མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཨ་རི་ཁུལ་གྱི་བོད་པའི་སློབ་གྲྭ་ཆུང་ཆུང་ཞིག

བོད་ཀྱི་དུས་བབ།
༢༠༡༡/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཨ་རིའི་ཁེལི་ཧྥོར་ནྱིའི་གྲོང་ཁྱེར་སན་ཧྥིརན་སིཀོ་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་ས་གནས་ཀྱི་བོད་རིགས་བྱིས་པ་ཚོར་དམིགས་ཏེ། འདས་པའི་ལོ་འགའི་གོང་ནས་གཟའ་མཇུག་གི་སློབ་གྲྭ་གསར་འཛུགས་ཀྱིས་བོད་རིགས་བྱིས་པ་ ༡༥༠ ཙམ་ལ་བོད་ཀྱི་སྐད་ཡིག་རིག་གཞུང་ངོ་སྤྲོད་བྱེད་ཀྱིན་ཡོད་སྟབས། གསར་འགོད་པ་ཆེད་སྐྱོད་ཀྱིས་གཟའ་མཇུག་གི་འཛིན་གྲྭ་དང་བསྟུན་ཏེ་སློབ་གྲྭའི་འདས་པའི་བྱུང་རབས་དང་། ད་ལྟའི་གནས་བབ། མ་འོངས་པའི་དམིགས་ཡུལ་བཅས་ཀྱི་སྐོར་ལ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་དང་དྲིལ་བསྒྲགས་འགན་འཛིན་ཐེ་པོ་སྤྲུལ་སྐུ་ལགས་དང་། དེ་གའི་སློབ་ཕྲུག་སྐོར་ཞིག་ལ་གླེང་མོལ་གྱི་ཚུལ་དུ་བཅར་འདྲི་ཞུས་པ་ཡིན།  

ཐོག་མར་གསར་འགོད་པ་ཐེ་པོ་སྤྲུལ་སྐུ་ལགས་ལ་ཐུག་འཕྲད་ཀྱིས་སློབ་གྲྭ་དེའི་ཐོག་མའི་བྱུང་རིམ་སྐོར་ལ་གླེང་མོ་བྱས་སྐབས། ཁོང་གིས “ འདི་ལྟར་ངོ་སྤྲོད་གནང་བྱུང་། སློབ་གྲྭ་འདི་ ༡༩༩༤ ལོར་ཐོག་མར་གསར་འཛུགས་བྱས་པ་རེད། སྐབས་དེར་ང་རང་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཡིན། དུས་ཚོད་དེར་རྒྱ་གར་ནས་བོད་མི་སྐྱབས་བཅོལ་བ་ ༡༠༠༠ ཙམ་ཨ་རིར་ལེན་འཆར་ཡོད་པ་དང་། ཁོང་ཅག་དང་མཉམ་དུ་ནང་མི་བུ་ཕྲུག་བཅས་ཡོད་པ་རེད། ཕྲུ་གུ་མང་ཆེ་བ་བོད་གཞུང་སློབ་གྲྭ་ཁག་ནས་སློབ་སྦྱོང་བྱེད་མཁན་ཆགས་ཡོད་སྟབས། ཁོང་ཚོའི་བོད་ཡིག་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བ་ཞིག་ལ་བསམ་བློ་གཏོང་ཁུལ་བྱས་པ་རེད།     



ཐོག་མ་འཛིན་ཁང་དང་དགེ་རྒན་ཡོད་པ་མ་རེད། ང་ཚོས་ (Barkley First Unitarian Church)ཟེར་བའི་ཡེ་ཤུའི་ལྷ་ཁང་ཞིག་ཏུ་འཛིན་གྲྭ་གོ་སྒྲིག་གིས་མི་གསུམ་གྱིས་དང་བླངས་ཐོག་བོད་ཡིག་བསླབ་རྒྱུ་བྱས་པ་རེད། འོན་ཀྱང་སློབ་ཕྲུག་ ༡༥ ཙམ་ལས་མ་བྱུང་སྟབས་དགེ་རྒན་གཅིག་གིས་འགན་བླངས་ཤིང་། བོད་རིགས་ཆིག་སྟོང་ཨ་རིར་འབྱོར་བའི་ཁྲོད་ནས་མི་ ༦༥ ས་གནས་འདིར་བཏང་སྟེ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པར་མི་གྲངས་ ༡༠༠༠ ལས་བརྒལ་བ་རེད། སྐབས་དེ་ནས་སློབ་ཕྲུག་ཇེ་མང་དུ་སོང་ཞིང་དགེ་རྒན་ཡང་མང་དུ་གཏོང་དགོས་བྱུང་བ་དང་། འཛིན་ཁང་ལ་དཀའ་ངལ་འཕྲད་དེ་འཛིན་གྲྭ་རེ་ཟུང་སྤང་ཐོག་ཏུ་ཚོགས་པ་རེད། རྗེས་སུ་རིམ་པས་ (Barkley Adults School)ཞེས་པའི་སློབ་གྲྭའི་འཛིན་ཁང་བཞི་ལྔ་ཞིག་ལ་ཁང་གླ་སྤྲད་དེ་གཟའ་མཇུག་གི་འཛིན་གྲྭ་ཚང་མ་འདིར་ཚོགས་བཞིན་ཡོད། ད་ཆ་སློབ་གྲྭ་འདིར་བོད་ཡིག་དགེ་རྒན་ ༦ དང་། ཟློས་གར་དགེ་རྒན་ ༢ ། དགེ་ཆེ་གཅིག་བཅས་ལ་གསོལ་ཕོགས་ཀྱང་སྤྲོད་མུས་ཡིན” ཞེས་ངོ་སྤྲོད་གནང་བྱུང་།



ཡང་ཁོང་ལ་སློབ་གྲྭའི་འགྲོ་སོང་སུ་ཞིག་གིས་གཏོང་གི་ཡོད་མེད་དང་། སློབ་དེབ་དང་དགེ་རྒན་ཇི་ལྟར་འདེམས་སྒྲིག་བྱེད་ཀྱི་ཡོད་མེད་དྲིས་པར། “ ས་གནས་མངའ་སྡེའི་ངོས་ནས་ལོ་རེར་ཁ་གསབ་སྒོར་ ༤༠༠༠༠ སྤྲོད་ཀྱི་ཡོད་པ་དང་། དེ་ནས་ཕ་མ་རྣམས་ཀྱིས་ལོ་རེར་སློབ་ཡོན་ལྟ་བུའི་དོད་དུ་བུ་ཕྲུག་རེར་སྒོར་ ༡༥༠ ཙམ་སྤྲོད་ཀྱི་ཡོད། དེ་ལས་གཞན་ཚང་མ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་ཐབས་ཤེས་བྱེད་ཀྱི་ཡོད།

ད་ལྟའི་ཆར་སློབ་དེབ་གཏན་འབེབ་ཡོད་པ་མ་རེད། དགེ་རྒན་ཚོས་བོད་གཞུང་གི་སློབ་དེབ་ལ་གཞི་བཞག་སྟེ་སློབ་དེབ་ཅིག་གྲ་སྒྲིག་ཞུ་རྒྱུའི་འཆར་གཞི་ཞིག་ཡོད་པ་རེད། དགེ་རྒན་རྣམ་པ་རྒྱ་གར་ནང་དགེ་རྒན་བྱས་མྱོང་མཁན་ཤ་སྟག་ཆགས་ཡོད།  སློབ་ཕྲུག་གི་ཤེས་ཚད་ཀྱི་ཐོག་ནས་ང་ཚོས་ཐོག་མ་རེ་བ་བརྒྱབ་པ་ལྟ་བུ་ཞིག་ཡོང་དཀའ་ཡང་། སློབ་གྲྭ་འདི་འཛུགས་ཐུབ་པ་ཙམ་གྱིས་རྒྱལ་ཁ་ཆེན་པོ་ཞིག་ལ་རྩི་བཞིན་ཡོད ” ཅེས་བརྗོད་བྱུང་།



ཡང་གསར་འགོད་པས་ཁོང་ལ་སྤྱིར་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་ཕྲུག་ཚོར་བོད་སྐད་བོད་ཡིག་ཡར་རྒྱས་གཏོང་རྒྱུར་ཐབས་ལམ་གང་འདྲ་གཟིགས་ཀྱི་ཡོད་མེད་དང་། སློབ་གྲྭ་འདིར་མཚོན་ན་མངའ་སྡེ་གཞུང་གིས་རྒྱབ་སྐྱོར་དང་ངོས་ལེན་གྱི་ལམ་ཁ་དེ་འདྲ་ཡོད་མེད་དྲིས་པར། ཁོང་གིས “ གཙོ་བོ་ཕ་མ་ཚོའི་ངོས་ནས་ཉིན་རྒྱུན་སོ་སོའི་བུ་ཕྲུག་ཚོར་རང་རང་གི་ཁྱིམ་ཚང་གི་ལོ་རྒྱུས་དང་། ས་གནས་སོ་སོའི་ལོ་རྒྱུས། དེ་ནས་རང་གི་ཤེས་ཚད་ལ་དཔག་པའི་བོད་སྤྱིའི་ལོ་རྒྱུས་སོགས་སྒྲུང་གི་ཚུལ་དུ་བཤད་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད། བྱང་ཨ་རིའི་ས་གནས་འདིར་མཚོན་ན་ཡང་ང་ཚོ་རྒྱུན་ལས་ཚོའི་ངོས་ནས་ཞིབ་འཇུག་རབ་དང་རིམ་པ་བྱེད་ཀྱི་ཡོད། མ་འོངས་པར་བོད་ཕྲུག་ཚོ་དང་ཕ་མ་བཅས་མཉམ་འཛོམས་ཐོག་ནས་ང་ཚོའི་སྤྱི་ཁང་ནང་དུ་འཛོམས་ནས། བོད་སྐད་བཤད་པ་དང་། བོད་གཞས་གཏོང་བ་སོགས་ཀྱི་ལས་འགུལ་ཞིག་གོ་སྒྲིག་ཞུ་འཆར་ཡོད། དེ་བཞིན། བོད་སྤྱིའི་ས་ཁྲ་ཁ་གསལ་བོ་དེ་འདྲ་ཕ་མ་ཚོར་སྤྲད་དེ་ཕ་མ་ཚོའི་ངོས་ནས་བུ་ཕྲུག་ལ་ས་ཁྲའི་ཐོག་ནས་བོད་ངོ་སྤྲོད་བྱ་རྒྱུ་དེ་འདྲ་ཡང་ཡོད། ཕྲུ་གུ་ཚོས་སོ་སོའི་ཕ་མའི་གམ་ནས་རང་རང་གི་ལོ་རྒྱུས་ཕྲན་བུ་རེ་ཤེས་ཡོད་ན། རྨང་གཞི་དེའི་ཐོག་ལ་སློབ་གྲྭ་ནས་བོད་སྤྱིའི་ལོ་རྒྱུས་སློབ་ཁྲིད་བྱས་ན་བློ་སྒོ་ཕྱེ་ཡོང་གི་རེད་སྙམ།  



སློབ་གྲྭ་འདི་མངའ་སྡེ་གཞུང་གིས་ངོས་ལེན་ཡོང་མིན་ཐད། སྤྱིར་མི་འབོར་ལ་གཞིགས་ན་རེ་བ་མེད་པ་ཞིག་མ་རེད། ས་གནས་འདིའི་ཀོ་རི་ཡ་དང་། ཝེ་ཊི་ནམ། རྒྱ་རིགས་སོགས་ལ་མིག་དཔེ་བལྟ་ས་ཡོད་པ་རེད། ཁོང་ཚོར་མི་རིགས་རང་རང་གི་བྱིས་གསོ་ཁང་དང་སློབ་ཆུང་། སློབ་འབྲིང་བར་དུ་ཡོད་པ་རེད། ལས་དོན་འདིར་ས་གནས་བོད་པ་ཚང་མས་མཉམ་རུབ་ཀྱི་ནུས་པ་འདོན་དགོས་པ་རེད། བོད་པ་ཚོས་དངུལ་ཏོག་ཙམ་རེ་བསགས་མ་ཐག ལམ་སེང་བོད་ནང་དང་རྒྱ་གར་ལ་བསྐུར་ཏེ་སོ་སོའི་ནང་མི་གཉེན་ཉེ་ཚོའི་སྟེང་ལ་སྤུངས་པ་ལས་སྤྱི་བར་བསམ་བློ་གཏོང་མཁན་མི་འདུག མི་རིགས་གཞན་པ་ཚོས་སོ་སོའི་ཁོར་ཡུག་ལ་མ་རྩ་བཙུགས་ཏེ་སྤྱི་ཚོགས་རྒྱ་སྐྱེད་ཀྱི་ཡོད་པ་རེད། ང་ཚོས་ཀྱང་ཕུགས་ལ་བསམ་བློ་བཏང་སྟེ་སྤྱི་ཚོགས་དང་ཁྲོམ་རྭ། སློབ་གྲྭ་སོགས་འཛུགས་རྒྱུར་ཤུགས་བརྒྱབ་ན་ཡག་པོ་ཡོང་གི་རེད ” ཅེས་ཧ་ཅང་དོ་སྣང་ཆེན་པོས་བརྗོད་བྱུང་།

 

སློབ་བུ་ངག་དབང་ངམ། དབྱིན་མིང་ལ་(Skyler)ཞུ་བ་ཁོང་ནི་ཕྱེད་བོད་རིགས་དང་ད་ལྟ་རང་ལོ་ ༧ རེད། གསར་འགོད་པས་ཁོང་ལ། ཅིའི་ཕྱིར་བོད་ཡིག་སྦྱོང་གི་ཡོད་པ་དང་། བོད་ཡིག་ལ་དགའ་སྣང་ཡོད་མེད་དྲིས་པར། “ བོད་ཡིག་ནི་ཧ་ཅང་མགོ་རྙོག་པོ་འདུག ང་རང་བོད་ཡིག་སྦྱོང་རྒྱུར་དགའ་བོ་མི་འདུག ཡིན་ན་ཡང་། ཨ་མ་ལགས་བོད་ཡིན་པས། མོ་རང་གིས་ཨུ་ཚུགས་བསྐྱོན་ཏེ་ང་ལ་བོད་ཡིག་བསླབ་ཏུ་བཅག་པ་རེད། མོས་བཤད་ན་བོད་སྐད་ཤེས་ན་རྗེས་མ་བོད་རིགས་ཚོ་དང་ཐུག་དུས་དཀའ་ངལ་འཕྲད་ཀྱི་མ་རེད་ལབ་སོང” ཟེར།   ཡང་ཁོ་ལ་དུས་རྒྱུན་ནང་ན་བོད་སྐད་བཤད་ཀྱི་ཡོད་མེད་དྲིས་པར། “ ཨ་མས་ནམ་རྒྱུན་ནས་ང་ལ་བོད་སྐད་རྐྱང་རྐྱང་བཤད་ཀྱི་འདུག  ཡིན་ན་ཡང་ངས་ཧ་མ་གོ་དུས་མོས་དབྱིན་སྐད་བཤད་ཀྱི་འདུག ” ཟེར།  སློབ་བུ་ངག་དབང་ལགས་ནི་འཛིན་གྲྭ་འདིར་ཞུགས་ཏེ་ཉིན་ ༥ ལས་ཕྱིན་མི་འདུག་ལ། དེ་སྔོན་བོད་ཡིག་སྦྱོང་སའི་འཛིན་གྲྭ་གཞན་ཞིག་ལ་སོང་མྱོང་རབས་བཤད།

 

རང་ལོ་ ༩ ཡིན་པའི་སློབ་བུ་བསྟན་འཛིན་བསམ་གཏན་ནི་རྒྱ་གར་དུ་སྐྱེས་ཤིང་ལོ་བཞི་ཙམ་ནས་ཕ་མ་གཉིས་དང་མཉམ་དུ་ཨ་རིར་གནས་སྤོར་བྱས་པ་ཞིག་ཡིན་འདུག གསར་འགོད་པས་ཁྱེད་རང་རྒྱ་གར་གྱི་ས་ཁུལ་གང་དུ་སྐྱེས་སྐོར་དྲིས་བར་ཁོས་མགོ་གཡུག་གཡུག་གིས་ཤེས་ཀྱི་མེད་ཟེར། ཁོ་རང་ལའང་བོད་ཡིག་བོད་སྐད་སྦྱོང་འདོད་ཆེན་པོ་མི་འདུག་ཀྱང་། ཕ་མས་ཨུ་ཚུགས་ཀྱིས་བོད་ཡིག་སྦྱོང་བར་བཏང་སོང་ཟེར། གསར་འགོད་པས་དུས་རྒྱུན་ནང་དུ་བོད་སྐད་བཤད་ཀྱི་ཡོད་མེད་དྲིས་པར། “ ངའི་ཕ་མ་གཉིས་ཀྱིས་དབྱིན་སྐད་ཡག་པོ་ཤེས་ཀྱི་ཡོད་པ་མ་རེད། དུས་རྒྱུན་བོད་སྐད་རྐྱང་རྐྱང་བཤད་ཀྱི་འདུག ང་ལ་བཤད་སྐབས་གོ་བརྡ་མ་འཕྲོད་ན་དབྱིན་སྐད་བཤད་ཀྱི་འདུག” ཟེར། 

 

རང་ལོ་ ༡༡ ཡིན་པའི་སློབ་བུ་ཀུན་དགའ་གཡང་འཛོམས་ནི། རྒྱ་གར་དུ་སྐྱེས་ཤིང་འཛིན་རིམ་གསུམ་པ་ཐོན་རྗེས་ཕ་མ་དང་མཉམ་དུ་ཨ་རིར་གནས་སྤོར་བྱས་ཏེ། ད་ལྟ་སློབ་གྲྭ་འདིའི་འཛིན་གྲྭ་གསུམ་པར་སློབ་སྦྱོང་བྱེད་ཀྱིན་འདུག  མོས་བཤད་ན་ “ བོད་ཡིག་དང་བོད་སྐད་སྦྱང་རྒྱུར་ང་རང་ཧ་ཅང་དགའ་བོ་འདུག ངས་བོད་ཀྱི་རོལ་མོ་སོགས་ལ་ཡང་སློབ་སྦྱོང་བྱེད་ཀྱི་ཡོད” ཟེར།  གསར་འགོད་པས་ཅིའི་ཕྱིར་བོད་ཡིག་སྦྱོང་གི་ཡོད་མེད་དྲིས་པར “ ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་སྐད་བོད་ཡིག་སྦྱང་རྒྱུ་རང་གི་འགན་འཁྲི་རེད་དྲན་གྱི་ཡོད། མ་ཟད། མ་འོངས་པར་ང་རང་གིས་ཁྲིམས་ལུགས་སློབ་སྦྱོང་བྱས་ཏེ། ཁྲིམས་ལུགས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་བྱ་རྒྱུ་ཡིན། ཁྲིམས་ཐོག་ནས་འཐབ་རྩོད་བྱེད་པར་མི་རིགས་རང་གི་རིག་གཞུང་ཟེར་བ་ཞིག་སྟོན་རྒྱུ་ཡོད་དགོས་པ་རེད། བྱས་ཙང་ང་རང་གི་ངོས་ནས་བོད་ཡིག་དང་། བོད་ཀྱི་རོལ་མོ་ལ་སློབ་སྦྱོང་བྱེད་ཀྱི་ཡོད།” ཟེར། 

 

སློབ་ཕྲུག་གི་ཕ་མ་དང་ས་གནས་འདིར་གཞིས་ཆགས་སུ་སྡོད་པའི་འཇམ་དབྱངས་ལགས་ཀྱིས་བརྗོད་ན། “ ང་རང་གི་བྱིས་པ་གཉིས་སློབ་གྲྭ་འདིར་གཏོང་གི་ཡོད། དེ་ནི་རང་ཉིད་བོད་པ་ཞིག་ཡིན་སྟབས་བྱིས་པ་ཚོར་ཡང་བོད་སྐད་བོད་ཡིག་བསླབ་ཐུབ་ན་བསམ་གྱི་ཡོད། དེ་བཞིན། ས་གནས་རྒྱུན་ལས་ཀྱི་ངོས་ནས་ལས་དོན་བཟང་པོ་འདི་འདྲ་ཞིག་སྒྲུབ་ཀྱི་ཡོད་པར་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཆེད་ཡང་ཡིན། བྱིས་པ་ཚོ་འདིར་བསྐྱལ་བ་ཡིན་ན་བོད་ཡིག་བོད་སྐད་ཕྲན་བུ་རེ་ཤེས་འགྲོ་བ་མ་ཟད། ཞོར་དུ་བོད་ཕྲུག་མང་པོ་འཛོམས་ཏེ་རྩེད་མོ་རྩེས་པ་དང་། སྐད་ཆ་བཤད་པ་སོགས་བྱས་ཏེ་ཕན་ཚུན་འདྲིས་པོ་ཆགས་ཡོང་གི་རེད། དེ་བཞིན་ཕ་མ་ཚོ་ཡང་མཉམ་དུ་འཛོམས་རྒྱུའི་དུས་ཚོད་ཅིག་ཡོད་པ་རེད” ཟེར།

གཟའ་ཉི་མའི་ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པ་ནས་ཕྱི་དྲོིའི་ཆུ་ཚོད་དང་པོའི་བར་དུ་བོད་ཡིག་འཛིན་གྲྭ་གསུམ་དང་། རོལ་མོ་དང་ཞབས་བྲོའི་འཛིན་གྲྭ་བཅས་ཉིན་རེར་འཛིན་གྲྭ་བཞི་ལྔ་ཞིག་འཚོགས་བཞིན་འདུག་ལ། བོད་ཡིག་འཛིན་གྲྭར་གནས་རིམ་མི་འདྲ་བ་གསུམ་ཡོད་པ་ལས་གཅིག་ནི་བྱིས་པ་ཆུང་ཆུང་ཚོའི་ཆེད་དུ་ཡིན་པ་དང་། འཛིན་གྲྭ་འདིར་གཙོ་བོ་རྩེད་རིགས་སྣ་ཚོགས་དང་འབྲེལ་ནས་དགེ་རྒན་དང་ཕ་མ་ཚང་མ་མཉམ་རུབ་ཀྱིས་བྱིས་པ་ཚོར་བོད་སྐད་བཤད་པ་དང་བོད་གཞས་གཏོང་བ་སོགས་བྱེད་ཀྱིན་འདུག འཛིན་གྲྭ་གཉིས་པའི་ནང་དུ་དབྱངས་གསལ་ངོ་སྤྲོད་དང་ཚིག་སྒྲུབ་བཟོ་སྟངས་སློབ་ཀྱི་འདུག་ལ། འཛིན་རིམ་གསུམ་པར་བོད་ཀྱི་སྐད་ཡིག་བྱུང་འཕེལ་གྱི་ལོ་རྒྱུས་དང་སྦྲགས་ནས་སློབ་ཁྲིད་བྱེད་ཀྱི་འདུག

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས། ༽

ས་གནས་གསར་འགོད་པ། སངས་རྒྱས་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༩ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༡༠ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 3

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    མཐུན་རྐྱེན་ཅུང་འཛོམས་པའི་སློབ་ཆུང་ཞིག་ཆགས་བཞིན་པ་བཟང་གི དེང་གི་དུས་འདིར་སོ་སོའི་ཕ་མ་དང་ནང་མིས་དགེ་རྒན་གྱི་འགན་ཡག་པོ་འཁུར་ཐུབ་མིན་དེ་གནད་དོན་གཙོ་བོ་ཞིག་རེད། ཕ་མ་མང་པོ་ཞིག་ལ་རང་ཉིད་ལའང་རྩམ་དྲི་དང་མར་དྲི་ཅང་མེད་པས། ད་ནི་མགོ་ནག་རྩམ་གཟན་ཟེར་བའི་ཐ་སྙདང་རྙིང་པ་དེ་དག་དོན་ལ་འཇུག་དཀའ་བར་འགྱུར་བཞིན་པ་རེད། གང་ལྟར་ ང་བོད་ཡིན། ཞེས་པའི་ལྷག་དཀར་དམ་བཅའི་་་དམ་ཚིག་འདི་གཅིག་པུ་་་བོད་ཕྲུག་ཚོའི་མ་ཎི་རུ་འགྱུར་ཐུབ་ན་དེ་ནི་མན་ངག་ཆུང་ཆུང་ཞིག་མིན་པར་འདོད།
    དེ་བས་དུས་རབས་གསར་བའི་བོད་ཀྱི་མཎི་གསར་བ་ནི། ང་བོད་ཡིན། ཡང་ན་ང་བོད་པ་ཡིན། ཡང་ན་ངའི་ཕ་ཡུལ་བོད་ཡིན། ཞེས་པ་འདི་དག་རེད། དེ་ལས་གཏིང་ཟབ་པ་ཞིག་གོ་དཀའ་ལ་་་ཡང་ན་དེ་ལས་གཏིང་ཟབ་པ་ཞིག་གོ་རྒྱུ་ཡང་མེད།

    Reply
  2. ལྷག་དཀར་ལས་འགུལ། says:
    ལོ་ 15 སྔོན།

    རེད། མི་སྣ་རེ་རེས་འགན་སྣ་རེ་ཁུར་དགོས་པ་ལས། ཡེ་གཅིག་རེད། མེ་གཉིས་རེད་ཙམ་ལབ་ནས་སོ་སོས་གང་ཡང་མི་བྱེད་པར་སྡོད་པ་དེ་ནི་ཐབས་སྡུག་ནང་གི་ཐབས་སྡུག་རེད། ཐ་ཤལ་ནང་གི་ཐ་ཤལ་ཡང་ལོས་ཡིན།
    དཔེར་ན་བཙན་བྱོལ་བ་འབོད་པ་དེ་ལྟར་ན། ཁོས་ཁ ནས་གང་ཐུབ་བཤད་འདུག་མོད། ཁོ་རང་གིས་ཅི་ཞིག་གནང་གི་ཡོད་དམ???
    ལས་དོན་༼ བྱང་ཨ་རིའི་སྤྱི་འཐུས་ཀྱི་ལས་གཞི་འདི༽ དེར་རྒྱབ་སྐྱོར་ཡོད་ལ། ཡི་རང་ཡང་ཡོད།

    Reply
  3. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    བྱ་བ་འདི་ནི་ཞེ་དྲག་གི་དགའ་འོས་པ་དང་བསྔགས་འོས་ཞིག་ཏུ་ངོས་འཛིན་བཞིན་ཡོད། སྤྱིར་བྱིས་པ་དེ་རྣམས་ཨ་རི་ལུང་པའི་ནང་གནས་ཡོད་ཙང་བོད་སྐད་ཤེས་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ངེས་རེད། འོན་ཀྱང་ག་ལེར་ག་ལེར་བོད་སྐད་རྒྱག་རྒྱུར་བདེ་རུ་འགྲོ་རྒྱུ་ངེས་གཏན་རེད། བྱས་ཙང་དོན་ཆེན་དེ་འདྲའི་རིགས་ལ་སྡུག་རུས་བྱེད་དགོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese