མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་བའི་ཡང་སྲིད་ཕེབས་ཕྱོཊ་གཏན་འབེབས་གནང་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་གིས་དུས་ཡུན་ཉིན་གསུམ་རིང་འཚོགས་བཞིན་པའི་ཆོས་ལུགས་ཚོགས་ཆེན་སྟེང་། བོད་ཀྱི་བླ་ཆེན་ཚོར་ཆོས་ལུགས་མཐུན་སྒྲིལ་དང་དགེ་འདུན་པའི་འདུལ་ཁྲིམས། ཁོང་གི་ཡང་སྲིད་སྐོར། ཇོ་ནང་པའི་ཐོབ་ཐང་། ཁོང་གིས་ཆབ་སྲིད་འགན་དབང་རྩིས་སྤྲོད་གནང་སྟངས་སྐོར་བཅས་ལ་བཀའ་སློབ་བསྩལ་ཡོད།

དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ དང་ཕྱེད་ཀའི་ཐོག་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་དབུ་བཞུགས་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམས་ལྷན་བཞུགས་ཀྱིས། ཉེ་ཆར་འབྲུག་དང་འབྲས་ལྗོངས་གཙོས་པའི་བལ་བོད་ཁུལ་དུ་ས་ཡོམ་ཀྱི་གནོད་འཚེ་ཁྲོད་རྐྱེན་འདས་སུ་སོང་བ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་གསུངས་ཡོད་ལ། དེའི་རྗེས་༧གོང་ས་མཆོག་ཆོས་ལུགས་ཆོས་བརྒྱུད་ཁག་གི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚོགས་མགོན་ཏུ་ཆིབས་བསྒྱུར་བསྐྱངས་ཏེ། ཚོགས་བཅར་ཡོངས་ལ་བཀའ་སློབ་གནང་ཡོད།  

 

དབུས་བོད་མིའི་སྒྲིག་འཛུཊ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཐེངས་འདིའི་ཆོས་ལུགས་ཚོགས་ཆེན་དང་འབྲེལ་བའི་གཏམ་བཤད་གནང་རྗེས། ༧གོང་ས་མཆོག་གིས་ཚོགས་བཅར་བླ་སྤྲུལ་མཁན་པོ་རྣམས་ལ། འདས་པའི་བོད་ཀྱི་ལོ་རྒྱུས་ཁྲོད་ཆོས་བརྒྱུད་ཁག་གི་མཐུན་ལམ་དེ་ཙམ་ཡག་པོ་བྱུང་མེད་སྐོར་དང་འབྲེལ་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོའི་མཐུན་ལམ་དང་བཀའ་བརྒྱུད་པ་ནང་ཁུལ་གྱི་དཀའ་ངལ་སྐོར་གསུངས་དོན། “ སྔོན་ཆད་བོད་ནང་ལ་ཆ་བཞག་ན། ཆོས་ལུགས་ཁག་གི་བླ་ཆེན་ཚོའི་བར་འབྲེལ་བ་གང་ཡང་གནང་གི་ཡོད་པ་མ་རེད། བཙན་བྱོལ་དུ་བསླེབས་རྗེས་ང་ཚོས་ཆོས་ལུགས་ཚོགས་འདུ་ཐེངས་དང་པོ་ཚོགས་པ་རེད་ལ། དེ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད། ཡེ་ཤུའི་ཆོས་པ་ཁ་ཤས་ཀྱིས་ངོས་ལ་ཏཱ་ལའི་བླ་མ་ནུབ་ཕྱོགས་ལ་བསླེབས་པ་དེས་ང་ཚོའི་ཆོས་ལུགས་ནང་ཁུལ་གྱི་འབྲེལ་ལམ་ཟབ་ཏུ་ཕྱིན་སོང་ཟེར་གྱི་འདུག ཆོས་ལུགས་གཞན་པས་ཕན་ཚུན་ལ་ངོ་ཤེས་དང་ཆོས་གྲོགས་ཀྱི་འདུ་ཤེས་འཛིན་བཞིན་པའི་སྐབས་ལ། ང་ཚོ་བོད་པ་ནང་ཁུལ་དུ་སེམས་ཐག་ཉེ་པོ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད ” ཅེས་དང་།  

 

ཡང་ཁོང་གིས་མུ་མཐུད་དུ། “ དེ་རིང་ངོས་ཀྱིས་སྐད་ཆ་དྲང་པོར་ཞུ་རྒྱུ་ཡིན། ངོས་ནས་སྐད་ཆ་བཀབ་ནས་ཞུ་ཤེས་ཀྱི་མེད་ལ་ཞུ་དགོས་པའང་མི་འདུག ཁེ་ཉིན་ཀརྨ་པ་རིན་པོ་ཆེར་ཐུག་སྐབས། རིན་པོ་ཆེས་ཆོས་ཚོགས་ལ་ཕེབས་ན་སྐབས་རེར་མ་བདེ་བ་ཡོང་ས་རེད། དེ་ལས་ཚོགས་འདུར་མ་ཞུགས་ན་ཞེས་གསུང་གི་འདུག འབྲི་གུང་རིན་པོ་ཆེ་ཐོག་མར་ཚོགས་འདུར་ཕེབས་རྩིས་གནང་ཡང་། ཉེ་ཆར་སྐུ་སྙུང་ཡོད་ན། གང་ལྟར་ཕེབས་ཐུབ་ཡོད་པ་མ་རེད། འབྲུག་ཆེན་རིན་པོི་ཆེ་ཡང་འཚེར་སྣང་ཡོང་གི་ཡོད་ས་རེད། དེ་ཡིན་དུས། བླ་ཆེན་རྣམ་པ་ཚོས་ཚོགས་འདུའི་སྐབས་ཚོགས་ཆུང་གི་ཚོགས་གཙོས་འགན་འཁུར་ན་ལན་པོ་མི་འདུག གོ་བསྡུར་གནང་སྐབས་རྩོད་པ་རྒྱག་དགོས་པ་ཆོས་ཉིད་ཆགས་ཡོད་དུས། བླ་ཆེན་ཚོས་ཆོས་རའི་ནང་རྟགས་བསལ་གཏོང་བ་ལྟར། རྩོད་པ་བརྒྱབ་ན་ལན་པོ་ཡོད་པ་མ་རེད། དེ་མེད་ན་ཡག་པོ་འདུག བླ་ཆེན་རྣམ་པས་ཚོགས་འདུའི་ཐོག་བཀའ་སློབ་གནང་རྗེས། ཞིབ་ཕྲའི་གོ་བསྡུར་དེ་ཆོས་བརྒྱུད་སྤྱི་འཐུས་དང་བླ་ཆེན་ཁག་གི་སྐུ་ཚབ་ཚོས་གནང་ན་ཡག་པོ་འདུག ཆོས་ལུགས་ཚོགས་འདུ་དེ་དུས་དུས་ལ་མ་གཏོགས་ལོ་ལྟར་འཚོགས་ཐུབ་ཀྱི་མེད་སྟབས། ཆོས་དོན་ལས་ཁུངས་ཀྱིས་ཚོགས་འདུ་ཚོགས་སྟངས་ལ་བསྐྱར་དུ་བསམ་བློ་བཏང་སྟེ་བང་ཡག་པོ་བསྒྲིག་དགོས་ཀྱི་འདུག ” ཅེས་གསུངས།  

 

༧གོང་ས་མཆོག་གིས་བོད་པའི་དགེ་འདུན་པ་ཁག་ཅིག་གི་ཚུལ་ཁྲིམས་ཉམས་པའི་རྐྱེན་གྱིས། བོད་ཀྱི་དགེ་འདུན་པ་སྤྱིའི་ཆེ་མཐོང་ལ་དོ་ཕོག་འགྲོ་བཞིན་པའི་ཐད་ལ། “ ཉེ་ཆར་ངོས་རང་ཕྱི་རྒྱལ་དུ་སྐྱོད་སྐབས་བོད་པའི་གྲྭ་ཆས་གྱོན་མཁན་ཕྱི་རྒྱལ་ཁྱོ་ག་ཞིག་དང་སྐྱེས་དམན་ཞིག་འདུག གོ་ཐོས་ལྟར་ན། ཁོང་གཉིས་བཟའ་ཚང་རེད་ཟེར་གྱི་འདུག ཁྱོ་ག་དང་སྐྱེས་དམན་གཉིས་ཀྱིས་གྲྭ་ཆས་གྱོན་བསྡད་ན་ཡག་པོ་མི་འདུག དེ་བཞིན། ཟླ་ཤས་གོང་ངོས་ཀྱིས་གསར་འབྱོར་བ་ཁག་ཅིག་ལ་ཐུག་འཕྲད་བྱས་སྐབས། ཕོ་གསར་ཞིག་གིས་སྐྲ་རིང་པོ་བཞག་སྟེ་གྲྭ་ཆས་གྱོན་འདུག་ལ། སྟོད་འགག་ཀྱང་སེར་པོ་ཞིག་གྱོན་འདུག ངས་ཁྱེད་རང་གྲྭ་བ་ཡིན་ནམ་མི་སྐྱ་ཡིན་ཞེས་དྲིས་པ་ཡིན། ཁྱེད་རང་མི་སྐྱ་ཡིན་ན་གྲྭ་ཆས་འཕུད་དགོས་པ་རེད། སྔགས་འཆང་ཡིན་ན་གོས་དཀར་ལྕང་ལོའི་སྡེ་ལྟར་འགྲོ་དགོས་པ་རེད། གྲྭ་བ་ཡིན་ན་སྐྲ་གཅོད་དགོས་པ་རེད་ཅེས་བཤད་པ་ཡིན། སྔ་མོའི་དུས་སུ་བོད་ལ་དད་པ་དག་སྣང་གིས་འགྲོ་བསྡད་པ་དེ། དེང་སང་དོགས་པ་ཐེ་ཚོམ་བྱེད་དགོས་པ་ཆགས་ན་ཡག་པོ་ཁྱོན་ནས་མི་འདུག རྒྱ་གར་གྲུབ་ཆེན་པཎ་ཆེན་ནཱ་རོ་པ་སོགས་ལ་མཚོན་ན། དཔལ་ཎཱ་ལན་ཌ་རུ་སློབ་གཉེར་གནང་སྟེ་དགེ་བཤེས་ཐོན་རྗེས་དགོན་པར་བཞུགས་ཀྱི་མེད་ལ། སོ་སོར་རྫོགས་རིམ་གྱི་རྟོགས་པ་མཐོན་པོར་བསླེབས་ན་རིག་མ་བསྟེན་གྱི་ཡོད། དེ་ཚོ་བྱ་བྲལ་པ་ཆགས་ཡོད་པ་རེད ” ཅེས་གསུངས་བྱུང་།   

 

༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་འགན་དབང་མང་ཚོགས་ཀྱིས་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་ཕྱོགས་སྐོར་གསུངས་དོན། “ ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་བ་ཆགས་པ་རེད། ལོ་དེར་མཱ་སུ་རིར་བཀའ་ཤག་རྒྱག་རྒྱུའི་མགོ་བཙུགས་པ་རེད། ༡༩༦༠ ལོར་ང་ཚོ་རྡོ་རྗེ་གདན་དུ་འཛོམས་ཏེ་དམངས་གཙོའི་མགོ་བཙུགས་པ་རེད། གོམ་པ་རིམ་སྤོས་བྱས་ཏེ་མཐར་ ༢༠༠༡ ལོར་བཀའ་བློན་ཁྲི་པ་འོས་བསྡུའི་ལམ་ནས་འགྲོ་ཐུབ་པ་བྱུང་ཡོད། སྐབས་དེ་ནས་ངོས་ཀྱི་གནས་སྟངས་དེ་ཕྱེད་རྒན་ཡོལ་ཡིན་ཞེས་ཕྱི་གསལ་ནང་གསལ་ཐོག་བཤད་བསྡད་ཡོད། དེ་ལྟར་བྱས་ཏེ་ལོ་ ༡༠ ཕྱིན་པ་རེད། བར་སྐབས་ཀྱི་གནས་སྟངས་ལ་བལྟས་ན། མི་མང་ནང་དམངས་གཙོ་དང་འོས་བསྡུའི་ཐོག་ཚོར་བ་ཤུགས་ཆེན་པོ་ཡོད་པ་མ་ཟད། ལས་དོན་དེའི་ཐོག་སེམས་ཁུར་ཡོད་པའི་རྣམ་འགྱུར་ཤུགས་ཆེན་པོ་ཡོད་སྟབས། དུས་དང་རན་པ་ཞིག་ཏུ་མཐོང་སོང་། དེ་ནས་ཕྱེད་རྒན་ཡོལ་ནས་རྒན་ཡོལ་ཆ་ཚང་ཞིག་ཞུ་རྒྱུར་བསམ་བློ་བཏང་བ་རེད། ངོས་རང་རྒན་ཡོལ་ཙམ་དུ་མ་ཟད། ལོ་ངོ་ ༤༠༠ རིང་རྒྱལ་དབང་བླ་བྲང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རྒྱུའི་དུས་ཚོད་རྫོགས་ཟིན་པ་རེད། ངས་ནམ་རྒྱུན་ཆོས་དང་སྲིད་ཀྱི་དབུ་ཁྲིད་ཁ་ཁ་དགོས་པ་རེད་ཅེས་བཤད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་མི་ལ་ཆོས་སྲིད་ཀྱི་དབུ་ཁྲིད་ཁ་ཁ་དགོས་པ་རེད་ཟེར་བཞིན་དུ། ཚུར་ཕྱོགས་ནས་ངོས་རང་ཆོས་སྲིད་གཉིས་ཀྱི་མགོ་ཁྲིད་ཆགས་བསྡད་པ་འདི། ངོས་ནས་བཤད་པ་ཁ་བཤད་དོན་ལ་མ་གནས་པ་ལྟ་བུ་ཆགས་ཡོད། ལུང་པ་གང་ཡིན་ནའང་། ལུང་པ་དེ་མི་མང་ལ་དབང་ཡོད་པ་མ་གཏོགས་བླ་མ་དང་རྒྱལ་པོ་ལ་དབང་ཡོད་པ་མ་རེད། མི་མང་དོན་གྱི་བདག་པོ་རེད། མི་མང་གིས་འོས་བསྡུའི་ལམ་ནས་བདམས་པའི་དབུ་ཁྲིད་དེ་ལམ་ཁ་ཡག་ཤོས་ཆགས་ཡོད། དགའ་ལྡན་ཕོ་བྲང་དེ་དབུས་གཙང་གི་གཞུང་ཞིག་ཆགས་ཡོད་ནའང་། རྒྱ་མི་གུང་ཁྲན་གྱི་བཀའ་དྲིན་ལ་བརྟེན་ནས། བོད་མི་ཚང་མས་བཙན་བྱོལ་སྒྲིག་འཛུགས་འདིར་ཡིད་ཆེས་བློས་འགེལ་བྱེད་པའི་གནས་སྟངས་ཤིག་ཆགས་ཡོད། སྔོན་ཆད་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཆོལ་ཁ་གསུམ་གྱི་དབུ་ཁྲིད་གནང་བའི་སྐབས་ལ། གཞུང་དེ་ས་སྐྱའི་གཞུང་ཆགས་ཡོད་པ་རེད་ལ། དེ་ནས་རིམ་བཞིན་དགེ་ལུགས་པའི་གཞུང་ཆགས་པ་རེད་ཅེས ” གསུངས་བྱུང་།

 

༧གོང་ས་མཆོག་གིས་ཁོང་གི་མ་འོངས་པའི་ཡང་སྲིད་སྐོར་གསུངས་དོན། “ ཕྱི་རྒྱལ་གསར་འགོད་པ་ཚོས་ངོས་ཀྱི་ཡང་སྲིད་སྐོར་ལ་དྲི་བ་ཡང་ཡང་གཏོང་གི་འདུག ཉེ་ཆར་ཨ་རིར་སྐྱོད་སྐབས་གསར་འགོད་པ་ཞིག་གིས་ཡང་བསྐྱར་དྲི་བ་བཏང་བྱུང་། ངས་མིག་ཤེལ་ཕུད་དེ་ཁོང་ལ་ཁྱོད་ཀྱིས་བལྟས་ན་ཡང་སྲིད་ལ་བྲེལ་བ་འདུག་གམ་ཞེས་དྲིས་སྐབས། ཁོས་མི་འདུག་ཅེས་ལན་བཏབ་སོང་། གང་ལྟར་གསར་འགོད་པ་མང་པོ་ཞིག་གིས་རྟག་པར་སུན་པོ་བཟོ་ཡི་འདུག མ་གཞི་ཡང་སྲིད་སྐོར་ངོས་ཀྱིས་སྔོན་མ་ནས་འགྲེལ་བཤད་ཕྲན་ཙམ་རེ་རྒྱག་གི་ཡོད་ཀྱང་། ཡིག་ཐོག་ནས་འགྲེལ་བཤད་ཞིག་ཡོད་ན་ཡག་པོ་འདུག དེའི་སྐོར་སྔོན་མ་བླ་ཆེན་ཚོར་ཞུས་མྱོང་ལ། ད་ཐེངས་དབུ་ཁྲིད་ལྷན་འཛོམས་སྐབས་གཏན་འབེབས་ཡོང་ན་བསམ་སྟེ་ཁ་སང་གི་ཡིག་ཆ་དེ་ཕུལ་བ་རེད། ཁྱེད་ཚོས་དེ་རིང་གཏན་འབེབས་བྱུང་ན། བླ་ཆེན་ཚོའི་རྒྱབ་གཉེར་གནང་བ་ཁག་ཕྱོགས་བསྒྲིགས་བྱས་ཏེ་ཕྱིར་བཀྲམས་ན་ཡག་པོ་འདུག ཁ་སྔོན་ངོས་རང་ཧྥ་རན་སིར་སྐྱོད་སྐབས་ཀྱང་། གསར་འགོད་པས་རྒྱ་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐོག་དྲི་བ་བཏང་སོང་། ངོས་ནས་རྒྱ་ནག་གུང་ཁྲན་གྱིས་གཅིག་ནས་ཆོས་ཁས་མི་ལེན། གཉིས་ནས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་རྗེས་ལུས་དང་ཕན་མི་ཐོགས་པ་ཞིག་ལ་རྩི་བཞིན་ཡོད། གསུམ་ནས་ཏཱ་ལའི་བླ་མ་བདུད་རེད་ཟེར་གྱི་ཡོད་སྟབས། བདུད་ཀྱི་ཡང་སྲིད་ཡོང་ཆོག་གི་མ་རེད་ལབ་ན་ལན་པོ་ཡོད་ཀྱང་། བདུད་རེད་ཟེར་བཞིན་དུ་བདུད་ཀྱི་ཡང་སྲིད་ངོས་འཛིན་གནང་གི་ཡིན་ལབ་ན་ལན་པོ་ཡོད་པ་མ་རེད་ཅེས་ལན་བཏབ་པ་ཡིན ” ཞེས་གསུངས་སོང་།

 

མཐར་༧གོང་ས་མཆོག་གིས་ཇོ་ནང་ཆོས་བརྒྱུད་ཀྱི་ཐོབ་ཐང་སྐོར་ལ་གསུངས་དོན། “ དུས་ཀྱི་འཁོར་ལོ་བཅུ་དྲུག་གི་ཉམས་ལེན་ལ་བལྟས་ན། ཇོ་ནང་གིས་ད་བར་སངས་རྒྱས་བསྟན་པ་འཛིན་ཐུབ་པ་བྱུང་ཡོད་པས་བཀའ་དྲིན་རྗེས་དྲན་ཞུ་འོས་པ་ཞིག་རེད། རང་སྟོང་དང་གཞན་སྟོང་ཟེར་བ་སོགས་ཚད་མཐོ་བོའི་སྒང་ནས་བཤད་ཀྱི་ཡོད་སྟབས། སེམས་ལ་ཕན་པ་ཞིག་དང་སྒོ་གསུམ་ཞི་ཞིང་དུལ་བ་ཞིག་བྱུང་ན་ཡག་པོ་འདུག ཨ་རིར་སྡོད་མཁན་མགོ་ལོག་པ་ཞིག་གིས་ངོས་ལ། ཁོང་མགོ་ལོག་འཛམ་ཐང་ཕྱོགས་སུ་གནས་སྐོར་ལ་འགྲོ་སྐབས། བླ་བྲང་བཀྲ་ཤིས་འཁྱིལ་དུ་མཚམས་ལ་ཡུན་རིང་བཞུགས་མཁན་དེ་འདྲ་མི་འདུག མགོ་ལོག་འཛམ་ཐང་གི་ཇོ་ནང་པའི་ཁྲོད་ན་མཚམས་ལ་བཞུགས་མཁན་མང་པོ་འདུག་ལབ་སོང་། དེ་ཚོའི་གྲས་ཧ་ཅང་ཡག་པོ་འདུག འདིར་ངོས་ནས་ཇོ་ནང་པའི་སྐོར་ལ་འདི་བྱ་དགོས་པ་རེད་ཟེར་ནས་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་། ཁྱེད་ཚོས་གལ་ཆེན་དུ་བརྩིས་ཏེ་དེའི་ཐོག་དགོངས་པ་བཞེས་དགོས་པ་ཞིག་རེད། དེར་གནད་འགག་ཅིག་འདུག ཇོ་ནང་ཚོགས་པས་ངོས་རང་ལ་སྙན་ཞུ་ཡང་ཡང་འབྱོར་སོང་། དེ་རིང་འདིར་ངས་གང་ཡང་བཤད་མ་སོང་ལབ་ན་ཡག་པོ་མི་འདུག ” ཅེས་གསུངས་སོང་།

བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དེ་སང་ཉིན་མཇུག་བསྒྲིལ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༡༧ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 26

  1. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    རྒྱ་གཞུང་གི་དྲི་བ་བཞི་ལ་ལེན་ཅིག་འདེབས་རྒྱུ་ཡིན་རྒྱ་གཞུང་གི་༧གོང་ས་མཆོག་སྐུ་ཚེ་ཧྲིལ་པོ་བོད་ནང་ཕེབ་བཞུགས་གནང་ཐབས་མེད་པ་དང་རྒྱལ་ཁབ་གང་ཞིག་ཏུ་ཕེབ་རུང་སྐྱོན་བཇོད་དང་རྒྱལ་ཁབ་དེ་དག་གི་ནང་སྲིད་ལ་ཐེ་བྱུས་བྱེད་པ་དེ་དག་བཇེད་མ་འགྲོ་

    Reply
  2. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    དཔལ་ལྡན་མི་དབང་ཆོས་རིག་བཀའ་བློན་མཆོག་གི་དབུས་པའི་ཆོས་ཚོགས་སྐབས་བཅུ་གཅིག་པར་ཚོགས་བཅར་བ་ཆོས་བརྒྱུད་ཁག་གི་སྐུ་ཚབ་༸བླ་སྤྲུལ་དགེ་བཤེས་དང་མཁན་པོ་ཚོགས་མི་ཡོངས་ཀྱི་མདུན་སར།
    ཆེད་ཞུ།
    གྲྭ་པའི་སྤྱི་ཚོགས་ཀྱི་ཟུར་ན་ལྷག་པའི་ཕ་དམ་པ་སངས་རྒྱས་ཆོས་བརྒྱུད་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་མེད་པའི་དཀའ་ངལ་ལ་གདུང་སེམས་མཉམ་བསྐྱེད་བྱེད་འདོད་བྱུང་། འདི་ནི་ཆབ་སྲིད་ཅིག་མིན་ལ། ཕྱོགས་ཞེན་ཞིག་མིན། སྒེར་གྱི་ཁེ་ཕན་དང་འབྲེལ་བའི་དཀྲུགས་ཤིང་ཤིག་དེ་བས་མིན། མདོར་བསྡུས་ན་དཀའ་ངལ་ཞིག་གི་གནས་ལུགས་གླེང་བ་ཡིན།ཡིན་པ་མ་ཟད་ཕ་དམ་པ་སངས་རྒྱས་ཀྱི་ཆོས་བརྒྱུད་ཀྱི་ཐོབ་ཐང་དགོས་ཟེར་བ་དེ་ཆོས་བརྒྱུད་ཀྱི་མིང་ཙམ་ཡོད་པའི་རྒྱུ་མཚན་ཙམ་མ་རེད་ཕ་དམ་པ་སངས་རྒྱས་ཀྱི་རིང་ལུགས་འཛིན་མཁན་གྱི་དགོས་སྡེ་དང་བཤད་སྒྲུབ་ཆོས་སྤྱོད་གང་ཐད་ནས་རང་མགོ་ཐོན་པ་ཡོད་ཙང་ཡིན།༸གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་གཟིགས་གསོལ་གྱི་བཀའ་དྲིན་འོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་མི་ཚང་མར་རང་དབང་དང་།འདྲ་མཉམ།ཐོབ་ཐང་གཅིག་མཚུངས་ཀྱི་གནས་བབ་ལ་བློ་བདེ་ཞིང་སེམས་མགུ་ནའང་། དུས་དབང་གིས་ཉམས་ཞན་དུ་གྱུར་ཅིང་། ལོ་རྒྱུས་ཀྱི་ཁུངས་བཙན་པོས་ཕ་དམ་པ་སངས་རྒྱས་ཀྱི་་ཆོས་བརྒྱུད་དེ་ཆོས་རིག་ལས་ཁུངས་ཀྱི་ཁྱབ་འོག་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་འོག་མ་ཚུད་པའི་གནས་བབ་སྤྱི་དང་། དེ་འབྲེལ་གྱི་བོད་རྒྱལ་ཡོངས་ཚོགས་ཆེན་དང་། དམིགས་བསལ་ཚོགས་ཆེན། ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་ཞུས་པའི་ཆོས་ཚོགས་ཁག་གི་ནང་ཞབས་སྟེགས་ཀྱི་ཐོབ་ཐང་མེད་པ་སོགས་འདྲ་མཚུངས་མེད་པའི་གནས་བབ་ནི་བློ་གཟུར་བོར་གནས་པ་རྣམས་ལ་ཤིན་ལྐོག་ཅིག་གང་ནས་ཡིན།
    བོད་ཕྱི་ནང་གཉིས་ཀྱི་ཕ་དམ་པ་སངས་རྒྱས་ཀྱི་དགོན་ཁག་གིས་ཕྱི་ལོ་ ༡༩༩༩་ལོ་ནས་གཟུང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཏུ་རེ་སྐུལ་སྙན་ཞུ་གྲངས་བརྒྱ་ལྷག་ཕུལ་ཏེ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཡོང་རེ་འབོད་སྐུལ་ཞུས་ནའང་མཐོ་རིམ་ལྷན་ཁང་རེ་ཟུང་གི་ལག་སྣེ་རུ་སྤོ་ལོ་བཞིན་བགྲང་བྱ་བཅུ་གཉིས་རིང་དུ་ལྷག་པའི་དགོན་པ་དང་། མི་མང་སོགས་ཀྱི་རེ་སྐུལ་འདི་སྣང་མེད་སྐྱུར་འཇོག་བྱེད་བཞིན་པར་གནས་ལུགས་ལ་ཡིད་རྟོན་པ་ཚོས་མིག་བཀབ། རྣ་འོན་གྱི་བརྟུལ་ཞུགས་བཟུང་ན་མ་འོས་པར་མཐོང་།
    དེས་ན་ཇོ་ནང་ཆོས་བརྒྱུད་ཀྱི་སྐབས་བབ་ཀྱི་དགོས་མཁོ་དང་། ཚོར་བ། ན་ཟུག་སོགས་ནི་ཆོས་བརྒྱུད་གཞན་ཁག་ལ་ཡོད་པའི་སྐལ་བ་ཞིག་རང་ཉིད་ལ་ཆད་པའི་ཚོར་བ་དེ་རེད། རེ་འདུན་གྱི་རྨ་ཁ་དེ་ལ་སྨན་པའི་ལེགས་བཅོས་ཤིག་དགོས་པ་ལས་བྱིས་པར་ཞིམ་རིལ་གྱིས་ངུ་ཁ་འགོག་པའི་སྣང་བརྙན་གྱིས་དེ་རིང་ཁུངས་འཁྱོལ་ཡང་སང་ཉིན་རང་མདོག་ཐོན་འགྲོ་བ་ཆོས་ཉིད་ཡིན།
    མི་མང་གི་རེ་འདུན་དང་། དྲང་བདེན་གྱི་གནས་ལུགས་བཤད་པར་འཇིགས་ཞུམ་ཆགས་སྡང་མི་བྱེད་པས་ཁས་ལེན་དམ་བཅའ་བྱས་དོན་བོད་གཞིས་བྱེས་གཉིས་སུ་གནས་པའི་ཇོ་ནང་ཆོས་བརྒྱུད་ཆེན་པོའི་དགོན་ཁག་དང་། མི་མང་གི་རེ་འདུན་གྱི་དཀའ་ངལ་སེལ་ཐབས་མ་བྱུང་བར་ང་ཚོས་ཀྱང་བདེན་དོན་འདིའི་ཐད་གླེང་སློང་བྱེད་ངེས་ཡིན་པས་ཆོས་རིག་ལས་ཁུངས་དང་། ཆོས་དོན་ལྷན་ཚོགས་སུ་བཅར་བའི་ཆོས་བརྒྱུད་ཁག་གི་སྐྱབས་རྗེ་མཁན་བླ་དགེ་འདུན་རྣམ་པའི་སྡེ་ནས་ཀྱང་གཟིགས་ཕྱོགས་དོན་སྙིང་ལྡན་པ་ཡོང་རྒྱུར་རེ་སྐུལ་ནན་ཆེར་ཞུ་རྒྱུ་ཡིན།
    འདི་ནི་སྤྱི་ཚོགས་ནང་གི་ལབ་འགྲོས་ཙམ་མིན་པར་ཆོས་ཚོགས་ཀྱི་ཚོགས་ཆེན་སྔ་ཕྱིའི་སྐབས་སུ་གསལ་བའི་ཆོས་ལུགས་མཐུན་སྒྲིལ་སྤེལ་ཐབས་སྐོར་གྱི་གྲོས་ཆོད་ཀྱི་དགོངས་དོན་དང་མཐུན་པ་ཞིག་ཀྱང་ཡིན་པས་བཤད་པ་དོན་དུ་གནས་ཐབས་ཡོང་བར་ཡིད་ཆེས་ཟབ་མོ་ཡོད་ཞུ་རྒྱུ་ཡིན།
    མཐའ་དོན་དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པ་ལམ་ལྷོང་དོན་གནས་ཡོང་བར་སྨོན་འདུན་གྲངས་མེད་ཞུ་རྒྱུ་བཅས་མི་ཉག་བཙན་པོ་ནས་གཟའ་འཕྲོད་སྦྱོར་དགེ་བའི་ཉིན་9། 23་ལ་ཕུལ

    Reply
  3. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    ༄༅།། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གི་དབུས་པའི་ཆོས་ཚོགས་སྐབས་བཅུ་གཅིག་པར་ཚོགས་བཅར་ཆོས་བརྒྱུད་ཁག་གི་སྐུ་ཚབ་༸སྐྱབས་རྗེ་ཕྱག་འོས་པ་ཡོངས་ལ།

    ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་ཚང་མས་མཉམ་རུབ་བྱེད་༽ཅེས་པའི་གཞིས་ལུས་བོད་མིའི་འབོད་སྒྲ་ཞིག་གིས་ང་ཚོར་ཡིད་ཚོར་སྤྲད་སོང་ལ། ང་ཚོས་ཀྱང་རང་གི་མིག་སྔའི་སྤྱི་ཚོགས་ཀྱི་ཟུར་ན་ལྷག་པའི་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་མེད་པའི་དཀའ་ངལ་ལ་གདུང་སེམས་མཉམ་བསྐྱེད་བྱེད་འདོད་བྱུང་། འདི་ནི་ཆབ་སྲིད་ཅིག་མིན་ལ། ཕྱོགས་ཞེན་ཞིག་མིན། སྒེར་གྱི་ཁེ་ཕན་དང་འབྲེལ་བའི་དཀྲུགས་ཤིང་ཤིག་དེ་བས་མིན། མདོར་བསྡུས་ན་དཀའ་ངལ་ཞིག་གི་གནས་ལུགས་གླེང་བ་ཡིན།
    ༸གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་གཟིགས་གསོལ་གྱི་བཀའ་དྲིན་འོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་མི་ཚང་མར་རང་དབང་དང་། འདྲ་མཉམ། ཐོབ་ཐང་གཅིག་མཚུངས་ཀྱི་གནས་བབ་ལ་བློ་བདེ་ཞིང་སེམས་མགུ་ནའང་། དུས་དབང་གིས་ཉམས་ཞན་དུ་གྱུར་ཅིང་། ལོ་རྒྱུས་ཀྱི་ཁུངས་བཙན་པོས་ཇོ་ནང་ཆོས་བརྒྱུད་དེ་ཆོས་རིག་ལས་ཁུངས་ཀྱི་ཁྱབ་འོག་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་འོག་མ་ཚུད་པའི་གནས་བབ་སྤྱི་དང་། དེ་འབྲེལ་གྱི་བོད་རྒྱལ་ཡོངས་ཚོགས་ཆེན་དང་། དམིགས་བསལ་ཚོགས་ཆེན། ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་ཞུས་པའི་ཆོས་ཚོགས་ཁག་གི་ནང་ཞབས་སྟེགས་ཀྱི་ཐོབ་ཐང་མེད་པ་སོགས་འདྲ་མཚུངས་མེད་པའི་གནས་བབ་ནི་བློ་གཟུར་བོར་གནས་པ་རྣམས་ལ་ཤིན་ལྐོག་ཅིག་གང་ནས་ཡིན།
    བོད་ཕྱི་ནང་གཉིས་ཀྱི་ཇོ་ནང་གི་དགོན་ཁག་གིས་ཕྱི་ལོ་ ༡༩༩༩་ལོ་ནས་གཟུང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཏུ་རེ་སྐུལ་སྙན་ཞུ་གྲངས་བརྒྱ་ལྷག་ཕུལ་ཏེ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཡོང་རེ་འབོད་སྐུལ་ཞུས་ནའང་མཐོ་རིམ་ལྷན་ཁང་རེ་ཟུང་གི་ལག་སྣེ་རུ་སྤོ་ལོ་བཞིན་བགྲང་བྱ་བཅུ་གཉིས་རིང་དུ་ལྷག་པའི་དགོན་པ་དང་། མི་མང་སོགས་ཀྱི་རེ་སྐུལ་འདི་སྣང་མེད་སྐྱུར་འཇོག་བྱེད་བཞིན་པར་གནས་ལུགས་ལ་ཡིད་རྟོན་པ་ཚོས་མིག་བཀབ། རྣ་འོན་གྱི་བརྟུལ་ཞུགས་བཟུང་ན་མ་འོས་པར་མཐོང་།
    དེས་ན་ཇོ་ནང་ཆོས་བརྒྱུད་ཀྱི་སྐབས་བབ་ཀྱི་དགོས་མཁོ་དང་། ཚོར་བ། ན་ཟུག་སོགས་ནི་ཆོས་བརྒྱུད་གཞན་ཁག་ལ་ཡོད་པའི་སྐལ་བ་ཞིག་རང་ཉིད་ལ་ཆད་པའི་ཚོར་བ་དེ་རེད། རེ་འདུན་གྱི་རྨ་ཁ་དེ་ལ་སྨན་པའི་ལེགས་བཅོས་ཤིག་དགོས་པ་ལས་བྱིས་པར་ཞིམ་རིལ་གྱིས་ངུ་ཁ་འགོག་པའི་སྣང་བརྙན་གྱིས་དེ་རིང་ཁུངས་འཁྱོལ་ཡང་སང་ཉིན་རང་མདོག་ཐོན་འགྲོ་བ་ཆོས་ཉིད་ཡིན།
    མི་མང་གི་རེ་འདུན་དང་། དྲང་བདེན་གྱི་གནས་ལུགས་བཤད་པར་འཇིགས་ཞུམ་ཆགས་སྡང་མི་བྱེད་པས་ཁས་ལེན་དམ་བཅའ་བྱས་དོན་བོད་གཞིས་བྱེས་གཉིས་སུ་གནས་པའི་ཇོ་ནང་ཆོས་བརྒྱུད་ཆེན་པོའི་དགོན་ཁག་དང་། མི་མང་གི་རེ་འདུན་གྱི་དཀའ་ངལ་སེལ་ཐབས་མ་བྱུང་བར་ང་ཚོས་ཀྱང་བདེན་དོན་འདིའི་ཐད་གླེང་སློང་བྱེད་ངེས་ཡིན་པས་ཆོས་རིག་ལས་ཁུངས་དང་། ཆོས་དོན་ལྷན་ཚོགས་སུ་བཅར་བའི་ཆོས་བརྒྱུད་ཁག་གི་སྐྱབས་རྗེ་མཁན་བླ་དགེ་འདུན་རྣམ་པའི་སྡེ་ནས་ཀྱང་གཟིགས་ཕྱོགས་དོན་སྙིང་ལྡན་པ་ཡོང་རྒྱུར་རེ་སྐུལ་ནན་ཆེར་ཞུ་རྒྱུ་ཡིན།
    འདི་ནི་སྤྱི་ཚོགས་ནང་གི་ལབ་འགྲོས་ཙམ་མིན་པར་ཆོས་ཚོགས་ཀྱི་ཚོགས་ཆེན་སྔ་ཕྱིའི་སྐབས་སུ་གསལ་བའི་ཆོས་ལུགས་མཐུན་སྒྲིལ་སྤེལ་ཐབས་སྐོར་གྱི་གྲོས་ཆོད་ཀྱི་དགོངས་དོན་དང་མཐུན་པ་ཞིག་ཀྱང་ཡིན་པས་བཤད་པ་དོན་དུ་གནས་ཐབས་ཡོང་བར་ཡིད་ཆེས་ཟབ་མོ་ཡོད་ཞུ་རྒྱུ་ཡིན།
    མཐའ་དོན་དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པ་ལམ་ལྷོང་དོན་གནས་ཡོང་བར་སྨོན་འདུན་གྲངས་མེད་ཞུ་རྒྱུ་བཅས་སྐབས་བཅོ་ལྔ་བའི་བོད་མི་མང་

    སྤྱི་འཐུས་རྨོག་རུ་བ་བསྟན་པ་རྒྱ་མཚོར་འབོད་པས་ཕྱི་ལོ་༢༠༡༡།༩། ༢༡ ཉིན་ཕུལ།

    Reply
  4. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    དང་ཐོག་བསྟན་འཛིན་མིང་ཅན་གྱིས་བཤད་བཞིན་དེ་དཀྲོགས་གཏམ་ཡིན་རྒྱུ་རེད་བསམ་ཏེ། རྣར་འགྲོ་མ་སོང་སྟེ། འོན་ཀྱང་དངོས་སུ་ལྟ་དུས་དངོས་གནས་རེད་འདུག བོད་གཞུང་དྲ་རྒྱའི་སྟེང་དངོས་གནས་༸གོང་ས་མཆོག་གིས་ཇོ་ནང་སྐོར་ལ་གསུངས་པའི་གསུངས་འཕྲིན་ཆ་ཚང་བཀོག་འདུག ཟུར་ཙམ་ཡང་བཞག་མི་འདུག དེ་དངོས་གནས་ཅུང་ཙམ་ཡ་མཚར་དགོས་པའི་ཞིག་ཆགས་སོང་། རྒྱ་དམར་གཞུང་འབྲེལ་བ་དྲ་བ་དག་གིས་ཝུན་ཇ་པའོ་ཡི་གཏམ་བཤད་གཏུབ་འབྲེགས་བྱེད་བཞིན་པ་ལྟར། ད་ཐེངས་སྒྲིག་འཛུགས་དྲ་རྒྱས་དངོས་གནས་༸གོང་ས་མཆོག་གི་གསུངས་བཤད་གཏུགས་འབྲེག་བྱས་འདུག་གཱ། སྨྲ་བརྗོད་རང་དབང་དང་ཕྱི་གསལ་ནང་གསལ་དེའང་ད་བསྡད་ཀྱིན་བསྡད་ཀྱིན་མོག་མོག་ཅིག་ཏུ་འགྱུར་ཉེན་འདུག སྒྲིག་འཛུགས་འདིའི་མགོ་བཙུགས་ནས་ཟླ་ཤས་ལས་མ་ཕྱིན་མོད། མདོགས་འདྲ་མི་འདྲ་ཞིག་དང་སེམས་ཚོར་འདྲ་མི་འདྲ་ཞིག་སྤྲད་ཡོང་གི་འདུག ང་སྐྲག་གི། ང་དངངས་གི ང་འཐོམ་གི མ་གཞི་ཐག་གཅོད་ག་འདྲ་ཞིག་ཡོང་མིན་དེ་ཁྲིམས་སྒྲིག་གཞི་དང་གནས་སྟངས་མང་པོ་ཞིག་གི་སྟངས་ནས་ཐག་གཅོད་དགོས་པ་ཞིག་རེད། ཇོ་ནང་ལ་ཆོས་རྒྱུད་ཐོབ་ཐང་སྤྲོད་ཐུབ་དང་མ་ཐུབ་དོན་དག་གཞན་ཞིག་རེད། ཡིན་ནའང་། གླེང་ཆོག་པ་དེ་འགྲོ་བ་མི་སྤྱི་ལ་ཡོད་དགོས་པའི་གཞི་རྩའི་ཐོབ་ཐང་ཞིག་རེད། འདི་ལྟར་གཞུང་གི་དྲ་ཐོག་ནས་མགྲིན་པ་བགག་ན་ཡག་པོ་མི་འདུག སྤྱིར་ཆོས་རྒྱུད་སྤྱི་འཐུས་མེད་པ་བཟོས་ན་ཡག་ཤོས་རེད། གཏམ་རྒྱུ་གླེང་རྒྱུ་མང་པོ་ཡོང་གི་མ་རེད། ཆོས་པ་ཚོས་ཡིན་གཅིག་མིན་གཉིས་ལ་ཅིག་རྩོད་སྡོད་དགོས་ཀྱི་ཡོད་པ་ཡིན་ན། སྒྲིག་འཛུགས་ལས་ལོགས་སུ་ཆོས་དོན་ལྷན་ཚོགས་བཙུགས་རྗེས། དེ་གར་རྟོགས་པ་མཐོན་པོ་ང་ཡིན་ཟེར་མཁན་ཚོ་དང་། བྱང་ཆུབ་སེམས་དཔའ་ཁོ་ཡིན་ཟེར་མཁན་ཚང་མས་འུར་རྒྱག་ན་འཇིག་འདེད་ན་སོ་སོས་འདོད་པ་རེད། དེ་མ་གཏོགས་སྤྱི་ཚོགས་ཆུང་ཆུང་འདིའི་སྒྲིག་གཞིའི་ནང་ལ་ཆོས་རྒྱུད་ཚོས་ལག་པ་བརྐྱངས་ཏེ་མང་ཚོགས་ཀྱི་མཐུན་ལམ་དཀྲིགས་དཀྲིགས་བཏང་ན་ཁྱོན་ནས་ཡག་པོ་མི་འདུག “སེམས་བྱང་ཆུབ་ཕ་རའི་ལ་རེད།། དོན་རྟོག་པ་རྒྱང་གི་རྒྱང་རེད།། མིང་མཚན་གནས་ང་རྒྱལ་རྩོད་པ། འདི་མེད་ན་ཇི་འདྲའི་སྐྱིད་པ། “

    Reply
  5. དམ་སྲི་འབྱུང་པོ། says:
    ལོ་ 14 སྔོན།

    ང་ཚོ་བོད་པའི་ཁ་ཆེན་རྣམས་ལ་ཡང་ཆོས་ལུགས་ཀྱི་འཐུས་མི་དང་ཐོབ་ཐོང་དགེ་ལུགས་པ་ལ་གང་ཡོད་ན་དགོས་པ་ཡིན། ངས་དགེ་ལུགས་པ་ལ་དམིགས་ཀྱིས་བཤད་པ་དེ་བོད་གཞུང་དམངས་ཡོངས་རྫོགས་དབང་བསྒྱུར་བ་པོ་བླ་ཆེན་མི་ཆེན་རྣམས་དགེ་ལྡན་པ་རེད།

    Reply
  6. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    མ་འདས་ཡང་སྲིད་དགོས་རྒྱུ་ཚང་མའི་རེ་འདུན་ཉག་གཅིག་ཡིན་་་་བླ་རྒན་ཚང་མས་དེ་དོན་མ་བརྗེད་རོགས་ཞུ། བླ་རྒན་ཚང་མ་མིང་ཆེ་ཡ་མ་གཏོགས་གནའ་དེང་གི་རིག་གནས་ཤེས་མཁན་དཀོན་གི་བསམ་གྱི་ཡོད།

    Reply
  7. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ཇོ་ནང་ཆོས་རྒྱུད་ལ་སུས་བཀག་འགོག་བྱེད་ཀྱི་ཡོད་ན་། ངའི་མཐོང་ཚུལ་ནང་ཇོ་ནང་གི་ཆོས་ལུགས་དེ་ཆོས་ལུགས་མ་རེད་ལམ་མཁན་སུ་གཅིག་ཡོད་པ་མཐོང་མ་སོང་། གལ་སྲིད་ཇོ་ནང་གི་ཆོས་ལུགས་དེ་དར་སྤེལ་མི་ཆོག་པ་བཤད་ན་། རང་དབང་མེད་རེད་། ཐོབ་ཐང་མེད་རེད་།
    དེ་མིན་རྙོག་གྲ་མ་བཤད་ན་ཡག་གི་ཨི་རོ་།

    Reply
  8. བསྟན་འཛིན། says:
    ལོ་ 14 སྔོན།

    བཀུར་འོས་པའི་དྲ་གྲོགས་ལྷན་རྒྱས།
    ཁྱེད་ཅག་གིས་ཕྱོགས་ལྷུང་མེད་པའི་ཐོག་ནས་གཟིགས་དང་། བོད་གཞུང་གིས་ང་ཚོ་ཇོ་ནང་ཚང་ལ་ལྟ་ཕྱོགས་ཇི་འདྲ་ཞིག་བཟུང་འདུག གཤམ་གྱི་བོད་གཞུང་དྲ་ཐག་ཐོག་གཟིགས་དང་། དེར་༧གོང་ས་མཆོག་གིས་ཇོ་ནང་སྐོར་གསུང་བའི་བཀའ་སློབ་དེའི་ཟུར་ཙམ་ཡང་མི་འདུག
    http://tibet.net/tb/2011/09/23/%e0%bc%b8%e0%bd%82%e0%bd%bc%e0%bd%84%e0%bc%8b%e0%bd%a6%e0%bc%8b%e0%bc%b8%e0%bd%a6%e0%be%90%e0%be%b1%e0%bd%96%e0%bd%a6%e0%bc%8b%e0%bd%98%e0%bd%82%e0%bd%bc%e0%bd%93%e0%bc%8b%e0%bd%86%e0%bd%ba9-10-172/
    འོན་ཀྱང་ཁོང་གི་བཀའ་སློབ་ངས་ཡིག་ཐོག་ཏུ་ཕབ་ནས་འདིར་ཡང་བསྐྱར་བཀོད་ཡོད།

    ༧གོང་ས་མཆོག་གི་དམིགས་བསལ་བཀའ་སློབ།

    (དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ དང་ཕྱེད་ཀའི་སྟེང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམས་ལྷན་བཞུགས་ཀྱིས། ཉེ་ཆར་འབྲུག་དང་འབྲས་ལྗོངས་གཙོས་པའི་བལ་བོད་ཁུལ་དུ་ས་ཡོམ་ཀྱི་གནོད་འཚེའི་ཁྲོད་རྐྱེན་འདས་སུ་སོང་བ་རྣམས་ཀྱི་ཆེད་བསྔོ་སྨོན་གསུངས་ཤིང་། དེའི་རྗེས་སུ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚོགས་མགོན་ཏུ་ཆིབས་བསྒྱུར་བསྐྱངས་ཏེ། ཚོགས་བཅར་ཡོངས་ལ་བཀའ་སློབ་ཟབ་མོ་གནང་བའི་ནང་ནས་ཇོ་ནང་པའི་སྐོར་ཡིག་ཐོག་ཏུ་ཕབ་པ། བཀའ་སློབ་དུམ་བུ་འདི་བོད་གཞུང་དང་༧གོང་ས་མཆོག་གི་དྲ་ཚིགས་ཐོག་བཀོད་མི་འདུག)
    ངས་ནམ་རྒྱུན་བཀའ་ཆོས་སྐབས་ལ་བཤད་བསྡད་ཀྱིན་ཡོད། དངོས་གནས་གང་བཤད་ན་མ་བཤད་ན་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་ལེན་ཐོག་ཕྱིན་པ་ཡིན་ན། ཇོ་ནང་གིས་ད་ལྟ་བར་དུ་བསྟན་པ་བཟུང་ནས་བསྡད་བཞག་ཡོད་པ་རེད། དེ་དངོས་གནས་བཀའ་དྲིན་རྗེས་སུ་དྲན་དགོས་པ་ཞིག་རེད། ཡག་པོ་ཞེ་དྲགས་རེད། ལྟ་བ་རང་སྟོང་དང་གཞན་སྟོང་ཟེར་བ་དེ་ཚད་མཐོན་པོའི་རྒང་ལ་འགྲོ་བསྡད་ཡོད་པ་རེད། དེ་ཁྱད་པར་གང་ཡང་མི་འདུག ངས་ནམ་རྒྱུན་སེམས་ལ་ཤར་བསྡད་པ་ཞིག་ཡོད། དེས་སེམས་ལ་ཞེ་དྲགས་ཕན་གྱི་འདུག ཇོ་ནང་གི་བླ་སྒྲུབ་ཀྱི་ནང་གི་ཚིག སྒྱུ་མའི་རང་སྣང་རྗེན་ནེ་ནེ༎ གཏད་མེད་རིག་པ་གསལ་ལ་ལ༎ བརྗོད་མེད་དབྱིངས་སུ་ཐལ་ལ་ལ༎ བདེ་བ་ཆེན་པོ་ཁྲིལ་ལི་ལི༎ ཡག་པོ་འདུག་ཀ འདི་ལྟར་བསམ་བློ་བཏང་བ་ཡིན་ན། ཕྱི་བཟུང་བ་བདེན་མེད་སྒྱུ་མ་ལྟ་བུ་དང་། ནང་འཛིན་པ་བདེན་མེད་ཡང་སྒྱུ་མ་ལྟ་བུ་རེད། དེ་ནས་བསམ་བློ་ཞིག་བཏང་ཡོང་དུས་ཕྱི་བཟུང་བ་ཡུལ་དང་ནང་འཛིན་པ་སེམས་གཉིས་ཀ་དམིགས་གཏད་གཅིག་ཡིན་དུས་བདེན་མེད་ཡིན་བསམ་གྱིན་འདུག་ཀ དེའི་ངང་དུ་བསྡད་པ་ཡིན་ན་དེའི་ངེས་ངོ་ལ་སྤྲོས་པ་མཐའ་ཉེ་བར་ཞི་ནས་སེམས་གསལ་སེང་ངེ་འགྲོ་བསྡད་པ་འདྲ་བོ་ཞིག་ཡོང་གི་འདུག་ཀ དེའི་སྔོན་དུ་རྫོགས་རིམ་དང་མཐུན་པའི་རྟོགས་པ་མཐོན་པོ་ཡོད་ན་མེད་ན་ཁ་ཐུག་དེར། བྲལ་བའི་དུས་ན་སེམས་ཀྱི་གཞོན་ནུ་དེ༎ བརྗོད་བྲལ་ལམ་གྱི་གོང་བུར་ངལ་གསོ་བསྟེན༎ ཞེས་གསུངས་པ་དེ་ག་རང་རེད་པ། ཡག་པོ་འདུག་ཀ རེད་པ། སྔོན་ལ་གཞན་སྟོང་རང་སྟོང་ཟེར་བ་དེ་ཕར་བཞག (བཞད་མོ་དང་བཅས།) སྔོན་ལ་སོ་སོའི་ཁ་ཐུག་དེར་དངོས་གནས་རང་གི་སེམས་ལ་ཕན་པ་ཞིག་དང་། སྒོ་གསུམ་ཞི་ཞིང་དུལ་བ་ཞིག་བྱུང་ན་དེས་འགྲིག་འདུག་ཀ ངའི་ངོ་ཤེས་པ་ཨ་མེ་རི་ཀའི་མི་ཞིག་གིས། ཁོ་མགོ་ལོག་ལ་གནས་སྐོར་དུ་ཕྱིན་པ་ཡིན་ཟེར། བཀྲ་ཤིས་འཁྱིལ་དང་དེ་ཚོར་མཚམས་བསྡམས་ནས་ཡུན་རིང་པོར་བཞུགས་མཁན་ཡོད་ཟེར་བ་དེ་འདྲ་གོ་ཡ་མི་འདུག མགོ་ལོག་འཛམ་ཐང་ཁུལ་དུ་(དེ་ཇོ་ནང་རེད།)མཚམས་ལ་བཞུགས་མཁན་མང་པོ་ཞེ་དྲགས་འདུག ཁོའི་ཡིད་ཞེ་དྲགས་འཕྲོག་སོང་ཟེར་གི་འདུག དཔེ་ཡག་པོ་རེད་པ། དེ་འདྲ་ཡིན་དུས། གཅིག་ནས་བཤད་པའི་ཀ་ཆེན་བཅུ་དང་། སྒྲུབ་རྒྱུད་ཤིང་རྟེ་དེ་ཚོ་རིས་མེད་བསྟན་རྒྱས་སྨོན་ལམ་ན་ཡོད་པ་རེད་པ། བྱས་ཙང་དེ་གནད་འགག་ཅིག་འདུག ངས་ཡང་འདི་བྱོས་འདི་མ་བྱེད་ཅེས་ང་ལ་བཤད་ཡ་གང་ཡང་མེད་དེ། ཡིན་ན་ཡང་། ཁྱེད་རང་ཚོས་དབྱིན་ཇིའི་སྐད་ཐོག་ནས་(serious)དོན་གནད་གལ་ཆེན་པོ་ཞིག་ལ་དགོངས་པ་བཞེས་དགོས་ཡ་ཞིག་རེད། དེར་གནད་འགག་ཅིག་འདུག ང་རང་གི་ངོས་ནས་ཁོང་ཚོས་ང་ལ་ཡི་གེ་ཞིག་བྲིས་པ་རེད། ངས་དེ་བཤད་ཡོད་དོ་ཞེས་ཁོང་ཚོར་ཕར་ལན་སྤྲད་ཀྱི་ཡིན། ཤེས་སོང་ངམ། (བཞད་མོ་བཅས།) དེ་རིང་ངས་ལབ་སྙིང་འདོད་པ་དེ་ཚོར་ཆོ་མི་འདུག ང་རང་གིས་ཞྭ་མོ་དེ་ཕུད་པ་ཡིན། ཁྱེད་རང་ཚོས་ག་རེ་གནང་འདོད་པ་ཁྱེད་རང་ཚོས་ཐག་ཆོད། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་བསྩལ།

    Reply
  9. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    རྒྱལ་དབང་ལྔ་པའི་དུ་ཀུ་ལིའི་གོས་བཟང་ནང་དུ་།འདི་གའི་ཁྲིའི་ལྔ་ཆའི་ཐོག་ཏུ་མགྲོ་མགོན་འཕགས་པ་རིན་པོ་ཆེ་དང།བཞི་ཆའི་ཐོག་ཏུ་ཕག་གྲུ།སུམ་ཆའི་ཐོག་ཏུ་ཀརྨ་པ་ཞྭ་ནག་དང་དམར།དེ་འོག་ཏུ་འབྲུག་དང་དང་།འབྲི་གུང་དགའ་ལྡན་ཁྲི་པ་ཞེས་འཁོད་ཡོད།དེང་སང་བླ་ཆེན་ཚོ་ལོ་རྒྱུས་ཀྱི་འགན་ཁུར་མེད་པའི་གོ་རིམ་སྒྲིག་སྟངས་གཞན་ཞིག་གི་ཐོག་ནས་འགྲོ་བཞིན་འདུག་པས།གནས་ཚུལ་འདི་རྒྱུ་མཚན་གང་ཞིག་ལ་ཐུག་ཡོད།

    Reply
  10. བསྟན་འཛིན། says:
    ལོ་ 14 སྔོན།

    ༧གོང་ས་མཆོག་གི་བཀའ་སློབ།
    (དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ དང་ཕྱེད་ཀའི་སྟེང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམས་ལྷན་བཞུགས་ཀྱིས། ཉེ་ཆར་འབྲུག་དང་འབྲས་ལྗོངས་གཙོས་པའི་བལ་བོད་ཁུལ་དུ་ས་ཡོམ་ཀྱི་གནོད་འཚེའི་ཁྲོད་རྐྱེན་འདས་སུ་སོང་བ་རྣམས་ཀྱི་ཆེད་བསྔོ་སྨོན་གསུངས་ཤིང་། དེའི་རྗེས་སུ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚོགས་མགོན་ཏུ་ཆིབས་བསྒྱུར་བསྐྱངས་ཏེ། ཚོགས་བཅར་ཡོངས་ལ་བཀའ་སློབ་ཟབ་མོ་གནང་བའི་ནང་ནས་ཇོ་ནང་པའི་སྐོར་ཡིག་ཐོག་ཏུ་ཕབ་པ།)
    ངས་ནམ་རྒྱུན་བཀའ་ཆོས་སྐབས་ལ་བཤད་བསྡད་ཀྱིན་ཡོད། དངོས་གནས་གང་བཤད་ན་མ་བཤད་ན་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་ལེན་ཐོག་ཕྱིན་པ་ཡིན་ན། ཇོ་ནང་གིས་ད་ལྟ་བར་དུ་བསྟན་པ་བཟུང་ནས་བསྡད་བཞག་ཡོད་པ་རེད། དེ་དངོས་གནས་བཀའ་དྲིན་རྗེས་སུ་དྲན་དགོས་པ་ཞིག་རེད། ཡག་པོ་ཞེ་དྲགས་རེད། ལྟ་བ་རང་སྟོང་དང་གཞན་སྟོང་ཟེར་བ་དེ་ཚད་མཐོན་པོའི་རྒང་ལ་འགྲོ་བསྡད་ཡོད་པ་རེད། དེ་ཁྱད་པར་གང་ཡང་མི་འདུག ངས་ནམ་རྒྱུན་སེམས་ལ་ཤར་བསྡད་པ་ཞིག་ཡོད། དེས་སེམས་ལ་ཞེ་དྲགས་ཕན་གྱི་འདུག ཇོ་ནང་གི་བླ་སྒྲུབ་ཀྱི་ནང་གི་ཚིག སྒྱུ་མའི་རང་སྣང་རྗེན་ནེ་ནེ༎ གཏད་མེད་རིག་པ་གསལ་ལ་ལ༎ བརྗོད་མེད་དབྱིངས་སུ་ཐལ་ལ་ལ༎ བདེ་བ་ཆེན་པོ་ཁྲིལ་ལི་ལི༎ ཡག་པོ་འདུག་ཀ འདི་ལྟར་བསམ་བློ་བཏང་བ་ཡིན་ན། ཕྱི་བཟུང་བ་བདེན་མེད་སྒྱུ་མ་ལྟ་བུ་དང་། ནང་འཛིན་པ་བདེན་མེད་ཡང་སྒྱུ་མ་ལྟ་བུ་རེད། དེ་ནས་བསམ་བློ་ཞིག་བཏང་ཡོང་དུས་ཕྱི་བཟུང་བ་ཡུལ་དང་ནང་འཛིན་པ་སེམས་གཉིས་ཀ་དམིགས་གཏད་གཅིག་ཡིན་དུས་བདེན་མེད་ཡིན་བསམ་གྱིན་འདུག་ཀ དེའི་ངང་དུ་བསྡད་པ་ཡིན་ན་དེའི་ངེས་ངོ་ལ་སྤྲོས་པ་མཐའ་ཉེ་བར་ཞི་ནས་སེམས་གསལ་སེང་ངེ་འགྲོ་བསྡད་པ་འདྲ་བོ་ཞིག་ཡོང་གི་འདུག་ཀ དེའི་སྔོན་དུ་རྫོགས་རིམ་དང་མཐུན་པའི་རྟོགས་པ་མཐོན་པོ་ཡོད་ན་མེད་ན་ཁ་ཐུག་དེར། བྲལ་བའི་དུས་ན་སེམས་ཀྱི་གཞོན་ནུ་དེ༎ བརྗོད་བྲལ་ལམ་གྱི་གོང་བུར་ངལ་གསོ་བསྟེན༎ ཞེས་གསུངས་པ་དེ་ག་རང་རེད་པ། ཡག་པོ་འདུག་ཀ རེད་པ། སྔོན་ལ་གཞན་སྟོང་རང་སྟོང་ཟེར་བ་དེ་ཕར་བཞག (བཞད་མོ་དང་བཅས།) སྔོན་ལ་སོ་སོའི་ཁ་ཐུག་དེར་དངོས་གནས་རང་གི་སེམས་ལ་ཕན་པ་ཞིག་དང་། སྒོ་གསུམ་ཞི་ཞིང་དུལ་བ་ཞིག་བྱུང་ན་དེས་འགྲིག་འདུག་ཀ ངའི་ངོ་ཤེས་པ་ཨ་མེ་རི་ཀའི་མི་ཞིག་གིས། ཁོ་མགོ་ལོག་ལ་གནས་སྐོར་དུ་ཕྱིན་པ་ཡིན་ཟེར། བཀྲ་ཤིས་འཁྱིལ་དང་དེ་ཚོར་མཚམས་བསྡམས་ནས་ཡུན་རིང་པོར་བཞུགས་མཁན་ཡོད་ཟེར་བ་དེ་འདྲ་གོ་ཡ་མི་འདུག མགོ་ལོག་འཛམ་ཐང་ཁུལ་དུ་(དེ་ཇོ་ནང་རེད།)མཚམས་ལ་བཞུགས་མཁན་མང་པོ་ཞེ་དྲགས་འདུག ཁོའི་ཡིད་ཞེ་དྲགས་འཕྲོག་སོང་ཟེར་གི་འདུག དཔེ་ཡག་པོ་རེད་པ། དེ་འདྲ་ཡིན་དུས། གཅིག་ནས་བཤད་པའི་ཀ་ཆེན་བཅུ་དང་། སྒྲུབ་རྒྱུད་ཤིང་རྟེ་དེ་ཚོ་རིས་མེད་བསྟན་རྒྱས་སྨོན་ལམ་ན་ཡོད་པ་རེད་པ། བྱས་ཙང་དེ་གནད་འགག་ཅིག་འདུག ངས་ཡང་འདི་བྱོས་འདི་མ་བྱེད་ཅེས་ང་ལ་བཤད་ཡ་གང་ཡང་མེད་དེ། ཡིན་ན་ཡང་། ཁྱེད་རང་ཚོས་དབྱིན་ཇིའི་སྐད་ཐོག་ནས་(serious)དོན་གནད་གལ་ཆེན་པོ་ཞིག་ལ་དགོངས་པ་བཞེས་དགོས་ཡ་ཞིག་རེད། དེར་གནད་འགག་ཅིག་འདུག ང་རང་གི་ངོས་ནས་ཁོང་ཚོས་ང་ལ་ཡི་གེ་ཞིག་བྲིས་པ་རེད། ངས་དེ་བཤད་ཡོད་དོ་ཞེས་ཁོང་ཚོར་ཕར་ལན་སྤྲད་ཀྱི་ཡིན། ཤེས་སོང་ངམ། (བཞད་མོ་བཅས།) དེ་རིང་ངས་ལབ་སྙིང་འདོད་པ་དེ་ཚོར་ཆོ་མི་འདུག ང་རང་གིས་ཞྭ་མོ་དེ་གཡུགས་པ་ཡིན། ཁྱེད་རང་ཚོས་ག་རེ་གནང་འདོད་པ་ཁྱེད་རང་ཚོས་ཐག་ཆོད། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་བསྩལ།

    Reply
  11. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    འོ་ཡང་ཡེ། ཇོ་ནང་ཆོས་རྒྱུད་ལ་ཡང་ཁྲོ་རྒྱལ་མིང་རྡོ་རྗེ་ཤུགས་ཟེར་བ་ཞིག་ཡོད་པ་འདྲ་འདུག་དཱ། ཨོ་་་་་ཁོ་གྷ་པར་སིང་དཱ་མིན་པ་ཐག་གིས་ཆོད། ཡིན་ཡང་མིང་འདྲ་སེ་འདུག

    Reply
  12. མངའ་རིས་བུ། says:
    ལོ་ 14 སྔོན།

    ཇོ་ནང་གི་སྐོར་འདི་ད་ལམ་ཐག་ཆོད་ཡག་པོ་ཞིག་གནང་བའི་རེ་བ་ཡོད།
    མ་གཞི་ནས་ས་སྐྱ་གོང་མ་རིན་པོ་ཆེ་ཕེབས་ཤག་ཁོང་ནས་ཀྱང་ཐུགས་བརྩེ་བ་ཆེན་པོས་ཇོ་ནང་ལ་ཆོས་ལུགས་ཐོབ་ཐང་གནང་རྒྱུའི་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད།
    གང་ཡིན་ཟེར་ན་ཁོང་ནི་ཆོས་ལུགས་རིས་མེད་ཀྱི་ཐུགས་དགོངས་ཡོད་པ་དང། ལྷག་པར་དུ་བོད་ཀྱི་བླ་ཆེན་གྱི་ནང་ནས་བརྩིས་བཀུར་ཆེ་བ་ཞུ་སའི་གནས་ཤིག་ཡིན་དུས་ད་ལམ་འཆུགས་མི་ཉན།
    གལ་ཏེ་ཁོང་ནས་ཞལ་མ་དྲགས་ན་ཡིད་དྭོགས་ཆེན་པོ་སྐྱེས་གཞི་ཞིག་ཏུ་འགྱུར་རྒྱུ་ལས་བརྩིས་བཀུར་ཀྱང་བྱེད་རྒྱུར་ཐེ་ཚོམ་གྱི་གནས་སུ་འགྱུར་ངེས་སོ།
    ཇོ་ནང་སྤྱི་འཐུས་ལ་རྒྱབ་སྐྱོར་དང་ཆོས་ལུགས་སྤྱི་འཐུས་ཡུན་གནས་ཐུབ་པའི་བཀྲ་ཤིས་ཤོག

    Reply
  13. ཆོས་འཕེལ says:
    ལོ་ 14 སྔོན།

    གུས་པས་བསམ་ན། ཇོ་ནང་ཙམ་དུ་མ་ཟད། བླ་ཆེན་འཛོམ་བདེ་བ་དང་། སྤྱི་འཐུས་རྙོག་འཛིང་དཔུང་ཚོགས་མང་ཆེད་དུ། བཀའ་རྒྱུད་ཆེ་བཞི་རེ་རེ་ལའང་། སྤྱི་འཐུས་གཉིས་རེ་ཡོད་པ་ཞིག་ཅིས་ཀྱང་དགོས་ཀྱིན་འདུག དེ་དག་ལའང་་ཆོས་སྡེ་དང་སློབས་ཚོགས་རང་མགོ་འཕེར་བ་ཙམ་མ་ཟད་གཞན་འགན་ཆེས་ཆེར་ཁྱེར་ཐུབ་པ་ཡོད་པ་མིག་མཐོང་ལག་ཟིན་དུ་འདུག

    Reply
  14. བསྟན་འཛིན། says:
    ལོ་ 14 སྔོན།

    ཨོ། བཀའ་དྲིན་ཆེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ༧རྒྱལ་དབང་ཡིད་བཞིན་ནོར་བུ། ང་ཚོ་ཇོ་ནང་པས་བསྐལ་བ་འབུམ་ཕྲག་སྟོང་གི་བར་དུ་ཁྱེད་ཀྱི་བཀའ་དྲིན་གཞལ་ཐབས་མེད།
    ༡༽ རྒྱ་གར་དུ་ཇོ་ནང་བསྟན་པ་དར་སྤེལ་དགོས་གལ་གཟིགས་ཏེ་ཁལ་ཁ་རྗེ་བཙུན་དམ་པ་ཇོ་ནང་བསྟན་བདག་དུ་བསྐོས་ནས་དེ་འཛིན་དགོས་པར་བཀས་བསྐུལ།
    ༢༽ བསྟན་པའི་གནས་གཞི་སིམ་ལ་དགོན་པ་ཁལ་ཁ་རིན་པོ་ཆེའི་མཚན་ཐོག་ཏུ་གསོལ་བསྩལ་གནང་སྟེ། དུས་འཁོར་སྒྲུབ་རྒྱུད་ཀྱི་བསྟན་པ་དར་སྤེལ་བྱོས་ཞེས་གསུང་བསྐུལ་མཛད།
    ༣༽ ཇོ་ནང་བསྟན་པ་ཕྱོགས་བཅུར་རྒྱས་ཆེད་ཐུགས་སྨོན་གཟབ་རྒྱས་ཀྱི་སྒོ་ནས་ཇོ་ནང་བསྟན་འབར་མ་གསུངས།
    ༤༽ སིམ་ལ་ཇོ་ནང་རྟག་བརྟན་ཕུན་ཚོགས་ཆོས་གླིང་དུ་ཕེབས་ཏེ། ཉིན་གསུམ་རིང་ཇོ་ནང་ཁྲིད་བརྒྱའི་བཀའ་ཁྲིད་དང་། ཇོ་ནང་ལུགས་ཀྱི་ཁྲོ་རྒྱལ་རྡོ་རྗེ་ཤུགས་ཀྱི་རྗེས་གནང་། ཁོང་གིས་མཛད་པའི་ཇོ་ནང་བསྟན་རྒྱས་སྨོན་ལམ་གྱི་ལྗགས་ལུང་ཀྱང་གནང་།
    ༥༽ ནམ་རྒྱུན་རྟག་པར་དུས་ཀྱི་འཁོར་ལོའི་དབང་ཆེན་ནམ་གནང་སྐབས། ཇོ་ནང་ཚང་དུས་འཁོར་བསྟན་པའི་བཀའ་བབ་དང་། གལ་ཆེན་ཡིན་ཚུལ་གྱི་བཀའ་སློབ་རིམ་པར་གནང་བཞིན་ཡོད།
    ༦༽ ཁར་སང་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་བྱས་པའི་ཆོས་ལུགས་ཚོགས་ཆེན་ཐོག ཇོ་ནང་བསྟན་པར་ཚད་མཐོའི་བསྔགས་བརྗོད་གནང་ཤིང་། གནད་དོན་དེ་གལ་ཆེན་དུ་བརྩིས་ནས་ཐག་གཅོད་བྱེད་འོས་ཞེས་བཀའ་སློབ་ཞིབ་རྒྱས་སུ་བསྩལ།
    དེ་ལྟར་བསམ་ཚེ་ང་ཚོ་ཇོ་ནང་པའི་ངོས་ནས་༧ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རིས་མེད་བསྟན་པའི་བདག་པོ་༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་འདིའི་བཀའ་དྲིན་གྱི་ཆ་ཙམ་ཡང་བསྐལ་བ་འབུམ་ཕྲག་གི་བར་གཞལ་མི་ཐུབ་ཀྱང་། རང་ལ་དབང་བའི་ལུས་ངག་ཡིད་གསུམ་སླར་ཡང་ཁོང་གི་བྲན་དུ་ཕུལ་ཏེ། ཅི་གསུང་བཀའ་བསྒྲུབ་ཀྱི་དམ་བཅའ་ཕུལ་བ་ལགས་སོ༎

    Reply
  15. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    རྒྱལ་བའི་བཀའ་གསུང་མདོར་བསྒྲིལ་ན།
    1 སྤྱིར་ཆོས་བརྒྱུད་གྲུབ་མཐའ་ཚོས་ཕྱོགས་འཐེན་མ་བྱེད་མཐུན་སྒྲིལ་བྱོས། ཡང་སྒོས་བཀའ་བརྒྱུད་ནང་ཁུལ་འགྲིག་མཐུན་བྱོས། ལས་དོན་འདི་ལ་ཆོས་དོན་ལས་ཁུངས་ཀྱིས་འགན་འཁུར་རོགས་གསུངས་འདུག
    2 ཐུགས་རྗེ་གཟིགས། ནང་པའི་ཆོས་པ་ཚོས་ཞབས་འདྲེན་མ་ཞུ་རོགས། བུད་མེད་དང་ཆགས་སྲེད་རིགས་ལ་དུང་ན་སྐྱ་སར་བབ། སྐྲ་རིང་པོ་དང་ལྭ་རྫིག་པོ་གྱོན་འདོད་ན་སྐྱ་སར་བབ། ཐུགས་རྗེ་གཟིགས་ཞེས་སྐྱབས་འཇུག་ཞུ་བཞིན་འདུག
    3 ཆབ་སྲིད་ཀྱི་ལས་འགན་མཚམས་འཇོག་བྱེད་སྐབས་ཏག་ཏག་འགྲིག་ཡོད། སྔོན་མ་དགེ་ལུགས་པའི་གཞུང་ཞེས་པའི་འཁེངས་ར་བྱེད་ཀྱི་ཡོད་པ་དེ་དཀྱིལ་གཞུང་ལ་བཞག་ཡིན། ད་ནི་གྲུབ་མཐའ་ཚང་མས་མཉམ་རུབ་ཐོག་གཞུང་སྲི་ཞུ་བསྒྲུབ། མི་དམངས་ལ་ཞབས་འདེགས་ཞུ་རོགས་གསུང་གི་འདུག
    4 མ་འོངས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ཐེངས་འདིར་ཅིས་ཀྱང་ཁ་གསལ་བཟོ་དགོས། ཡིག་ཐོག་ནས་བཟོ་དགོས། མི་དམངས་ལ་རྒྱ་ཁྱབ་ཏུ་བསྒྲག་དགོས་གསུངས་འདུག
    5 ཇོ་ནང་གི་སྐོར་ཡང་ངེས་པར་དུ་གསལ་བོ་བཟོ་དགོས། གང་ལྟར་ཁོང་ཚོར་ཆོས་བརྒྱུད་ལོགས་སུ་བྱ་འདོད་ཡོད་པ་དང་། ཐོས་སྒོམ་སྤྱོད་གསུམ་གྱི་ཐོག་ནས་སེམས་ཅན་སྤྱི་ལ་ཕན་ཐོགས་མཁན་ཞིག་ཡིན་ན། ཆོས་བརྒྱུད་ཀྱི་ཐོབ་ཐོང་ལོགས་སུ་སྤྲད་བཞག་ན་དགའ་བ་མིན་འགྲོ གཙོ་བོ་བླ་ཆེན་ཚོས་ཕྱོགས་ལྷུང་མེད་པའི་ཐོག་ནས་ཐག་གཅོད་གཙང་མ་ཞིག་གནང་རོགས། ངས་དེ་ལ་རྒྱབ་སྐྱོར་ཞུ་ངེས་ཡིན་གསུང་གི་འདུག

    Reply
  16. རྒྱང་མིག says:
    ལོ་ 14 སྔོན།

    རྒྱལ་བའི་ཡང་སྲིད་རྒྱན་དཀྲུག་ནས་འདེམས་སྟངས་ཀྱི་སྔ་མོའི་ལམ་སྲོལ་དེ་ལ་མོས་མཐུན་མེད། ལྷག་པར་དུ་ལྷ་ཁོག་ཡོད་ཟེར་མཁན་ཚོས་བཟི་གཏམ་ལ་གཏད་ནས་མོས་མཐུན་མེད། གངས་ཅན་སྤྱི་འབངས་གཅིག་གི་བསམ་ཚུལ་ཡིན།

    Reply
  17. རྒྱང་མིག says:
    ལོ་ 14 སྔོན།

    བློ་བཟང་དབང་ཕྱུག་ལགས། ཇོ་ནང་ས་སྐྱ་ཡིན་སོང་ན་ས་སྐྱ་ལ་ཁེ་ཕན་ག་རེ་ཡོད་པ་རེད། ཇོ་ནང་ས་སྐྱ་ཡིན་མིན་དེ་གཙོ་བོ་སྒྲུབ་བྱེད་དང་ལོ་རྒྱུས་ཡོད་མེད་མ་རེད། ཇོ་ནང་པ་ཚོས་རང་གི་རིགས་འཛིན་གྱི་འདུ་ཤེས་ལ་རག་ལས་པ་ཞིག་ཡིན་རྒྱུ་རེད། དེ་བཞིན་གསེར་རྟ་མདོ་སྟོད་སྨད་གང་ཡིན་ཀྱང་གསེར་རྟ་ཁོ་རང་ཚོས་རིགས་འཛིན་གྱི་འདུ་ཤེས་ལ་རག་ལས་པ་ཞིག་རེད། ང་ཚོའི་སྤྱི་ཚོགས་ནང་འདི་དང་འདི་ལྟ་བུའི་ཕན་པ་དུལ་གྱི་འབྲུ་ཙམ་ཡང་མེད་པའི་དགོས་མེད་རྩོད་རྙོག་འདྲ་མིན་བྱེད་མཁན་ཚོ་དོན་དམ་པར་བོད་སྤྱིའི་ལས་དོན་སྒྲུབ་པ་ལ་བར་དུ་གཅོད་པའི་གནོད་བྱེད་ཀྱི་དྭངས་མ་ཡིན་ནོ།

    Reply
  18. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 14 སྔོན།

    ཇོ་ནང་པས་ཆོས་བརྒྱུད་ཀྱི་ཐོབ་ཐང་དགོས་ཟེར་བ་དེ་ལྟ་བ་གཅིག་པོའི་སྟེང་ནས་བཤད་ཀྱི་ཡོད་པ་མ་རེད། ཁོང་རང་ཚོར་དགོན་སྡེ་དང་བཤད་སྒྲུབ་ཆོས་སྤྱོད་གང་ཐད་ནས་རང་མགོ་ཐོན་པ་ཡོད་པ་དེས་དགོས་ཟེར་གྱི་ཡོད་པ་རེད།

    Reply
  19. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དབང་དང་རྒྱུ་ཡོད་མཁན་ཚོས་སེར་གོས་གྱོན་ནས་ནག་ཆང་བགས་མེད་ལོངས་སུ་སྤྱོད་ནས་ནང་བསྟན་ཆོས་ལུགས་ཀྱི་མགོ་རྣ་ཐུར་ནས་ཐུར་དུ་མ་ཁྲིད་རོགས་ཞུ་གི་ཡིན།

    Reply
  20. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཇོ་ནང་ལོ་རྒྱུས་ཐོག་ནས་ས་སྐྱ་ཆགས་ཀྱི་ཡོད་ཀྱང་དུས་རབས་འདི་ནང་དུ་ཇོ་ནང་རང་རྐང་ཕེར་བའི་ཆོས་བརྒྱུད་གཞན་ཞིག་ཆགས་ན་བཟང་ཕྱོགས་ཀྱི་འགྱུར་བ་ཡིན་པ་ལས་སྡུག་པོ་གང་ཡང་མ་རེད།སྔོན་མ་རྒྱ་གར་ནས་བོད་དུ་ནང་བསྟན་ཆོས་ལུགས་དར་དུས་བཀའ་རྙིང་ས་དགེ་ཟེར་བ་ཞིག་ཁ་ཁ་ཡོད་པ་མ་རེད།འོན་ཀྱང་བོད་དུ་བཀའ་རྙིང་ས་དགེ་ཟེར་བ་ཞིག་བརྒྱུད་པ་མི་འདྲ་བའི་དབང་གིས་བྱུང་བ་རེད་།དེ་ལ་ངོ་བོའི་ཐོགས་ནས་ལེགས་ཆ་མ་གཏོགས་ཉེས་ཆ་གང་མེད་ཀྱང།མཚམས་རེ་ཆོས་ལུགས་མི་སྣས་མ་འགྲིགས་པ་བྱས་ནས་ལོ་རྒྱུས་ཐོག་ལ་ནག་ཐིག་ཀྱང་བྲིས་མྱོང་ཡོད་དེ་ཚོ་ཆོས་ལུགས་མི་སྣ་སྒེར་གྱིས་ཉེ་རིང་ཆགས་སྡང་རྩོད་ནས་མ་འགྲིགས་པ་བཟོས་བ་རེད།ལེགས་ཆ་བྱུང་ན་བོད་ལ་བོད་བརྒྱུད་བརྒྱ་ཡོད་ཀྱང་མང་སྐྱོན་ཡོད་པ་མ་རེད།ཉེན་ཁ་བྱུང་ན་ཆོས་ལུགས་གཅིག་ཡིན་ཀྱང་རྙོག་དྲ་ཆགས་ཀྱི་རེད།དེ་ཚོ་ནི་འཛིན་སྐྱོངས་བྱ་མཁན་ཚོས་འགྲིགས་མ་གྲིགས་ཀྱི་ཆ་གཉིས་ཀ་ཡོང་ཆོག་བ་རེད།བོད་པའི་ཆོས་བརྒྱུད་གཞན་ཚོའི་ནང་དུ་ཡང་འགྲིགས་མ་འགྲིགས་ཀྱི་ཆ་གཉིས་ཀ་ཡོད་པ་རེད།ཇོ་ནང་ལ་ཡང་དེ་དེ་བཞིན་ཡོང་རྒྱུ་རེད།

    Reply
  21. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བླ་ཆེན་ཚོ་ལོ་རྒྱུས་ཀྱི་འགན་ཁུར་ཡོད་པའི་གོ་རིམ་མི་སྒྲིག་པར་རང་སྣང་གང་ཤར་བྱས་ནས་གོ་རིམ་སྒྲིག་ན་བོད་མི་རིགས་ཁ་འཐོར་དུ་འགྲོ་བའི་ཉེན་ཁ་ཆེ་བས་གཟབ་པར་འཚལ།

    Reply
  22. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    གནའ་སྔ་མོ་ལྟར་ན་སྤུལ་སྐུ་ལམ་ལུགས་ཀྱི་བྱས་རྗེས་བཤད་ན་བཤད་མི་ཚར་བ་བཤད་རྒྱུ་ཡོད་ཅིང་དེང་སང་ལྟར་ན་སྤུལ་སྐུ་ཚོས་ནོར་འཁྲུལ་་གླེང་ན་གླེང་མི་ཕོད་པར་ཆགས་ཡོད།སྤུལ་སྐུ་ལམ་ལུགས་འདི་མུ་མཐུད་ནས་གནས་དགོས་ན་སྤུལ་སྐུ་ལམ་ལུགས་ལ་དག་ཐེར་བྱ་དགོས་བ་ཞིག་ཆགས་ཡོད།སྤུལ་སྐུ་ཚོས་ཆོས་ལུགས་སྦྱང་ཤིང་སྤུལ་སྐུ་ཚོས་ནང་པའི་ཆོས་ཀྱི་ལྟ་གྲུབ་དང་གནས་སྟངས་ཆ་ཚང་སློབ་སྦྱོང་བྱ་ནས་ཤེས་དགོས་བ་ཞིག་ཆགས་ཡོད།ཕྲུག་གུ་ལོ་གཉིས་གསུམ་ཅན་བྱིས་པ་སྣབ་ལུད་དེ་ཚོ་སངས་རྒྱས་ཀྱི་སྤྲུལ་བ་རེད་ཅེས་འགྲེལ་བཤད་བརྒྱབ་ནས་ཁོ་ཚོ་ལ་སློབ་སྦྱོང་གང་ཡང་མེད་ཀྱང་དབང་དང་གོ་ས་ཡོད་ན་རང་སྣང་གང་ཤར་བྱ་ནས་བསྟན་བ་མགོ་ནས་བཤིགས་ཀྱི་ཡོད་པའི་གནས་ཚུལ་འདི་ཚོ་ངེས་ངས་དུ་ད་ཐེངས་ཞིབ་འཇུགས་དང་བགྲོ་གླེང་བྱ་ནས་སྒྲིག་གཞི་དང་གྲོས་ཆོད་བཞགས་དགོས་བ་ཞིག་ཆགས་ཡོད།འདི་ལྟར་སྤུལ་སྐུའི་ཡང་སྲིད་ལམ་ལུགས་ལ་དག་ཐེར་མ་བྱས་ན་མི་རིངས་པར་སྤུལ་སྐུ་ལམ་ལུགས་འདི་མི་ཡུལ་ནས་མཇུག་སྒྲིལ་རྒྱུ་ཐེ་ཚོམ་མེད་པར་བཤད་ཐུབ།

    Reply
  23. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བླ་ཆེན་ཚོ་འཛོམ་དུས་རྒྱལ་དབང་ལྔ་པས་གདན་ཐོབ་ནང་བཞིན་གོ་རིམ་སྒྲིག་ན་ལེགས་པོ་འདུག་སྒྲིག་གཞི་དང་ལོ་རྒྱུས་ཀྱི་འགན་ཁུར་མེད་པའི་རང་སྣང་གང་ཤར་གྱི་གོ་རིམ་སྒྲིག་ན་ཏག་ཏག་ཆགས་ཀྱི་ཡོད་པ་མ་རེད།ངས་བསམ་ན་བླ་ཆེན་མང་པོ་ཞིག་ཚོགས་འདུ་ལ་ཕེབས་དཀའ་ཡོད་པ་དེ་ལོ་རྒྱུས་ཀྱི་འགན་ཁུར་མེད་པའི་གོ་རིམ་སྒྲིག་པའི་རྐྱེན་གྱིས་བྱུང་བར་འདོད།

    Reply
  24. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དབང་དང་རྒྱུ་ཡོད་ན་ནག་ཆང་བག་མེད་ལོངས་སུ་སྤྱོད་བཞིན་པའི་མཁན་སྤྲུལ་དགེ་བཤེས་གྲྭ་པ་མི་ཉུང་བ་ཞིག་གིས་ངུར་སྨྲིག་ལུས་ལ་གྱོན་ནས་ནག་ཆང་བག་མེད་དུ་ལོངས་སུ་སྤྱོད་ཅིང་རྒྱལ་ཁབ་ཕྱི་ནང་ལ་རང་དབང་གིས་རྒྱུ་ནས་དད་པས་ཕུལ་བའི་དངུལ་དངོས་ཡོད་ཚད་བག་མེད་ལོངས་སྤྱོད་ཁོ་ན་བྱ་ནས།དམ་ཆོས་འདུལ་བ་ཟེར་བ་དེ་རྒྱངས་རིང་པོ་ཞིག་ལ་བཞགས་པའི་ཞབས་འདྲེན་དེའི་རིགས་མ་འོངས་པར་མི་ཡོང་བའི་ཐབས་ལམ་གང་ཡོད་སྐོར་ལ་བླ་ཆེན་རྣམས་ཀྱིས་དགོངས་པ་ནན་པོ་བཞེས་དགོས་བ་ཞིག་ཆགས་ཡོད།གྲོས་ཚོགས་འདིའི་ཐོག་ཏུ་དེའི་སྐོར་བགྲོ་གླེང་བྱ་དགོས་བ་ཞིག་ཆགས་ཡོད།

    Reply
  25. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    ཆོས་ནི་སྲིད་ལ་མི་མཁོ་བས།
    ཆོས་ལུགས་སྤྱི་འཐུས་དགོས་དོན་མེད།
    ཆོས་དང་སྲིད་གཉིས་འགལ་བས་ན།
    ཆོས་པ་སྲིད་ལ་དགོས་མཁོ་མེད།
    ཆོས་པས་སྲིད་ལུགས་མི་ཤེས་པས།
    ཆོས་པས་ཆོས་རང་བྱེད་པ་དགའ།
    ཆོས་པས་སྲིད་སྐྱོང་ལམ་ལུགས་ལས།
    ཆོས་པས་བྱ་ངན་རྩམས་པ་མང་།
    ཆོས་པས་ཆོས་མིན་བྱས་པ་མང༌།
    ཆོས་པ་སྲིད་ལས་བྲལ་བར་ཤོག་
    ཆོས་ལུགས་སྤྱི་འཐུས་མིང་མེད་ན།
    ཇོ་ནང་སྤྱི་འཐུས་རྩོད་དོན་མེད།
    ཇོ་ནང་སྲིད་ཀྱི་སྐྱོང་འདོད་དམ།
    ཇོ་ལུགས་ཆོས་ཀྱིས་སྐྱོང་འདོད་ན།
    ཇོ་ནང་སྲིད་ལ་འཁོར་དོན་མེད།
    ཆོས་པས་ཆོས་རང་བྱེད་པར་ཤོག
    ཆོས་པ་སྲིད་སྐྱོང་མེད་པར་ཤོག
    སྨོན་ལམ་འདི་འགྲུབ་པར་ཤོག

    Reply
  26. བློ་བཟང་དབང་ཕྱུག says:
    ལོ་ 14 སྔོན།

    ཇོ་ནང་དེ་ས་སྐྱའི་ནང་ཚན་ཞིག་རེད་།ལྟ་བ་གཞན་སྟོང་ཡིན་ཙམ་གྱི་ཆོས་བརྒྱུད་ཀྱི་ཐོབ་ཐང་དགོས་ན་དགེ་ལུགས་ནང་འཇམ་དབྱངས་ཆོས་རྗེ་སོགས་རྗེའི་བུ་སློབ་མང་པོ་ཡོད་པས་ཆོས་བརྒྱུད་ཐོབ་ཐང་དགོས་པ་དང་། ད་དུང་ཞེ་བྱེད་སོགས་ལ་དགོས་པར་སེམས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese