི་ཁྲོད་བོད་སྐད་གཙང་མ་བཤད་ཐུབ་མཁན་ཧ་ཅང་དཀོན་པོ་ཆགས་འདུག ”  ཅེས་བརྗོད་བྱུང་།

ཁོང་གིས་རྒན་འཁོགས་ཉམ་ཐག་གི་སྐོར་གསུངས་དོན། “ བོད་མི་ཁ་འཐོར་དུ་ཡོད་པའི་འབྲས་ལྗོངས་ལ་ཆེན་ལ་ཆུང་ཕྱོགས་སུ་བརྒས་གཅོང་ལྟ་རྟོག་བྱེད་མཁན་མེད་པའི་ཉམ་ཐག་མང་པོ་མཐོང་རྒྱུ་འདུག དེ་དག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ད་བར་ཉམ་ཐག་སྐྱོབ་གསོའི་རོགས་དངུལ་སྤྲོད་ཀྱི་ཡོད་རབས་གོ་ཐོས་བྱུང་ཡང་། དེ་དག་དུས་ཐོག་སྨན་པ་ཞིག་དང་། དངོས་ནས་ཉམ་ཐག་ཡིན་རིགས་ཚོར་ཐོབ་ཀྱི་ཡོད་མེད་ཀྱི་སྐད་ཆ་ཡང་འདུག ”  ཅེས་བརྗོད་བྱུང་།

ཁོང་ལ་སློབ་གྲྭའི་སྐོར་དྲིས་པར། “ ཀ་རྡོར་སྒང་གསུམ་དུ་ཡོད་པའི་སློབ་གྲྭ་མང་ཆེ་བ་གཏན་སློབ་རྐྱང་རེད། སྤྱི་ཚོགས་ནང་སློབ་གྲྭ་དེ་དག་རྒྱ་གར་གཞུང་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་འགན་ལེན་བྱ་རྒྱུ་མིན་པའི་དཀྲོག་གཏམ་ཞིག་བྱུང་སྟེ། སློབ་གྲྭ་དེ་དག་གི་དགེ་རྒན་རྒྱ་གར་དང་བོད་པ་ཚོར་སོ་སོའི་ལས་ཀ་གཏན་པོ་ཡོད་མེད་ཀྱི་དོགས་གཞི་བྱུང་སྟེ། སློབ་སྦྱོང་གི་ཕྱོགས་ལ་འཐུས་ཤོར་གང་འཚམ་བཏང་ཡོད་ས་རེད། གནས་ཚུལ་དེ་ང་ཚོས་བོད་གཞུང་ཤེས་རིག་ལས་ཁུངས་ལ་འབྲེལ་བ་ཞུས་ཏེ། ཤེས་རིག་གིས་གནས་སྟངས་དེ་འདྲ་ཆགས་མི་སྲིད་པའི་བཀའ་ལན་གནང་བ་ལྟར། སློབ་གྲྭ་ཁག་ཏུ་གནས་ཚུལ་གསལ་བཤད་བྱས་པ་ཡིན། སྤྱི་ཡོངས་ཀྱི་ཆ་ནས་ཀ་རྡོར་སྒང་གསུམ་གྱི་སློབ་གྲྭ་ཁག་ཚང་མ་བོད་ཁྱིམ་དང་བསྡུར་ན་སློབ་གྲྭའི་འཛུགས་སྐྲུན་དང་སློབ་སྦྱོང་མཐུན་རྐྱེན། དགེ་རྒན་སོགས་སྐྱོ་བོ་རེད ” ཅེས་བརྗོད་སོང་།

མཐར་ཁོང་གིས་ཚོར་ཤུགས་ཆེན་པོས་བརྗོད་དོན། “ ཀ་རྡོར་སྒང་གསུམ་གྱི་བོད་མི་ཚོས་བོད་སྐད་བོད་ཡིག་ལ་སྣང་ཆུང་བྱེད་ཀྱི་ཡོད་པ་དང་། རྒྱ་གར་གཞུང་གིས་གནང་བའི་བོད་མི་སྐྱབས་བཅོལ་བའི་ཐོང་ཐང་མཐུན་རྐྱེན་དེ་དག་ལ་བདག་པོ་རྒྱག་གི་མེད་པ་འདི་དང་། རྒྱ་ནག་གི་གཉའ་གནོན་དང་བརྙས་བཅོས་འོག་ནས་ཡུན་རིང་དཀའ་སྡུག་མྱངས་ཤིང་། རྒྱ་གར་དང་བོད་ཀྱི་ས་མཚམས་ནས་ཚེ་སྲོག་ལ་མ་འཛེམས་པར་རྒྱ་གར་ནང་ཕྱིས་སུ་འབྱོར་བའི་བོད་མི་གསར་འབྱོར་བ་དེ་ཚོར་ཐ་ན་སྡོད་ཁང་ཙམ་ཡང་མེད་པར་རྒྱ་གར་གྱི་ཁང་པ་གླས་ཏེ་བསྡད་ཡོད་པ། འདི་གཉིས་བར་ཧེ་བག་ཆེན་པོ་ཞིག་ཤོར་ཡོད་སྟབས། ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་དང་ཕྱོགས་ཡོངས་ནས་འགན་འཁུར་དགོས་པ་ཞིག་ཆགས་ཀྱི་འདུག ” ཞེས་བརྗོད་བྱུང་།

 

རྒྱ་གར་བྱང་ཤར་ཧི་མ་ཅལ་མངའ་ཁོངས་ཀྱི་བོད་མིའི་གཞིས་ཆགས་ཁག་ནང་འཚམས་གཟིགས་སུ་ཕེབས་མཁན་ས་སྐྱའི་སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ ཐེངས་འདིར་ང་དང་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་གཉིས་ཟླ་གཅིག་ལྷག་རིང་བཀྲ་ཤིས་ལྗོངས་དང་སྦིར་གཞིས་ཆག་ཁྱབ་ཁོངས། སྤོན་ཊ་བཀྲ་ཤིས་གླིང་། ཀུ་ལུ་མ་ན་ལིའི་ཁྱབ་ཁོངས། སིམ་ལ་ཁྱབ་ཁོངས་བཅས་གཞིས་མགོ་ ༨ ཀྱི་ཁོངས་སུ་སྐོར་སྐྱོད་བྱས་པ་ཡིན། ས་གནས་དེ་དག་ནང་རྩ་བའི་ཆ་རྐྱེན་ཡག་པོ་རེད། ཡིན་ནའང་གནས་ཚུལ་ཁ་ཤས་ཐོག་དཀའ་ངལ་ལྷག་ཡོད་ས་མང་པོ་མཐོང་ཐོས་བྱུང་སོང་། སྤིར་གཞིས་ཆགས་ལ་མཚོན་ན། བོད་ནས་གསར་དུ་འབྱོར་བའི་བོད་མི་ ༢༠༠ ལྷག་གཞིས་ཆགས་གང་གི་ཁོངས་སུའང་ཚུད་ཀྱི་མེད་པ་དང་། ཚོང་ལས་ཀྱི་ཕྱོགས་ནས་ཀྱང་དམིགས་བསལ་གྱི་ཁྲོམ་ས་སོགས་གང་ཡང་མེད་པར་སྲང་ལམ་གྱི་ཟ་ཟུར་ནས་ཐང་ཁྲོམ་བསྟན་ཏེ་ཉིན་རེའི་འཚོ་བ་འཁྱོལ་ཐབས་ཙམ་བྱེད་ཀྱི་འདུག འདི་དག་གི་མ་འོངས་པའི་འཚོ་བ་སྐྱེལ་སྟངས་དང་ཕྲུ་གུ་སློབ་གྲྭར་གཏོང་རྒྱུ་བཅས་ལ་སེམས་འཁྲུལ་ཆེན་པོ་འདུག དེ་བཞིན། སོན་ཛི་ནཱ་ཀ་དང་མན་ཊི། མཚོ་པདྨ་བཅས་ཀྱི་ས་ཁུལ་ཁག་ལ་ཡང་འབྲོག་པའི་འབྲོག་ལས་དང་ཞིང་པའི་ཞིང་ལས་སོགས་གཅིག་ཀྱང་མེད་པར་ཚོང་ཁང་དང་ཟ་ཁང་ཉར་བ་དང་། ཕྱི་ལོགས་ནས་ཁྲོམ་སྟེགས་ལ་བརྟེན་ནས་འཚོ་བ་རོལ་གྱི་འདུག དེ་དག་གི་འཚོ་ཐབས་དེ་ཕུགས་བརྟན་པོ་དང་རྒྱུན་གནས་ཐུབ་པ་ཞིག་མ་རེད། ཀུ་ལུ་མུ་ན་ལེ་ལྟ་བུར་མཚོན་ན། ཐོག་མ་ནས་གཞིས་ཆགས་ཀྱི་ས་ཆ་ཡག་པོ་མེད་སྟབས། ལོ་ལྟར་ཁང་པ་དང་ས་ཞིང་ཆུ་ལོག་གིས་གཏོར་སྐྱོན་གཏོང་གི་འདུག ངེད་ཅག་ས་དེར་འབྱོར་སྐབས་ཀྱང་ཆུ་ལོག་གི་ཉེན་ཁ་ཆེན་པོ་ཆགས་འདུག དེ་ལ་བོད་གཞུང་གི་ངོས་ནས་ཆུ་ལོག་ཉེན་འགོག་གི་ཐབས་ཤེས་བྱས་འདུག་ཀྱང་། ས་གནས་མི་མང་ཆུ་ལོག་གི་འཇིགས་སྣང་འོག་སྡོད་དགོས་པའི་དཀའ་ངལ་དེ་སེལ་ཐུབ་མི་འདུག ཡང་ས་གནས་ཁག་ཅིག་ནང་བོད་པ་ཚོ་འདུ་འཛོམ་བྱེད་སའི་ཚོགས་ཁང་མེད་པའི་དཀའ་ངལ་འདུག སིམ་ལར་མཚོན་ན། ས་གནས་ཁག་ཅིག་ལ་སྔོན་མ་རྒྱ་གར་གཞུང་གིས་བོགས་མར་བཏང་བའི་གཞིས་ཆགས་ཀྱི་ས་ཆའི་དུས་ཡུན་རྫོགས་ཏེ། བསྐྱར་དུ་དུས་ཚོད་ཁ་གསབ་བྱ་མ་ཐུབ་པའི་དཀའ་ངལ་འཕྲད་འདུག  གལ་སྲིད། རྒྱ་གར་གཞུང་གིས་བོད་མི་ཚོར་བོགས་མར་བཏང་ཡོད་པའི་ས་ཆ་ཕྱིར་བསྡུ་བྱས་ཚེ། བོད་པའི་གཞིས་གྲོང་ཁག་ཅིག་དེ་གར་སྡོད་ཐབས་མེད་པ་ཆགས་འདུག འདིའི་ཐད་འགྲོ་སོང་ཡང་ཆེན་པོ་བཏང་སྟེ་དཀའ་ངལ་སེལ་ཐབས་བྱས་ཡོད་ཀྱང་ཉིན་འགྱངས་ཕྱག་ཕུད་ཀྱིས་ཐག་གཅོད་གང་ཡང་བྱུང་མི་འདུག ”  ཅེས་བརྗོད་བྱུང་།

 

གསར་འགོད་པས་ཁོང་ལ་ས་གནས་དེ་ཁུལ་གྱི་སློབ་གྲྭའི་སྐོར་དྲིས་པའི་ལན་དུ། “ སྤིར་གཞིས་ཆགས་ཉེ་ཁུལ་དུ་ཡོད་པའི་སློབ་གྲྭ་ཁག་ལ་མཚོན་ན་སློབ་གྲྭའི་མཐུན་རྐྱེན་དང་འཛིན་སྐྱོང་། སློབ་སྦྱོང་སོགས་ཕྱོགས་གང་ཐད་ནས་ཡག་པོ་འདུག དམིགས་བསལ་བོད་སྐད་ཡིག་གི་ཐད་ནས་དོ་སྣང་ཆེན་པོ་རེད། ང་རང་འདིའི་སྐོར་ལ་སྔོན་མ་ནས་ཆ་རྒྱུས་ཡོད།  ཧི་མ་ཅལ་མངའ་ཁུལ་གྱི་སློབ་གྲྭ་གཞན་དག་ནང་སློབ་ཕྲུག་མང་ཆེ་བ་ཧི་མ་ལ་ཡའི་རི་རྒྱུད་ནས་བསླེབས་པ་ཡིན་ཡང་། ཁོང་ཚོའི་སློབ་སྦྱོང་གི་མཐུན་རྐྱེན་དང་འཛིན་སྐྱོང་། བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐོག་ཧ་ཅང་ཡག་པོ་འདུག བོད་སྐད་བོད་ཡིག་དང་བོད་པའི་ཡུལ་སྲོལ་གོམས་སོགས་ལ་ཡང་དགའ་ཞེན་ཆེན་པོ་རེད། དེ་བཞིན། ཧི་མ་ཅལ་མངའ་ཁུལ་གྱི་དགོན་སྡེ་ཁག་ལ་མཚོན་ན། དགོན་པའི་ནང་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་ཁོ་ན་མིན་པར། བོད་པའི་ཐ་སྙད་རིག་གནས་དང་། དེང་རབས་ཀྱི་རིག་གནས་སོགས་ལ་ཡང་སྔར་ལས་ལྷག་པའི་ཡར་རྒྱས་ཆེན་པོ་ཕྱིན་འདུག ” ཅེས་བརྗོད་བྱུང་།

ཁོས་མུ་མཐུད་དུ་བརྗོད་དོན། “ དགོན་སྡེ་དང་སློབ་གྲྭ་འདི་དག་ལ་མཚོན་ན་ད་དུང་ཡར་རྒྱས་གཏོང་དགོས་པའི་ཆ་མང་པོ་ཞིག་འདུག དེ་ལ་བོད་གཞུང་གི་ངོས་ནས་རོགས་རམ་མཐུན་འགྱུར་གནང་རྒྱུ་གལ་ཆེན་པོ་ཡིན་ཡང་།  ས་གནས་མི་ཚོས་གཞུང་ལ་རེ་བ་བརྒྱབ་ནས་མི་སྡོད་པར། རང་ངོས་ནས་འབད་པ་ཧུར་སྐྱེད་བྱ་རྒྱུ་གལ་ཆེན་པོ་རེད་དྲན་གྱི་འདུག ང་རང་གི་ངོས་ནས་ཐེངས་འདིའི་འཚམས་གཟིགས་སྐབས་ཀྱི་གནས་ཚུལ་ཚང་མ་འབྲེལ་ཡོད་ལྷན་ཁང་ཁག་ལ་སྙན་སེང་ཞུས་ཡོད། ལྷག་པར་དུ་ནང་སྲིད་ལས་ཁུངས་ལ་བརྡ་འདེད་བཏང་སྟེ་དཀའ་ངལ་སེལ་ཐབས་བྱ་དགོས་པའི་རེ་བ་བཏོན་ཡོད། གཙོ་བོ་འབྲེལ་ཡོད་ལས་ཁུངས་ཁག་གིས་མི་མང་གི་དཀའ་ངལ་དེ་དག་ལྷོད་གཡངས་མ་ཕྱིན་པ་ཞིག་གནང་སྟེ། ཁ་ཡོད་ལག་ཡོད་ཀྱི་ལས་དོན་ཞིག་གནང་རྒྱུ་གལ་ཆེན་པོ་རེད ” ཅེས་བརྗོད་བྱུང་།

 

རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ཕྱོགས་སུ་འཚམས་གཟིགས་སུ་ཕེབས་མཁན་བོན་པོའི་སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ ཉེ་ཆར་ང་དང་སྤྱི་འཐུས་བསོད་ནམས་རྒྱལ་མཚན་གཉིས་ཟླ་གཅིག་ལྷག་རིང་རྒྱ་གར་བྱང་ཤར་ཨ་རི་ནཱ་ཅལ་མངའ་སྡེ་ཁུལ་གྱི་ཤི་ལོང་དང་ལྡི་མ་པུར། ཀོ་ཧི་མ། ཏི་ཛ་པུར། འབུམ་སྡེ་ལ། བསྟན་འཛིན་སྒང་བཅས་སུ་ཕྱིན་པ་ཡིན། ཐོག་མར་འབྲུག་ཡུལ་ནང་འགྲོ་རྒྱུའི་འཆར་གཞི་ཡོད་ཀྱང་འབྲུག་ནང་སྲིད་ལས་ཁུངས་ལ་འབྲེལ་བ་བྱ་མ་ཐུབ་པའི་དབང་གིས་འགྲོ་ཐུབ་ཡོད་པ་མ་རེད། ངེད་གཉིས་སོང་ཡུལ་གྱི་ས་གནས་ཁག་ཏུ་དཀའ་ངལ་ཆེན་པོ་དེ་འདྲ་མེད་ཀྱང་། ཁ་འཐོར་བོད་མི་མང་པོ་ཞིག་ལ་གཞིས་ཆགས་མེད་པའི་དཀའ་ངལ་ཞིག་འཕྲད་འདུག བསྟན་འཛིན་སྒང་ལྟ་བུར་མཚོན་ན། འཚོ་བའི་ཐད་ནས་བོད་མི་མང་ཆེ་བ་ས་གནས་གཞན་དུ་ཕྱིན་སྟེ་ཞོར་ལས་བྱེད་པ་དང་དམག་མིའི་ཁོངས་སུ་འཛུལ་བ། སུད་ཚོང་སོགས་ལས་དམིགས་བསལ་ཐོན་ཁུངས་མེད་པའི་དཀའ་ངལ་ཞིག་བཤད་ཀྱི་འདུག ས་ཆ་ཁུག་ཀྱོག་ཡིན་སྟབས་གློག་དང་ཆུ། བརྒྱུད་ལམ་སོགས་ཡག་པོ་མི་འདུག ༢༠༠༠ ལོར་བོད་གཞུང་གིས་ཀུ་ཤུ་འདེབས་འཛུགས་བྱས་ཏེ་ས་གནས་མི་མང་ལ་རོགས་རམ་ཞིག་བྱས་འདུག་མོད། གནམ་གཤིས་དང་ས་བབ་ཀྱི་ཆ་ནས་ཀུ་ཤུ་འདེབས་འཛུགས་ཀྱི་ལས་གཞི་དེར་གྲུབ་འབྲས་མེད་ཐོན་མི་འདུག ད་ཆར་ས་གནས་མི་མང་གིས་ཤིང་ཏོག་ཀི་སྤེ་( kiwi fruit )ཟེར་བ་དེ་འདེབས་ལས་སྐོར་ལ་བསམ་བློ་གཏོང་གི་འདུག དཀའ་ངལ་གཞན་ཞིག་ནི། ས་གནས་དེའི་ནང་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་ཁང་ཞིག་ཡོད་ཀྱང་། ཛ་དྲག་གི་སྨན་བཅོས་སོགས་བྱེད་དགོས་དུས་སྨན་པ་མེད་སྟབས། ཆུ་ཚོད་ ༡༠ ལྷག་གི་མཚམས་སུ་འགྲོ་དགོས་ཀྱི་འདུག འགྲིམ་འགྲུལ་སྟབས་བདེ་མིན་པའི་དབང་གིས་ནད་པ་སྨན་ཁང་དུ་བསྟེན་གཏུག་ཐོག་དཀའ་ངལ་འདུག ”  ཅེས་བརྗོད་བྱུང་།

 

ཡང་ཁོང་གིས་སློབ་གྲྭའི་སྐོར་བརྗོད་དོན། “ ཤི་ལོང་དུ་སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་འཛིན་རིམ་ལྔ་བའི་བར་ཡོད་པའི་སློབ་གྲྭ་ཞིག་འདུག དེར་དགེ་སློབ་ ༩༠ ཡས་མས་ཡོད་ས་རེད། སློབ་གྲྭ་དེའི་མཐུན་རྐྱེན་སོགས་ཕྱོགས་ཡོངས་ནས་ཡག་པོ་འདུག གཞན། བསྟན་འཛིན་སྒང་དུ་( CST )ཁྱབ་ཁོངས་ཀྱི་འཛིན་རིམ་བརྒྱད་པའི་བར་གྱི་སློབ་གྲྭ་ཞིག་འདུག དེར་དགེ་སློབ་ཁྱོན་བསྡོམས་ ༣༢༡ ཙམ་འདུག སློབ་གྲྭ་དེར་ཁྱོན་བསྡོམས་དགེ་རྒན་ ༧ ཙམ་ལས་མི་འདུག གལ་སྲིད་དགེ་རྒན་ཞིག་ཉིན་གཅིག་གཉིས་ལ་དགོངས་པ་ཞུས་པ་དང་། ཡང་ནས་སློབ་གྲྭ་ནས་རྩ་དགོངས་ཞུས་པ་དེ་འདྲ་བྱུང་སྐབས། འཛིན་གྲྭ་མང་ཆེ་བར་དགེ་རྒན་མེད་པར་ལྷག་ཡོད་འདུག ད་དུང་མི་མང་གི་བཤད་ཚུལ་ལྟར་ན། དགེ་རྒན་དེ་དག་ཀྱང་ས་གནས་གཞན་དང་སློབ་གྲྭ་གཞན་ནས་ཉེས་པ་བཏང་བ་དང་ཕྱིར་ཕུད་བཏང་བའི་རིགས་ཡིན་སྐོར་ཤོད་ཀྱི་འདུག ལྡི་མ་པུར་དང་ཀོ་ཧི་མ་རུ་གློ་བ་དང་བོད་པ་མཉམ་འཛོམས་ཀྱི་ཁྱིམ་ཚང་ ༩༠ ལྷག་ཡོད་ཀྱང་། དེ་དག་གི་ཕྲུ་གུ་མང་ཆེ་བ་རྒྱ་གར་གྱི་སློབ་གྲྭར་གཏོང་གི་འདུག ས་གནས་མི་མང་གི་བོད་པའི་དགེ་རྒན་ཞིག་བཙལ་ཏེ་ཟུར་དུ་བོད་ཡིག་དང་ནང་ཆོས་སོགས་ཀྱི་སློབ་སྦྱོང་སྤྲོད་ཀྱི་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་ས་གནས་དེ་དག་ཏུ་བོད་པ་རང་གི་སློབ་གྲྭ་མེད་པའི་དབང་གིས་ཕྱོགས་མང་པོ་ཞིག་གནས་དཀའ་ངལ་འཕྲད་ཀྱི་འདུག ”  ཅེས་བརྗོད་བྱུང་།

གསར་འགོད་པས་ཁོང་ལ་འཚམས་གཟིགས་རིང་གི་ཚོར་བ་ཆེ་ཤོས་དེ་གང་ནས་བྱུང་མིན་དྲིས་པར། “ ང་རང་ལ་མཚོན་ན་ས་གནས་དེ་དག་ནང་ཚོར་བ་ཤུགས་ཆེ་ཤོས་དེ། མི་རབས་སྔོན་མ་དག་གིས་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་སྐུ་ངལ་བསྐྱོན་ཏེ། ད་ལྟའི་དུས་ཚོད་ལ་ཡར་རྒྱས་དང་གྲུབ་འབྲས་གང་འཚམ་ཐོབ་ཡོད་པའི་སྤོབས་པ་བྱེད་ཆོག་པ་ཞིག་ཡིན་ཡང་། མ་འོངས་པའི་མི་རབས་རྗེས་མ་དག་གིས་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་ཐུབ་མིན་ཉེན་ཁ་ཆེན་པོ་ཡོད་པའི་ཚོར་སྣང་ཆེན་པོ་བསླེབས་སོང་། ང་རང་གི་བསམ་པར། གཞུང་ངོས་ནས་ཆེད་དུ་ས་གནས་དེ་དག་ནང་རྟོག་ཞིབ་མི་སྣང་བཏང་སྟེ་ས་གནས་མི་མང་གི་དཀའ་ངལ་དེ་དག་མིག་མཐོང་ལག་ཟིན་ཡོང་བ་གནང་རྒྱུ་དང་། ལྷག་པར་དུ་རླུང་འཕྲིན་དང་ཚགས་པར་སོགས་ཀྱི་མཐུན་རྐྱེན་བསྐྲུན་ཏེ་༧གོང་ས་མཆོག་དང་བོད་གཞུང་གི་མཛད་འཕྲིན་ཁག་ཧ་གོ་ཐབས་ཀྱི་ལམ་ཁ་ཞིག་བསྐྲུན་རྒྱུ་གལ་ཆེན་ཆགས་འདུག དེ་བཞིན་དུས་ནས་དུས་སུ་གཞུང་གི་ལས་བྱེད་ཆེད་གཏོང་གིས་མི་མང་ལ་ཟབ་སྦྱོང་སོགས་བརྒྱུད་དེ་མི་མང་ལ་གོ་རྟོགས་སྤེལ་དགོས་ཀྱི་འདུག ས་གནས་མི་མང་གི་རེ་བ་ཆེ་ཤོས་བསྟན་འཛིན་སྒང་ལྟ་བུ་ཞིག་ལ་བོད་པ་རང་གི་སློབ་གྲྭ་ཞིག་བཙུགས་ཏེ། ཁ་འཐོར་མི་མང་གི་ཕྲུ་གུ་ཚོར་སློབ་སྦྱོང་གི་གོ་སྐབས་ཤིག་བསྐྲུན་རྒྱུ་དེ་རེད། ཅེས་བརྗོད་བྱུང་།

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས། ༽

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

༸རྒྱལ་བའི་ཡང་སྲིད།

ཆུ་ཚོད་ ༢༡ སྔོན་ལ།
Election Commission's announcement on the upcoming election of Sikyong and Member of Parliament in Exile. Photo: Edited by tibettimes
Mobile App

ཕྱི་ཟླ་ ༡༠ ཚེས་ ༡ ནས་བཟུང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་དངོས་སུ་དབུ་འཛུགས་གནང་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
On 27 July 2025, His Holiness the 14th Dalai Lama met Czech President Petr Pavel at Shewatsel Phodrang in Leh, Ladakh. Photo Credit: Office of the Dalai Lama
Mobile App

རྒྱ་ནག་གཞུང་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་ལྷན་དུ་འབྲེལ་ལམ་ཡོངས་མཚམས་འཇོག་བྱས་ཡོད་ཟེར།

༢༠༢༥/༠༨/༡༣
ཧོར་གཙང་ཀིརྟིའི་དགོན་གྱི་ཁྲི་ཚབ་དང་དཔེ་ཁྲིད་དགེ་རྒན་དགེ་བཤེས་ལྷ་རམས་པ་དཀོན་མཆོག་ཆོས་གྲགས་ལགས། པར་གནས་ཚུལ་མཁོ་སྤྲོད་པས་གནང་།
Mobile App

ཀིརྟིའི་དགོན་ཁག་གི་ཤེས་ཡོན་འགན་འཛིན་ལྷན་ཚོགས་སྒོ་བརྒྱབ་པ་དང་དཔེ་འཁྲིད་དགེ་རྒན་ཞིག་བཙན་འཁྲིད་བྱས།  

༢༠༢༥/༠༨/༡༣
ཕྱི་ལོ་ ༢༠༢༥ རྒྱལ་སྤྱིའི་ཞི་བདེའི་གཟེངས་རྟགས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ཡི་ཤུའི་ཆོས་དཔོན་ཕོབ་ལིའོ་བཅུ་བཞི་པ་མཆོག མཱ་ལ་ལ་ལགས། གཅེར་བུ་བའི་བླ་ཆེན་ཨཱ་ཅརྱ་ལོ་ཀེ་ཤེ་མུ་ཌི་མཆོག་བཅས་ལ་དབུལ་གཏན་འཁེལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱལ་སྤྱིའི་ཁྲིམས་ལུགས་པའི་ཞི་བདེའི་གཟེངས་རྟགས་དབུལ་གཏན་ཁེལ།

༢༠༢༥/༠༨/༡༢
File image of Liu Jianchao, director of the International Liaison Department of the Central Committee of the Communist Party of China. (Photo by Ichiro Ohara / Yomiuri / The Yomiuri Shimbun via AFP)
Mobile App

རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཁང་གི་དཔོན་རིགས་ཤིག་འཛིན་བཟུང་བྱས་འདུག

༢༠༢༥/༠༨/༡༢

མཆན། 19

  1. gyaltsen says:
    ལོ་ 14 སྔོན།

    དྷཱིཿལྷལྡན།།
    ཀྲག་གིས་སྦས་པའི༢༠༠༨
    བརྡ་ལུང་སྙན་མོ་ཞིག་གིས་འབོད་བརྡ་གཏོང་དུས།།
    ༢༠༠༨འཛུམ་ཆུང་གིས་སླེབ་ཡོང་བ་འདྲ་མོད།།
    མེ་མདའ་གཟན་པོ་ཞིག་གིས་པ་རྨས་དུས།།
    ༢༠༠༨འཇིགས་སྐྲགས་གི་ཁྲོད་ནས་ཟད་སོང་།།
    དེ་ནས་བཟུང༢༠༠༨གཏན་ནས་ཤར་མི་སྲིད།།
    ལུང་བསྟན། ངས་ཇི་ལྟར་འགྲེལ་དགོས་ཨང་།།

    Reply
  2. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བོད་གཞུང་གི་སྤྱི་མཐུས་ཁག་ཕྱོགས་བསྐྱོད་བྱེད་པ་འདི་ནི་བོད་མི་རིགས་ཀྱི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་དུ་ཡིན་པ་ལས་དེའི་ནང་ཚན་ནས་ཟུར་དུ་གསར་འབྱོར་བའི་གནས་སྟངས་ཟེར་ནས་ལོགས་སུ་ཡོད་པ་མ་རེད། མ་གཞི་ནས་གསར་འབྱོར་རྣམས་ས་ཁུལ་གང་དུ་ཡོད་ན་ཡང་ས་ཁུལ་དེར་དངོས་ཡོད་གནས་སྟངས་ཞིབ་འཇུག་བྱེད་སྐབས་དེའི་ཁོངས་སུ་ཚུད་ཀྱིན་ཡོད། སྤྱིར་བཏང་བོད་གཞུང་གིས་ངོས་ནས་གསར་འབྱོར་བ་རྣམས་ལ་རང་ནུས་གང་ཡོད་དང་འཇོན་ཚོད་ཀྱིས་ཞབས་འདེབས་ཞུ་བཞིན་ཡོད་ཀྱང་། འགའ་ཞིག་ནི་ད་དུང་དྲིན་ལན་ལོག་འཇལ་གྱིས་དུས་རྟག་ཏུ་གསར་འབྱོར་བ་ལ་གཅིག་བྱེད་ཀྱི་མིན་འདུག གཉིས་བྱེད་ཀྱི་མིན་འདུག་ཟེར་བ་སོགས་ནི་རྣམ་འགྱུར་ཡག་པོ་ཞིག་གཏན་ནས་མ་རེད་སྙམ། འདི་ནི་དེ་ལྟ་བུའི་གང་ཟག་འགའ་ཞིག་ལ་གསལ་འདེབས་ཀྱི་ཚུལ་དུ་བྲིས་པ་ལགས།

    Reply
  3. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    མ་གཞི་ནས་སྤྱི་འཐུས་ལྷན་ཚོགས་དེ་གཞིས་ཆགས་ཁོ་ནར་དམིགས་པ་ཞིག་ཡིན་རྒྱུ་རེད། གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་བྱས་པ་ལས་དེའི་ནང་གསར་འབྱོར་གྱི་དཀའ་ངལ་སྣེ་གཅིག་ཀྱང་བཤད་མིན་འདུག

    Reply
  4. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བཀའ་སྤྱི་གཉིས་གསར་པ་བསླེབས་བསྡད་ཡོད་རེད། སྤྱིའི་ཆ་ནས་སྐྱོན་བརྗོད་བྱེད་དགོས་པ་ནི་ཡར་རྒྱས་ཀྱི་ལམ་འགག་རེད། ཡིན་ནའང་གནད་ལུགས་མེད་པ་དང་རིག་པའི་སྒྲུབ་བྱེད་མེད་པའི་སྐྱོན་བརྗོད་རིགས་གཏན་ནས་བྱེད་མི་རུང་སྙམ། ཚང་མས་གཟབ་གཟབ་བྱེད་དགོས་པ་འདོད།།།།
    ཁོང་ཚོ་ལ་་་མི་དམངས་ཀྱིས་རྒྱབ་སྐྱོར་མ་བྱེད་ན་བཀའ་སྤྱི་གཉིས་ཁོ་ནའི་བྱེད་ཐུབ་པའི་ལས་དོན་ཁ་པོ་རེད་་།།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བཀུར་འོས་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས།
    ཁྱེད་ནི་ང་ཅོ་རིས་འོས་བསྡུའི་སྐབས་སུ་རྒྱབ་སྐྱོར་བྱས་ས་ཞིག་ཡིན་ལ་་་རེ་བ་བྱས་ས་ཞིག་ཀྱང་ཡིན། ཁྱེད་དང་འཇུ་ཆེན་དཀོན་མཆོག་གཉིས་ཀ་ལ་རྒྱབ་སྐྱོར་བྱས་པ་ཡིན། རྒྱབ་སྐྱོར་བྱས་པ་དེ་ཡང་ཁྱེད་རྣམ་པ་ཚོས་བཙན་བྱོལ་བོད་མི་དམངས་དང་བཙན་བྱོལ་བོད་གཞུང་གཉིས་ཀྱི་ལས་དོན་ཡག་པོ་ཞིག་སྒྲུབ་ཐུབ་ཀྱི་རེད་བསམ་པས་ཡིན།

    ཁྱེད་རྣམ་པ་ཚོ་སྤྱི་འཐུས་ཀྱི་རྐུབ་སྟེགས་སྟེང་བསླེབས་ཟིན་པ་མ་ཟད་བོད་དོན་ཐོག་ཏུ་ཕྱོགས་བསྐྱོད་བྱས་པ་རེད། བལ་ཡུལ་དུ་ཕྱིན་ནས་བཙན་བྱོལ་བོད་མིའི་དཀའ་ངལ་ཡག་པོ་ཞིབ་འཇུག་བྱས་ནས་བསླེབས་འདུག་པར་དགའ་པོ་བྱུང་།

    བལ་ཡུལ་དུ་ཡོད་པའི་བོད་མི་རྣམས་བལ་ཡུལ་ལུང་པའི་ནང་དུ་གནས་མི་ཐུབ་པ་དངོས་ཡོད་གནས་ཚུལ་རེད། བཙན་བྱོལ་བོད་གཞུང་གི་བཀའ་སྤྱིའི་འོས་བསྡུའི་སྐབས་སུ་བལ་དམག་གིས་འོས་བསྡུ་བྱས་བཅུག་་མེད་པ་དང་། བོད་སྤྱི་པའི་དོན་དག་ཆེ་ཆུང་གང་ཡིན་ནའང་དགག་བྱ་བྱས་བསྡད་ཀྱི་ཡོད་པ་རེད།

    བལ་ཡུལ་བོད་མི་རེ་འགའ་ལ་སྐྱབས་བཅོལ་ལག་ཁྱེར་མེད་པ་དང་། འཚོ་བའི་དམིགས་བརྟེན་མེད་པས་དཀའ་ངལ་གང་མང་འཕྲད་ཀྱི་ཡོད་པ་རེད། བཙན་བྱོལ་བོད་གཞུང་གིས་ངོས་ནས་དཀའ་ངལ་འདི་ངེས་པ་ཏུ་མེད་པ་བཟོ་དགོས་ཀྱི་ཡོད་རེད།

    སྤྱིའི་ཆ་ནས་བུལ་ཡུལ་གྱི་བོད་མི་རྣམས་ཀྱིས་འདོད་པ་དང་དམིགས་ཡུལ་ངོ་མ་ཕྱི་རྒྱལ་ཁབ་ཤིག་འགྲོ་ནས་འཚོ་བ་ཞིག་བསྐྱེལ་བསམ་གྱི་ཡོད། བསམ་པ་དེ་ཡང་བོད་མི་བཙན་བྱོལ་མང་པོའི་མི་ཚེའི་མདུན་ལམ་དང་འབྲེལ་བ་ཡོད་པ་ཆགས་བསྡད་ཀྱི་ཡོད།

    མདོ་དོན་སྤྱི་འཐུས་གྲོས་འཚོགས་ཀྱིས་ངོས་ནས་བལ་ཡུལ་བོད་མི་རྣམས་་ཨ་རི་དང་ཡུང་རོལ་གཉིས་ལྟ་བུའི་སྟོབས་འབྱོར་དང་མང་གཙོའི་རང་དབང་ལྡན་པའི་རྒྱལ་ཁབ་ཤིག་གི་ནང་དུ་གཏོང་ཐུབ་པ་བྱེད་དགོས་ཀྱི་གནད་འགག་ཆེན་ཤོས་རེད་འདོད། དེ་འདྲ་ཡིན་དུས་སུ་གྲོས་འཚོགས་ནང་དུ་གྲོས་ཆོད་བཞག་དགོས་པ་དང་ཨ་རིའི་གྲོས་འཚོགས་དང་ཡོང་རོལ་གྲོས་འཚོགས་བཅས་སུ་སྙན་ཞུ་རྒྱབ་རྒྱུ་དང་འབྲེལ་བ་འཛུགས་རོགས་བྱོས་ཞུ་རྒྱུ་ཡིན།

    ཞོར་དུ་་་དྲ་གྲོགས་རྐང་གསུམ་ཟེར་བ་ཞིག་གིས་དབུས་གཙང་སྤྱི་འཐུས་ཤར་གླིང་ཟླ་སྒྲོལ་དང་འཇམ་དབྱངས་བཟོད་པ་གཉིས་ཀྱིས་ཕྱོགས་བསྐྱོད་སྐབས་སུ་ཞིབ་འཇུག་ཡག་པོ་བྱུང་མི་འདུག་པས་བོད་གཞུང་གི་འགྲོ་སོང་འཕྲོག་རླག་རེད་ཞེས་སྡུག་སྐད་བཞིན་འདུག་པས་ཁྱོད་ལ་དྲི་བ་ཁག་གཅིག་དང་གསལ་བཤད་ཁག་གཅིག་ཡོད།

    ཤར་གླིང་ཟླ་སྒྲོན་ལགས་ཀྱི་སྐོར་དུ་བཤད་དགོས་པ་མ་མཐོང་། གནས་ཚུལ་རིམ་པའི་གསལ་རེར་འགྲོ་གི་རེད། གཅིག་རེད།
    གཉིས་ནས་ཁྱེད་ཀྱིས་་སྤྱི་འཐུས་འཇམ་དབྱངས་བཟོད་པའི་སྐོར་དུ་སྐད་ཆ་འདི་འདྲ་ཞིག་བཤད་འདུག་་་་་ཁྱེད་ཀྱིས་གསུངས་་་་་་་མདོ་སྟོད་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ནས་༼བལ་ཡུལ་ཉེན་རྟོག་པས་བོད་མི་མང་པོ་འཛིན་བཟུང་དང་གཅར་རྡུང་ཚད་མེད་བྱེད་ཀྱི་ཡོད་ས་རེད། ༽ དེ་མིན་ཁོང་གི་གསུང་དུམ་གཞན་ཞིག་གི་ནང་དུ་༼ཨེ་ཙི་སོགས་ཀྱི་འགོས་ནད་རིགས་ཡོད་མཁན་ཡང་ཡོད་ས་རེད། ༽སོགས་ཀྱི་བཤད་སྟངས་འདིའི་རིགས་ནི་དོགས་གཞི་དང་ཐེ་ཚོམ་སྟོན་བྱེད་ཀྱི་ཚིག་ལས་ཕྱོགས་སྐྱོད་ཞིབ་འཇུག་འོག་མི་མང་གི་དཀའ་ངལ་དབུས་གཞུང་དང་བོད་རིགས་མི་མང་ལ་བཤད་སྟངས་ཤིག་གཏད་ནས་མ་རེད།་་་་་ཞེས་གསུངས་འདུག
    བལ་ཡུལ་ཉེན་རྟོག་པས་བོད་མི་འཛིན་བཟུང་གཅར་རྡུང་བཏང་གི་ཡོད་ས་རེད་་ཟེར་བ་དང་ཨེ་ཙི་སོགས་ཀྱི་འགོས་ནག་རིགས་ཡོད་ས་རེད་ཞེས་ཟེར་བ་དེར་ཐེ་ཚོམ་སྟོན་བྱེད་ཀྱི་སྐད་ཆ་ཡིན་པར་ངོས་ལེན་བྱས་ཀྱི་ཡོད་རེད།
    ཁྱོད་ལ་དྲི་བ།
    ༡་་་ཁྱོད་རང་སྤྱི་འཐུས་ཤིག་ཡིན་པའི་དབང་བཏང་ན་་་ཁྱེད་ཀྱིས་ཐེ་ཚོམ་མི་དགོས་པ་མི་འདི་དང་འདི་ལ་ཨ་ཙི་འགོས་ནག་འདུག་་་ནང་མི་འདི་འདྲ་རེད་འདུག་་་གཞི་ཆགས་འདི་འདྲ་རེད་འདུག་ཟེར་ནས་དུས་བབ་གསར་ཁང་དུ་ལབ་ཀྱི་ཡིན་པས།
    ༢་་་གལ་སྲིད་སྤྱི་འཐུས་འཇམ་དབྱངས་བཟོད་པས་ཨི་ཙི་ནད་པ་འདི་དང་དེ་རེད་་་ཞེས་གསལ་པོ་དག་པོ་བྱས་ནས་གསར་འགོད་པ་ཚོ་ལ་ལབ་ན་ཁྲིམས་ལུགས་དང་མཐུན་གྱི་རེད་པས།
    ༣་་་་གནད་དོན་ཡག་པོ་ཤེས་པས་ཐོག་ནས་སྐད་རྒྱོབ་རོགས་བྱོས་ཞེས་རེ་བསྐུལ་ཞུ་རྒྱུ་ཡིན། དོན་མེད་དགོས་མེད་ཀྱི་སྐད་ཆ་བཤད་ན་ཡག་པོ་མ་རེད། བསམ་བློ་ཐོངས།

    Reply
  6. གནས་ཚང་། says:
    ལོ་ 14 སྔོན།

    མདོ་སྟོད་སྨད་མི་མང་སྙིང་རྗེ། མགོ་བདེ་དྲན་འཕྲུལ་ཅན་ཁ་ཤས་ཀྱིས་ཡར་བསྐོད་མར་བསྐོར་བྱས་ནས་ལྷག་བསྡད་ཡོད་པ་རེད། དབུས་གཙང་མི་མང་ཡང་དེ་ག་རང་རེད།

    Reply
  7. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    ཨ་རིག་དགེ་མཐོང་ཞུ་བ་ལགས། དངོས་གནས་ཤར་གླིང་ལགས་ཀྱི་ཀ་ཀོར་་མེད་པར་མང་ཚོགས་ཀྱི་དཀའ་ངལ་ངོ་མ་གླེང་འདུག་པར་ཉིད་ཀྱི་མ་རངས་པའི་དྲི་བ་འདྲ་བཏང་འདུག དངོས་གནས་བྱས་ན་བཀའ་ཁྲི་ཟམ་གདོང་བླ་མ་ཡིན་ཀྱང་ཡར་རྒྱས་ཕྱིན་རབས་ལས་
    དེ་ལྟ་བུའི་མི་མང་གི་དཀའ་ངལ་ངོ་མ་ཞིག་བཤད་མྱོང་མེད། ང་ཚོར་དགོས་པའི་་སྤྱི་མཐུས་ངོ་མ་དེ་མང་ཚོགས་ཀྱི་དཀའ་ངལ་ངོ་མ་དམར་རྗེན་དུ་ཤེས་ཚོར་ཡོད་མཁན་ཞིག་རེད།
    གཅིག་བྱས་ན་སྤྱི་མཐུས་ཤར་གླིང་གིས་ཉིད་ལ་སྐད་ཆ་མ་དྲིས་པ་དེར་ཁྱེད་རང་གི་དཔོན་ཉམས་ཤོར་བ་ཡིན་རྒྱུ་རེད། འོན་ཀྱང་ཁྱེད་རང་ཕུད་པའི་སྦེལ་ཀོབ་ཏུ་མདོ་སྨད་པ་མང་པོ་ཡོད་པ་རེད་ལོ།

    Reply
  8. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    གངས་སྤྲེལ་ཚ་ལགས། གོང་དུ་ངས་བཏབ་པའི་མཆན་བུ་ཚིག་འདི་མ་མཐོང་བ་ཉིད་ཀྱི་མིག་ལ་སྐྱོན་ཞིག་ཡོད་པ་འདྲ།
    ༼ ས་གནས་འོས་བསྡུ་མ་ཐུབ་པ་མདོ་སྟོད་སྨད་གཉིས་ཀྱིས་སྒེར་དོན་ཡིན་པ་ཉིད་ལ་མི་མང་གིས་བཤད་སོང་ཟེར་བའི་མདོ་སྟོད་མི་མང་དང་ལྷག་པར་མདོ་སྨད་མི་མང་དེ་སྟོན་རོགས། ༽ གང་དུ་མདོ་སྨད་གཅིག་བུ་ལབ་འདུག མདོ་སྟོད་ལ་མོས་འཐད་ཡོད་མེད་དེ་ང་ལ་འབྲེལ་བ་མི་འདུག དེ་བསམ་འཆར་བཤད་ན་ཁྱོད་ཚོ་ལ་འོས་འགན་ཡོད་རེད།

    Reply
  9. ཚེ་རིང། says:
    ལོ་ 14 སྔོན།

    རྡོར་གླིང་དུ་ཡབ་གཞིས་བཟོ་གྲྭ་ཟེར་བ་ཞིག་ཡོད་པ་དེར་སྐུ་ངོ་རྒྱལ་ལོ་དྲོན་གྲུབ་ཀྱི་སྲུས་བསྟན་འཛིན་མཁས་གྲུབ་ཀྱིས་བདག་པོ་བརྒྱབ་ཡོད་པ་རེད། ས་གནས་དེར་མི་མང་ལ་འཚོ་བའི་མཐུན་རྐྱེན་ཡང་སྐྱོ་པོ་ཡིན་པ་དང་། ཡབ་གཞིས་ཀྱི་བཟོ་གྲྭ་དེའི་ནང་ལས་ཀ་བྱེད་མཁན་ཚོར་གླ་ཆ་ཧ་ཅང་ཆུང་ཆུང་ཡིན། དེ་ཡང་ས་གནས་ཀྱི་གླ་བབ་དང་མི་མཐུན་པ་དང་། གཟོ་གྲྭའི་ཚོང་གི་ཡོང་སྒོ་དང་མི་མཐུན་པར་གླ་པ་ཚོར་གླ་ཆ་ཆུང་ཆུང་རེད། སྤྱིར་བཏང་སྒེར་གྱི་བཟོ་གྲྭ་ཡིན་པས། གླ་བབ་ག་ཚོད་སྤྲོད་མིན་བཟོ་བདག་གི་ལག་པར་ཡོད་པ་རེད་མོད། ས་གནས་ཀྱི་མི་མང་སྐྱོ་པོ་ཚོར་གཟིགས་རྟོགས་རེ་བྱེད་མཁན་ཡོད་ན་ཡག་པོ་འདུག དེང་སྐབས་གླ་བབ་སྤྲོད་སྟངས་འདི་ཁྲིམས་དང་ཡང་མཐུན་རྒྱུ་གལ་ཆེ།

    Reply
  10. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    ཤར་གླིང་ཟླ་སྒྲོན་གྱིས་ཟེར་ན་སྦེལ་ཀོབ་ཏུ་ས་གནས་གྲོས་ཚོགས་འཚོགས་མ་ཐུབ་པ་འདི་མདོ་སྟོད་སྨད་གཉིས་ཡིན་ཚུལ་བརྗོད་པ་དང་། ཨ་རིག་དགེ་མཐོང་གིས་ཟེར་ན་མདོ་སྟོད་གཅིག་པུ་ལས་མདོ་སྨད་ཀྱིས་མོས་མཐུན་ཡོད་ལུགས་ཀྱི་ད་མདོ་སྟོད་ཚོས་མོས་མཐུན་མེད་ཚུལ་དོན་ལ་བསྟན་ཡོད་ད་གང་ལྟར་་ཤར་གླིང་ཟླ་སྒྲོན་གྱིས་གསལ་བཤད་དགོས་ན་་་་་དགེ་མཐོང་གིས་ཀྱང་མདོ་སྟོད་མི་མང་གཅིག་པའི་མོས་མཐུན་མ་བྱུང་ལུགས་ཞིག་ཀྱང་གསལ་བཤད་བྱེད་དགོས་ངེས་རེད།
    དྲ་གྲོགས་རྐང་གསུམ་གང་གསུང་བར་རྒྱབ་སྐྱོར་ཡོད། གཅིག་ཡོད་ས་རེད་་་གཉིས་ཡོད་ས་རེད་་་དེ་ལུགས་གཏན་ནས་ཡག་པོ་མི་འདུག་་་་དཔེར་ན་མདོ་སྟོད་སྤྱི་འཐུས་འཇམ་དབྱངས་བཟོད་པས་དྲི་ལན་ཐུང་ངུ་དེའི་ནང་བློ་ཐག་མ་ཆོད་པའི་ཚིག་་་༼་ཡོད་ས་རེད་༤་༽འདུག་དེ་རིགས་ཀྱིས་ང་ཚོ་ལ་བློ་གཏོད་མེད་པའི་ན་ཟུགས་བཞག་སོང་་་་རྗེས་སོར་གཞུང་གི་འགྲོ་གྲོན་འཕྲོ་བརླགས་མི་གཏོང་བར་ཞུབ་འཇུག་མཐུལ་ཕྱིན་རེ་གནང་རོགས་ཞུ་་ཞུ་་

    Reply
  11. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    ཀ་རྡོར་སྒང་གསུམ་དུ་གཟིགས་བསྐོར་ཕེབས་མཁན་ཚོ། ཁྱེད་ཚོས་གཟིགས་པ་ཕལ་ཆེར་བདེན་པ་རེད། ཡིན་ན་ཡང་རྡོར་གླིང་དུ་ཡབ་གཞིས་བཟོ་གྲྭ་ཟེར་བ་ཞིག་ཡོད་པ་དེའི་ནང་དྲུག་ཅུ་རེ་གྲངས་ནས་ད་བར་དཀའ་ལས་རྒྱག་གིན་པའི་ཉམ་ཐག་རྒས་ཁོགས་དེ་དག་གི་གནས་སྟངས་མ་གཟིགས་པ་རེད་དམ། མཁྱེན་བཞིན་དུ་མ་གསུངས་པ་རེད། དེ་ན་དུག་ཅུ་རེ་གྲངས་ནས་ད་བར་མི་ཚེར་དཀའ་ལས་རྒྱག་མཁན་རྣམས་གཅིག་མཇུག་གཉིས་མཐུད་ཀྱིས་འཇིག་རྟེན་ཕྱི་མའི་ལྔ་ལམ་དུ་བཞུད་བཞིན་ཡོད་ལ་ལྷག་བསྡད་རྣམས་ཀྱི་སྡོད་གནས་དང་། འཚོ་བའི་མཐུན་རྐྱེན། སྨན་བཅོས་རོགས་སྐྱོར། ལས་ཡུལ་ཁོར་ཡུག སྤྱི་སྤྱོད་གསང་སྤྱོད་སོགས་ཀྱི་གནས་སྟངས་དག་མཐོང་ན་ཡ་ང་དགོས་པ་ཡོད་པས་སྐུ་མཁྱེན་ཐེར་འདོན་གནང་རོགས། གསར་འགོད་པས་དེར་ཕེབས་ནས་མི་མང་དཀྱུས་མའི་ཁྲོད་བཞུགས་ནས་གནས་ཚུལ་རྒྱུས་ལོན་གནང་རོགས། མགོ་ལ་སྡོད་མཁན་ཚོར་དྲིས་ན་ག་དུས་ཡིན་ན་ཡང་འདྲ་ཆགས་ཆགས་རྐྱང་རྐྱང་ཤོད་ཀྱི་རེད།

    Reply
  12. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཤར་གླིང་ཟླ་སྒྲོན་གྱིས་གསུངས་པ་བདེན་པ་རེད། ད་ལྟ་བར་དུ་སྦེལ་ཀོབ་ནང་དུ་ས་གནས་འཐུས་ཚོགས་བསྐོ་མ་ཐུབ་པ་ནི་སྦེལ་ཀོབ་མི་མང་ལ་མཚོན་ན་ཞབས་འདྲེན་རེད། སྤྱི་ཚོགས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་མི་མང་གི་བསམ་བློའི་གནས་སྟངས་སྐྱོ་བོ་དེས་ཁ་མ་འདུམ་པར་འགྱུར་ཡོད། ཁོ་བོས་བལྟས་ན་བསམ་ཚུལ་འདི་ནི་མི་མང་སྤྱི་བྱིངས་ཀྱི་བསམ་བློ་ཞིག་གཏན་ནས་མ་ཡིན་པར་འགོ་ལ་བཞུགས་མཁན་གྱི་ལས་ཀྱི་སྣེ་མོ་བ་ག་གེ་མོ་ཚོས་སྐད་ཆ་དཀྲོག་གཏམ་འདྲ་མིན་བཤད་ནས་མི་མང་གི་དམངས་གཙོའི་རང་དབང་རྡོག་རོལ་དུ་བཏང་བ་ཞིག་ཏུ་ངོས་འཛིན་བཞིན་ཡོད།

    Reply
  13. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལ་དོགས་འདྲི།

    བཀུར་འོས་དབུས་གཙང་སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། ཉིད་ལ་དུས་བབ་གསར་འགོད་པས་གལ་ཆེན་དོན་ཆེན་ལྟ་བུ་ལ་དམིགས་ཏེ་སྤྱི་འཐུས་ཕྱོགས་སྐྱོད་ཀྱི་ལས་རིམ་དང་འབྲེལ་བའི་བཅར་འདྲི་ཞུས་སྐབས་ཀྱི་གསུང་ལན་དེ་ཏག་ཏག་བསྡད་ཨེ་སྙམ་པ་དང་འབྲེལ་བའི་སྐད་ཆ་འགའ་ཞུ། ཁྱེད་ཀྱིས་ལན་དུ། ༼ སྦེལ་ཀོབ་གཞིས་ཆགས་ལ་མཚོན་ན། ད་ལྟའི་བར་ཆོལ་ཁ་གསུམ་རྡོག་རྩ་ཆིག་སྒྲིལ་བྱ་མ་ཐུབ་པའི་དབང་གིས་ས་གནས་འཐུས་ཚོགས་འཛུགས་ཐུབ་ཀྱི་མི་འདུག དེ་དཀའ་ངལ་ཆེ་ཤོས་རེད། གནས་ཚུལ་དེ་ས་གནས་མི་མང་ལ་དྲིས་སྐབས་དབུས་གཙང་གི་མི་ཚོས་མདོ་སྟོད་སྨད་གཉིས་ཀྱིས་མཉམ་རུབ་བྱེད་ཀྱི་མི་འདུག་ཟེར་ཞིང་། མདོ་སྟོད་སྨད་ཀྱི་མིས་ས་གནས་གྲོས་ཚོགས་དེ་འོས་བསྡུའི་ལམ་ནས་བདམས་པ་ཡིན་ན། དབུས་གཙང་ལ་མི་འབོར་མང་བས་གྲོས་ཚོགས་འཐུས་མི་ཚང་མ་དབུས་གཙང་གི་མི་ཆགས་ཏེ་མདོ་སྟོད་སྨད་གཉིས་ཀྱི་མི་མང་གི་མངོན་འདོད་འགྲུབ་དཀའ་མོ་ཡིན་ཚུལ་བརྗོད་བྱུང་།༽ ཞེས་གསུངས་འདུག ཁྱེད་ཀྱིས་གནས་ཚུལ་དེ་ས་གནས་མི་མང་ལ་དྲིས་ཞེས་པའི་མི་མང་དེའི་གྲངས་ཚུལ་དང་། མི་མང་ལབ་ན་ག་འདྲ་ཞིག་ལ་གོ་གི་ཡོད། སྦེལ་ཀོབ་ཀྱི་ཁུངས་སུ་གཏོགས་པའི་མི་བུ་བྱེ་བྲག་པ་ཞིག་ལ་དྲིས་པས་གོ་ཆོད་དམ། ས་གནས་འོས་བསྡུ་མ་ཐུབ་པ་མདོ་སྟོད་སྨད་གཉིས་ཀྱིས་སྒེར་དོན་ཡིན་པ་ཉིད་ལ་མི་མང་གིས་བཤད་སོང་ཟེར་བའི་མདོ་སྟོད་མི་མང་དང་ལྷག་པར་མདོ་སྨད་མི་མང་དེ་སྟོན་རོགས། སྦེལ་ཀོབ་མདོ་སྨད་མི་མང་སེར་བྱེས་བསམ་བློ་ཁང་དུ་འཚོགས་ཏེ་གནད་དོན་དེའི་ཐད་དུ་གྲོས་བསྡུར་དང་དེར་ཕེབས་པའི་མི་མང་གི་འདོད་པ་རང་ལ་མང་གཙོའི་ཐོག་ནས་བཞག་པ་རེད། བསམ་འཆར་ཁག་གཉིས་བྱུང་བའི་མཐའ་དོན། ས་གནས་གྲོས་ཚོགས་དགོས་པ་ལ་རྒྱབ་སྐྱོབ་ཐོབ་པ་རེད། དེའི་སྐབས་མདོ་སྨད་ཚོགས་གཙོ་སྐུ་ཞབས་བློ་བཟང་དཔལ་ལྡན་རེད། དུས་ཚོད་བྱས་ན་ལོ་གཅིག་གི་སྔོན་རེད། ད་ལྟ་སྦེལ་ཀོབ་མདོ་སྨད་ཚོགས་གཙོའི་མིང་ཙམ་ཁོ་བོ་ལ་ཡོད་པས་གནད་དོན་དེའི་ཐད་དོགས་འདྲི་ལས་གྱོད་གཞི་བསླངས་པ་མིན། རྗེས་སུ་རིམ་གྱིས་གླེང་ཆོག ད་དུང་། ཟླ་འགའི་སྔོན་དུ་༼ བོད་ཀྱི་གྲོས་ཚོགས་སྲིད་བྱུས་ཉམས་ཞིབ་ཁང་༽ མིང་འདི་ཡིན་བསམ་ཏག་ཏག་ཅིག་དྲན་མ་སོང་༼ གཉའ་ཁྲི་དཔེ་མཛོད་ཁང ༽ གཉིས་ཀྱིས་གོ་སྒྲིག་འོག་མང་གཙོ་དང་རང་དབང་སྐོར་ལ་ཟབ་སྦྱོང་ཞིག་འཚོགས་པ་རེད། དེའི་སྐབས་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་ལས་བྱེད་ཚོ་མགྲོན་འབོད་དང་ཉམས་ཞུགས་བྱས་པ་ཡིན། སྐབས་དེའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་གསུང་བཤད་མཇུག་གྲུབ་རྗེས། བཅར་འདྲིའི་གོ་སྐབས་བཟུང་ནས་ཕྲན་གྱིས་ངའི་སྐད་ཆ་འདི་རིན་པོ་ཆེའི་དེ་རིང་གི་བརྗོད་གཞི་མིན་ཡང་དཀའ་གནད་དུ་མཐོང་བས་གསལ་བཤད་ཅིག་ཡིན་ཞེས་འདི་ལྟར་ལབ་ཡིན། སྦེལ་ཀོབ་ཏུ་ས་གནས་གྲོས་ཚོགས་འཚོགས་མ་ཐུབ་པ་འདི་མདོ་སྨད་ཀྱི་མི་མང་གིས་འཐེན་ཁྱེར་དང་མ་དགའ་བ་དེ་འདྲ་མ་རེད། ང་ཚོ་ས་གནས་མདོ་སྨད་ཀྱིས་འཚོགས་འདུ་སྐོང་ནས་མཐའ་དོན་གྲོས་ཚོགས་དགོས་པ་ལ་རྒྱབ་སྐྱོར་ཐོབ་ཡོད། དེ་ནི་གསལ་བཤད་ཅིག་ཡིན། ཕྲན་མདོ་སྨད་ཀྱི་ས་གནས་ཚོགས་གཙོའི་འགན་ཙམ་ཡོད་པའི་ཆ་ནས་ལབ་ཡིན། ཞུས་སྐབས་ཁོང་གིས་དེ་ནི་ས་གནས་རང་ལ་དབང་བ་ལས་ང་ཚོ་ལ་དམིགས་བསལ་གྱི་ཐབས་ཤེས་མི་འདུག དེའི་ཐད་ནས་དེ་འདྲ་བྱུང་ལེགས་ཞེས་གསུངས། སྐབས་དེ་དང་ཉིན་དེར་ད་ལྟའི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཀྱང་བཞུགས་ཡོད་པ་རེད། དེས་ན་༼ མདོ་སྟོད་སྨད་ཀྱི་མིས་ས་གནས་གྲོས་ཚོགས་དེ་འོས་བསྡུའི་ལམ་ནས་བདམས་པ་ཡིན་ན། དབུས་གཙང་ལ་མི་འབོར་མང་བས་གྲོས་ཚོགས་འཐུས་མི་ཚང་མ་དབུས་གཙང་གི་མི་ཆགས་ཏེ་མདོ་སྟོད་སྨད་གཉིས་ཀྱི་མི་མང་གི་མངོན་འདོད་འགྲུབ་དཀའ་མོ་ཡིན་ཚུལ་བརྗོད་བྱུང་།༽ཞེས་བརྗོད་འདུག་ན། གསལ་བཤད་ངེས་པར་དགོས། དེ་ནི་ཁྱེད་རང་སྒེར་གྱི་སྐད་ཆ་མིན་པ་དང་སྤྱི་འཐུས་ཕྱོགས་སྐྱོད་ཀྱི་དཀའ་གནད་ཕྱོགས་བསྡུས་ཀྱི་སྐད་ཆ་ཡིན་པས་ལབ་ཡིན། ད་དུང་ཟུར་རེ་ན་དོགས་གནས་ཅན་མང་ཡང་ཁོ་བོ་ལ་ཡང་ལས་དོན་གང་མང་ཡོད་པས་འདི་ཙམ་གྱིས་འཐུས་པར་གྱིས། གསར་འགྱུར་འདི་མཐོང་མ་ཐག་སེམས་མ་བདེ་བས་ཁ་ཐུག་བྲིས་པ་ཡིན་པས་ཡིག་ནོར་དང་དོན་ནོར་ཡོད་སྲིད་པས་མཁྱེན་མཁན་ཚོས་བཅོས་རོགས་ཨ་རིག་དགེ་མཐོང་གིས

    Reply
  14. Athup says:
    ལོ་ 14 སྔོན།

    ༄༅།གལ་སྲིད་སྦེལ་ཀོབ་ནང་མདོ་སྟོད་སྨད་ཆོལ་ཁ་གཉིས་ནས་ཆོལ་གསུམ་ལྡན་པའི་ས་འཐུས་ཡིན་ནའང་རང་བཙན་ཚོགས་ཆུང་དགོས་འདུག་བརྗོད་ཀྱི་ཡོད་ན་དེར་དབུས་གཙང་མི་མང་ནས་བསམ་ཤེས་ཅི་བྱེད་ནས་མི་གཏོང་བར་ད་བར་ཚུགས་པར་འགོག་རྐྱེན་གང་ཡིན་མི་ཤེས།

    Reply
  15. རྒྱང་མིག་པ says:
    ལོ་ 14 སྔོན།

    ཇོ་བོ་རྣམ་གཉིས་ལགས་་་་་་ཞེ་ཚིགས་ཟེར་བ་དེ་ཅི་ཞིག་རེད། གསར་འགོད་པ་བསླབ་བྱ་གཏོང་མཁན་ཞིག་གིས་ཡིག་ནོར་ཡིན་རྒྱུ་མ་རེད།

    Reply
  16. མི་ཆུང་། says:
    ལོ་ 14 སྔོན།

    སྐབས་འདིར་བརྗོད་འདོད་པའི་གནད་དོན་གཙོ་བོ་ནི། སྦེལ་ཀོབ་གཞིས་ཆགས་འདི་ནི་བཙན་བྱོལ་ནང་གི་གཞིས་ཆགས་ཐོག་མ་དང་། མི་གྲངས་མང་ཤོས་དང་རྒྱ་ཁྱོན་ཆེ་ཤེས། དུས་ནས་དུས་སུ་ངོམ་སོ་བྱེད་ཀྱིན་པའི་གཞིས་ཆགས་ཞིག་རེད། འོན་ཀྱང་ད་དུང་ཡང་ཐུན་མོང་གི་ས་གནས་མཐུས་ཚོགས་ཤིག་ཀྱང་འཛུགས་ཐུབ་ཀྱིན་མེད་པ་རེད།
    འདིས་ཅི་ཞིག་སྟོན་གྱིན་ཡོད་ཟེར་ན། རྒྱུན་དུ་ང་ཚོས་ཆོལ་གསུམ་ཆིག་སྒྲིལ་ཟེར་ཡང་། ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་མེད་པ་དང་། ཡང་ན་མང་ཉུང་དང་གོ་གནས་ཀྱིས་གཉའ་གནོན་དང་ཐོབ་ཤོར་རྕོད་ཀྱི་ཡོད་པ་དེ་རེད། དེ་མིན་གནས་སྟངས་འདི་འདྲར་ལུས་མི་སྲིད།
    ང་ཚོས་སུ་ལ་ཡིད་ཆེད་དགོས། སུ་ཞིག་ང་ཚོའི་གཉེན་དུ་རེ་དགོས། ང་ཚོར་རྒྱལ་ཁ་ཞིག་ཡོད་དམ།

    Reply
  17. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    གསར་འགོད་པས་ཞེ་ཚིགས་མང་ཙམ་བེད་སྤྱོད་གཏང་དགོས་པ་ལས།
    ཁོས་མུ་མཐུད་དུ་བརྗོད་དོན། ཞེས་པ་ལྟ་བུའི་མ་རང་པའི་ཚིགས་བེད་སྤྱོད་མ་གནང་རོག །

    Reply
  18. རྐང་གསུམ། says:
    ལོ་ 14 སྔོན།

    སྤྱིར་ན་རྐང་གསུམ་ང་་་་་་་ཆོས་རྒྱུད་སྤྱི་འཐུས་དང་གྲྭ་བའི་རིགས་ཀྱི་སྤྱི་འཐུས་ཤིག་བཙན་བྱོལ་བོད་མིའི་སྤྱི་འཐུས་ར་བའི་ནང་གཏད་ནས་མི་དགོས་ཟེར་མཁན་གྱི་ཚོགས་གྲལ་ན་ཡོད། ཡིན་ནའང་ད་རེབ་བོད་མི་མང་གི་ཚབ་མཚོན་རང་བཞིན་འོག་ཕྱོགས་སྐྱོད་བྱེད་མཁན་གྱི་སྤྱི་འཐུས་སྐོར་ཞིག་གིས་ཕྱོགས་སྐྱོད་གྲུབ་འབྲས་གླེང་སྐབས་གྲྭ་བའི་རིགས་ཀྱི་སྤྱི་འཐུས་ཚོའི་ཕྱོགས་སྤྱོད་གྲུ་འབྲས་འདིས་བོད་གཞུང་གི་དཔལ་འབྱོར་རླག་མི་འདུག་བསམ་སོང་། ཡིན་ནའང་མདོ་སྨད་སྤྱི་འཐུས་རྒྱ་རོང་ཟླ་བ་ཚེ་རིང་དང་རྒྱ་རིགས་མཐར་གཉིས་མ་ཡིན་པའི་སྤྱི་འཐུས་སྐོར་སྐྱོད་པ་ཚོས་བོད་གཞུང་གི་དཔལ་འབྱོར་འགྲོ་གྲོན་བཏང་པ་ཁྲོ་རླག་ཏུ་བཏང་འདུག་པ་དངོས་ཡོད་བདེན་གྲུབ་ཀྱི་གནས་ཚུལ་ཞིག་ཏུ་གྱུར་འདུག་ཡོད་པ་ནི་ཁོ་བ་ཚོའི་གསུང་བཤད་ལས་གསལ་བོ་ཤེས་ཀྱི་འདུག་་་་་་དཔེར་ན་དབུས་གཙང་སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ནས་༼སྲོལ་རྒྱུན་ཞིང་ལས་གཙོ་བྱས་པའི་ཟ་འབྲུ་དང་སྔོ་ཚོད་སོགས་ཀྱི་ཐོན་སྐྱེད་ཡག་པོ་ཡོད་ས་རེད༽ཟེར་དོན་དང་མདོ་སྟོད་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ནས་༼བལ་ཡུལ་ཉེན་རྟོག་པས་བོད་མི་མང་པོ་འཛིན་བཟུང་དང་གཅར་རྡུང་ཚད་མེད་བྱེད་ཀྱི་ཡོད་ས་རེད། ༽ དེ་མིན་ཁོང་གི་གསུང་དུམ་གཞན་ཞིག་གི་ནང་དུ་༼ཨེ་ཙི་སོགས་ཀྱི་འགོས་ནད་རིགས་ཡོད་མཁན་ཡང་ཡོད་ས་རེད། ༽སོགས་ཀྱི་བཤད་སྟངས་འདིའི་རིགས་ནི་དོགས་གཞི་དང་ཐེ་ཚོམ་སྟོན་བྱེད་ཀྱི་ཚིག་ལས་ཕྱོགས་སྐྱོད་ཞིབ་འཇུག་འོག་མི་མང་གི་དཀའ་ངལ་དབུས་གཞུང་དང་བོད་རིགས་མི་མང་ལ་བཤད་སྟངས་ཤིག་གཏད་ནས་མ་རེད། ངོ་མ་ཁྱེད་ཚོ་བོད་མིའི་གཞིས་ཆགས་ཁག་ལ་དཀའ་ངལ་གང་ཡོད་ཤེས་རྟོགས་དང་རྒྱུས་ལོན་བྱེད་དུ་འགྲོ་བ་ཡིན་ན་དོགས་གཞི་དང་ཐེ་ཚོམ་སྟོན་བྱེད་ཀྱི་སྐད་ཆ་གཏད་ནས་བཤད་མི་རུང་། ས་ཆ་འདི་དང་འདི་ལ་དཀའ་ངལ་འདི་དང་འདི་འདུག དཀའ་ངལ་འདིའི་འབྱུང་རྩ་འདི་དང་འདི་རེད་ཟེར་ནས་གཏན་ཚིག་དང་ཐག་ཆོད་རང་བཞིན་འོག་དབུས་གཞུང་དང་བཙན་བྱོལ་བོད་རིགས་མི་མང་ལ་བཤད་དགོས། དེ་འདྲ་བཤད་མ་ཐུབ་ཚེ་ཁྱེད་ཚོའི་སྐོར་སྤྱོད་ནི་ཕྱི་གླིང་གི་ལྗོངས་རྒྱུ་བ་ཚོ་དང་ཁྱད་པར་གཏད་ནས་མི་འདུག

    Reply
  19. རྒྱང་མིག་པ says:
    ལོ་ 14 སྔོན།

    སྤེལ་གོབ་ཀྱི་གནས་སྟངས་དེ་ཧ་ཅང་ཐབས་སྐྱོ་བོ་རེད། གནས་སྟངས་དེ་གོ་དུས་བོད་ཆོལ་ཁ་གསུམ་ཟེར་བའི་ཐ་སྙད་འདི་ལའང་ཁོང་ཁྲོ་ཟ་གི ང་ཚོར་རེས་བཅད་འདུ་ཤེས་བསྐྲུན་པ་རེད། ད་ནས་བཟུང་ང་ཚོ་བོད་ཅེས་པ་འདི་གཅིག་པུ་ལས་ཕྱོགས་ཞེན་བྱེད་ས་ཞིག་མེད་ན་དགའ་བ་ལ། སྤུན་ཟླ་ཚོ་ང་ཚོ་བོད་ཡིན། རྒྱ་དམར་གྱིས་མནར་གཅོད་གཏོང་གིན་ཡོད་པའི་མི་རིགས་དེ་ཡིན། རང་ས་རང་ཡུལ་དགྲ་ལག་ཏུ་ཤོར་ཏེ་གནམ་འོག་འདི་ན་ས་ལག་མཐིལ་ཙམ་ཞིག་གི་བདག་དབང་མེད་པའི་སྤྲང་པོ་ཚོ་ཡིན། ད་དུང་ཁྱོད་ཚོས་ནང་ཁུལ་ནས་ཅི་ཞིག་གི་ཐོབ་ཤོར་རྩོད་ཀྱི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese