མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བ་ཇོ་ནང་པ་ནི་ལྟ་གྲུབ་དང་ཆོས་བརྒྱུད་རང་ཚུཊ་ཐུབ་པ་ཞིག་ལ་ངོས་འཛིན་བྱས་པ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཆོས་ཚོགས་ཐེངས་བཅུ་གཅིག་པའི་མཇུག་སྡོམ་སྟེང་གྲོས་ཆོད་བཞག་སྟེ། བཙུན་མའི་རྒྱུགས་སྤྲོད་དང་མཚན་གནས་ཁུངས་སོ་སོས་ཐག་གཅོད་བྱ་རྒྱུ་དང་། ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་གཞི་བསྐྱར་བཅོས་ཡོང་ཐབས་བྱ་རྒྱུ། ཇོ་ནང་པ་ནི་ལྟ་གྲུབ་དང་ཆོས་བརྒྱུད་གང་ཐད་ནས་རང་རྐང་ཚུགས་ཐུབ་པ་ཞིག་ཡིན་པར་ངོས་འཛིན་བཅས་ཐག་གཅོད་གནང་སོང་།

དེ་རིང་ཉིན་བརྒྱབ་བཞུགས་སྒར་ངྷ་སར་འཚོགས་བཞིན་པའི་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་ཚོགས་ཆེན་ཐེངས་བཅུ་གཅིག་པ་མཇུག་སྒྲིལ་ཏེ། གྲོས་གཞི་གྲོས་དོན་ཚན་ ༩ ལ་གྲོས་ཆོད་ཁག་ཅིག་བཞག་ཡོད་པའི་སྐོར་སི་རྱི་གསོལ་མགྲོན་ཀང་དུ་གསར་འགོད་གསལ་བསྒྲགས་བསྐྱངས་དོན་ལྟར་ན། དང་པོ་ཆོས་ཚོགས་ཐེངས་ ༡༠ པའི་གྲོས་ཆོད་ཁག་གི་སྐོར་ལ། ཆོས་རིག་ལས་ཁུངས་ཀྱིས་ལག་བསྟར་མ་ཐུབ་པ་རྣམས་འབྲེལ་ཡོད་ཚང་མས་མཇུག་བསྐྱང་བྱ་རྒྱུ་དང་། གྲོས་གཞི་དོན་ཚན་གཉིས་པ་དགོན་སྡེ་ཁག་གི་སློབ་གཉེར་སྐོར་ལ། དགོན་སྡེ་ཁག་གི་སློབ་སྦྱོང་གནང་རྒྱུར་སྔར་བར་ཚགས་ཚུད་དང་ཡར་རྒྱས་སོང་ཡོད་ཀྱང་། ད་དུང་མཇུག་གནོན་ཕྱག་བསྟར་མུ་མཐུད་དགོས་པ་དང་། ལྷག་པར་ཐོས་བསམ་སློབ་གཉེར་ལ་འགལ་རྐྱེན་ཆགས་གཞིའི་ལག་ཐོགས་ཁ་པར་དང་། གློག་ཀླད་འཕྲུལ་ཆས་རིགས་སློབ་གཉེར་དུས་ཡུན་སྤྱི་དང་དམིགས་བཀར་ཚོགས་དང་ཆོས་རྭར་བཀག་སྡོམ་བྱ་རྒྱུ།

གྲོས་གཞི་དོན་ཚན་གསུམ་པ་བཙུན་མ་སློབ་གཉེར་མཐར་སོན་གྱི་མཚན་གནས་སྐོར་ལ། གཞུང་ཆེན་སློབ་གཉེར་གནང་བཞིན་པའི་བཙུན་མའི་འདུས་སྡེ་སྤྱིར་ཁྱབ་པའི་མཚན་གནས་གཅིག་གྱུར་གཏན་འབེབས་མ་དགོས་པར། ཆོས་ལུགས་ཆོས་བརྒྱུད་སོ་སོའི་ལམ་སྲོལ་ཇི་ཡོད་ལྟར་མཚན་གནས་གང་འོས་རེ་ཁུངས་སོ་སོ་ནས་གནང་རྒྱུ་དང་། རིས་མེད་བཙུན་དགོན་ཁག་གིས་སློབ་ཚན་དང་འཛིན་རིམ་བསྐྱར་ཞིབ་ཀྱིས་རྒྱུགས་སྤྲོད་དང་མཚན་གནས་འབུལ་ཕྱོགས་འཆར་འབུལ་ཇི་བྱུང་ཆོས་ཚོགས་སྐབས་ ༡༢ པའི་ཐོག་གཏན་འབེབས་གནང་རྒྱུ།

གྲོས་གཞི་དོན་ཚན་བཞི་པ་གདན་ས་ཁག་གི་ཚན་རིག་སློབ་ཁྲོད་སྐོར་ལ། བཤད་གྲྭའི་སློབ་ཚན་རང་གི་ནང་དུ་ཚན་རིག་སློབ་ཚན་བཅུག་ཏེ་སློབ་ཁྲིད་བྱ་རྒྱུར་དཀའ་ངལ་ཆེ་ཐོག དགོན་པའི་དམིགས་ཡུལ་དང་འཚམས་པའི་ཕན་ཐོགས་ཀྱང་དེ་ཙམ་ཡོང་དཀའ་བར་བརྟེན། ད་ཡོད་ཚན་རིག་གི་ལས་རིམ་རྒྱུན་མཐུད་ཐོག ནང་ཆོས་ཀྱི་གོ་རྟོགས་མཐོ་ཞིང་རིག་སྟོབས་བཟང་བ་ཁག་ལ་ཚན་རིག་སློབ་སྦྱོང་གོ་གོ་སྐབས་བསྐྲུན་ཐབས་བྱ་རྒྱུ།

གྲོས་གཞི་དོན་ཚན་ལྔ་པ་༼ ཆོས་དོན་ལྷན་ཚོགས ༽ སྐོར་ལ། བཀའ་བརྒྱུད་སྤྱི་ལ་ཁྱབ་པའི་དབུ་ཁྲིད་ཅིག་གཏན་འཇགས་སམ་རེས་མོས་ཀྱིས་ཕེབས་རྒྱུ་གནས་སྐབས་ལག་བསྟར་དཀའ་བར་བརྟེན། ཆོས་དོན་ལྷན་ཚོགས་ཀྱི་གྲུབ་ཆ་མི་ཚང་བའི་དཀའ་ངལ་འདི་བཞིན། ཆོས་རིག་ལས་ཁུངས་དང་ཆོས་ཚོགས་གཉིས་ནས་སེལ་ཐབས་ཐུབ་མིན་ལ། འབྲེལ་ཡོད་ལས་ཁུངས་ནས་ཁྲིམས་བཟོ་ལྷན་ཚོགས་སུ་སྙན་གསན་གྱིས་ཁྲིམས་ཡིག་བསྐྱར་བཅོས་མཛད་ཕྱོགས་ཇི་བཀབ་གནང་སྐྱོང་ཡོང་བ་ཞུ་རྒྱུ།

གྲོས་གཞི་དོན་ཚན་དྲུག་པ་རྒྱལ་སྤྱིའི་ཐོག་གི་ནང་པའི་ཆོས་པ་ཚོར་ལྟ་སྟངས་སྐོར་ལ། བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་གི་དགོན་སྡེ་ཡོངས་ཀྱི་མཁན་པོ་དང་སློབ་དཔོན། ལས་སྣེ་ཐམས་ཅད་མཚན་དོན་མཚུངས་པའི་ཆ་རྐྱེན་ཚང་བ་ཤ་སྟག་བསྐོ་བཞག་ཐོག རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོ་ཅན་གྱི་སྡེ་སོ་སོའི་ཆ་ལུགས་མ་འདྲེས་པ་བྱ་རྒྱུ་དང་། ཕྱི་རྒྱལ་ཆོས་ཚོགས་ཁག་ཏུ་མི་འགྲོ་གཏོང་སྐབས། ཡོན་ཏན་དང་ཀུན་སྤྱོད་ཡག་པོ་རྐྱང་གཏོང་རྒྱུར་སྔར་ལས་དོ་དམ། གལ་སྲིད་ཕྱི་རྒྱལ་ཆོས་ཚོགས་ཀྱི་མི་སྣའི་ཀུན་ངན་པོ་བྱུང་ན། ཆོས་བརྒྱུད་སོ་སོའི་ངོས་ནས་ཞིབ་འཇུག་དང་སྟངས་འཛིན་དོ་ནན་བྱ་རྒྱུ།  

གྲོས་གཞི་དོན་ཚན་བདུན་པ་དགེ་སློང་མའི་སྡོམ་རྒྱུན་སྐོར་ལ། ད་ཕན་དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་ལོ་མང་ཉམས་ཞིབ་གནང་བའི་གྲུབ་དོན་དེབ་ཕྲེང་ཁ་ཤས་པར་སྐྲུན་ཟིན་པའི་ནང་གསལ་ལྟར། གཞི་ཐབས་ཅད་ཡོད་པར་སྨྲ་མའི་དགེ་སློང་མའི་སྡོམ་རྒྱུན་མེད་པ་དང་། སྡེ་པ་གཞན་གྱི་དགེ་སློང་མའི་སྡོམ་རྒྱུན་ཡང་ཁུངས་དག་ཐེ་ཚོམ་ཡོངས་སུ་བྲལ་བ་ཞིག་མེད་པའི་གནས་ཚུལ་འཁོད་པར་བརྟེན། ཆོས་རིག་ལས་ཁུང་ནས་ཆོས་བརྒྱུད་ཁག་གི་འདུལ་བ་འཛིན་པའི་མཁས་པའི་ཚོགས་ཆུང་ཟུར་འཛུགས་ཀྱིས། དགེ་སློང་མའི་སྡོམ་རྒྱུན་སླར་གསོ་གནང་ཐབས་ཡོད་མེད་ཀྱི་མཐའ་མའི་ཐག་གཅོད་རྒྱུ་མཚན་དང་བཅས་གསལ་བསྒྲགས་གནང་འཐུས།

གྲོས་གཞི་དོན་ཚན་བརྒྱད་པ་རྒྱལ་བ་ཇོ་ནང་པའི་སྐོར་ལ། ཆོས་ཚོགས་སྔོན་མའི་གྲོས་ཆོད་ནང་། རྒྱལ་བ་ཇོ་ནང་པའི་ཆོས་འབྱུང་སྐོར་ཉམས་ཞིབ་བྱ་རྒྱུ་གསལ་ཡང་། གཅིག་ནས་བཀའ་བརྒྱུད་སྐུ་ཚབ་གཏོང་ཐབས་མ་བྱུང་བའི་ཆ་ནས་ཞིབ་འཇུག་ཚོགས་ཆུང་ད་བར་ཚུགས་ཐུབ་མེད་པ་དང་། གཉིས་ནས་རྒྱལ་བ་ཇོ་ནང་པ་ནི། ལྟ་གྲུབ་དང་ཆོས་བརྒྱུད་གང་གི་ཆ ནས་རང་རྐང་ཚུགས་ཐུབ་པ་ཞིག་ཡིན་པར་ཆོས་ཚོགས་འདི་ནས་ངོས་འཛིན་བྱུང་བར་བརྟེན། ཞིབ་འཇུག་ཚོགས་ཆུང་དགོས་གལ་མ་མཆིས། འོན་ཀྱང་། ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོབ་ཐང་གནང་མིན་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འགན་དབང་ཡིན་པ་ལས་ཆོས་ཚོགས་འདིར་འབྲེལ་བ་མེད་པའི་ངོས་འཛིན་བྱུང་།

གྲོས་ཆོད་དོན་ཚན་དགུ་པ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི། བོད་གངས་ཅན་པ་ཁོ་ནའི་ཡིད་བཞིན་ནོར་བུ་མིན་པར། ཞི་བདེ་དང་བདེན་པ་འཚོལ་བའི་འཛམ་གླིང་མི་མང་སྤྱི་དང་། བྱེ་བྲག་ཧི་མ་ལ་ཡའི་རི་རྒྱུད་དང་ཆེན་པོ་ཧོར། བོད་གངས་ཅན་གྱི་ལྗོངས་སོགས་ནང་པ་ཡོངས་ཀྱི་སྤྱི་ནོར་ཡིན་པས། སྔོན་ཆད་མི་རབས་ནས་མི་རབས་བར་མགོན་པོ་གང་གིས་རྗེས་སུ་བཟུང་བ་དང་། ད་ལྟའང་ཐུགས་བརྩེ་བ་ཆེན་པོས་མཉེས་བཞིན་རྗེས་སུ་འཛིན་བཞིན་པ་ལྟར། འབྱུང་འགྱུར་ཡང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐུའི་ཕྲེང་བ་རིམ་པས་མི་རབས་ནས་མི་རབས་བར་མཉེས་བཞིན་རྗེས་འཛིན་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ། ཅེས་གཏན་འབེབས་གནང་འདུག་ལ། མཇུག་ཏུ་ཉེ་ལམ་འབྲས་ལྗོངས་སུ་ས་ཡོམ་གོད་ཆག་བྱུང་བར་མཆོག་གསུམ་ལ་གསོལ་འདེབས་དང་། ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་སྐྱེད་བཅས་གནང་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 33

  1. ལྡོང་རིག་གྲོལ། says:
    ལོ་ 14 སྔོན།

    ད་ནི་རང་བཙན་ཐོབ་སོང་།དངོས་ནས་སྐྱིད་པོ་འདུག

    Reply
  2. བསྟན་འཛིན། says:
    ལོ་ 14 སྔོན།

    ད་ཐེངས་ཆོས་ལུགས་ཚོགས་ཆེན་ཐོག་གི་ཐག་ཆོད་དེས་ང་ཚོ་ཇོ་ནང་པའི་རེ་འདོད་འགྲུབ་ཡོད་དམ་ཟེར་ན་རྩ་བ་ནས་འགྲུབ་ཡོད་པ་མ་རེད། རྒྱུ་མཚན་ང་ཚོས་ཆོས་བརྒྱུད་གཞན་པ་ཚོར་ཡོད་པའི་ཐོབ་ཐང་ཆ་ཚང་དགོས་ཟེར་གྱིན་ཡོད། དཔེར་ན། དང་པོ་གཞུང་འབྲེལ་ཡིག་ཆ་ཁག་གི་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་ཞེས་འཁོད་དགོས། གཉིས་པ་ད་ཡོད་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དགོས་ན་ང་ཚོ་ལ་ཡང་ངེས་པར་དུ་དགོས། གསུམ་པ་གཞུང་འབྲེལ་གསར་བསྒྲགས་སོགས་ཀྱི་ཐོག་ཇོ་ནང་སྐོར་ཆོས་བརྒྱུད་གཞན་དག་ནང་བཞིན་གསལ་བོར་བཀོད་དགོས།
    ད་ཐེངས་ཆོས་ཚོགས་ཐོག་གི་ཐག་གཅོད་དེས་ཇོ་ནང་ཟེར་བ་དེ་ཅི་ཞིག་ཡིན་པ་ངོས་འཛིན་བྱས་པ་ཙམ་རེད། དེ་ཙམ་གྱིས་ནམ་ཡང་འགྲིག་གི་མ་རེད། ང་ཚོར་དགོས་པ་ནི་བོད་མིའི་ཐོབ་ཐང་དང་། ཆོས་བརྒྱུད་ཀྱི་ཐོབ་ཐང་རེད།
    ཆོས་ལུགས་ཚོགས་ཆེན་ཐོག་གི་ཐག་གཅོད་དེས་ང་ཚོར་ངོས་འཛིན་བྱས་པ་གསལ་བོར་ཆགས་ཡོད་མོད། འོན་ཀྱང་གཞུང་འབྲེལ་བོད་གཞུང་དྲ་རྒྱའི་ཐོག་༧གོང་ས་མཆོག་གིས་ཇོ་ནང་སྐོར་ལ་བསྩལ་བའི་བཀའ་སློབ་དེའི་ཟུར་ཙམ་ཡང་མ་བཀོད་པ་ནི་ཆེས་ཐབས་སྡུག་པའི་བྱ་སྤྱོད་ཅིག་རེད། འདི་རྒྱ་ནག་གི་བྱ་སྤྱོད་དང་གཅིག་པ་རེད། ང་ཚོས་ནམ་རྒྱུན་རྒྱ་ནག་ལ་གསར་འགོད་རང་དབང་མི་འདུག་ཟེར་གྱིན་ཡོད་མོད། དོན་ངོ་མར་ང་ཚོར་གསར་འགོད་རང་དབང་ཡོད་དམ། འདི་གསར་འགོད་རང་དབང་ཡིན་ན། གསར་འགོད་རང་དབང་མེད་པ་དེ་ཇི་འདྲ་ཞིག་ཡིན་ནམ།
    དེ་ནས་ཟམ་སྟོང་ཚང་གིས། ཚོགས་ཆེན་གྱི་མཇུག་ཏུ་གསར་འགོད་གསལ་བསྒྲགས་སྤེལ་སྐབས། ཇོ་ནང་སྐོར་གྱི་གྲོས་ཆོད་དེའི་ཟུར་ཙམ་ཡང་མི་གླེང་བ་ཅི་ཡིན་ནམ། འདི་འདྲ་མ་གཏོགས་རྒྱ་ནག་གཞུང་གིས་ཀྱང་བྱེད་ཀྱི་ཡོད་པ་མ་རེད། གསར་འགོད་རང་དབང་གི་ཐོབ་ཐང་འཕྲོག་ཟེར་བ་འདི་ལས་ལྷག་ཅིག་ཡོད་ནི་མ་རེད།

    Reply
  3. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཆབ་བྲག་གིས་སྐད་ཆ་མགོ་གཉིས་མ་རེ་མ་བཤད་ཁྱོད་རང་གིས་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གྱི་གླེང་སློང་བྱ་བའི་དམིགས་ཡུལ་གང་ཡིན་ཁ་གསའ་པོ་བྱ་ནས་ཤེས་ཀྱིན་ཡོད།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ཆོས་བརྒྱུད་ཀྱི་སྐུ་ཚབ་རྣམ་པས་ཚོགས་འདུ་ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག། རྒྱལ་བ་ཇོ་ནང་པའི་དངོས་ཡོད་གནས་སྟངས་ལ་རྒྱབ་གཉེར་ཡག་པོ་གནང་སོང་བས། རྗེས་མར་ཇོ་ནང་པའི་ཐོང་ཐང་གྲོགས་ཚོགས་ཕྱག་ན་ཡོད་ལ། རྒྱལ་བ་ཇོ་ནང་པར་གཏོགས་པའི་སེར་སྐྱ་མི་མང་སྤྱི་ཡོངས་བློ་ཕམ་འུ་ཐུག་གི་ལམ་དུ་བསྐྱོད་དགོས་མིན་ཡང་གྲོས་ཚོགས་ཀྱི་ཕྱག་ཏུ་འདུག་པར་འདོད།

    Reply
  5. ཨ་ལ་ལ says:
    ལོ་ 14 སྔོན།

    ཆབ་བྲག་ལགས་སྐུ་མཁྱེན། མགོ་ཚོས་ལ་མ་ཚོས་པ་ཞིག་མ་བཤད། ཇོ་ནང་གིས་རྩོད་བཞིན་པ་ནི་ཇོ་ནང་ཁ་ལ་ཁྱེར་བའི་སྐབས་འཚོལ་བ་ཁ་ཤས་སྤྱི་འཐུས་སུ་ཡོང་འདོད་ཡོད་པ་དེ་ཡིན།དཔེར་ན། གཡག་ལ་གཅེས་པ་མ་ཡིན་པར། ཁྲག་ལ་གཅེས་པ་ཞེས་པ་ལྟ་བུ་རེད། དེའི་ཕྱིར་ལམ་ཁ་འཚོལ་བཞིན་པ་རེད། ཆོས་བརྒྱུད་ཆེན་པོའི་ཁོངས་ལ་བརྩི་མིན་དེ་ཡང་གྲོས་ཚོགས་སུ་རྐུབ་སྟེགས་རེག་མིན་ལ་རག་ལུས་ཡོད། ད་ལྟ་རྐུབ་སྟེགས་མེད་པས་ཆོས་བརྒྱུད་ཆེན་པོའི་ཁོངས་ལ་ཇི་ལྟར་བརྩི།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    “་རྒྱལ་བ་ཇོ་ནང་པ་ནི། ལྟ་གྲུབ་དང་ཆོས་བརྒྱུད་གང་གི་ཆ ནས་རང་རྐང་ཚུགས་ཐུབ་པ་ཞིག་ཡིན་པར་ཆོས་ཚོགས་འདི་ནས་ངོས་འཛིན་བྱུང་བར་བརྟེན། ཞིབ་འཇུག་ཚོགས་ཆུང་དགོས་གལ་མ་མཆིས། འོན་ཀྱང་། ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོབ་ཐང་གནང་མིན་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འགན་དབང་ཡིན་པ་ལས་ཆོས་ཚོགས་འདིར་འབྲེལ་བ་མེད་པའི་ངོས་འཛིན་བྱུང”ཞེས་པ་འདི་ཐག་གཅོད་ཡག་པོ་ཞིག་བྱུང་བ་རེད། བདེན་དོན་བསྐྱངས་པ་རེད། འོན་ཀྱང་ཆོས་བརྒྱུད་ཆེན་པོའི་ཁོངས་ལ་གཏོགས་མིན་ཐག་བཅད་མེད་པས། རྗེས་མ་ནས་ཆོས་བརྒྱུད་ཆེན་པོ་ལྔ་འམ་ཡང་ན་ཆོས་བརྒྱུད་ལྔ་དང་གཡུང་དྲུང་བོན་བཅས་ལབ་དགོས་སམ། ཡང་ན་གཡུང་དྲུང་བོན་དང་ཆོས་བརྒྱུད་ཆེན་པོ་བཞི་དང་ཇོ་ནང་བ་སོགས་ཟེར་དགོས་སམ། ཆུང་བ་དག་ཞོར་དུ་འཇོག་རྒྱུ། གནད་དོན་འདི་ནི་ཆོས་བརྒྱུད་སྤྱི་འཐུས་སྤྱི་འཐུས་དགོས་མིན་གྱི་གནད་དོན་ལ་ཡང་ཐུག་ཡོད། རྒྱུ་མཚན་ཁོང་ཚོས་རྩོད་བཞིན་པ་ནི་ཆོས་བརྒྱུད་་འདྲ་མཉམ་གྱི་ཐོབ་ཐང་རྩོད་ཀྱིན་ཡོད་པས་འདི་ཙམ་གྱིས་འདོད་བློ་ཁེངས་མི་སྲིད། ཡག་ཤོས་ནི་ཆོས་ལུགས་སམ་ཆོས་བརྒྱུད་ཚང་མ་འདྲ་མཉམ་ཡིན། ཚང་མར་ད་ནས་བཟུང་སྲིད་གྲོས་ཀྱི་འཐུས་མི་གནང་མི་དགོས། ཞེས་སྤྱི་འཐུས་ཕྱིར་བསྡུ་ལ་སྟ་གོན་བྱེད་རྒྱུ་དེ་གལ་ཆེ་ཤོས་རེད།

    Reply
  7. འོས་ལངས། says:
    ལོ་ 14 སྔོན།

    སྐད་ཆ་འདྲ་ཆགས་པོ་ག་རེ་བཤད་མ་བཤད་མི་འདུག དོན་དངོས་སུ་བོད་མི་ཞིག་དང་ཆོས་པ་ཞིག་གི་འགན་ཁུར་མུར་དཀྱིལ་འཁོར་ནང་དངོས་སུ་ཞུགས་ནས་ཅི་དགེའི་དགོངས་འཆར་ལྷུག་པོར་སྒྲོག་དགོས་པ་དེ་རེད། བོད་ཀྱི་བླ་ཆེན་ཚོ་ལ་མི་དམངས་ཚོ་ལས་ཀྱང་འགན་ཧ་ཅང་ཆེན་པོ་ཡོད་པ་ཤེས་དགོས་པ་རེད།

    Reply
  8. ཐོ་རེངས། says:
    ལོ་ 14 སྔོན།

    ད་ཡག་པོ་བྲུང་འདུག། ཆོས་པ་ཚོས་ཆབ་སྲིད་ཀྱི་ལག་རིང་མི་དགོས་པར་སོ་སོའི་གནད་དོན་སོ་སོས་ཐག་གཅོད་ཐུབ་པ་ཡག་པོ། ད་དུང་བསམ་དགོས་པ་ཞིག་ལ། དགོས་མེད་ཆོས་ལུགས་ཀྱི་སྤྱི་འཐུསཕྱིར་འཐེན་བྱ་རྒྱུ་ཆོས་ཚོགས་འདིའི་འོས་འགན་ཞིག་རེད།

    Reply
  9. ཐོ་རེངས། says:
    ལོ་ 14 སྔོན།

    ད་ཡག་པོ་བྱུང་འདུག་ཆོས་པ་ཚོས་སོ་སོའི་གནད་དོན་ཆབ་སྲིད་ཀྱི་ལག་པ་མི་དགོས་པར་སོ་སོས་ཐག་གཅོད་བྱས་པ་བཟང་ཕྱོགས་རེད།

    Reply
  10. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    འབྲོང་སར་ཚེ་ཉི་ལགས་ལ་ཞུ་རྒྱུ་ཁྱེད་ཀྱིས་༧རྒྱལ་བ་ཀརྨ་པ་ད་ཐེངས་ཆོས་ཚོགས་ཀྱི་ནང་དུ་ཆ་ཚང་བ་ཞིག་ཕེབས་མེད་པ་དེ་རིན་པོ་ཆེ་ཁོང་མཛད་བྲེལ་ཆེ་བའི་དབང་གིས་ཡིན་པས་བཤད་འདུག་་་་་་་ངས་ཁ་སང་ཕྱག་མཛོད་བོད་སྐད་མི་ཤེས་བ་དེ་དང་ཞབས་ཞུ་གཞན་ཚོས་འགོག་རྐྱེན་བཟོས་བ་མིན་འགྲོ་ཞེས་ངས་བསམ་ཚུལ་ཙམ་བཏོན་པ་ཡིན།
    གང་ཡིན་ཞེ་ན་བོད་ཀྱི་བླ་ཆེན་ཚོའི་ལོ་རྒྱུས་ལ་ཡག་པོ་མཇལ་དང་ཞབས་ཞུ་ཚོས་ལོག་ལམ་དུ་ཁྲིད་ནས་བཤད་མི་ཐུབ་མི་ནག་ཉེས་མང་པོ་བྱས་པའི་ལོ་རྒྱུས་བོད་ཀྱི་ལོ་རྒྱུས་ཀྱི་ལེའི་དང་ཤོག་ངོས་བསྒྱུར་ཡོང་དུས་དེ་འདྲའི་གནས་ཚུལ་གྱི་ཡོངས་སུ་ཁེངས་ཡོད།
    དོན་ངོ་མའི་ཆ་ནས་ཆོས་ཚོགས་སུ་མི་ཕེབས་རྒྱབ་ལོགས་ཀྱི་གནས་ཚུལ་ངོ་མ་དེ་ཁོང་ལ་ལོ་རྒྱུས་ཀྱི་འགན་ཁུར་ཡོད་པའི་གདན་ཐོབ་ཞིག་མ་ཐོབ་བའི་རྐྱེན་གྱིས་ཡིན་པར་འདོད།
    ལོ་རྒྱུས་ཀྱི་འགན་ཁུར་ཡོད་པའི་གདན་ཐུབ་ངོ་མ་དེ་རྒྱལ་མཆོག་ལྔ་པས་གསུང་འབུམ་པོད་གཉིས་པའི་ནང་དུ་བྲིས་འདུག་དྲ་གྲོགས་ཚོས་དེ་ལ་གཟིགས་ནས་བཀའ་མོལ་གསུངས་པར་ཞུ།
    སྐད་ཆ་འདི་ཉམས་ཞིབ་མང་པོས་གྲུབ་དོན་ཡིན་པ་ལས་རང་སྣང་གང་ཤར་གྱིས་བཤད་མེད།

    Reply
  11. འབྲོང་སར་ཚེ་ཉི། says:
    ལོ་ 14 སྔོན།

    དྲྭ་གྲོགས་འགྱུར་མེད་བསྟན་འཛིན་ལགས། བོད་ཀྱི་ལོ་རྒྱུས་ཐོག་ཆེས་མཚན་སྙན་ཅན་གྱི་༧རྒྱལ་བ་ཀརྨ་པ་མཆོག། སྤྱིར་གཏང་་བྱས་ན་ཆོས་ཚོགས་ཐོག་མཐའ་ཀུན་ཏུ་ཕེབས་དགོས་པ་ཞིག་རེད། ཡིན་ན་ཡང་གང་ཉིད་ལ་མཇལ་ཁ་ཞུ་མཁན་རྒྱལ་ཕྱི་ནང་གི་དད་ལྡན་ཉིན་རེ་བཞིན་སྟུད་མར་ཡོང་དང་ཡོང་བཞིན་པ་རེད། ལྷག་དོན་དུ་དྲུང་ཉིད་གནའ་དེང་ཤེས་ཡོན་ལོ་རྒྱུས་ལ་རྟོག་གཞིག་མཛད་རྒྱུ་ཐུགས་སྣང་ཧ་ཀྱང་ཆེ་བས་ད་དུང་་་་་་་་་་་་་་་་་་། མ་ཟད་གནས་ཚུལ་གཞན་ཞིག་ནི་དེང་སང་རང་རེས་ཚོགས་འདུ་སྐབས་ང་ཡིན་ང་ཆེ་རྐྱང་རྐྱང་གིས་དགག་བཞག་འཁྲུགས་རྩོད་ཆེས་མང་བས་དེ་ལ་ཐུགས་སྣང་སུན་གྱིན་ཡོད་པ་ལོ་སྔོན་མར་ས་རྭ་མཐོ་སློབ་ཏུ་གསུང་འདུག

    Reply
  12. ཟུངས་ཁྲག says:
    ལོ་ 14 སྔོན།

    རྩོམ་སྒྲིག་པ་དང་དྲ་གྲོགས་ཚོར་ཞུ་རྒྱུར་གངས་སྤྲེལ་ཚ་ཞེས་བའི་དྲ་འབུ་འདི་དཀྲུག་ཤིང་བྱེད་འདོད་ཀྱི་བསམ་བློ་མངོན་པར་གསལ་བའི་མི་ཞིག་ལ་ངོས་འཛིན་བྱེད་རྒྱུ་ཡིན། གང་ཡིན་ཟེར་ན་ཁོང་གིས་མཆན་བཀོད་པ་ཚང་མར་གཟིགས་དང་དཀྲུག་ཤིང་གི་བསམ་བློ་མངོན་པར་མཐོ་བ་ནི་གསལ་གསལ་ཐང་ཐང་རེད། བྱས་ཙང་ཚང་མའི་གཟབ་གཟབ་བྱེད་རོགས།

    Reply
  13. མངའ་རིས་བུ། says:
    ལོ་ 14 སྔོན།

    བཀའ་ཤག་གསར་པས་བླ་ཆེན་རྣམས་ཀྱི་ཁྲི་ཐོབ་གསར་བརྗེས་གནང་བ་དེ་གསར་བཏོད་བྱེད་ཀྱི་ཡིན་ཅེས་བློ་སེང་གི་གཏམ་བཤད་ནང་དུ་སྤེལ་ཡོད།
    ད་བྱེད་དུས་ཁོ་ཡིས་འགྱུར་བ་གསར་པ་དེ་དེ་འདྲ་ཡིན་ས་རེད།
    བྱེད་བབས་འདི་ལྟ་བུས་ཆོས་ལུགས་ཕན་ཚུན་འཁྲུགས་གཞིར་འགྱུར་བ་དང། བོད་སྤྱི་བའི་གནད་དོན་ལ་སེམས་ཐག་རིང་དུ་འགྲོ་གཞི་འགྱུར་ཉེན་སོགས་སྐྱོན་ཆ་ཤིན་ཏུ་ནས་ཆེ།
    བཀའ་ཤག་གསར་པས་སྔར་གྱི་སྒྲིགས་གཞི་དེ་ཚོར་འགྱུར་བ་བཏང་དགོས་ཀྱི་ཡོད་པ་མ་རེད། བྱུང་ན་བོད་ཀྱི་གནད་དོན་གྱི་སྟེང་ལ་འགྱུར་བ་གསར་པ་དང་ཐབས་ལམ་གསར་པ་རེ་བྱེད་ཐུབ་ན་ལེགས། དེ་མིན་སྔར་བཀའ་ཤག་ཚོའི་ཕྱག་གིས་བཟོས་པ་དེ། བཀའ་ཤག་གསར་པའི་རྐང་པས་བསུབ་ཉེན་འདུག་དཱ།

    Reply
  14. བསྟན་འཛིན། says:
    ལོ་ 14 སྔོན།

    གང་ལྟར་གང་བཤད་ན་མ་བཤད་ན་༧གོང་ས་མཆོག་གི་བཀའ་དྲིན་དང་ཐུགས་རྗེ་ཉག་གཅིག་གི་འོག   དེ་རིང་ནས་བཟུང་ང་ཚོ་ཇོ་ནང་ཆོས་བརྒྱུད་ཀྱི་མཚན་བྱང་ལ་རང་དབང་ཐོབ་པ་རེད།   ཡིན་ན་ཡང་ད་དུང་རང་བཙན་ཐོབ་མེད་པས་མུ་མཐུད་དུ་རྩོད་དགོས།
    ཕྱི་ལོ་ ༢༠༠༥ ནས་བཟུང་།   བོད་ནང་འབྲས་སྤུངས་དཔེ་རྙིང་དཔེ་མཛོད་ཁང་ནས་ཇོ་ནང་གི་རྩ་ཆེའི་དཔེ་རྙིང་བརྒྱ་ཕྲག་ཁ་ཤས་གོང་ས་ལྔ་པའི་སྐབས་བཙོན་འཇུག་བྱས་པ་དེ་དག་བཙོན་གྲོལ་ཐོབ་སྟེ།   ད་ལྟ་འཛམ་གླིང་སྐྱེ་བོའི་སྤྱན་ལམ་དུ་ཕེབས་བཞིན་པ་དེ་དག་རེད།   
    དེ་རིང་རྒྱ་གར་ནས་ཇོ་ནང་པ་ས་སྐྱའི་བཙན་འོག་ནས་ཐར་ཙམ་བྱུང་བ་ཡིན་པས།   ང་ཚོས་བྱུང་བ་འདི་ལོ་རྒྱུས་ཀྱི་དྲན་ཤིང་དུ་བཀོད་དེ།   ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ནི་ཇོ་ནང་རང་དབང་ཉིན་མོར་ངོས་འཛིན་བྱེད་རྒྱུ་ཡིན།
    མི་རིང་བར་ཇོ་ནང་རང་བཙན་ཉིན་མོ་དངོས་སུ་སླེབས་པའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད།

    Reply
  15. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    རྒྱལ་བ་ཇོ་ནང་པ་ནི་ལྟ་གྲུབ་དང་ཆོས་བརྒྱུད་རང་ཚུཊ་ཐུབ་པ་ཞིག་ལ་ངོས་འཛིན་བྱས་པ་ཡིན་གསུང་པར་ཅི་ཡང་གོ་ཡ་མི་འདུག་ཅེས་ངས་སྐད་གསང་མཐོན་པོས་ལབ་ཡོད་ལ། དེའི་སྐོར་བློ་ཕམ་ཀྱང་བྱུང་། སྔོན་མ་རྒྱལ་བ་ཇོ་ནང་པའི་ཆོས་འབྱུང་སྐོར་ཉམས་ཞིབ་བྱ་རྒྱུ་སྐོར་ངས་དགག་པ་རྒྱག་མྱོང་། གང་ཡིན་ཟེར་ན་ཇོ་ནང་ཚང་ལྟ་གྲུབ་རང་ཚུགས་ཐུབ་པ ་ཡིན་པར་སུས་ཀྱང་ཤེས་ནུས། ཁྱད་པར་དབུ་མ་གཞན་སྟོང་བསྟན་པའི་སྲོལ་འཛིན་ངོ་མ་དེ་རེད། དེ་བས་ཀྱང་དཔལ་དུས་ཀྱི་འཁོར་ལོའི་བསྟན་པའི་མེད་ན་མི་ཆོག་པ་དེ་ཇོ་ནང་པ་རེད། བླ་ཆེན་མིང་ཆེན་ཚོས་གོ་བ་མེད་པའི་གསུང་སྐད་དེར་གོ་ཡ་མི་འདུག་ལགས་དེ་བས་། ལོ་རྒྱུས་ལ་རྒྱབ་བརྟེན་མི་བྱེད་པར་གདན་གྲལ་བཤམ་འདུག བོན་པོ་ཁྲི་ཐོབ་མཐོ་ཡང་དེ་རིང་དགའ་ལྡན་ཁྲི་བ་མཐོན་པོར་བཞག་འདུག གཞན་བླ་ཆེན་ཚོ་ཡང་ཐོབ་ཐང་དང་ཁྲིམས་མཐུན་གྱིས་དབང་ལུང་ཡོདམཁན་ཀྱང་དཀོན་གི། ཞེ་ཆེན་རབ་འབྱམས་པར་ཡང་ཁྲི་ཐོབ་མཐོ་དོན་གང་རེད། དེ་བས་སྐུབ་སྟེགས་གཅིག་ལ་ཞེན་པའི་ཆབ་སྲིད་པ་ཚོ་ནམ་ཡང་སླེབས་ངེས་རེད། ཇོ་ནང་ཚང་སྔོན་མ་ས་སྐྱའི་ཁོང་རྟོགས་ཡིན་པར་བཤད་འདུག། དེ་རིགས་ནི་རྒྱ་ནག་གི་ལྟ་གྲུབ་དང་གཅིག་མཚུངས་རེད། ད་མང་པོ་བཤད་པ་ལས་ཇོ་ནང་ཚང་ལ་ཁྲིམས་མཐུན་གྱིས་ཐོབ་ཐང་སྤྲད་མི་སྤྲད་དེ་རེད། ལྟ་བ་རང་སྐྱ་ཕེལ་ཅིང་རྗེས་འབྲས་མངོན་གསལ་ཡོད་པའི་ཇོ་ནང་ཚང་ལ་བསམ་བཞིན་སུན་པོ་བཟོ་ལུགས་འདི་ནི་བཤད་དཀའ་བའི་གནད་དོན་ཞིག་རེད། ད་ཇོ་ནང་ཚང་ལ་དཀའ་ལས་ཁག་པོ་རེད། གོང་ས་མཆོག་གིས་བླ་ཆེན་ཚོར་ངའི་ཞ་མོ་ཕུད་ཚུལ་གསུང་ནས་ཕར་གཡུག། བཀའ་ཤག་གིས་ཆོས་ལུགས་རིས་མེད་ཟེར་བ་ལས་ཐོབ་ཐང་སྤྲད་ཚུལ་བཤད་མེད་ཅེས་བསྒྲགས། བླ་ཆེན་ཚོས་གྲོས་ཚོགས་ཀྱིས་སྒང་ལ་འཕངས། གྲོས་ཚོགས་ཀྱིས་དོན་མེད་པའི་འུར་སྒྲ་རེ་བསྒྲག་ནས་ཇོ་ནང་པའི་གནད་དོན་ཡལ་ངེས་རེད། ད་ཇོ་ནང་བས་ལོ་རྒྱུས་རྒྱབ་ལྗོངས་གཞི་ལ་བཅོལ་ནས་ཆེས་མཐོའི་ཁྲིམས་ཁང་ལ་གཏུགས་པ་ལས་ཐབས་གཞན་བྲལ།

    Reply
  16. ཁང་མུན་གྲོལ། says:
    ལོ་ 14 སྔོན།

    སྔོན་གྱི་ལོ་རྒྱུས་ལྟར་ན་རྒྱལ་བ་ཇོ་ནང་པ་ས་སྐྱའི་ཁྱབ་ཁོངས་ཤིག་ཡིན་མིན་གང་ལྟར་ཀྱང་། ད་ལྟའི་ཇོ་ནང་པ་ཚོའི་མངོན་འདོད་ཇི་བཞིན་༸དཔལ་ས་སྐྱ་༸གོང་མ་རིན་པོ་ཆེ་མཆོག་གིས་ཀྱང་གཞིས་བྱེས་ཇོ་ནང་མང་ཚོགས་ཀྱི་མངོན་འདོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དེར་རྗེས་སུ་ཡི་རངས་ཡོད།

    Reply
  17. འབྲོག་པ་རྣལ་མ། says:
    ལོ་ 14 སྔོན།

    དྲ་གྲོགས་ཆོས་བཟང་ལགས། སྔར་བོད་ལ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཟེར་བ་ཡོད་རེད། དེ་ཕྱིས་སུ་བཟོ་པ་མ་རེད་དེ་རྣམས་སྔར་ནས་ཆོས་ལུགས་ཆོས་བརྒྱུད་ཀྱི་ལྟ་གྲུབ་ཆ་ཚང་ཡོད་པ་གཅིག་མཚུངས་རེད། དུས་ཀྱི་དབང་གི་བསྟན་པ་ཉམས་རྒུད་བྱུང་ནས་ཇོ་ནང་དང་། བོ་དོང་། ཞི་བྱེད། གཅོད་ཡུལ། དེ་ཚོ་ཉམས་ནས་ཞེ་དྲག་མེད་པ་ལྟ་བུ་ཆག་པ་རེད། ད་དེ་ཚོ་སླར་ཡང་དར་རྒྱས་བྱུང་ན་ཐོབ་ཐང་སྤྲད་གདའ་སྤྲད། དེ་དང་གཞན་པ་ནང་གསེས་དེ་ཚོ་འདྲ་གི་མ་རེད། དེ་ཚོ་དབྱེ་འབྱེད་གནང་ཤེས་ན་ཁྱེད་རང་ཐུག་མེད་ཐལ་བའི་སྐྱོན་ཡོད་མ་རེད།།

    Reply
  18. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ༧རྒྱལ་མཆོག་ལྔ་པས་དགའ་ལྡན་ཁྲི་པ་ལ་བླ་ཆེན་ཚོའི་ནང་ནས་རིམ་པ་ལྔ་པ་དེ་མ་གཏོགས་ཕུལ་མེད་ཀྱང་།དེང་སང་རིམ་གཉིས་པ་ལ་བསྐྱལ་ཚར་འདུག་ལོ་རྒྱུས་ཀྱི་འགན་ཁུར་མེད་པའི་གོ་རིམ་འདི་སུ་ཞིག་གིས་བཀོད་སྒྲིགས་བྱས་པ་རེད།
    བོད་ནང་བསྟན་ཆོས་བརྒྱུད་ཀྱི་བླ་ཆེན་ཚོའི་གདན་ཐོབ་ངོ་མ་དེ་ཤེས་འདོད་ན་རྒྱལ་མཆོག་ལྔ་པའི་གསུངས་འབུད་པོད་གཉིས་པའི་ནང་དུ་གཟིགས་པ་འཚལ།
    དོན་དམ་པའི་ཆོས་ལུགས་རིས་མེད་ཞིག་རེད་དམ་རིས་ཡོད་གཅིག་རེད་འདུག་བྱེད་སྟངས་འདིས་རྟོགས་ཐུབ།

    Reply
  19. འཇིགས་མེད་སངྒེ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ། ཚངས་མས་ཐུགས་བསམ་རྣལ་མ་བཞེས་ནས་གསུང་བཤད་གནང་རོགས་གནང་།
    ཇོ་ནང་ལ་ཆོས་བརྒྱུད་འདྲ་མཉམ་གྱི་ཐོབ་ཐང་ལོས་སྤྲད། གལ་ཏེ་མ་སྤྲད་ན། བསམ་བཞིན་དུ་བོད་མི་རིགས་ཀྱི་ཆིག་བསྒྲིལ་དང་བརྟན་བརླིང་ལ་གནོད་སྐྱོན་བཟོས་པ་རེད། ཅེས་ངས་ལོ་མང་རིང་ནས་ཐང་མང་དུ་བཤད་ཚར་བས་སྐྱར་བཟློས་མི་དགོས་པ་བྱོས།
    གལ་ཏེ། བོ་དུང་བ་ཟེར་བ་སོགས་ལ་ཇོ་ནང་བ་ནང་བཞིན་གྱི་ཆོས་བརྒྱུད་ཀྱི་ཐོབ་ཐང་གི་ཆ་སྐྱེན་ཡོད་མཁན་ཡོད། དེ་དག་གིས་ཐོབ་ཐང་དགོས་པས་རེ་བ་བྱས་ན་སྤྲོད་སྐྱང་དགོས་པ་སྨོས་མ་དགོས་པ་རེད། འདི་དག་ང་ཚོས་རྔང་ཚབ་མི་དགོས་ལ། ད་ལྟ་ནས་རྩོད་པ་དགོས་པའི་གནས་ཞིག་མ་རེད།
    བཀའ་བརྒྱུད། རྙིང་མ་སོགས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དག་གི་ཆ་ཤས་ནང་ཚན་དག་ལ་སྤྱི་མཐུས་ལོག་གར་དགོས་མིན་དེ་གནས་ཚུལ་འདི་དང་གཏན་ནས་མི་འདྲ་བ་ཞིག་ཡིན་པ་ཤེས་པར་བྱོས།
    ངས་བསམ་ན། དོལ་ཚོགས་ལ་ཆོས་བརྒྱུད་གྱི་ཐོབ་ཐང་ཕར་ཞོག བོད་མི་རིགས་ཀྱི་སྐྱིད་སྡུག་ལེགས་ཉེས་ཀྱི་འབང་ཁུང་ནས་ཕྱིར་ཐུད་བཏང་ན་ཡག་ཤོས་རེད། རྒྱུ་མཚན་ནི་ཁོང་ཚོས་བོད་ཀྱི་ཆབ་སྲིད་ལ་ཕན་མེད་གནོད་པ་བསྐྱལ་གྱི་ཡོད་པས་སོ། གལ་ཏེ་འདི་ཕྱོགས་སུ་ང་རང་ལ་ནོར་འཁྲུལ་ཡོད་ན། སུ་ཞིག་གིས་ང་ལ་དེ་འདྲ་མིན་པའི་འགྲེལ་བཤད་གཏོང་ཤེས་མཁན་ཡོད་ན་གནང་རོགས་འབོད་བསྐུལ་ཞུ་རྒྱུ་ཡིན་ལ། གནང་ན་བཀའ་དྲིན་ཤིན་དུ་ཆེ་ཞུ་རྒྱུ་ཡིན།

    Reply
  20. མང་ཐོས། says:
    ལོ་ 14 སྔོན།

    གངས་སྤྲེལ་ཚ་ལགས། ༧གོང་ས་མཆོག་དང་བླ་ཆེན་རྣམས་ཀྱིས་ཇོ་ནང་གི་གནད་དོན་གྲོས་ཚོགས་ཀྱི་སྒང་ལ་འཕངས་པ་མ་རེད། ཁྲིམས་མཐུན་གྱི་ཐོབ་ཐང་སྤྲོད་པའི་དབང་ཚད་མེད་པའི་བརྡ་ལན་གནང་བ་རེད།

    Reply
  21. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    ཆོས་བརྒྱུད་ཁག་འདི་ཚོས་ཐོས་བསམ་ལ་གཙོ་བོར་མི་བཙོན་པར་ཆབ་སྲིད་ཀྱི་རྐུབ་སྟེགས་ལ་ཤི་འཐམ་བྱས་དང་བྱེད་བཞིན་པ་ནི་སེམས་ཕམ་དགོས་པའི་གནས་ཚུལ་རེད ། ཆོས་བཤད་ས་ལ་ཆབ་སྲིད་དང་ཆབ་སྲིད་བཤད་སར་ཆོས་བཤད་དེ་ནམ་ཞིག་གྲོས་ཚོགས་འདིར་ཆོས་ལུགས་འཐུས་མིས་ཁེང་པའི་ཉེན་ཁ་འདུག ཉེ་ཆར་གྲོས་ཚོགས་སུ་རྫས་སྤྱི་དང་གཉིས་འགོ་ཆོད་མ་ཆོད་ཀྱི་བགྲོ་གླེང་བྱེད་པའང་མཐོང་ཐོས་བྱུང་། དེ་དག་ནི་གད་མོ་ཤོར་དགོས་པའམ་ངུ་དགོས་པའི་གནས་ཚུལ་རེད། གནས་དོན་ལ་གཙོ་བོར་མི་འཛིན་པར་ཚིག་རྐམ་ཞིག་བཤད་དེ་གྲོས་ཚོགས་ཀྱི་རྩ་ཆེའི་དུས་ཚོད་ཆུད་ཟོས་སུ་གཏོང་བ་ཤིན་ཏུ་མ་འོས་པ་ཞིག་ཏུ་མཐོང་།

    Reply
  22. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    རྩོམ་སྒྲིག་པ་ལགས་མཆན་ལ་ཞིབ་བཤེར་ནན་མོ་གནང་ནས་འགོད་རོགས། དཀྲུགས་ཤིང་དང་མི་སེམས་དཀྲུགས་དུག་རིགས་འདིར་རྩ་བ་ཉིད་ནས་མ་འགོད་རོགས་ཞེས་རེ་བ་ཞུ་བཞིན་ཡོད།

    Reply
  23. བསོད་འོད says:
    ལོ་ 14 སྔོན།

    མགོ་མ་ཚོས་པ་དང་དཀྲུག་ཤིང་དུ་འགྲོ་བའི་སྐད་ཆ་མ་གསུང་རོགས་ཟེར་མཁན་ཆོས་བཟང་མིང་ཅན་ལགས། དགེ་ལུགས་དང་འདྲེ་ལུགས་གཉིས་དུས་ཐམས་ཅད་དུ་ཐ་དད་རེད། ཁྱེད་ཀྱིས་ད་དུང་ཡང་དོལ་ཚོགས་དེའི་སྐོར་ཟུར་ཙམ་ཡང་མ་ཤེས་པར་མགོ་མ་ཚོས་པ་དང་དཀྲུག་ཤིང་དུ་འགྲོ་བའི་སྐད་ཆ་མ་གསུང་རོགས་ཞེས་སྐད་ཅོར་རྒྱག་པར་དངོས་གནས་ཡ་མཚན། རྗེས་མ་ལྷ་དང་འདྲེ་གཉིས་མ་ནོར་བ་གྱིས། ད་དུང་ཨ་མ་དང་གནའ་མ་གཉིས་ཀྱང་ངོ་ཤེས་པར་གྱིསགཤིག

    Reply
  24. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བོད་ཀྱི་ལོ་རྒྱས་ཀྱི་ཐོག་ནས་ལྟ་ན་ཀརྨ་པ་ད་རེབ་ཚོགས་ཆེན་ཐོག་ལ་ཆ་ཚང་བ་ཞིག་ལ་ཕེབས་དགོས་བ་ཞིག་རེད།
    དེར་ཕེབས་མི་འདུག་ཁོང་ཕེབས་རྒྱུ་ལ་སྟབས་བདེ་མི་འདུག་གསུངས་འདུག་་་་་གོ་ཚུལ་ལྟར་ན་ཀརྨ་པས་ཕྱག་མཛོད་བོད་སྐད་མི་ཤེས་བ་ཞིག་བཞགས་ཡོད་རབ་འདུག་པས་ཕྱག་མཛོད་བོད་སྐད་མི་ཤེས་བ་དེས་རིན་པོ་ཆེ་ཁོང་ཕེབས་མི་དགོས་བའི་དགོས་འདུན་བཏོན་མེད་འགྲོ།
    ལོ་རྒྱུས་ཐོག་ལ་བོད་ཀྱི་བླ་མ་དེ་ཚོ་ཕྱག་མཛོད་དང་ཞབས་ཞུ་བ་ཚོས་ལོག་ལམ་ལ་ཁྲིད་པ་མང་པོ་མཐོང་རྒྱུ་ཡོད།

    Reply
  25. ཆོས་བཟང་། says:
    ལོ་ 14 སྔོན།

    འབྲོག་པ་རྣལ་མ་ལགས།   བསམ་བཞིན་ནང་ཁུལ་ལ་འགལ་བ་མ་བཟོས་ན་ཡག་གི་རེད།  ཇོ་ནང་ཆོས་བརྒྱུད་ལ་ཐོབ་ཐང་སྤྲོད་དགོས་ད་དགོས།   དེ་འགོར་མེད་ན་སྔ་ཡོད་མ་རེད།   གལ་ཏེ་ཉིན་ཞིག་བོ་དུང་ཆོས་བརྒྱུད་ཀྱིས་ཐོབ་ཐང་དགོས་གསུང་ན་སྤྲོད་དགོས་ནི་རེད།   དོལ་ཚོགས་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་ཡོད་པ་རེད།   གང་ཡིན་ཟེར་ན་དོལ་ཚོགས་དགེ་ལུགས་པ་རེད།   དེ་བཞིན་ཞྭ་དམར་ཚོགས་པ་ལ་ཐོབ་ཐང་སྤྲོད་དགོས་དོན་ཡོད་ནི་མ་རེད།   དེ་ཀམ་ཚང་བཀའ་བརྒྱུད་རེད།   སྐུ་གཅེས།   རྗེས་མར་མགོ་མ་ཚོས་པ་དང་དཀྲུག་ཤིང་དུ་འགྲོ་བའི་སྐད་ཆ་མ་གསུང་རོགས།

    Reply
  26. འབྲོག་པ་རྣལ་མ། says:
    ལོ་ 14 སྔོན།

    གྲོགས་པོ་ལྷ་དབང་ལགས། ནོར་སོང་གདའ། ཆོས་བརྒྱུད་རང་རྐང་ཚུགས་པ་ག་ཚད་ཡོད་ན་ཡག་པོ་རེད། ནང་བསྟན་ཡར་རྒྱས་འགྲོ་གི་ཡོད་པས་རྟགས་རེད། གཅིག་བསྡུད་དབང་འཛིན་དགོས་ཡག་ཡོད་མ་རེད། དེང་སང་ང་ཚོ་མང་ཚོའི་ལམ་ལ་སྤྱོད་པའི་ཁུལ་རེད། དེ་དོན་དགོངས་པ་བཞེས་རོགས།།།

    Reply
  27. འབྲོག་པ་རྣལ་མ། says:
    ལོ་ 14 སྔོན།

    དེ་རིང་གྲོས་གཅོད་དེ་ལས་གོ་ཆོད་པ་གཉིས་བྱུང་འདུག དང་པོ་ཇོ་ནང་ཆོས་བརྒྱུད་རང་རྐང་ཚུགས་པ་ངོས་འཛིན་གནང་བ་དེ་རེད། གཉིས་པ་དགོན་པ་ཁག་ལ་ཚན་རིག་སློབ་ཚན་ཨུ་ཚུགས་རྒྱབ་ནས་བཞག་མ་དགོས་པ་དེ་རེད། བོད་རྒྱལ་ལོ།།

    Reply
  28. ལྷ་དབང་ says:
    ལོ་ 14 སྔོན།

    ད་ལོ་ཇོ་ནང་ལ་སྤྱི་མཐུས་སྤྲད་དང་ ལོ་རྗེས་མ་བོ་དོང་ དེ་ནས་ལོ་ཤེས་རྗེས་དོལ་རྒྱལ་ཚོགསཔ་ ཞ་དམར་ཚོགས་པ་བཅས་ རིམ་བཞིན་རྩོད་ཡོང་གི་རེད

    Reply
  29. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཨ་མ་བཤད་མཁན་ན་བུ་ལ་སྤུལ་སྐུ་འཁྲུངས་ཧཧཧ་་་ད་ཐེངས་ཡང་སྲིད་རྫུན་བཟོ་ལམ་ལུགས་མཇུག་སྒྲིལ་མ་ཐུབ་བ་དེ་བློ་ཕམ་བྱུང།
    ཇོ་ནང་ལ་ཐོབ་ཐང་ལོས་དགོས
    དེ་སྤྲད་བ་དེ་ཧང་སང་བ་གང་མ་རེད།
    དཔལ་ཇོ་ནང་པ་རྒྱལ་ལོ།

    Reply
  30. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 14 སྔོན།

    དཔལ་རྒྱལ་བ་ཇོ་ནང་པ་རྒྱལ་ལོ།།

    Reply
  31. རྒྱང་མིག says:
    ལོ་ 14 སྔོན།

    ལག་བསྟར་བྱེད་མཁན་གཅིག་ཀྱང་མེད་པའི་གྲོས་ཆོད་མང་པོ་ཞིག་བཏོན་འདུག། འགྲོ་ལ་ཕན་ཕྱིར་དེ་བཞིན་འགྲུབ་པ་ཤོག།

    Reply
  32. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    རྒྱལ་བ་ཇོ་ནང་པ་ནི་ལྟ་གྲུབ་དང་ཆོས་བརྒྱུད་རང་ཚུཊ་ཐུབ་པ་ཞིག་ལ་ངོས་འཛིན་བྱས་པ་ཡིན་གསུང་པར་ཅི་ཡང་གོ་ཡ་མི་འདུག ཇོ་ནང་ཚང་ལྟ་གྲུབ་རང་ཚུགས་ཐུབ་པར་སུས་ཀྱང་། ཁྱད་པར་དབུ་མ་གཞན་སྟོང་གི་སྲོལ་འཛིན་རེད། དེ་བས་ཀྱང་དཔལ་དུས་ཀྱི་འཁོར་ལོའི་བསྟན་པའི་སྲོལ་འཛིན་དངོས་གནས་དེ་རེད། བླ་ཆེན་མིང་ཆེན་ཚོས་གོ་བ་མེད་པའི་གསུང་སྐད་དེར་གོ་ཡ་མི་འདུག་ལགས་་་་དེ་བས་ཁོང་ལ་ཁྲིམས་མཐུན་གྱིས་ཐོབ་ཐང་སྤྲད་མི་སྤྲད་དེ་རེད། ད་ཇོ་ནང་ཚང་དཀའ་ལས་ཁག་པོ་རེད། གོང་ས་མཆོག་གིས་བླ་ཆེན་ཚོའི་དབུ་ལ་ཕར་གཡུག། བླ་ཆེན་ཚོས་གྲོས་ཚོགས་ཀྱིས་སྒང་ལ་འཕངས། བཀའ་ཤག་གིས་ཀྱང་གྲོས་ཚོགས་ལ་གཡུག། ད་གྲོས་ཚོགས་ཀྱིས་ཁྲིམས་ཁང་ལ་གཏུགས་ན་ཡག་ཤོས་རེད་་ཧ་ཧ་ཧ་

    Reply
  33. འོས་ལངས། says:
    ལོ་ 14 སྔོན།

    དགོས་རྒྱུ་དངོས་གནས་དེ་༧རྒྱལ་བ་རིན་པོ་ཆེ་མཆོག་འཛམ་གླིང་ནང་པའི་ཆོས་ལུགས་སྤྱི་ཡོངས་ཀྱི་དབུ་ཁྲིད་ཅིག་ཏུ་ཕེབས་ཐུབ་ཐབས་ལ། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་ཁ་ཚ་དགོས་གཏུག་གིས་དགོངས་བཞེས་གནང་དགོས་པ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese