༡༩༤༩ ལོའི་བལ་ཡུལ་གྱི་མཉམ་འབྲེལ་རྒྱལ་ཚོགས་སྙན་ཞུའི་ནང་གི་བརྗེད་ཟིན་པའི་བོད་ཀྱི་ལོ་རྒྱུས་ཀྱི་འཁྲབ་གཟུགས་ཤིག
བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པའི་གཏམ། ལས་མང་རའི་གངས་ཐིགས་ཀྱིས་བསྒྱུར།
༢༠༡༡ ལོའི་ཟླ་ ༩ པའི་ཚེས་ ༢༣ ཉིན་པཱ་ལི་སི་ཐན་གྱི་སྲིད་འཛིན་མཱ་ཧ་མོ་ངྷི་ཨ་བྷ་སི་ཡིས་པཱ་ལི་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་ཞུགས་པའི་སྙན་ཞུ་ཞིག་སྤྱི་ཁྱབ་དྲུང་ཆེ་བྷན་ཁེ་མོན་ལགས་ལ་དངོས་གཞིའི་ཐོག་ནས་ཕུལ་ཡོད། ཆུང་ས་ནས་བཤད་ན། རྒྱལ་སྤྱིའི་ཚོགས་ཆེན་གྱིས་པཱ་ལི་སི་ཐན་ནི་རང་དབང་རང་བཙན་གྱི་ཝ་ཐི་ཁན་གྲོང་ཁྱེར་རྒྱལ་ཁབ་དང་དོ་མཉམ་པའི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་མིན་པའི་རྒྱལ་ཁབ་ཀྱི་འཐུས་མི་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་མངོན་ཡོད། འདི་ནི་ད་ལྟའི་པཱ་ལི་སི་ཐན་གྱི་རང་གི་ཟུར་ཉན་པའི་གནས་བབ་ཐོག་ནས་བཤད་ན་ཧ་ཅང་གལ་འགངས་ཆེ་བའི་མདུན་སྐྱོད་ཀྱི་གོམ་སྟབས་ཤིག་ཆགས་ངེས། ནེའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་དག་ན་འཁྲབ་བཞིན་པའི་ཟློས་གར་འདི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཁྲབ་གཟུགས་ནི་རྒྱལ་ཕྲན་ཕན་ཚུན་བར་དང་རྒྱལ་སྤྱིའི་བྱ་གཞག་དག་གི་ཁྲོད་དུ་ཁྲིམས་མཐུན་གྱི་འབྱུང་རྩ་གཙོ་བོ་ཞིག་ཡིན་པ་གསལ་ཁ་འདོན་གྱིན་ཡོད། དེ་ཡིས་ད་དུང་ལོ་ངོ་ ༦༢ ཡར་སྔོན་ལ་བལ་ཡུལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ལ་སྙན་ཞུ་ཕུལ་སྐབས་རང་གི་རང་དབང་རང་བཙན་གྱི་བདག་དབང་ཁུངས་སྐྱེལ་ར་སྤྲོད་བྱ་ཆེད་རང་ཉིད་བོད་དང་ “ཕྱི་སྲིད་ཀྱི་འབྲེལ་ལམ” དག་བཙུགས་ཡོད་པ་མངོན་གསལ་དོད་པོའི་ཐོག་ནས་ལུང་འདྲེན་བྱས་པའི་ལོ་རྒྱུས་གསོན་པོ་དེ་ང་ཚོར་ཕྱིར་དྲན་བྱེད་འཇུག་གིན་ཡོད།
སྐབས་དེར། བལ་པོས་རང་གི་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་པའི་གཞུང་འབྲེལ་སྙན་ཞུའི་ནང་དུ་བོད་ནི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་གསལ་གསལ་ཐིང་ཐིང་གི་སྒོ་ནས་ངོས་འཛིན་བྱས་ཡོད། གཤམ་ནས་འཚོལ་ཞིབ་བྱ་བར་འགྱུར་བའི་དངོས་ཡོད་བདེན་དོན་འདི་ཡིས་བོད་དང་བལ་ཡུལ་མི་དམངས་བར་ལ་ལོ་རྒྱུས་རང་བཞིན་གྱི་འབྲེལ་ལམ་ཤུགས་ཆེན་པོ་ཞིག་ཡོད་པ་ང་ཚོར་དྲན་གསོ་གཏོང་གི་ཡོད། བལ་པོས་ད་ལྟ་“རྒྱ་ནག་གཅིག་” གི་སྲིད་ཇུས་ཏེ་བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པ་ངོས་འཛིན་གནང་གི་ཡོད་ནའང༌། འདི་ནི་ཉེ་ཆར་གྱི་ལོ་རྒྱུས་ཁོ་ན་ཡིན་པ་ང་ཚོས་དྲན་དགོས་པ་ཞིག་རེད། བལ་ཡུལ་གྱི་ལས་དོན་དག་གི་ཁྲོད་དུ་རྒྱ་ནག་གི་བཙན་པོ་དབང་ཤེད་མངོན་བཞིན་ཡོད་པ་འདི་ནི་ཉེ་ཆར་གྱི་ལྟོས་ས་ལྟོས་འཇོག་གི་གཏོར་བཤིག་ཅིག་རེད། ཡིན་ནའང༌། འདི་ཡིས་ཧི་མ་ལ་ཡའི་ཁྱོན་ཡོངས་ལ་བསྲིང་ཐུབ་པའི་བལ་བོད་ཀྱི་འབྲེལ་ལམ་དག་ནག་གསུབ་ཏུ་གཏོང་མི་ཐུབ།
བལ་པོས་བོད་ཀྱི་རང་དབང་རང་བཙན་གྱི་བདག་དབང་ལ་སྦ་གསང་མེད་པའི་ངོས་འཛིན་གནང་བ།
བལ་ཡུལ་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་སྐབས་རང་ཉིད་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་ལྷན་དུ་རྒྱལ་ཁབ་གཞན་དག་དང་འབྲེལ་ལམ་འཛུགས་པའི་ནུས་སྟོབས་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་ཅིག་ཕུལ་དགོས་བྱུང་བ་རེད། བོད་ཀྱི་དྲང་བདེན་ལྟེ་གནས་ཀྱིས་ ༡༩༤༩ ལོའི་ཟླ་ ༧ པའི་ཚེས་ ༢༢ ཉིན་ཕུལ་བའི་བལ་ཡུལ་གྱི་གཞུང་འབྲེལ་སྙན་ཞུ་དེའི་པར་བཤུ་ཞིག་གཤམ་གསལ་དྲ་བྱང་བརྒྱུད་དེ་གཟིགས་ཐུབ་པར་བཟོས་ཡོད། སྙན་ཞུ་འདི་ཡིས་བལ་པོས་བོད་ནི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་གསལ་གསལ་ཐིང་ཐིང་གིས་སྒོ་ནས་ངོས་འཛིན་བྱས་ཡོད་པ་སྟོན་གྱིན་ཡོད།
ཤོག་གྲངས་ ༩ པའི་སྟེང༌། སྙན་ཞུ་འདི་ཡིས་བལ་ཡུལ་གྱི་ཕྱི་འབྲེལ་འབྲེལ་ལམ་དག་གཤམ་གསལ་ལྟར་བྲིས་ཡོད།
བལ་ཡུལ་དང་དབྱིན་ཇི་སྲིད་གཞུང་བར་གྱི་ཕྱི་འབྲེལ་གྱི་འབྲེལ་ལམ་དག་གོང་གསལ་སྙན་ཞུ་ཡི་དུམ་མཚམས་བཞི་བའི་ནང་དུ་ཞིབ་འབྲི་བྱས་འདུག དེའི་སྟེང་ལ་བལ་ཡུལ་གྱིས་ད་དུང་གཤམ་གསལ་རྒྱལ་ཁབ་དག་དང་ཕྱི་འབྲེལ་གྱི་འབྲེལ་ལམ་བཙུགས་ཡོད།
ཀ༽བོད། ༡༨༥༦་ལོར་བལ་ཡུལ་གཞུང་གིས་ལྷ་ས་རུ་གཞུང་ཚབ་ཁང་ཞིག་བཙུགས་ཡོད་ཅིང༌། སྐུ་ཚབ་དག་རྒྱང་རྩེ་དང་ཀུ་ཀྲི། སྐྱིད་རོང་བཅས་སུ་བཞུགས་སྡོད་གནང་ཡོད།
ཁ༽ཧྥ་རན་སི།་་་་་་་་་་ ག༽ཨ་མེ་རི་ཀ།་་་་་་་་་་ ང༽རྒྱ་གར།་་་་་་་་་ ཅ༽འབར་མ།་་་་་་་་་་
བལ་ཡུལ་གྱིས་བོད་རྒྱལ་ཁབ་དང་ཕྱི་འབྲེལ་གྱི་འབྲེལ་ལམ་བཙུགས་ཡོད་པ་དེ་དབྱིན་ཇིའི་རྗེས་ནས་གལ་འགངས་ཆེ་ཤོས་ཨང་གཉིས་པ་རུ་བརྩིས་ཡོད་ཅིང་ཨ་རི་དང་རྒྱ་གར་གྱི་ཕྱི་འབྲེལ་འབྲེལ་ལམ་ལས་ཀྱང་གལ་གནད་ཆེན་པོ་ཡིན་པ་མངོན་གསལ་ཐོག་ནས་ངོས་འཛིན་བྱས་ཡོད།
བལ་ཡུལ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་དུ་སྤྱི་ལོ་ ༡༨༥༦ ལོར་བལ་བོད་བར་ལ་ཞི་བདེའི་ཆིངས་ཡིག་ཅིག་བཞག་ཡོད་པ་དེའི་པར་བཤུ་ཞིག་ཀྱང་བཅུག་འདུག དེ་ནི་བལ་ཡུལ་གྱིས་རྒྱལ་ཁབ་གཞན་དག་དང་ཕྱི་འབྲེལ་འབྲེལ་ལམ་བཙུགས་ཡོད་པའི་ཁུངས་སྐྱེལ་དཔང་རྟགས་འཕར་མ་ཞིག་ཏུ་བརྩིས་ཡོད། སྟེས་དབང་གིས་ཆིངས་ཡིག་འདི་ནི་བལ་ཡུལ་གྱིས་བོད་ཀྱི་སྲུང་སྐྱོབ་ལ་ཁ་ཞེ་གཉིས་མེད་ཀྱིས་རོགས་རམ་གནང་བའི་ཁས་ལེན་གནང་ཡོད། དོན་ཚན་གཉིས་པའི་ནང༌། “རྒྱལ་པོའི་དཔུང་དམག་སུ་ཞིག་གིས་མ་འོངས་བར་བོད་ལ་བཙན་འཛུལ་གནང་ན། བལ་ཡུལ་གྱིས་རོགས་རམ་གང་ཐུབ་ཐུབ་གནང་གི་ཡིན་ཞེས་བཀོད་ཡོད།”
སྙན་ཞུ་འདིར་གཞིར་བཞག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་ལོ་ ༡༩༥༥ ལོའི་ཟླ་ ༡ པའི་ཚེས་ ༡༤ ཉིན་བལ་ཡུལ་རང་གི་མངའ་ཁོངས་ཀྱི་ཚོགས་མི་ཞིག་ཏུ་ཁས་ལེན་གནང་ཡོད།
རྒྱ་ནག་གིས་ལོ་རྒྱུས་བརྩི་མེད་དུ་གཏོང་བའི་འབད་བརྩོན་གནང་བ།
དེའི་རྗེས་ནས་རྒྱ་ནག་གིས་ལོ་རྒྱུས་ཀྱི་བདེན་དོན་གཅེར་བུ་མ་འདི་འགེབས་པའི་འབད་བརྩོན་གནང་ཡོད། སྤྱི་ལོ༡༩༥༦ལོའི་ཟླ་༩པའི་ཚེས་༢༠ཉིན་བལ་པོ་དང་རྒྱ་ནག་གཉིས་ཀས་ “རྒྱ་བལ་དབར་དང་རྒྱ་ནག་གི་བོད་དང་བལ་ཡུལ་དབར་ཚོང་འབྲེལ་གྱི་མཐུན་འབྲེལ་འཛིན་པའི་གྲོས་མཐུན།” ལ་མིང་རྟགས་བཀོད་ཡོད། གྲོས་མཐུན་འདི་ཡི་དོན་ཚན་གསུམ་པའི་ནང་དུ་ “འདས་པའི་ལོ་ཟླ་ནང་དུ་ཀྲུང་གོའི་བོད་ལྗོངས་དང་བལ་ཡུལ་གཉིས་ཐེ་བའི་རྒྱ་ནག་དང་བལ་ཡུལ་བར་ཡོད་པའི་ཆིངས་ཡིག་དང་ཡིག་ཆ་དེ་ཚོ་ཡོངས་རྫོགས་གྲོས་མཐུན་འདིའི་ཐོག་ནས་བརྩི་མེད་དུ་བཏང་ཡོད།” ཅེས་བཀོད་ཡོད།
མཁོ་སྤྲོད་འདི་ནི་རྒྱ་ནག་གིས་བལ་ཡུལ་དང་བོད་གཉིས་བར་སྤྱི་ལོ་ ༡༨༥༦ ལོར་བཞག་པའི་ཞི་བདེ་ཆིངས་ཡིག་དེ་ཚུད་པའི་སྔོན་ཆད་ཀྱི་ཆིངས་ཡིག་གི་དམ་བཅའ་དག་བལ་ཡུལ་ལ་བརྩིས་མེད་གཏོང་དུ་བཅུག་སྟེ་དེ་ཡི་ཁྲིམས་མཐུན་གྱི་གཞི་རྩ་དག་འགེབས་སྲུང་གནང་བའི་འབད་བརྩོན་ཞིག་ཡིན། ལག་ལེན་དང་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་བརྗོད་ན་འགེབས་སྲུང་འདིས་འདོད་དོན་བསྒྲུབས་ཡོད། འདིའི་རྗེས་ཀྱི་བལ་ཡུལ་སྲིད་གཞུང་གིས་རང་གི་ལངས་ཕྱོགས་ལ་འགྱུར་བ་བཏང་སྟེ་བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་སྨྲས་ཡོད།
ཡིན་ནའང༌། ཁྲིམས་ཐོག་གི་གནད་དོན་ཞིག་ཡིན་པའི་ཆ་ནས་བརྗོད་ན་ ༡༩༥༦ ལོའི་ཆིངས་ཡིག་དེ་འདར་སིག་སིག་བྱེད་ཀྱིན་ཡོད། བསམ་བཞིན་བརྩི་མེད་དུ་བཏང་བ་དེས་ཆིངས་ཡིག་དེར་རང་ལ་དྲི་བ་གཏོང་གིན་ཡོད། གང་ཡིན་ཞེ་ན། བལ་པོའི་བོད་ཀྱི་ཆིངས་ཡིག་གི་ཁས་ལེན་དག་བོད “རྒྱལ་ཁབ་” ཅེས་པ་དང་འབྲེལ་ཡོད། “ཀྲུང་གོའི་བོད་ལྗོངས་” དང་བལ་ཡུལ་དབར་ལ་བརྩི་མེད་དུ་གཏོང་དགོས་པའི་ཆིངས་ཡིག་ཅི་ཡང་མེད། གང་ལེགས་ཤེ་ན། བལ་ཡུལ་གྱིས་༡༩༥༦ ལོའི་བར་དུ་མ་གཏོགས་འདི་འདྲའི་ངོ་བོ་ཞིག་གནས་ཡོད་པ་ངོས་འཛིན་བྱས་མེད། ད་ལྟ་ཁྲིམས་མཐུན་གྱི་རྩོད་གཞི་འདི་ལ་ལག་ལེན་གྱི་ཤུགས་རྐྱེན་ཆེན་པོ་མེད་ནའང་འབྱུང་འགྱུར་གྱི་ལོ་ཟླའི་ནང་འོས་འཚམ་གྱི་གོ་སྐབས་ཤིག་ཐོན་ཚེ་བསྐྱར་ཞིབ་བྱ་ངེས་པ་རེད།
རྒྱལ་ཁབ་གྱི་ཆེ་མཐོང་ནི་གསོན་ཤུགས་ལྡན་པའི་སྟོབས་ཤུགས་ཤིག་ཡིན།
བོད་པ་ཚོས་བལ་ཡུལ་གྱིས་ཉེ་བའི་ ༡༩༤༩ ལོའི་བར་ལ་བོད་ནི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་སྦ་གསང་མེད་པའི་ངོས་འཛིན་དེ་དང་བོད་དང་ཕྱི་འབྲེལ་གྱི་འབྲེལ་ལམ་མང་པོ་ཡོད་པའི་ལོ་རྒྱུས་ལ་དངོས་སུ་གཞིར་བཞག་ནས་བལ་ཡུལ་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་པའི་ལོ་རྒྱུས་ཀྱི་དོན་དངོས་འདི་དག་ཡིད་ལ་འཛིན་གྱི་རེད། ལོ་རྒྱུས་ཀྱི་དོན་དངོས་འདི་ནི་བལ་ཡུལ་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཀྱང་རེད། བལ་བོད་བར་གྱི་འབྲེལ་ལམ་གྱིས་བལ་པོའི་མི་དམངས་ཁོང་ཚོའི་རང་ཉིད་ཀྱི་སྤྱི་ཚོགས་དང་ཆབ་སྲིད། རིག་གཞུང༌། ཆོས་འབྱུང་ལོ་རྒྱུས་བཅས་ལ་ཤུགས་རྐྱེན་གཏིང་ཟབ་པོ་ཞིག་འཇོག་གིན་ཡོད། འདི་ནི་བལ་བོད་གཉིས་ཀར་མཚོན་ན་རྒྱལ་ཁབ་ཀྱི་ཆེ་མཐོང་གི་གནད་དོན་ཞིག་རེད།
རྒྱ་ནག་སྲིད་གཞུང་གིས་འདི་འགེབས་སྲུང་བྱེད་པའམ་འགྱུར་བ་གཏོང་བའི་འབད་བརྩོན་བྱེད་བཞིན་པ་འདི་ནི་བལ་ཡུལ་མི་དམངས་ལ་དམའ་འབེབས་ཤིག་རེད་ལ་བཙན་རྒྱལ་རིང་ལུགས་ལོ་རྒྱུས་ཀྱི་བྱ་སྤྱོད་ཅིག་ཀྱང་རེད། རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་ཁུངས་སྐྱེལ་ར་སྤྲོད་དེ་ལོ་རྒྱུས་ཀྱི་རྟོག་བཟོ་ཞིག་ལ་རག་ལས་ཡོད་སྟབས་རྒྱ་ནག་གིས་རྒྱལ་ཁབ་གཞན་པ་ཚོས་ཀྱང་རང་གི་བསྐྱར་གསོ་རིང་ལུགས་དེ་རྒྱུན་འཁྱོངས་བྱེད་པའི་རེ་བ་བཏོན་ཡོད། རྒྱ་གཞུང་གིས་བལ་ཡུལ་མི་དམངས་ལ་མཚམས་རེར་བོད་ཀྱི་གནད་དོན་ཐད་ནས་ཁོང་ཚོའི་རང་དབང་རང་བཙན་གྱི་བདག་དབང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་བརྩི་མེད་དུ་གཏོང་དགོས་པའི་ཐུབ་ཚོད་གཏོང་གི་ཡོད་པ་དེར་རྒྱལ་ཁ་ཐོབ་ཀྱིན་ཡོད་ནའང་བལ་ཡུལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ནང་འཛམ་གླིང་གི་གར་སྟེགས་ཀྱི་མདུན་ནས་བོད་འདི་སྔོན་ཆད་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་བྱས་པའི་ལོ་རྒྱུས་ཀྱི་བདེན་དོན་ཡིག་ཆ་དེ་ནག་གསུབ་ཏུ་གཏོང་མི་ཐུབ་ཅིང༌། བལ་ཡུལ་མི་དམངས་ཚོར་ཁོང་ཚོའི་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་ཁས་ལེན་བྱེད་དུ་མི་འཇུག་པའི་ཐུབ་ཚོད་གཏོང་མི་རུང༌།
བལ་ཡུལ་གྱིས་རྒྱ་ནག་གིས་རང་གི་ནང་སྲིད་ལ་ཇུས་གཏོགས་གནང་གི་ཡོད་པ་དེར་ཁས་ལེན་མེད་པའི་རྣམ་འགྱུར་གསལ་སྟོན་གནང་ཡོད། སྤྱི་ལོ་ ༢༠༡༡ ལོའི་ཟླ་ ༩ པའི་ཚེས་ ༢༢ ཉིན་པཱ་ལི་སི་ཐན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་མ་ཕུལ་བའི་སྔོན་དེར། བལ་ཡུལ་སྲིད་གཞུང་གིས་བོད་མི་ན་གཞོན་སྐྱབས་བཅོལ་བ་ཉེར་གསུམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ལ་རྩིས་སྤྲོད་གནང་ཡོད། བྱ་སྤྱོད་འདི་ལས་དམིགས་བསལ་གྱིས་དོ་སྣང་བྱ་འོས་པ་གཅིག་ནི་བལ་ཡུལ་རྒྱལ་ཁབ་ཆུང་ཆུང་འདིར་རྒྱ་ནག་གིས་ཧ་ལས་པའི་གནོན་ཤུགས་ཆེན་པོ་སྤྲད་པ་ལ་མ་བལྟས་པར་བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་དེ་ཚོ་ཀློད་གྲོལ་བཏང་ཡོད་པ་དེ་ཡིན། རྒྱ་ནག་གིས་བལ་ཡུལ་གྱིས་བོད་མི་སྐྱབས་བཅོལ་བ་ཚོར་དམིགས་ནས་བཞག་པའི་ “ཕོ་ཁྱོ་གའི་ཁས་ལེན་དམ་བཅའ” དང་རྒྱལ་སྤྱིའི་གཞི་རྩའི་རྩ་ཁྲིམས་གྱི་འབྲི་དོན་ལས་ལྡོག་སྟེ་བོད་མི་སྐྱབས་བཅོལ་བ་དེ་དག་ཕྱིར་རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་ལ་རྩིས་སྤྲོད་གནང་ཡོང་བར་འདོད་ཡོད།
པཱ་ལི་སི་ཐན་མི་དམངས་ཀྱིས་རང་གི་རྒྱལ་ཁབ་ཀྱི་ངོ་བོའི་འཚོལ་ཞིབ་ཇི་ཙམ་གནང་བའི་སྐོར་ལ་རྩོམ་ཡིག་མང་པོ་ཞིག་བྲིས་ཡོད་པ་རེད། དེ་དག་ལས་མང་ཆེ་ཤོས་ཤིག་ནི་བཙན་བཟུང་འོག་གི་མི་ཚེ་ལ་མཐོང་ཆུང་ཁྱད་གསོད་བྱས་པའི་སྐོར་རེད། འདི་ལས་གཏིང་ཟབ་པ་ཞིག་ལ་བལྟས་ན། རྒྱ་ནག་གིས་བལ་ཡུལ་གྱི་སྐྱབས་བཅོལ་སྲིད་བྱུས་ལ་བཀའ་བཀོད་གཏོང་བའི་འབད་བརྩོན་གནང་བ་དེ་ནི་བལ་ཡུལ་རྒྱལ་ཁབ་ཀྱི་ཆེ་མཐོང་གི་གནད་དོན་ཞིག་རེད། འདི་ནི་དེ་སྔ་རྒྱ་ནག་གིས་བལ་ཡུལ་གྱི་རང་དབང་རང་བཙན་གྱི་བདག་དབང་ལ་བཙན་འཛུལ་བྱས་པ་ཞིག་རེད། འོན་ཀྱང༌། བལ་ཡུལ་གྱིས་ཕྱིར་དེ་ལ་ཡ་ལན་སློག་ཡོད། གལ་ཏེ་ང་ཚོ་བལ་ཡུལ་མི་དམངས་ཡིན་ན་བོད་མི་སྐྱབས་བཅོལ་བ་ཉེར་གསུམ་དེ་ཚོར་སེམས་ཁུར་ཅི་ཡང་གནང་མེད་པའི་དབང་དུ་བཏང་རུང་རང་གི་རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་མི་དམངས་ཀྱི་ཆེ་མཐོང་ལ་བསམས་ཏེ་པེ་ཅིན་གྱི་བཀའ་བཀོད་ལ་ཁས་ལེན་མ་གནང་བ་དེ་ལ་ང་ཚོ་དགའ་སྤྲོ་འཕེལ་ངེས་པ་རེད།
བོད་མི་ཚོ་ད་དུང་རང་དབང་གི་ཆེད་དུ་བཙན་འཛུལ་འོག་གི་རང་གི་ཕ་ཡུལ་དང་ཁ་བྲལ་ཏེ་བྲག་རི་བརྒྱུད་བལ་ཡུལ་ལ་མུ་མཐུད་ཡོང་གི་རེད། ཐེངས་རྗེས་མར་བོད་མི་སྐྱབས་བཅོལ་བ་རུ་ཁག་ཅིག་བལ་ཡུལ་གྱི་དོ་དམ་འོག་ལ་ལྷུང་ཚེ་ང་ཚོས་བལ་ཡུལ་གྱི་མགོ་ཁྲིད་ཚོས་ངོ་ཚ་དང་ཞེད་སྣང་ཅི་མང་མེད་པར་རང་གིས་ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་འོག་ནས་ལོངས་སྤྱོད་ལ་རོལ་ཐུབ་ཀྱི་ཡོད་པ་འདི་ནི་དེ་སྔ་རང་དབང་རང་བཙན་ཡིན་པའི་བོད་རྒྱལ་ཁབ་དང་ཕྱི་འབྲེལ་བཙུགས་ཡོད་པ་གཞིར་བཞག་ནས་བྱུང་བ་ཕྱིར་དྲན་གནང་བའི་རེ་བ་ཞུ་བཞིན་ཡོད། དེར་མ་ཟད། པཱ་ལི་སི་ཐན་མི་དམངས་ཀྱི་རྒྱལ་ཁབ་ཀྱི་ངོ་བོ་དེ་མཐའ་སྔ་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་འཛིན་གནང་གི་ཡོད་པ་དང་ཆབས་ཅིག་མི་ཚང་མར་རང་དབང་གི་ཆེད་དུ་འགོག་ཐབས་བྲལ་བའི་བསམ་འདུན་གནང་གི་ཡོད་པ་བཞིན་ཉིན་ཞིག་བོད་མི་ཚོ་ཡང་འདི་ལྟ་བུའི་གནས་བབ་ཅིག་ལ་བསླེབ་སྲིད་པ་རེད།
དྭོགས་པ་ཡོད་ཚེ་གཤམ་གསལ་མ་རྩོམ་ལ་གཟིགས་རོགས།
དྲ་གྲོགས་རང་དབང་རྒྱལ་ལགས།
དངོས་གནས་ངས་ཁ་ནང་དུ་ཕྱོགས་ཏེ། ཅི་ཙམ་བསམ་ཡང་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ཏེ། སུ་ཞིག་གིས་འདས་པའི་ལོ་རྒྱུས་ལ་བཟོ་བཅོས་བྱས་ཀྱང་། དེ་ནི་བཟོ་བཅོས་ཙམ་ཡིན་ཕྱིར། དངོས་བྱུང་ལོ་རྒྱུས་གསོན་པོ་དེས་ལོ་རྒྱུས་རྫུན་མའི་མཚང་དམར་འདོན་བྱེད་ངེས་རེད། ཅེས་དྲན་བཞིན་ཡོད། འདིར་ཕྲན་ལ་ཡིད་ཆེས་གཙང་མ་ཡོད། དུས་ཚོད་སྔ་ཕྱི་ཙམ་ལས་ཉིན་གཅིག་བདེན་པ་ནི་ཉི་ཤར་སྤར་མོས་མི་ཁེབ་པར་ལྷང་ལ་འབུད་ངེས་རེད། འོན་ཀྱང་དེང་སང་གི་དུས་ནི། དཔལ་འབྱོར་གྱི་སྟོབས་ཤུགས་དང་རྒྱབ་དཔུང་གི་སྟོབས་སོགས་ཀྱིས་དབང་བསྒྱུར་གྱིན་པ་ནི་ཁྱེད་ཀྱིས་གསུངས་པ་ལྟར་རེད། འགྲོ་སྟངས་འདི་ནི་སྤྱི་ཚོགས་ནང་སྔོན་ནས་ཡོད་ལ། མ་འོངས་པར་ཡང་འབྱུང་ངེས་རེད། འོན་ཀྱང་འདིའི་རིགས་ཀྱི་དབང་བསྒྱུར་བརྟན་པོ་མེད་པ་ལའང་ཕྲན་གྱི་ཡིད་ཆེས་གཙང་མ་ཡོད། དེ་ནི་འདི་དང་འདི་འདྲ་རེད། ཅེས་ཞུ་མི་དགོས་པར་ཁྱེད་ཀྱིས་མཁྱེན་ངེས་རེད།
བོད་དོན་དང་འབྲེལ་བའི་དཔྱད་གཞི་རྒྱུ་ཆ་གལ་ཆེན་འདི་བསྒྱུར་མཁན་ལ་ཐོག་མར་བཀའ་དྲིན་ཆེ་ཞུ།
བོད་མི་རིགས་འདི། བལ་བོས་བེད་སྤྱོད་ཡོད་དུས། བེད་སྤྱོད་གཏོང་སྟངས་དང་། བེད་སྤྱོད་མེད་དུས་ཉེས་བཅོས་བྱེད་སྟངས་སོགས་གང་ལྟར་ཡང་། བལ་བོའི་མི་རིགས་འདིས། བོད་དང་བོད་མིའི་བཞག་པའི་གྲུབ་འབྲས་ནི། སྐབས་འཚོལ་བ་ཉག་ཅིག་མ་གཏོགས། བདེན་པའི་རྒྱབ་ལངས་བྱེད་མཁན་ཞིག་དང་རང་ཚུགས་ཡོད་མཁན་ཞིག་ལ་ནམ་ཡང་ཆགས་མེད་པ་དེ་རེད། བྱས་ན། ད་ནས་བཟུང་། བལ་བོའི་མི་རིགས་འདི་ལ་གཟབ་གཟབ་བྱོས་མ་གཏོགས། དེང་སང་དམར་གཞུང་རྒྱ་མིའི་རྒྱུགས་ཁྱི་ཡོད་ན་མེད་ན་དེ་ཁོ་པ་ཚང་མ་རེད་དམ། ཡིན་དུས། ཁོ་པ་ཚང་ལ་གོ་སྐབས་ནམ་ཡོད་ལ་བོད་མི་རིགས་འདི་གསོན་པོར་འཇུ་བཟུང་བྱེད་རྒྱུའི་ཉེན་ཁ་ཡོད་པ་རེད།
མ་གཞི་ནས། བལ་བོའི་མི་རིགས་འདི། བོད་བལ་གྱི་ལོ་རྒྱུས་ཐོག་ནས་བལྟས་ན། གཡོ་སྒྱུ་ཆེ་ཞིང་བསམ་ཤེས་མེད་པ། ལྷག་པར་དུ། ཉེ་རབས་བོད་བཙན་བྱོལ་བའི་ལོ་ངོ་ལྔ་གཉིས་ལྷག་ལ་ཕྱིར་མིག་ཅིག་བལྟས་ན་གསལ་གསལ་ཐིང་ཐིང་མ་རེད་དམ། བོད་མདོ་དབུས་ཁམས་ནས་བཙན་བྱོལ་དུ་ཡོང་སྐབས། བོད་མི་རྣམས་རྒྱ་གཞུང་ལ་རྩིས་སྤྲོད་བྱེད་པ་དང་གཅར་རྡུང་བྱེད་པ། ད་རུང་བཙན་གཡེམ་བྱེད་པ་དང་དམར་གསོད་གཏོང་བ་སོགས་ཀྱི་བསམ་ངན་སྤྱོར་རྩུབ་རབ་དང་རིམ་པ་བརྩམས་ཡོད་པ་བོད་མི་ཡིན་ཕྱིན། སེམས་ཀྱི་བོར་གི་མ་རེད།
གང་ལྟར། འདས་པ་ནི་ལྡོག་ཐབས་མེད་དུས། གླེང་རུང་དོན་སྙིང་མི་འདུག ཡིན་རུང་། ད་ལྟ་དང་མ་འོངས་པའི་བལ་བོའི་རིགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གཟབ་ནན་བྱེད་དགོས་པ་གལ་ཆེན་རེད། དེ་ཡང་། རྒྱ་གཞུང་གི་སྲིད་བྱུས་འཇམ་རྩུབ་གང་ལ་འགྱུར་ན། བལ་བོ་འདི་ཡང་དེ་བཞིན་འགྱུར་རྒྱུ་ཡིན་པ་གཏན་འཁེལ་ཚར་བ་ལྟ་བུ་རེད། བྱས་ན། དབུས་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་གི་ངོས་ནས་གྲ་སྒྲིག་སྔ་ས་ནས་བྱེད་དགོས་པ་གལ་ཆེན་རེད།
དྲ་གྲོགས་འཇིགས་བྲལ་བསྟན་འཛིན་གྱིས་ཟེར་ན། བསྒྱུར་རྩོམ་འདིའི་ནང་དོན་དེ་“ང་ཚོའི་འཐབ་རྩོད་བྱེད་ཕྱོགས་ལ་ཕན་ནུས་མང་པོ་ཞིག་ཐོན་རྒྱུ་ཡིན་པའི་ཡིད་ཆེས་བྱེད་འོས་པར་སོང་།” ཞེས་པ་ནི། མ་བརྟགས་མ་དཔྱད་པའི་གཏམ་ཞིག་ཏུ་ཟད་དོ།། བོད་བལ་གཉིས་ཀྱི་མི་རིགས་བར་ལ་ད་ནས་ཡིད་ཆེས་བྱ་སའི་རྨང་གཞི་ཞིག་མེད་པ་མ་ཟད། སྔོན་མའི་ལོ་རྒྱུས་དེ་ཡང་དེང་སང་དཔལ་འབྱོར་གྱི་སྟོབས་ཤུགས་ཁུངས་སུ་འཐིམས་ཀྱིན་པ་མ་ཡིན་ནམ། གང་ལྟར། ཉིད་ལ་འདྲི་འདོད་ཡོད་པ་ཞིག་ནི། ང་ཚོའི་འཐབ་རྩོད་འདི་ཡིད་ཆེས་དང་བསམ་ཤེས་ཀྱིས་ཐག་ཆོད་ཀི་རེད་དམ།
ཤར་ཁུག་གིས་ཟེར་ན། “འཇམ་དབྱངས་ནོར་བུ་སོགས་ཀྱིས་ཀྱང་མ་རྙེད་པའི་དཔང་ཡིག་ཅིག་ཡིན་པ་འདྲ །” ཞེས་པ་འདིས། འཇམ་ནོར་བཀྱགས་ན་འདོད་པའི་བསམ་བློ་ཞིག་ཡིན་འདྲ། ཡིན་རུང་། དེང་སང་གི་དུས་ནི། ལག་ལེན་ཡིན་པ་ལས་རྒྱུ་ཆ་མ་རེད། བྱས་ན། ད་ནས་བཟུང་། འཇམ་ནོར་དང་དེའི་རྗེས་འབྲང་བ་རྣམས་ཀྱིས་རང་བཙན་གཙང་མའི་རིང་ལུགས་ཤིག་འཛིན་དགོས་ན། རིང་ལུགས་དེའི་སྲོག་ཤིང་དུ་རང་ཉིད་ཞུགས་དགོས་པ་ནི། གལ་འགངས་ཆེན་པོ་ཞིག་རེད་མ་གཏོགས། རང་ཉིད་བསྒྲུབ་བྱ་དེའི་ཕྱི་རོལ་དུ་བུད་ནས་ཁ་ཕོ་ས་བསྒྲགས་གནམ་བསྒྲགས་བྱས་རུང་། དེ་ནི། སྲོག་དབུགས་མ་ཞུགས་པའི་མིའི་སྣང་བརྙན་ལྟ་བུ་ཞིག་ལས་མིའི་ནུས་པ་ཏག་ཏག་ཅིག་ཡོད་ནི་མ་རེད།
གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་ཟེར་ན། “ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ཏེ། སུ་ཞིག་གིས་འདས་པའི་ལོ་རྒྱུས་ལ་བཟོ་བཅོས་བྱས་ཀྱང་། དེ་ནི་བཟོ་བཅོས་ཙམ་ཡིན་ཕྱིར། དངོས་བྱུང་ལོ་རྒྱུས་གསོན་པོ་དེས་ལོ་རྒྱུས་རྫུན་མའི་མཚང་དམར་འདོན་བྱེད་ངེས་རེད།” ཅེས་པ་འདི་ནི། སྤྱིར་བཏང་གི་འཇིགས་སྐུལ་ལྟ་བུའི་བསྒྲམས་གཏམ་ཞིག་ཡིན་པ་ལས། དོན་དངོས་ཐོག་ནས་དེ་འདྲ་ཡིན་མིན་ཁྱེད་ཉིད་ལ་གསལ་ཆ་ཆེན་པོ་ཡོད་པ་མ་རེད་དམ། ཡོད་ན། དེ་ལུགས་ཀྱི་བསྒྲགས་གཏམ་ཞིག་སྤེལ་དགོས་པ་ལས་ལག་ལེན་མེད་དང་གྲུབ་འབྲས་མེད་པའི་གཏམ་ཡན་པོ་ཞིག་བསྒྲགས་རུང་། འཕུར་ན་འདོད་ཀྱང་གཤོག་ཡས་མེད་པའི་བྱེའུ་ལྟ་བུ་ཞིག་མ་རེད་དམ། དེང་སང་གི་དུས་ནི། དཔལ་འབྱོར་གྱི་སྟོབས་ཤུགས་དང་རྒྱབ་དཔུང་གི་སྟོབས་སྟོབས་སོགས་ཀྱིས་དབང་བསྒྱུར་གྱིན་པ་ཡིན་པ་དེ་ཤེས་པར་གྱིས་ཤིག་ཨང་།
གྲོགས་གངས་ཐིགས་ལགས་ཀྱིས་ཡག་པོ་ཞེ་དྲག་བསྒྱུར་འདུག ཆུང་ཚེ་རིང་གཉིས་པ་རང་རེད། མུ་མཐུད་ནས་ཡིན་ད། ལྟ་གྲུབ་ཀྱི་ཕྱོགས་ཁོ་ན་ཙམ་མིན་པར་མཚམས་རེར་སྤྱི་ཚོགས་དཔྱད་བརྗོད་ཀྱང་བསྒྱུར་ཐུབ་ན་དགེ་མཚན་ཆེ་བར་མཐོང་།
ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ཏེ། སུ་ཞིག་གིས་འདས་པའི་ལོ་རྒྱུས་ལ་བཟོ་བཅོས་བྱས་ཀྱང་། དེ་ནི་བཟོ་བཅོས་ཙམ་ཡིན་ཕྱིར། དངོས་བྱུང་ལོ་རྒྱུས་གསོན་པོ་དེས་ལོ་རྒྱུས་རྫུན་མའི་མཚང་དམར་འདོན་བྱེད་ངེས་རེད། དེའི་ཕྱིར་ལོ་རྒྱུས་རྫུན་བཟོ་དེར་ལམ་འགྲོ་མེད་པ་སྔ་སེ་ནས་ཤེས་ཡོད་ན། རྒྱ་གཞུང་དང་བལ་གཞུང་གཉིས་ཀྱིས་ཞབས་འདྲེན་འདི་འདྲ་རེ་ཞུ་དགོས་དོན་གང་ལ་ཡོད། འོན་ཀྱང་འདི་ནི་རྒྱལ་ཁབ་འདི་གཉིས་ཀའི་ཆབ་སྲིད་ཀྱི་དགོས་དབང་གིས་རེད། ཆབ་སྲིད་ཀྱི་དགོས་དབང་གིས་འདས་པའི་དུས་ལ་བལ་པོས་རྒྱ་ནག་ལ་ཁྲལ་འཇལ་བའི་ལོ་རྒྱུས་ཀྱང་ཡོད་ལ། དེ་ཡང་ཆབ་སྲིད་ཀྱི་དགོས་དབང་ཙམ་རེད། ཆབ་སྲིད་ཀྱི་དགོས་དབང་གིས་དེའི་རིགས་རྒྱལ་ཁབ་འདི་གཉིས་ཀས་ད་ལྟ་མི་གླེང་བར་གོ་མེད་ཚོར་མེད་ཟོལ་གྱིས་རེ་ཞིག་བཞག་ཡོད་ཀྱང་ཆབ་སྲིད་ཀྱི་དགོས་དབང་གིས་མ་འོངས་པའི་ཉིན་གཅིག་ལོ་རྒྱུས་དེ་བལ་ཡུལ་རྒྱའི་ཆ་ཤས་ཡིན་པའི་སྒྲུབ་བྱེད་དུ་རྒྱ་ནག་གིས་མི་བགྲང་བའི་ངེས་ག་ལ་ཡོད།
རིན་ཐང་ལྡན་པ་ཞིག་བྲིས་འདུག སྐུ་ཞབས་འཇམ་དབྱངས་ནོར་བུ་སོགས་ཀྱིས་ཀྱང་མ་རྙེད་པའི་དཔང་ཡིག་ཅིག་ཡིན་པ་འདྲ །
བོད་དོན་ཆབ་སྲིད་ཐད་ཀྱི་གལ་གནད་མི་ཉུང་བ་ཞིག་གསལ་བའི་དཔྱད་གཏམ་འདི་འདྲ་བ་བསྒྱུར་གནང་བ་འདིས་ང་ཚོའི་འཐབ་རྩོད་བྱེད་ཕྱོགས་ལ་ཕན་ནུས་མང་པོ་ཞིག་ཐོན་རྒྱུ་ཡིན་པའི་ཡིད་ཆེས་བྱེད་འོས་པར་སོང་། མ་འོངས་པར་ཡིག་བསྒྱུར་མཁན་སུ་ཡིན་ཡང་གནད་དོན་འདི་འདྲ་བ་དག་བསྒྱུར་ཐུབ་ན་དགེ་མཚན་ཧ་ཅང་ཆེན་པོར་མཐོང་། དེར་བརྟེན་ད་ལན་བསྒྱུར་འདི་ལ་དགའ་བསུ་གྲངས་མེད་ཡོད།
བལ་ཡུལ་རྒྱལ་ཁབ་ཀྱིས་རང་གི་དངོས་ཡོད་ཀྱི་ལོ་རྒྱས་འདི་བརྗེད་སོང་བ་མ་ཡིན་མོད།
རྒྱ་ནག་གི་གནོན་ཤུགས་ཁོ་ནའི་དབང་གིས་རྒྱ་ནག་གཅིག་གི་སྲིད་བྱོས་ལ་རྒྱབ་སྐྱོར་མི་བྱེད་ཐབས་མེད་ཆགས་ཡོད་པ་དེར་ང་ཚོས་ཀྱང་བསམ་ཤེས་ཐུབ་དགོས་པ་ཞིག་རེད།
གལ་སྲིད་བལ་ཡུལ་རྒྱལ་ཁབ་འདི་རྒྱ་ནག་ལ་ཤུགས་ཆེར་བསྟུན་མི་དགོས་པར་རང་ཚིགས་ཐུབ་པའི་རྒྱལ་ཁབ་ཞིག་ཡིན་ན་ཏན་ཏན་ད་ལྟ་བོད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་སྨྲོས་མེད་རེད།