མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ལ་སློབ་སྟོན་ཞིག་བྱས་ན།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

སད་མི་ཅོང་ཐོགས།    

སྤྱིར་ན་ངས་ཆབ་སྲིད་མི་ཤེས།  དེའི་རྐྱེན་གྱི་དགའ་ཡང་མི་དགའ། དོ་སྣང་མེད་པས་ཁ་ཡང་གྲགས་མི་འདོད།  འོན་ཀྱང་ང་དྲང་བདེན་ལ་དགའ། དྲང་བདེན་གྱི་རྒྱབ་རྩར་སྲོག་བསྡུས་ཀྱིས་སྒྲེང་ན་འདོད། དྲང་བདེན་གྱི་རྒྱབ་རྩར་བགྲེངས་ཏེ་གཡོ་རྫུན་གྱི་རིགས་མཐའ་དག་ཕམ་པར་རྒྱག་ན་འདོད། དེ་བས། ཁ་ཚ་དགོས་གཏུགས་ཀྱི་སྐད་ཆ་འགའ་ངས་འདིར་ཨུ་ཚུགས་ཀྱིས་བཤད་རྒྱུ་ཡིན་ལ། གཡས་ཕོག་གཡོན་རྩུབ་ཀྱི་གནད་དོན་རེ་བྱུང་ཚེ་དཀྱེལ་ཡངས་གནང་རོགས་ཞུ་རྒྱུ་ཡིན།  

 

ཚང་མས་ཤེས་གསལ་ལྟར་ཉེ་བའི་ལོ་ཟླ་འདི་དག་གི་རིང་ལ་བོད་ནང་གི་གནས་ཚུལ་ཛ་དྲག་རེད། ཛ་དྲག་གི་གནས་ཚུལ་བྱུང་རིམ་བཞིན་རྒྱ་གཞུང་གིས་རང་ཉེས་གཡོ་འགེབས་དང་བོད་ཀྱི་དངོས་ཡོད་འཁྱོག་བཟོ་བྱེད་བཞིན་ཡོད།  ཉེ་བའི་དུས་ཚོད་འདིའི་ནང་།  བོད་དུ་རང་ལུས་མེར་བསྲེགས་ཀྱིས་རང་དབང་དང་དྲང་བདེན་རྩོད་པའི་གནས་ཚུལ་འདི་དག་གི་ཐད་ལ།  རྒྱ་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་དེ་དག་ནི་ལོ་ན་མ་ཟིན་ཞིང་བསམ་བློ་མ་སྨིན་པའི་བསམ་མེད་ཞེ་གཅིག་ཡིན་པ་དང་།  ཁོ་ཚོར་ཕྱི་རོལ་གྱི་བོད་མི་ལོག་སྤྱོད་པས་ངན་སྐུལ་མགོ་སྐོར་བཏང་བ་ཞིག་དང་། བྱ་སྤྱོད་དེ་ནི་མངོན་གསལ་མིན་པའི་འཇིགས་སྐུལ་དྲག་སྤྱོད་པའི་བྱ་སྤྱོད་དང་རྒྱལ་ཁབ་མགོ་རྟིང་སློག་པའི་བྱ་ཐབས་ཤིག་ཡིན་པར་འུར་བརྗོད་བྱེད་ཀྱི་ཡོད། རྒྱ་གཞུང་གིས་ད་བར་བསགས་པའི་ཉམས་མྱོང་ལས་བྱ་ཐབས་འདི་ནི་ད་བཟོད་རྒྱལ་ཕྱི་ནང་གི་སྨྲ་མགོ་གནོན་ཐུབ་ཅིང་། སུ་ལ་ཡང་དོགས་སྣང་མི་དགོས་པར། ངོ་རྒོལ་བ་ཚོའི་ཐོག་ཅི་འདོད་དུ་དྲག་སྤྱོད་སྤེལ་ཆོག་པའི་ཐབས་ལམ་ཡག་ཤས་དེ་ཡིན་པར་མཐོང་ཡོད།

 

བོད་དུ་རང་ལུས་མེར་བསྲེགས་སོགས་ཀྱི་ངོ་རྒོལ་དོན་རྐྱེན་བྱུང་ཐེངས་བཞིན། རྒྱ་ནག་མི་དམངས་ཚོས་གང་ཡིན་ཅི་ཡིན་སྙམ་གྱི་ཡོད་ལ། འཚོ་བ་འདི་འདྲ་སྐྱིད་རུང་ཁོ་ཚོ་ད་དུང་འདུག་མི་ཐུབ་པར། དོན་ངོ་མར་ཁོ་ཚོས་ཅིི་ཞིག་བྱེད་འདོད་པ་རེད་སྙམ་གྱི་ཡོད། རྒྱ་གཞུང་གིས་ཕྱིའི་བརྒྱུད་ལམ་བཀག་པས་རང་གི་སློབ་གསོ་དང་ཕྱོགས་སྟོན་ཐབས་ལམ་གྱིས་རྒྱ་ནག་དམངས་ཚོགས་གནའ་ནས་རང་གི་ཞབས་འོག་ཏུ་བཅུག་ཡོད་པས། སྐབས་འདི་དག་ཏུ་མེས་རྒྱལ་དང་མི་རིགས་ལ་རྒོལ་བ་ཡིན་ཚུལ་གྱི་སྐད་ཆ་ཚིག་འགའ་ཡིས་དམངས་ཚོགས་མག་འཇམ་མེར་གྱུར་འགྲོ་ཞིང་། རང་ཕྱོགས་སུ་ཀ་བ་ལངས་ལངས་བྱེད་འགྲོ་བས་སུ་གང་ལ་ཡང་ཞེད་སྣང་དང་འཚེར་སྣང་དགོས་ཀྱི་མེད།  རྒྱ་གཞུང་གི་ཐབས་ལམ་འདི་ཧ་ཅང་ལམ་ལྷོང་བྱུང་བས། བོད་མི་དམངས་ཚོགས་ཀྱིས་གཉའ་མནོན་དང་མནར་གཅོད་ཅི་འདྲ་ཞིག་མྱངས་རུང་རྒྱ་ནག་དམངས་ཚོགས་ཀྱིས་གདུང་སེམས་མཉམ་བསྐྱེད་གནང་རྒྱུ་ཕར་ཟད། དེ་ལས་སྡང་ཟུག་དང་སྡིགས་དམོད་བྱེད་ཀྱི་ཡོད་ལ།  ཤུགས་རྐྱེན་དེས་ཐ་ན་རང་དབང་དང་དམངས་གཙོའི་རྒྱལ་ཁབ་དག་ཏུ་སྡོད་པའི་རྒྱ་རིགས་མི་སེར་ཚོས་ཀྱང་བོད་པའི་ཐོག་ལ་སྡང་ཟུག་དང་ལྟ་སྟངས་ངན་པ་འཆང་གིན་ཡོད།  

 

རྒྱ་ནག་གཞུང་ཕྱོགས་ཀྱི་རྒྱུས་མངའ་དང་གདེང་ཚོད་ཀྱི་རྒྱུན་འཁྱོངས་དང་། བོད་གཞུང་ཕྱོགས་ཀྱི་སྡར་གཤིས་དང་བླུན་རྨོངས་ཀྱི་འཐུས་ཤོར་འོག་ནས། བོད་མི་དམངས་ཚོགས་ཀྱིས་གནའ་ནས་ད་བར་དཀའ་སྡུག་དང་སྡུག་གྱོང་རྐྱང་རྐྱང་འཁུར་ནས་འོངས་པ་རེད་ལ། ད་དུང་འཐུས་ཤོར་གྱི་རྣམ་པ་དེ་ལ་འགྱུར་བ་ཞིག་གཏོང་མ་ཐུབ་ཚེ་བོད་མི་དམངས་ཚོགས་ཀྱིས་མུ་མཐུད་དུ་སྡུག་ཐོག་སྡུག་བརྩེགས་ཀྱི་གྱོང་ནག་འཁུར་ནས་རྫོགས་དགོས་རྒྱུ་རེད། ང་ཚོའི་ཕྱོགས་ནས་རྒྱ་ནག་ནང་ཁུལ་ལ་གནས་ཚུལ་ཇི་བཞིན་པ་ཤེས་སུ་འཇུག་མ་ཐུབ་པ་ནི་སྐད་བརྡ་དང་ས་ཆའི་གནས་བབས་ཀྱི་ཡིན་པར་བསྙད་ཆོག་ན་ཡང་། ཡུལ་དང་སྐད་བརྡའི་བཀག་རྒྱ་མེད་པའི་ཕྱི་སྡོད་རྒྱ་རིགས་ཚོར་གནས་ཚུལ་གསལ་སྟོན་དང་འབྲེལ་གཏུག་གྲོགས་སྒྲིག་བྱེད་མ་ཐུབ་པ་ནི་འཐུས་ཤོར་གྱི་ཚབ་མཚོན་ཞིག་ཡིན་པར་སུ་ཡིས་བསྙོན།   

 

ཁ་སང་ཁེ་ཉིན་གྱི་བཀའ་སྤྱི་མཉམ་རུབ་ཀྱི་ལས་འགུལ་དེ་ཡང་།  རྒྱུན་དང་རྔ་མ་མེད་པའི་ཉིན་ཤས་ཀྱི་འཁྲབ་སྟོན་ཞིག་ཡིན་པ་རྒྱ་གཞུང་ཙམ་མ་ཟད་ང་ཚོ་སུ་ཡིས་ཀྱང་ཤེས་པ་ཞིག་ཡིན་མོད།  ཅུང་བློ་ཕམ་དགོས་པ་ཞིག་ལ།  ལས་འགུལ་སྐབས་བཏོན་པའི་ཆ་རྐྱེན་གཉོམ་དྲགས་པ་དང་།  འབོད་ཚིག་གིས་བོད་ནང་གི་ལུས་སྲོག་བློས་གཏོང་གིས་རྩོད་ལེན་བྱེད་པའི་བོད་ཀྱི་བདེན་དོན་དེ་ང་ཚོ་དང་འབྲེལ་མེད་ཡིན་པ་ལྟ་བུའི་ཚོར་སྣང་སྟེར་འོངས་པ་དེ་རེད། གདུང་སེམས་མཉམ་སྐྱེད་ཅེས་པའི་ཚིག་འདི་མི་ཞིག་ལ་སྡུག་བསྔལ་དང་དཀའ་ངལ་བྱུང་སྐབས་དེ་ལ་གདུང་སེམས་སྟོན་པའི་ངག་ཚིག་ཅིག་ལས། རང་དང་ཐུན་མོང་གི་དགོས་དམིགས་རྩོད་ལེན་བྱེད་སྐབས་སྤྱོད་རྒྱུའི་འབོད་ཚིག་ཅིག་མ་རེད་དེ། འབོད་ཚིག་དེས་ཁྱོད་ཚོས་རང་གི་དགོས་དོན་རྩོད་པ་ང་ཚོ་དང་འབྲེལ་བ་མེད་ན་ཡང་ང་ཚོས་ཁྱོད་ཚོའི་དཀའ་སྡུག་ལ་གདུང་སེམས་བྱེད་ཀྱི་ཡོད་ཅེས་པ་ལྟ་བུ་ཞིག་སྟོན་པ་རེད། ང་ཚོ་སུ་ལ་ཡང་ཚོར་སྣང་ཡོད་པ་བཞིན། བོད་ནང་གི་བོད་མི་ཚོས་གཅེས་པའི་ལུས་སྲོག་ཚུན་ཆད་བློས་གཏོང་གིས་བོད་ཐུན་མོང་གི་ཐོབ་ཐང་རྩོད་ལེན་བྱེད་པའི་སྐབས་འདིར། ང་ཚོའི་ཕྱོགས་ནས་ང་ཚོའི་དོན་དག་དང་འབྲེལ་མེད་ཡིན་པ་ལྟ་བུའི་རྣམ་འགྱུར་སྟོན་པ་ནི་ཆེས་མ་འོས་པ་ཞིག་རེད།  

 

འོ་ན་ང་ཚོས་རང་གི་རྣམ་འགྱུར་དང་སྐད་སྒྲ་ལ་འགྱུར་བ་ཅི་འདྲ་ཞིག་གཏོང་དགོས་ཞེ་ན། ང་ཚོས་ཁོང་ཅག་གི་འབོད་སྒྲ་དེ་ང་ཚོའི་འབོད་སྒྲ་ཡང་ཡིན་པ་གསལ་བོར་སྟོན་དགོས་ལ། དུས་ཚིགས་ཤིག་དང་དྲན་གསོ་ཙམ་མ་ཡིན་པར། བདེན་དོན་འཐབ་རྩོད་ཀྱི་གོམ་པ་དེ་མུ་ནས་མུ་མཐུད་སྤོ་དགོས་པ་ཡིན། ང་ཚོས་སྐད་སངས་མཐོན་པོས་རྒྱལ་སྤྱིའི་ཕྱོགས་སོ་སོར་བསྒྲེངས་ཏེ། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས།  སྨྲ་བརྗོད་རང་དབང་དགོས།  སྐད་ཡིག་རང་དབང་དགོས། མི་རིགས་འདྲ་མཉམ་གྱི་ཐོབ་ཐང་དགོས། དྲག་སྤྱོད་དང་བཙན་གནོན་མཚམས་འཇོག་དགོས་པ་བཅས་ཀྱི་དགོས་འདུན་དང་འབོད་སྐུལ་ཤུགས་ཆེར་སྒྲོག་དགོས་ལ། རེ་འདུན་དེ་འཛམ་གླིང་གི་རྒྱལ་ཁབ་ཡོད་ཚད་ཀྱི་སྒོ་རྩར་བསྐྱལ་ཏེ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དུ་འཇུག་དགོས། དེ་དང་མཉམ་དུ་ཐབས་ལམ་སྣ་ཚོགས་ཀྱིས་རྒྱ་ནག་མི་མང་ལ་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་སུ་འཇུག་དགོས་པ་དང་།  གུང་ཁྲན་གཞུང་གི་གདོང་རིས་ངོ་མ་དེ་མི་རྣམས་ལ་ཤེས་སུ་འཇུག་དགོས། 

 

རྒྱ་གཞུང་གུང་ཁྲན་གྱི་དྲག་སྤྱོད་དང་བཙན་གནོན་ལ་ངོ་རྒོལ་བྱེད་མཁན་ནི་བོད་གཅིག་པུ་མ་ཡིན་པར།  དྲུག་བཞིའི་སློབ་མའི་ཤུལ་མི་དང་།  དམངས་གཙོ་དོན་གཉེར་བ།  རྩ་རླུང་སྒོམ་སྒྲུབ་པ། ཁོར་ཡུག་སྲུང་སྐྱོབ་པ་སོགས་ཧ་ཅང་མང་བས། ང་ཚོའི་ངོས་ཐད་ནས་ཁོང་ཅག་ལ་འབྲེལ་གཏུག་མཐུན་སྒྲིལ་དང་སྟོབས་ཤུགས་མཉམ་སྒྲིལ་བྱ་དགོས་པར་མ་ཟད། ཁོང་ཚོའི་ནུས་པར་བརྟེན་ཏེ་སྐམ་ས་ཆེན་མོའི་རྒྱ་ནག་མི་དམངས་ལ་དངོས་དོན་གསལ་སྟོན་གྱིས་བདེན་དོན་གནས་ལུགས་ལ་བློ་ཁ་ཕྱོགས་སུ་འཇུག་དགོས།  བོད་མི་ཚོས་བོད་དོན་ལས་འགུལ་སྤེལ་སྐབས། ཐོག་མའི་ཆར་ཚ་ཚ་འུར་འུར་འདྲ་ཞིག་ཡིན་རུང་། ཉིན་ཤས་འདས་རྗེས་མག་འཇམ་མེར་འགྱུར་འགྲོ་བས། གཏིང་ཕུགས་མེད་པའི་བྱ་སྤྱོད་འདིའི་རིགས་ལ་རྒྱ་གཞུང་སྔ་མོ་ནས་རྒྱུས་མངའ་ཆེ་ཞིང་མིག་མདུན་གསལ་བོ་ཡིན་པས། སྐབས་དེ་རིང་ལ་གཟབ་གཟབ་དང་མགོ་སྐོར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཉེན་མགོ་ནོན་ཙམ་བྱུང་ན།  དེ་ནས་སྔར་བཞིན་གཉིད་སྐྱིད་པོར་རོལ་ནས་སྡོད་ཆོག་པའི་གདེང་ཚོད་རྣམ་དག་ཅིག་ཡོད། ད་ནི་ང་ཚོས་ད་བར་བརྒྱུད་པའི་ལམ་ཁའི་མཉམ་མྱོང་གཞི་ལ་བཞག་སྟེ། རྒྱ་གཞུང་གི་གཉིད་ལམ་དེ་དཀྲོག་ཐབས་བྱེད་དགོས་ལ། མུ་དང་མཐའ་རུ་དེད་དེ་སླར་གཉིད་ལམ་དེར་འཇུག་ཐབས་མེད་པ་ཞིག་ཀྱང་བྱ་དགོས།                       

 

འབྲེལ་ཡོད་གསར་འགྱུར།

གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

མཆན། 7

  1. རོ་ལངས། says:
    ལོ་ 15 སྔོན།

    བསམ་འཆར་ཡག་པོ་ཞེ་དྲག་འདུག དེའི་ནང་ནས་ཀྱང་འཐམ་ཇུས་གཙོ་བོ་དེ་(རྒྱ་གཞུང་གུང་ཁྲན་གྱི་དྲག་སྤྱོད་དང་བཙན་གནོན་ལ་ངོ་རྒོལ་བྱེད་མཁན་ནི་བོད་གཅིག་པུ་མ་ཡིན་པར། དྲུག་བཞིའི་སློབ་མའི་ཤུལ་མི་དང་། དམངས་གཙོ་དོན་གཉེར་བ། རྩ་རླུང་སྒོམ་སྒྲུབ་པ། ཁོར་ཡུག་སྲུང་སྐྱོབ་པ་སོགས་ཧ་ཅང་མང་བས། ང་ཚོའི་ངོས་ཐད་ནས་ཁོང་ཅག་ལ་འབྲེལ་གཏུག་མཐུན་སྒྲིལ་དང་སྟོབས་ཤུགས་མཉམ་སྒྲིལ་བྱ་དགོས་པར་མ་ཟད། ཁོང་ཚོའི་ནུས་པར་བརྟེན་ཏེ་སྐམ་ས་ཆེན་མོའི་རྒྱ་ནག་མི་དམངས་ལ་དངོས་དོན་གསལ་སྟོན་གྱིས་བདེན་དོན་གནས་ལུགས་ལ་བློ་ཁ་ཕྱོགས་སུ་འཇུག་དགོས།) འདི་ཡིན་པར་འདོད།

    Reply
  2. གངས་ཅན། says:
    ལོ་ 15 སྔོན།

    དངོས་གནས་དགོངས་པའི་དཔྱད་གཞི་འོས་ཤིང། ལམ་སྟོན་གྱི་ཆེད་བརྗོད་ཅིག་བྲིས་འདུག་པས། མུ་མཐུད་ནས་དེ་འདྲའི་ལམ་སྟོན་ཡོད་པའི་རྩོམ་ཡིག་གང་མང་སྤེལ་རྒྱུ་གལ་ཆེ། དེ་མིན་ང་ཚོའི་ཤེས་ཡོན་ཡིན་ཟེར་མཁན་མང་པོ་ཞིག་ཁ་གཏོང་བ་དང། མ་འགྲིག་མ་འཇོན་པ། འཐུས་ཤོར་གྱི་སྣེ་རྐྱང་རྐྱང་སྒྲིག་ནས་བཤད་པ་ལས། དེ་དག་ལ་ཐབས་ལམ་དང་ལམ་སྟོན་མེད་པ། དཔྱད་པ་ཞིབ་མོ་མ་བཏང་བར་སེམས་ན་གང་དྲན་དང་ཁ་ནས་གང་ཐོན་སྨྲ་བ་ནི་སྐྱོན་གནད་ཅིག་རེད།
    རྒྱ་མི་ལ་འབྲེལ་བ་བྱེད་པ་དེ་ཡང་མ་ནོར་བ་ཞིག་དགོས་པ་གལ་ཆེ། ཁ་ཤས་ཤིག་གིས། རྒྱ་མི་ལ་འབྲེལ་བ་བྱེད་དགོས་ཀྱི་འདུག་ཟེར་བ་དེ་བེད་སྤྱོད་ལོག་པར་བཏང་སྟེ། རྒྱ་མིའི་ལག་ཆར་འགྲོ་བའི་གནས་ཚུལ་ཀྱང་འབྱུང་བཞིན་ཡོད་པ་ཨོ་སི་ཁྲོ་ལི་ཡ་ཡི་གནས་ཚུལ་དེར་ལྟོས་ན་ཤེས་ངེས་པས། འབྲེལ་བ་བྱེད་ཡུལ་དེ་ཡང་མ་ནོར་ཞིག་དགོས་པ་ལས་ཨ་མ་དང་མནའ་མ་ནོར་ན་དཔེ་ཟགས་ཡོང་བས། ཚང་མས་གཟབ་གཟབ་བྱས་ཏེ་འབྲེལ་བྱེད་རྒྱུ་དེ་ཡང་གལ་ཆེན་པོ་རེད།

    Reply
  3. གྲྭ་རྒོད says:
    ལོ་ 15 སྔོན།

    གྲོགས་པོ་ཚོ་རྩོམ་སྤེལ་མཁན་འདིས་ཡག་པོ་ཞིག་གསུང་འདུག་ངོ་མ་སེམས་ནས་དགའ་སོང་།འབོད་ཚིག་འདི་དག་བོད་ནང་གི་འབོད་ཚིག་ཡིན་པས་སྔོན་ཞིག་ནས་འདོད་པ་ཡོད། དེ་དེ་བཞིན་བྱ་རྒྱུ་གལ། རྒྱལ་སྤྱིའི་ཕྱོགས་སོ་སོར་སྐད་ཡིག་འདྲ་མིན་ཐོག་བསྒྲེངས་ཏེ། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། སྨྲ་བརྗོད་རང་དབང་དགོས། སྐད་ཡིག་རང་དབང་དགོས། མི་རིགས་འདྲ་མཉམ་གྱི་ཐོབ་ཐང་དགོས། དྲག་སྤྱོད་དང་བཙན་གནོན་མཚམས་འཇོག་དགོས་པ་བཅས་ཀྱི་དགོས་འདུན་དེ་ངེས་པར་ལག་ལེན་བྱ་དགོས་པ་ཞིག་རེད། བཀའ་སྤྱི་གཉིས་ཀྱི་ལས་འགུལ་དེའི་སྐབས་འབོད་ཚིག་དེ་དག་ཡག་པོ་ཞིག་བྱུང་མ་སོང་ལ་སྔོན་ནས་འབོད་ཚིག་གཅིག་གྱུར་ཞིག་བྱེད་རོགས་ཞེས་འབོད་བསྐུལ་ཞུས་ཡིན་འོན་ཀྱང་དངོས་ལེན་མེད་པ་འདྲ། དུས་ཐུང་བ་དེ་ཡང་དོན་དངོས་རེད། ཕྱོགས་ཡོངས་ནས་ལས་འགུལ་སྤེལ་སྟངས་ནོར་འདུག ཆོག་ཆེན་ཞུས་ནས་ལས་འགུལ་སྤེལ་བ་དེ་དག་འཁྲབ་སྟོན་གྱི་རྣམ་པ་རང་ལས་མེད་པ་ཤེས་དགོས་པ་ཞིག་རེད།

    Reply
  4. བསྟན་པ། says:
    ལོ་ 15 སྔོན།

    ཧ་ཅང་དགའ་བོ་བྱུང་། དཔྱད་རྩོམ་དོན་དང་ལྡན་པ་ཞིག་སྤེལ་འདུག་པས་ཐུགས་རྗེ་ཆེ། མུ་མཐུད་དུ་སད་རོགས་ཞུ།

    Reply
  5. ཨ་ར་དཀར་པོ says:
    ལོ་ 15 སྔོན།

    སད་མི་ཅོང་ཐོགས་ལ་ལེགས་སོ་ཞེས་ཞུ་འོ། ང་ཚོ་རང་སྟོབས་ཁོ་ནར་བསྟེན་ནས་ཡོང་དཀའ་བས་རྒྱབ་སྐྱོར་ངེས་པར་དུ་འཚོལ་དགོས། མཐུན་སྒྲིལ་ནི་ད་གཟོད་སྟོབས་ཤུགས་ཡིན། མཐུན་སྒྲིལ་བྱེད་ས་འཛམ་གླིང་མི་མང་དང་ལྷག་པར་གུང་ཁྲན་གྱི་གཉའ་གནོན་མྱོང་བཞིན་པ་དག་ཡིན། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱུང་ན་རྒྱ་གུང་ཁྲན་ལྕགས་ཀྱིས་བཟོས་པ་མིན་ལ་ང་ཚོའང་མར་གྱིས་བཟོས་པ་ག་ལ་ཡིན། ང་ཚོས་བོད་རང་་བཙན་བློས་བཏང་བ་བདེན་ཡང་ཆོས་དང་རིག་གཞུང་བློས་བཏང་མེད་ལ་བློས་གཏོང་ཀྱང་མི་སྲིད། ཆོས་དང་རིག་གཞུང་མི་རིགས་བཅས་ཀྱི་ཆེད་དུ་ང་ཚོས་སྲོག་ཀྱང་བློས་གཏོང་བཞིན་ཡོད། འདི་ཚང་མ་རང་དབང་གི་ཆེད་དུ་ཡིན། རང་དབང་ལ་དགའ་མཁན་ཚང་མ་ང་ཚོའི་རྒྱབ་ཏུ་ལངས་ངེས་ཡིན།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    རྒྱབ་སྐྱོར་ཡོད། སད་མི་ཅོང་ཐོགས ་མིང་ཡག་གི་དོན་ལྡན་གི
    རྒྱ་རིགས་མང་པོ་ཞིག་བློ་འགུགས་དང་གཉིད་སད་འཇུག་གནང་མཁན་ཡང་ཡིད་བཞིན་ནོར་བུ་ཉིད་ཡིན། བར་ལམ་ཞིག་ནས་སྐུ་ཚབ་དོན་གཅོད་ཁང་ལ་ལར་བོད་རྒྱ་འབྲེལ་ལམ་གྱི་འགན་རེ་སྤྲོད་ཀྱིན་ཡོད། འོན་ཀྱང་ང་ཚོའི་བཙན་བྱོལ་བོད་པ་ཚོ་ད་དུང་ཡང་རྒྱ་རིགས་ལ་དོགས་འཛེམ་དང་བར་ཐག་རིང་བོ་བྱས་ནས་སྡོད་ཀྱིན་ཡོད། ཕྱིའི་རྒྱལ་ཁབ་མང་པོའི་ནང་ན་བོད་རྒྱ་མེད་ས་དཀོན་པས་གོང་རིམ་དང་གཞི་རིམ་ཚང་མས་བློ་ཁོག་ཆེར་སྐྱེད་ཀྱིས་རྒྱ་རིགས་ཤེས་ཡོན་ཅན་ཚོར་ལག་པ་རེ་བཏང་ནས་བགྲོ་གླེང་བྱ་རྒྱུ་ཧ་ཅང་གལ་ཆེ། ཨ་རི་དང་ཡུ་རོབ་ནང་ལ་བོད་རྒྱ་མཛའ་འབྲེལ་རེ་བཙུགས་ཡོད་པ་ང་ཚོས་ཀྱང་མུ་མཐུད་ཚོགས་མི་ཇེ་མང་དང་ལས་གཞི་རྒྱ་སྐྱེད་བྱེད་དགོས།
    ཤར་ཕྱོགས་ཁུག་རྟ་ལགས་ཀྱིས<སེང་གེ་བཀའ་ཤག་གི་མདུན་ལམ>ནང་ལ་ “སེང་གེས་བཀའ་ཤག་གིས་ཕྱི་སྡོད་རྒྱ་རིགས་གང་ན་ཅི་ཡོད་རྣམས་ངྷ་སར་མགྲོན་འབོད་ཀྱིས་ཚོགས་ཆེན་དམིགས་བསལ་བ་ཞིག་བསྡུས་ཏེ་བོད་མིར་རང་དབང་ཐོབ་ཐབས་སུ་ཞུ་འབོད་བྱེད་དགོས་ཤིང་།་”ཟེར་བ་སོགས་ཀྱི་ལམ་སྟོན་གནང་བ་བཞིན་ང་ཚོས་ཕྱི་ལོགས་ཀྱི་རྒྱ་རིགས་མང་པོར་བདེན་པ་ར་སྤྲོད་ཐུབ་ན་དེ་དག་བརྒྱུད་ནས་རྒྱ་ནག་ནང་ལ་ཡང་ཕན་ནུས་ཐོན་ཐུབ།
    ད་དུང་ཀྲུང་གོའི་མི་རིགས་ཁག་གི་སྐྱིད་སྡུག་མཉམ་མྱོང་གི་འཐབ་གྲོགས་ཚོགས་པ་འཛུགས་གལ་ཆེ་ཚུལ་ཡང་དང་བསྐྱར་དུ་ཞུ་གིན་ཡོད།

    Reply
  7. oscargyatso says:
    ལོ་ 15 སྔོན།

    ཐུགས་སྣང་གནང་བ་ཡག་པོ་རེད་མུ་མཐུད་དུ་བྲིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese