མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱུ་དག་མེད་པའི་སྤྱི་འཐུས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་ལ་སེམས་གསོ་བྱ་རྒྱུ་ཡིན།

སེར་སྨད་བློ་དགའ།

གཞུང་འབྲེལ་ལས་འགུལ་གྱི་སྔ་རྗེས་དྲན་དྲན་དུ་ཡོད་ཐོག ཚེས་ ༢༩ ཉིན་གཞི་ནས་སེ་ར་ཆོས་སྒར་དུ་འབྱོར་ཏེ་དེ་མ་ཐག་རྩིས་འཕྲུལ་ལ་ལག་པ་འཆང་བ་ཡིན། གཞུང་འབྲེལ་ལས་འགུལ་འདིའི་རྒྱབ་མདུན་གླེང་བ་ནི་རི་རབ་སྟོང་གིས་གནོན་མི་ཐུབ་པའི་ཚོར་སྣང་དང་གཏམ་ཚོགས་ཤིག་གདའ། སྤྱིའི་ཆ་ནས་ད་རེས་བཀའ་སྤྱི་མཉམ་རུབ་ཀྱི་གཞུང་འབྲེལ་ལས་འགུལ་དེ་ཧ་ལས་པའི་ཡག་པོ་བྱུང་ཡང་། སྐབས་དེར་ལཱི་བྷི་ཡཱ་རྒྱལ་ཁབ་ཀྱི་མགོ་གཙོ་དྲག་གཉེར་བ་གྷ་ཌཱ་ཧྤི་བསད་པའི་རོ་ལམ་དེ་ནས་བོད་ཀྱི་གསར་འགྱུར་ལ་བར་ཆད་ཕོག་པ་རེད། འོན་ཀྱང་བསམ་ཐོག་ཏུ་འབྱོར་བ་དང་གནད་དུ་འཁེལ་བ། ལྷིང་འཇགས་ལྡན་པ་སྟེ། བསམ་གནད་ལྷིང་གསུམ་གྱི་གཞུང་འབྲེལ་བོད་དོན་ལས་འགུལ་ཆེན་མོར། བོད་པའི་ཁྱིམ་ཚང་ནས་འཚར་བསྐྱེད་བྱུང་བའི་སྤྱི་འཐུས་བདུན་གྱི་སྣང་ཆུང་བཏང་བའི་སྐོར་བོད་མི་མང་ལ་སེམས་གསོ་བྱ་རྒྱུ་ཡིན། རྣོ་པོ་དང་ཐིག་པོ། གཟིར་བ་སྟེ། རྣོ་ཐིག་གཟིར་གསུམ་ལྡན་པའི་སྲིད་བྱུས་ཀྱི་མཚོན་ཁ་ནང་དུ་བསྐོར་ཏེ་གྲིབ་མའི་འོག་ནས་ཉི་དྲོད་རག་ཐབས་བྱས་པའི་སྤྱི་འཐུས་རྣམས་ངེས་པར་དུ་ངོ་ཤེས་དགོས་ལ། ཁོང་ཚོས་རྐུབ་སྟེགས་སྲུང་ཆེད་དུ་མགྲིན་པ་ཡན་ཆད་ཀྱི་སྐད་ཆ་ལ་ངེས་པར་དུ་དོ་སྣང་དང་དོགས་ཟོན་བྱ་དགོས། ཁྲམ་པ་དེ་དག་གིས་བསླུ་བྲིད་དང་རྣམ་འགྱུར། གྲུ་མོ་ཡན་ཆད་ཀྱི་ལག་གཡུག་བྱེད་སྲིད་ཀྱང་ནམ་ཡང་མགོ་བོ་འཁོར་མི་རུང་། ཕ་མ་ཤི་ཡང་མྱ་ངན་མེད་པའི་བུ་རྒྱུད་ནི་གཉེན་ཉེ་ཙམ་མ་ཟད། སྡེ་མི་སེར་གྱིས་ཀྱང་མཐོང་འདོད་ཡོད་པ་མ་རེད། མི་རིགས་དང་དཔའ་བོར་དུངས་སེམས་མེད་པའི་སྤྱི་འཐུས་ལ་བོད་མི་རྒན་གཞོན་བར་གསུམ་གྱི་སེམས་ཐག་རིང་པོ་ཡོད་པ་སྨྲོས་མེད་དང་། གནས་ཚུལ་ལ་བརྟེན་ནས་ཡག་ཉེས་འགྲེལ་བཤད་བྱེད་པ་མ་གཏོགས་གདོང་རིས་ལ་བརྟེན་ནས་ལྕི་ཡང་འབྱེད་པ་ནི་སྔ་ས་ནས་ཞེན་པ་ལོག་ཟིན་པ་ཡིན། དེར་བརྟེན་རྒོལ་འཐབ་ར་བའི་རྩ་འཛུགས་འདིའང་འཆར་གཞིའི་སྐྱ་ཐིག་མ་དེད་པར་བསམ་གནད་ལྷིང་གསུམ་གྱི་གདུང་སེམས་མཉམ་སྐྱེད་ལ་གཡོལ་ཐབས་བྱས་པ་འདི་ཁོ་ནའི་གནད་དོན་ལ་ཐུག་ཡོད།

སྐབས་དེའི་སྤྱི་འཐུས་ཀྱི་ལས་བགོས་ཁག་ལ་གཟིགས་དང་། སྡེ་ཚན་དང་པོ། ཚོགས་གཙོ་སྦྲེལ་པོས་སྣེ་ཁྲིད་པའི་གཞུང་ཚབ་དང་རྒྱ་གར་དཔོན་རིགས་ཁག་ལ་མཇལ་འཕྲད་གནང་མཁན་ཀ་སྡེའི་ཚོགས་ཆུང་ནང་། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་པའི་སྤྱི་འཐུས་སྒྲོལ་མ་ཚེ་རིང་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད། སྤྱི་འཐུས་མཁྱེན་རབ་རྒྱ་མཚོ། སྤྱི་འཐུས་སྨོན་ལམ་མཐར་ཕྱིན། ཁ་སྡེའི་ཚོགས་ཆུང་ནང་། ཚོགས་གཞོན་བསོད་ནམས་བསྟན་འཕེལ་མཆོག་གིས་དབུ་ཁྲིད་པའི་སྤྱི་འཐུས་ཀརྨ་ཆོས་འཕེལ་དང་། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། སྤྱི་འཐུས་དབྱངས་ཅན་སྒྲོན་དཀར། སྡེ་ཚན་གཉིས་པ། རྒྱ་གར་དཔོན་རིགས་ཁག་ལ་མཇལ་བཅར་གོ་སྒྲིག་ཚོགས་ཆུང་། འགན་འཁུར་བ་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ། སྤྱི་འཐུས་བསོད་ནམས་རྒྱལ་མཚན། སྡེ་ཚན་གསུམ་པ། ལས་འགུལ་སྤེལ་ཡུལ་དང་འབྲེལ་བའི་གོ་སྒྲི་ཚོགས་ཆུང་། འགན་འཁུར་བ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་དང་། སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན། སྤྱི་འཐུས་རྒྱ་རི་བུ་ཕྲུག། སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ། སྤྱི་འཐུས་བསྟན་འཛིན་ཟླ་སྒྲོན། སྤྱི་འཐུས་སྒྲོལ་དཀར་སྐྱབས། སྤྱི་འཐུས་འཇམ་དབྱངས་བཟོད་པ། སྡེ་ཚན་བཞི་པ། དངུལ་རྩིས་བདག་གཉེར་དང་བཞུགས་གནས་ཞལ་ལག་བཅས་ཀྱི་གོ་སྒྲིག་ཚོགས་ཆུང་། འགན་འཁུར་བ་སྤྱི་འཐུས་ཀརྨ་ཡེ་ཤེས་དང་། སྤྱི་འཐུས་ཟླ་བ་ཚེ་རིང་། སྤྱི་འཐུས་སྒྲོན་དཀར་ལྷ་མོ། སྤྱི་འཐུས་རྒྱ་རིགས་ཐར། སྤྱི་འཐུས་སྐལ་བཟང་དགྲ་འདུལ། སྤྱི་འཐུས་ཚེ་རིང་གཡུ་སྒྲོན། སྤྱི་འཐུས་འཇིགས་མེད་འབྱུང་གནས། སྡེ་ཚན་ལྔ་པ། གསར་འགོད་འབྲེལ་མཐུད་ཚོགས་ཆུང་། འགན་འཁུར་བ་སྤྱི་འཐུས་དབུ་དཀར་གཡུ་སྒྲོན། སྤྱི་འཐུས་ཐུབ་བསྟན་ལུང་རིགས། སྤྱི་འཐུས་སྐལ་བཟང་རྒྱལ་མཚན། སྤྱི་འཐུས་བུ་མོ་ཚེ་རིང་། སྡེ་ཚན་དྲུག་པ། གནས་ཚུལ་མཁོ་སྒྲུབ་ཚོགས་ཆུང་། འགན་འཁུར་བ་སྤྱི་འཐུས་རྨོག་རུ་བསྟན་པ། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྡེ་ཚན་བདུན་པ། ཡིག་ཆ་དང་འཕྲེད་དར་གོ་སྒྲིག་ཚོགས་ཆུང་། འགན་འཁུར་བ་སྤྱི་འཐུས་པདྨ་འབྱུང་གནས། སྤྱི་འཐུས་ནོར་བུ་ཚེ་རིང་བཅས་དངོས་སུ་ལས་བགོས་བརྒྱབ་པའི་ནང་སྤྱི་འཐུས་སུམ་ཅུ་སོ་ལྔ་ཡོད་ཀྱང་དེའི་ནང་ནས། དགེ་ལུགས་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་དང་། མདོ་སྟོད་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་གཉིས་ལྡི་ལིར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ནང་ཡོང་མེད་པ་རེད།

ཡུ་རོབ་སོགས་ཕྱི་རྒྱལ་ཁག་གི་སྤྱི་འཐུས་རྣམས་ཕྱོགས་སོ་སོར་འགན་འཁུར་ལེན་རྒྱུ་ལས་དངོས་སུ་ལྡི་ལིར་ཕེབས་མི་དགོས་པའི་བཀའ་མོལ་སྤྱི་འཐུས་ལྷན་ཚོགས་སུ་སྔ་ས་ནས་བྱུང་ཡོད་འདུག་ལ། ཡུ་རོབ་སོགས་ཀྱི་སྤྱི་འཐུས་བཞི་ཕུད། མདོ་སྟོད་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་དང་། མདོ་སྟོད་སྤྱི་འཐུས་དཀོན་མཆོག་ཆོས་སྒྲོན། བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ། མདོ་སྟོད་སྤྱི་འཐུས་གངས་ལྷ་མོ། བོན་པོའི་སྤྱི་འཐུས་རྣམ་དག་ཙུག་ཕུད། བཅས་སྤྱི་འཐུས་ལྔ་གཞུང་འབྲེལ་ལས་འགུལ་གྱི་སྤྱི་འཐུས་ལས་བགོས་ནང་ཚུད་མེད་པ་མ་ཟད། ལྡི་ལིར་གདུང་སེམས་མཉམ་སྐྱེད་ཀྱི་མི་མང་ལས་འགུལ་ནང་དུའང་ཞུགས་མེད། དབུང་གཙང་སྤྱི་འཐུས་སྒྲོལ་མ་ཚེ་རིང་གིས་ལྡི་ལིར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་དགོངས་པ་ཞུས་པའི་ལན་དུ། ད་ཐེངས་དགོངས་པ་ཞུ་ངེས་ཀྱིས་ཞུ་ཆོག་ཆོག་དང་གནང་ངེས་ཀྱིས་གནང་ཆོག་ཆོག་ཡོད་མ་རེད། ཅེས་གསུང་ལན་སྐྱོན་སྟངས་ལ་གཞིགས་ན། སྐབས་འདིའི་གཞུང་འབྲེལ་ལས་འགུལ་ལ་དགོངས་ཞུ་གཏོང་ས་མེད་པ་འདྲ། དེས་ན་གོང་ཞུའི་སྤྱི་འཐུས་ལྔ་པོ་སྤྱི་འཐུས་ལས་བགོས་རེའུ་མིག་ནང་ག་རེ་བྱས་ནས་མ་ཚུད་པ་རེད། ཅེས་པའི་དྲི་བ་དེ་རང་བཞིན་གྱིས་སླེབས་སོང་། ཕྱོགས་བཞུགས་སྤྱི་འཐུས་རྣམས། ལས་འགུལ་ནང་དུས་ཐོག་མཉམ་ཞུགས་དགོས་པའི་བརྡ་ཐོ་བཏང་ཡང། ང་རྩ་བ་ནས་ཡོང་ཐུབ་ས་མ་རེད་ཅེས་ཐད་ཀར་ལན་འདེབས་བྱེད་མཁན་གྱི་སྤྱི་འཐུས་རེ་གཉིས་ཡོད་པ་ཚོགས་གཙོ་སྦྲེལ་པོས་མ་མཁྱེན་པ་ཡོང་མི་ཤེས། ལས་བགོས་ཀྱི་རེའུ་མིག་ནང་ཚུད་མིན་ལ་མ་ལྟོས་པར། སྒེར་གྱི་ལས་དོན་ཆེ་རུང་ཆུང་རུང་། སྒོ་འགྲམ་གྱི་ལས་འགུལ་དུ་མཉམ་ཞུགས་བྱས་མིན་ཇི་ལྟར་ཡང།  ལས་འགུལ་ནང་འདུག་ཟེར་བ་ཙམ་གྱིས་གཞུང་འབྲེལ་གྱི་ཛ་དྲག་གདུང་སེམས་མཉམ་སྐྱེད་ལ་ཁུར་མཉམ་ལེན་མ་བྱས་པའི་ནག་ཉེས་བསུབ་མི་ཐུབ། སྒོ་འགྲམ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་པར་ཐུགས་རྗེ་ཆེ་ཞུ་མི་ཐུབ་ཀྱང་གདོང་པ་བཀབ་ནས་བསྡད་པའི་སྤྱི་འཐུས་གསུམ་དང་གཏན་ནས་མི་འདྲ། དཔེར་ན། མདོ་སྟོད་སྤྱི་འཐུས་གངས་ལྷ་མོ་ལྟབུ་རྐང་པ་ཆག་ནས་རང་རྐྱང་གིས་འགྲོ་མི་ཐུབ་པར་གྱུར་ཡོད་ཀྱང་འཁར་རྒྱུག་ཐོགས་ཏེ་བཞུགས་སྒར་གྱི་གཞུང་འབྲེལ་ཟས་བཅད་ལས་འགུལ་ནང་མཉམ་ཞུགས་གནང་སྟེ། གཞུང་སྒེར་གཉིས་ཀའི་མང་ཚོགས་ཀྱིས་ཡིད་མོས་ཆེན་པོ་བྱས་ཡོད་པ་རེད། མདོ་སྟོད་སྤྱི་འཐུས་དཀོན་མཆོག་ཆོས་སྒྲོན་དང་། མདོ་སྟོད་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན། མདོ་སྟོད་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན། དགེ་ལུགས་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས། བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ། མདོ་སྟོད་སྤྱི་འཐུས་གངས་ལྷ་མོ། བོན་པོའི་སྤྱི་འཐུས་རྣམ་དག་ཙུག་ཕུད་བཅས་ཀྱི་སྤྱི་འཐུས་བདུན། བཀའ་སྤྱིའི་ཐོག་མའི་འཆར་གཞི་ལྟར་ལྡི་ལིར་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱས་མེད་པ་མ་ཟད། དེའི་ཁྲོད་ནས་སྤྱི་འཐུས་མང་པོ་ཞིག་གིས་ཕྱོགས་སོ་སོའི་ལས་འགུལ་ནང་། མཉམ་ཞུགས་བྱས་མ་སོང་ཞེས་ཁ་བརྡུང་མ་ཕོག་པའི་ཐབས་ཤེས་འཐེན་རུང་། དེའི་ནང་ནས་མདོ་སྟོད་སྤྱི་འཐུས་དཀོན་མཆོག་ཆོས་སྒྲོན་དང་། མདོ་སྟོད་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན། བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གསུམ་གྱིས་བོད་ཀྱི་རྒྱལ་གཅེས་དཔའ་བོའི་རླབས་ཆེན་གྱི་སྡོང་པོ་མང་པོ་ས་འགྱེལ་ཡང་འགྱོད་པ་བྱས་པའི་མངོན་རྟགས་གསལ་པོ་མེད་པས་མ་ཚད། གདོང་བཀབ་ནས་གཡོལ་ཐབས་བྱས་པ་རེད།

ནག་ཉེས་ཅན་གྱི་སྤྱི་འཐུས་འདི་དག་གི་ནང་མདོ་སྟོད་སྤྱི་འཐུས་ཀྱིས་བརྒྱ་ཆ་མཐོ་པོ་ཟིན་པ་དང་ཕྲན་རང་ཉིད་ཀྱང་མདོ་སྟོད་པ་ཞིག་ཡིན་པའི་ཆ་ནས་སྐད་ཆ་འདི་བཤད་ན་འཚམས་པོ་འདུག་ལ། མདོ་སྟོད་མང་ཚོགས་ཀྱིས་ཁ་གྲག་རན་པ་རེད། བོད་ནང་གི་མདོ་སྟོད་སྨད་ཀྱི་རྒྱལ་གཅེས་དཔའ་བོ་ཚོའི་མཛད་རྗེས་ལ་མདོ་སྟོད་སྨད་ཀྱི་སྤྱི་འཐུས་ཚོས་འགན་འཁུར་ཇི་ཙམ་ཡོད་མེད་ཀྱི་དྲི་བ་དེའང་ཉིན་རེ་ནས་ཉིན་རེར་ཁ་གྲངས་ཇེ་མང་དང་རྣམ་པ་ཇེ་ཆེར་གྱུར་ཡོད། གནད་དོན་འདི་རྗེས་མའི་གྲོགས་ཚོགས་ནང་གླེང་སློང་ངེས་པར་དུ་བྱེད་དགོས་པ་དང་། གལ་སྲིད་སྣང་མེད་དུ་བཞག་ན་མ་འོངས་པར་སྤྱོད་ངན་ངོམ་འཕྱར་བྱེད་པའི་ནག་རིས་ཁྱི་ལ་འཛུམ་དྲུག་རྒྱས་སྲིད་དེ། འབྱུང་འགྱུར་བོད་ཀྱི་གཞུང་འབྲེལ་ལས་འགུལ་གྱི་འགག་རྡོ་ཆེན་པོ་ཞིག་ཏུ་འགྱུར་ཉེན་ཆེ་བས། དེ་ཡང་དགྲ་དགའ་གཉེན་སྡུག་གི་ལས་ཀ་གཉིས་པ་ཞིག་མ་རེད་པས།  ཁོང་ཚོས་གྲོས་ཚོགས་ཀྱི་ཞབས་བཀྱག་ཐོག་ནས་བོད་མི་མང་གི་མིག་ཆུ་ལ་ཆར་པ་ཆུ་གྲོགས་ལྟབུ་བྱས་པ་ནི། སོས་ཐབས་མེད་པའི་རྨ་ཁ་ཞིག་དང་འཇགས་ཐབས་མེད་པའི་སྙིང་ནད་ཅིག་ཅི་ལ་མིན།  ལྷག་པར་ད་རེས་ཀྱི་ཁོ་ཚོས་བྱེད་སྟངས་འདིས་སྐབས་བཅུ་བཞི་པའི་སྤྱི་འཐུས་ལོ་ལྔའི་རིང་གི་ངོ་དོན་མི་མཚུངས་པའི་ལས་ཀ་དེ་ཚོ། སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་རྐུབ་བཀྱག་མིག་ལམ་དུ་འཁོར་བའི་ལས་ཀ་རྐྱང་རྐྱང་ཡིན་པ་དང་། སྐབས་འདིའི་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་ཁྲོད་ནས་ཀྱང་ཁྱབ་ཁོངས་མི་མང་རྣམས་དངུལ་དང་ཀླད་པ་གཉིས་ཀས་བསླུ་ཁྲིད་བྱས་ཡོད་པའི་རྟགས་མཚན་གསལ་པོ་བསྟན་པ་རེད། མི་མང་གི་ངོས་ནས་བརྒྱ་བདམས་སྟོང་བསྒྲུགས་བྱས་པ་དང་། དགྲ་ཡིས་བརྩམས་པའི་བྱུས་ངན་གྱི་རྩ་བ་གཉེན་ལ་ཐུག་པའི་དབང་དུ་བཏང་ཡང་ཧ་ལས་ཧོན་འཐོར་བ་དང་། རྦད་དེ་སེམས་ཤུགས་ཆགས་དགོས་པའི་གནས་ལུགས་ཤིག་ཡིན་མི་སྲིད། ཅི་སྟེ་སྟག་དམར་ཡག་འདྲ་བའི་སྣེ་འཛིན་པ་ཞིག་ཡིན་པའི་འགྲེལ་བཤད་བརྒྱབ་ཀྱང་། ངོ་གདོང་ལ་ཁྱི་སྤུ་ཟུག་པའི་རྣམ་བཤད་གཉིས་ནམ་ཡང་དོ་མི་མཉམ། གང་ལྟར་གནད་དོན་འདི་བརྒྱལ་བའི་སྒང་ལ་རྡོག་བརྫིས་དང་མུ་གེའི་ཐོག་ཏུ་ཟླ་ལྷག་ཅིག་ཆགས་པ་ནི་གསལ་པོ་བཟོ་མི་དགོས་པའི་གནས་སྟངས་ཤིག་ཡིན།

སྤྱི་འཐུས་འགའ་ཞིག་གིས་ལྡི་ལིར་གཞུང་འབྲེལ་ལས་འགུལ་ནང་མཉམ་ཞུགས་བྱས་པ་ཡིན་ན། སོ་སོའི་རྣམ་དཔྱོད་སྟོན་སའི་གོ་སྐབས་མི་རག་གི་ཟེར། ཕྱོགས་སོ་སོར་ཨུ་ཚུགས་ཀྱིས་ཕེབས་ཏེ་ལས་འགུལ་ནང་མཉམ་ཞུགས་ཀྱི་རྣམ་པ་ཙམ་བསྟན་པ་ནི། སྐབས་རྗེས་མའི་སྤྱི་འཐུས་ཀྱི་སྡིངས་ཆར་གོམ་གང་ཉེ་རུ་གཏོང་བའི་དམིགས་ཡུལ་བཅངས་པ་ཁོ་ན་ལས་མ་འདས། ཟེར་བའི་སྐད་ཆ་ཞིག་སྤྱི་ཚོགས་ནང་ཁྱབ་བཞིན་ཡོད་པ་རེད། བློ་ཉེ་སྤྱི་འཐུས་ཤིག་གིས། ཞེ་ཐག་པ་ནས་སྣང་བ་འགྲོ་ཡི་ཡོད་མེད་གང་ལྟར་མི་མང་ས་ལ་རྣམ་འགྱུར་དང་འབྲེལ་བ་ཡག་པོ་འཇོག་དགོས་པ་དེ་ཧ་ལས་པའི་གལ་ཆེན་པོ་རེད། ལྟོས་དང་དཔེ་ལྟ་ས་མང་པོ་ཡོད་པ་རེད་ཅེས་ནན་ཏན་བྱས་ནས་བཤད་མྱོང་། ད་རེས་ཀྱི་ལས་འགུལ་སྐབས་ཚིག་དུམ་དེའི་ནང་དོན་གཞི་ནས་བསམ་བློའི་ནང་ལྷང་ངེར་བུད་སོང་།

དངོས་སུ་ལས་འགུལ་ནང་མཉམ་ཞུགས་གནང་བའི་སྤྱི་འཐུས་སུམ་ཅུ་སོ་གསུམ་གྱིས། སྐབས་དེའི་སྤྱི་དོན་མཛད་འཕྲིན་དང་མཛད་ཁུར་ལ་མང་ཚོགས་ཀྱི་སྙིང་ནས་བསྔགས་བརྗོད་དང་ཡི་རངས་ཐོབ་ཡོད། ཁོང་ཚོས་འགན་འཁུར་ཇི་ཙམ་བླངས་པ་ང་ཚོ་དང་ལས་འགུལ་ནང་མཉམ་ཞུགས་བྱས་པའི་གཞི་རིམ་མང་ཚོགས་ཡན་ཆད་ཀྱིས་གསལ་པོ་མཐོང་ཡོད་པ་རེད། ལྷག་པར་དུ་མདོ་སྟོད་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་དང་དབུས་གཙང་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་རྣམ་གཉིས་ཀྱིས་བོད་སྐད་དང་དབྱིན་སྐད། ཧིན་སྐད་གསུམ་གྱི་ཐོག་དམིགས་བསལ་ཁྱད་ཆོས་དང་རྣམ་དཔྱོད་བསྟན་ནས། གཏམ་བཤད་སྡིངས་ཆའི་ཐོག་མི་རབས་གསར་རྙིང་གཉིས་ཀྱི་གཟི་བརྗིད་རྒྱལ་སྤྱིའི་སྟེང་ངོམ་ཐུབ་པ་བྱུང་ཡོད། ད་ཐེངས་ཀྱི་ལས་འགུལ་ནང་ལོ་རྒན་བརྒྱད་ཅུ་བརྒལ་བའི་བགྲེས་སོང་དང་ན་ཚོད་མ་ཟིན་པའི་བྱིས་པ་ལོ་དྲུག་ཡན་ཆད་ཀྱང་ས་ཐག་རིང་མིན་ལ་མ་ལྟོས་པར་མཉམ་ཞུགས་ཐུབ་སོང་། རེ་འགས། ཉིས་སྟོང་བདུན་ལོར་མི་མང་བཞི་ཁྲི་བརྒལ་བ་མཉམ་ཞུགས་ཀྱི་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་པ་སྒོ་དྲུག་སྐལ་བཟང་བླ་ཆད་མྱོང་བ་ལྟར། ཐེངས་འདིའི་བཀའ་བློན་ཁྲི་པའང་ཉྭ་ཁུམ་སོང་བ་མ་རེད་དམ། ཟེར་བའི་སྐད་ཆའི་རྒྱབ་ལྗོངས་ཀྱི་ཁུངས་གསལ་པོ་མི་ཤེས་མོད། མི་མང་ལས་འགུལ་འདི་གལ་ཆེའི་དོན་ཆེན་ལ་སོང་། བཀའ་བློན་ཁྲི་པ་ཚེས་༡༩ ཉིན་གནམ་གྲུའི་དཀའ་ངལ་གྱིས་ལྡི་ལིར་ཕེབས་མ་ཐུབ་པའི་དབང་དུ་བཏང་ཡང་། ཚེས་༢༠ ཉིན་ལྡི་ལིའི་གཞུང་འབྲེལ་ལས་འགུལ་ལས་རྡོ་རྗེ་གླིང་སློབ་གྲཱའི་མཛད་སྒོ་གལ་ཆེན་བརྩིས་པ་དང་། རྡོ་རྗེ་གླིང་དུ་ཕེབས་ཐུབ་པ་ལ་ལྡི་ལིར་ཕེབས་མ་ཐུབ་པའི་གནས་ཚུལ་དེ་འགྲེལ་བཤད་རྒྱག་ཁག་པོ་ཆགས་ཡོད་པ་རེད།

སྐབས་དེའི་ཆོས་རིག་བཀའ་བློན་གྱི་གསུང་བཤད་དེ་གོ་རྒྱུ་ཚོར་རྒྱུ་ཡོད་མེད་ཇི་ལྟར་ཡང་སྤྱི་འཐུས་ཚོགས་གཞོན་གྱི་གསུང་བཤད་དེའང་ཡུལ་སྐད་ཀྱིས་དབང་གིས། གསུང་བཤད་ཀྱི་ནང་དོན་ཆ་ཚང་པ་ཞིག་གོ་མཁན་མང་མཐར་ཡང་མི་སུམ་ཅུ་བཞི་བཅུ་ལས་བྱུང་མེད་པ་འདྲ། སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་བཤད་དང་སྒྲོབ་གཟུགས་ཀྱི་རྣམ་འགྱུར་དེ་དག་གིས། ལས་འགུལ་བ་འགོ་འཇུག་བར་གསུམ་ནས་འཛུམ་དམུལ་དམུལ་ངང་ངོ་གདོང་གི་རྔུལ་ནག་ཕྱི་བཞིན་འདུག་ལ། རྒྱ་གར་གྱི་ཡུལ་མི་དང་རྒྱ་གར་གྱི་ཆེས་མཐོའི་གཏམ་བཤད་པ་རྣམ་པས་ཀྱང་ཡ་མཚན་མཚན་དང་འདྲོགས་རིས་རིས་གནང་སོང་། མི་རྣམས་སེམས་ཤུགས་འཕར་བཞིན་པ་དང་ལྷག་པར་དུ་ལྡི་ལིའི་གཞུང་འབྲེལ་ལས་འགུལ་འདི། སྐབས་དེའི་གཞུང་འབྲེལ་ལས་འགུལ་གྱི་ལྟེ་བ་ཡིན་དུས། ཁྱབ་བསྒྲགས་དང་དོ་སྣང་། རྒྱ་ནག་དང་རྒྱལ་སྤྱི་སོགས་གང་ཅིའི་ཐད་ནས། བཀའ་བློན་ཁྲི་པ་དངོས་སུ་ཕེབས་ཏེ་གསུང་བཤད་དང་སྣེ་ཁྲིད་གནང་བ་ཡིན་ན། གཞན་དང་མི་འདྲ་བའི་ནུས་ཤུགས་ཐོན་རྒྱུ་མ་ཟད། རྡ་སའི་ལུང་ཁུག་དང་མི་འདྲ་བར་ལས་འགུལ་བ་སུམ་སྟོང་ལྷག་ཕྱོགས་སོ་སོར་ཕེབས་ཚེ་སྐབས་དེའི་མྱོང་ཚོར་དང་འགྲེལ་བཤད་རྣམས་རང་བཞིན་གྱིས་མི་འདྲ་བ་ཆགས་པ་དང་། མ་འོངས་པར་ཡང་ལས་འགུལ་འདིའི་རིགས་སྤེལ་སྐབས་མི་མང་བསྡུ་སྐོང་སོགས་ལས་འགུལ་གྱི་སྤུས་ཚད་ལ་ཁྱད་པར་ཆེན་པོ་འགྲོ་ངེས་ཡིན་པ་རེད། ཡང་གཅིག་ཐལ་སོང་སྟེ། ཚེས་༢༢ ཉིན་གྲོས་ཚོགས་ཀྱི་འཐུས་མི་སུམ་ཅུ་ལྷག་དུས་གཅིག་ཏུ་ལྡི་ལི་མ་ཇཱུ་ཏྲི་ལིའི་ཁྲོམ་གཞུང་དུ་སྤུངས་སོང་ལ། མངར་ཇ་ཤེལ་ཕོར་ཕྱེད་ཀ་རེ་ཕྱག་ཏུ་བསྣམས་བཞིན་ཡར་ཕེབས་མར་ཕེབས་དང་འཛུམ་ཡལ་ཡལ། ཧ་ཆ་རེ་བརྒྱབ་པ་ནི་སྐུ་ངོ་ཞིག་གི་གསུང་དང་འདྲ་ཐབས་མི་འདུག མ་ཇཱུ་ཏྲི་ལའི་ཁྲོམ་གཞུང་མཐོ་གང་པོ་དེ་རྦད་དེ་འགྱུར་ལྡོག་ཕྱིན་པ་དང་ཆབས་ཅིག ཉིས་སྟོང་དགུ་ལོའི་རྡ་སའི་ལུང་ཁུག་གི་གྲོས་ཚོགས་ཀྱི་ཟིང་ཆ་དང་། ཉིས་སྟོང་བཅུ་ལོའི་ཞབས་སྟེགས་འཕྲོག་རེས་ཀྱི་འཐབ་རྩོད་སོགས་རྣམ་རྟོག་སྣ་ཚོགས་པའི་ས་རྡུལ་དྲག་ཆར་བབས་ཀྱང་སྣང་བ་དཀར་པོ་དཀར་རྐྱང་ལ་དྲི་མས་མ་གོས་པའི་ཐབས་ཤེས་མང་དུ་བཏང་བ་ཡིན། གྲིབ་མའི་འོག་ནས་ཉི་མ་འདས་ཐབས་བྱས་པའི་ངན་བྱུས་རིམ་པ་དང་པོ་ངོ་སྤྲོད་དང་ས་བོན་ཙམ་ལས་མུ་མཐུད་དེ་ཆར་པར་རེ་བབ་ན། སྟོན་འབྲས་བདག་གཟུང་ལ་གྲ་སྒྲིག་འཐུས་ཚང་ལྡན་ཡོད།

འབྲེལ་ཡོད་གསར་འགྱུར།

The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

ཆུ་ཚོད་ ༡༦ སྔོན་ལ།
This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]
Mobile App

འདི་ལོའི་འཛམ་གླིང་གི་མཚོ་རླུང་ཚབས་ཆེ་ཤོས་ཇ་མ་ཡེ་ཀ་རུ་བྱུང་།

ཆུ་ཚོད་ ༡༦ སྔོན་ལ།
འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱི་རྒྱ་གར་ལྷ་ོཕྱོགས་ཁུལ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་ནང་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་གོ་རྟོགས་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
འཁོར་སྐར་ནས་བླངས་བའི་བོད་ལྷུན་རྩེ་རྫོང་ཁོངས་ཀྱི་མཁའ་དམག་རྟེན་གཞི།
Mobile App

བོད་ལྷུན་རྩེ་རྫོང་ཁོངས་སུ་མཁའ་དམག་གི་རྟེན་གཞི་ཞིག་འཛུགས་སྐྲུན་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བོད་ཀྱི་དཀྱིལ་འཁོར་གྱི་བཟོ་བཀོད་ལྡན་པའི་ལྷ་ཁང་མཐའ་མ་རྗེ་འབུམ་སྒང་དེ་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་ཏུ་བསྒྱུར།

༢༠༢༥/༡༠/༢༧
Sophie Richardson and Geshe Lobsang Monlam Honoured with 2025 Snow Lion Human Rights Award in Berlin, Germany at 25th Oct. 2025. Photos: Andreas Müller/ICT
Mobile App

གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ།

༢༠༢༥/༡༠/༢༧

མཆན། 29

  1. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    སྤྱིར་སེར་སྨད་བློ་དགའ་ཟེར་བའི་མི་འདི་ནམ་རྒྱུན་ནས་སྦེལ་ཀོབ་ནང་དུ་ཡོངས་གྲགས་སུ་ཡར་རྒྱུག་མར་རྒྱུག་བྱེད་མཁན་ཞིག་རེད། སྤྱི་ཚོགས་དང་བོད་མི་མཐུན་སྒྲིལ་ལ་ཕན་པའི་ལས་ཀ་བྱེད་མཁན་ཞིག་ཡིན་མིན་མི་ཤེས། འོན་ཀྱང་སྤྱི་ཚོགས་ནང་དུ་འགྲིག་མེད་རབས་རྐྱང་རྐྱང་བཤད་མཁན་ཞིག་རེད། འགྲིག་མེད་རབས་ཁོ་ན་བཤད་པའི་ཁྲོད་ནས་འགྲིག་པ་ཞིག་ཀྱང་ཐོན་སྲིད་པས་གོང་གི་རྩོམ་འདིའི་ནང་དུ་འགྲིག་པ་ཡང་ཕྱོགས་མང་པོ་འདུག་ཅེས་ཞུ་རྒྱུ་ཡིན།

    མ་སུ་རི་སློབ་ཕྲུག་འགས་མདུན་ལམ་བཙལ་བ་དེ་བདེན་པ་རེད། འོན་ཀྱང་བྱས་ཉེས་ཅན་གྱི་སློབ་ཕྲུག་དེ་དག་གི་མིང་འདོན་མ་བྱེད་པ་འདིས་རང་བཞིན་གྱིས་དྲི་བ་ཞིག་སླེབས་པ་ནི་ཁོང་ཚོ་ནང་དུ་ཁོའི་ཕ་ཡུལ་གཅིག་པ་འགའ་ཡོད་ངེས་རེད་ཟེར་བ་འདི་རེད། སྤྱིར་ཁོང་ནི་མི་གཤིས་ཞེན་ཁོག་ཆེན་པོ་དེ་འདྲ་རེད་ཟེར་བ་ནི་ཡོངས་གྲགས་རེད། སྤྱི་མཐུས་ཁག་གཅིག་ལས་འགུལ་ནང་ལ་མ་ཞུགས་པའི་རིགས་མིང་ཐེར་འདོན་བྱེད་ཐུབ་པ་ཞིག་ལ་སློབ་མ་དེ་དག་གི་མིང་ཐེར་འདོན་བྱེད་མ་ཐུབ་པ་ནི་ངོ་མ་ཡ་མཚན་རེད། ད་དུང་ཁོང་གིས་བློ་སེང་བཀའ་ཁྲི་འོས་བསྡུ་ཐོབ་ཆེད་ཡར་རྒྱུག་གི་དྲང་བདེན་མིན་པའི་སྲང་ལམ་གྱི་གླེང་གཞི་རིགས་མང་པོ་བཟོས་པ་སོགས་ལས་འཕྲོས་ནས་སྐད་ཆ་མང་དག་གཅིག་ཡོད་ཀྱང་འདས་ཟིན་པའི་སྐད་ཆ་ཞིག་ལ་ཆ་ཞོག ད་དུང་འོས་བསྡུས་གསང་བ་ཕྱིར་བསྒྲགས་སོགས་ལས་འཕྲོས་ནས་་་་་་་་་་་་

    Reply
  2. ཤྰ་རིའི་བུ། says:
    ལོ་ 14 སྔོན།

    ཡ་ཡ། ཁོང་རེད་འདུག་ག དེ་སྔོན་མ་སུརིར་སློབ་ཕྲུག་འགའ་ ཞིག་གིས་མི་ཚེ་མདུན་ལམ་བསྐྲུན་མཁན་དེ་ཡིན་པ། ཡག་པོ་འདུག ཡིན་ན་ཡང་གཞན་ལ་སྐྱོན་བརྗོད་བྱེད་པ་དེ་འདུལ་བ་ལས་མགལ་ཟིན། དེ་འདྲ་ཡིན་དུས་ད་ནས་རྒན་ཁྱེད་དགེ་སློང་ཡིན་ནམ། དེ་བཞིན་རྩོམ་ཡིག་འདི་ནང་ཆོལ་ཁ་གིས་སྐད་ཆ་མང་པོ།

    Reply
  3. ཚ་ཤོད་ཤེས་རབ། says:
    ལོ་ 14 སྔོན།

    སེར་སྨད་བློ་དགའ་ལགས་ལ། ཐུགས་རྗེ་ཆེ་ཞུ། བོད་ཀྱི་སྤྱི་ཚོགས་ནང་འདི་ལྟར་རྩོམ་པ་པོ་དྲང་ཚུགས་ཅན་རེ་ཡོད་ན། ད་གཟོད་ང་ཚོས་རང་གི་རྒྱལ་ཁབ་འདི་འཇིགས་ཉན་ལས་སྐྱོབ་ཐུབ། ཁྱེད་ཀྱིས་བདེན་པ་ཞིག་བཤད་ཚེ་མི་བདེན་པ་རྣམས་ཅལ་འདྲོགས་ལངས་ནས་ཅལ་ཅོལ་སྨྲ་རྒྱུ་ནི་ཆོས་ཉིད་ཡིན། ཤོད་དགོས། ང་ཚོས་མུ་མཐུད་བཤད་ནས་ནམ་ཞིག་གི་དུས་བོད་ཀྱི་སྤྱི་ཚོགས་ཚང་བདེན་པ་མ་གཏོགས་གནས་ས་མེད་ཞིག་བྱ་དགོས། དེ་ང་ཚོ་ཆོས་འཇིག་རྟེན་གཉིས་ཀར་དགོས་རྒྱུ་དེ་ཡིན།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    བཀྲ་ཤིས་བདེ་ལེགས། དྲྭ་མི་ལ་དྲྭ་འབུ་ཞུགས་ནས་འབུ་སྐད་བརྒྱབ་སོང་ཡང་བློ་བདེ། སྤྱིར་བཏང་ངའི་རྩོམ་ཐུང་འདི། ལན་འདེབས་ཀྱི་ཆེད་དུ་མིན་པ་བང་ཆེན་ཟིན་བྲིས་སུ་ཞུས་པ་ཡིན། འདི་ཡང་ལན་འདེབས་མིན། རེ་བ་བྱས་ནས་བྲིས་པ་ཡིན་ཡང་སྟ་རེ་རྡོ་ལ་ཕོག་སྟེ། རྡོ་སྐད་བརྒྱབ་སོང་། རྡོ་ནི་རྡོ་རང་རེད། ཁྱོད་རྡོ་ཡིན་པ་བདེན་མོད་ངའི་ལྕགས་ཀྱི་ངོ་བོའང་འགྱུར་མི་སྲིད། ང་ནི་ལྟོས་གྲུབ་སྟེ་ཁྱོད་ར་ཡིན་ན་ང་ཡང་ཁྱི་ཡིན། ཁྱོད་ཁྱི་ཡིནའང་ང་གཟིག་ཡིན། ཁྱི་ལ་གཟས་པའི་འུར་རྡོ་དེས་ད་རེས་གོ་ཆོད་སོང་། ཁྱི་སྐད་ཀྱི་ལ་ལུང་གང་སོང་་་་་་ཧ་་་་ཧ་་་་ཧཧ་་་་ཀི་ཧི་ཧི་་་་་་་་་་

    Reply
  5. ནོར་ཚེ། says:
    ལོ་ 14 སྔོན།

    སེར་སྨད་བློ་དགའ་ལགས་ཀྱིས་གསུངས་པ་ལ་མོས་མཐུན་ཡོད། ཤ་ཚ་བའི་གཏམ་དེ་སྙན་པོ་མེད་ཅེས་བཤད་སྲོལ་ཡོད་པ་ལྟར། སེ་རྭ་སྨད་པའི་གྲྭ་རྐྱང་འདི་ནི་རྣམ་ཀུན་ནས་རང་རེའི་སྤྱི་ཚོགས་ནང་གླེང་རིན་ཡོད་པའི་སྐྱོན་ནད་དང་། ངན་མཚང་ཐེར་འདོན་བྱེད་མཁན་གྱི་འགན་ཁུར་ཡོད་པའི་རྩོམ་པ་པོ་ཞིག་རེད་འདུག

    རེད། ང་ཚོར་༸གོང་ས་ཆེན་པོས་མང་གཙོ་གསོལ་རས་གནང་ནས་དུས་ཡུན་རིང་པོ་མ་སོང་བས་ཡིན་ནམ། ང་ཚོའི་གཞི་རིམ་མང་ཚོགས་ཀྱི་ཤེས་ཡོན་གནས་ཚད་སྐྱོ་དྲགས་པས་རེད། སྐྱོན་བརྗོད་ཏིག་ཙམ་རེ་དོན་པ་དང་ཐེར་འདོན་གནང་མཁན་དེར་བློ་ངོ་མི་ཤོང་བ་ལྟ་བུའི་སྐྱོན་བརྗོད་བྱེད་པའི་སྲོལ་ངན་དང་ནད་ངན་ཞིག་འདུག རང་རེ་གནས་ཡུལ་རྒྱ་གར་གཙོས་པའི་དམངས་གཙོའི་ལུང་པ་རྣམས་ཀྱི་ཚགས་ཤོག་དང་དྲ་བར་གཅིག་ལྟོས་དང་། སྐྱོན་བརྗོད་འདི་ལྟ་བུ་ནི་རྒྱུན་ལྡན་རེད་འདུག་ལ། ཡོད་ཀྱང་དགོས་ངེས་རེད། གསར་འགྱུར་བརྒྱུད་ལམ་འདི་དམངས་གཙོའི་ཀ་བ་བཞི་པར་བཞག་དགོས་པའི་རྒྱུ་མཚན་ཡང་འདི་འདྲ་བ་ལ་ཐུག་ཡོད།

    གང་ལྟར་ཡང་། བློ་དགའ་ལགས། མུད་བསྟུད་དེ་སྔར་ལྟར་བྲིས་དང་། ཁྱེད་ཀྱི་བསམ་ཚུལ་ལ་སྐྱོན་བརྗོད་བྱེད་མཁན་ཡང་ཡོང་གི་རེད་ལ། ཡོད་ཀྱང་དགོས་ངེས་རེད། དེ་བཞིན་དུ་མངོན་པར་གསལ་མ་གསལ་ཅི་རིགས་ཀྱིས་རྒྱབ་སྐྱོར་བྱེད་མཁན་ཡང་ཇི་སྙེད་ཅིག་ཡོང་ངེས་རེད། དེ་ནི་ང་ཚོའི་མང་གཙོ་འདིའི་ན་ཚོད་ཅུང་སྨིན་ཡོང་གི་ཡོད་པའི་རྟགས་ཀྱང་རེད། བསྐྱང་བྱའི་གཉེན་དང་། བསྡང་བྱའི་དགྲ་བོ་གང་ཡང་མེད་པའི་གྲྭ་བཙུན་འུ་ཅག་ལ་འཁྲི་པའི་འགན་རེད།

    Reply
  6. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    རྒན་བློ་དགའ་ལག་ནས་བསམ་
    པོད་བཤད་ཕོད་རེད་འདུག

    Reply
  7. དབྱངས་འཛོམས། says:
    ལོ་ 14 སྔོན།

    ཡ་ཡ་སྐུ་ཞབས་བློ་དགའ་ལགས་སུ་འཚམས་འདྲི་ཞུས་པ་དང་སྦྲགས། ཁྱེད་རང་མདོ་ཁམས་རྒྱ་ཆེ་མི་མང་གི་སྤྱི་འཐུས་སུ་འོས་ཤོག་མ་འཕེན་པའི་རྒྱུ་མཚན་གྱིས་མདོ་སྟོད་སྤྱི་འཐུས་གཙོར་བཟུང་གི་སྤྱི་འཐུས་རྣམ་པར་ཁ་བརྡུང་བཏང་ཁུལ་ནི་ངོ་ཚ་བའི་གནས་སོ། ལར་ནི་ཁྱོད་ལྟ་བུའི་མི་རང་ཚུགས་མེད་ལ་ཤེས་ཡོན་མེད། མགོ་བདེ་དྲན་འཕྲུལ་ཅན་གྱི་མི་བུ་དག་མདོ་ཁམས་རྒྱ་ཆེ་མི་མང་ལ་ནམ་ཡང་མཁོ་མི་སྲིད་ལ། གཞན་ངོ་སྲུང་བའི་ཕྱིར་དུ་རང་ཉིད་འཚོང་མཁན་དང་རང་ཚུགས་ཡེ་ནས་བོར་བའི་མི་བུ་ཁྱོད་ལྟ་བུ་སུ་ལའང་མི་མཁོ་བའི་དུས་ཤིག་ཤར་ངེས་རེད། དེ་དུས་ཁྱོད་ཁ་འདྲ་གཏོང་ནས་སྡོད་ཅིག་ལོ།

    Reply
  8. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    རྒན་བློ་དགའ་ལག་གི་སྐད་ཆ་བདེན་པ་རེད་བསམ་ཕོད་དང་བཤད་ཕོད་པ་ཡག་པོ་འདུག

    Reply
  9. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    རྒན་བློ་དགའ་ལག་གི་སྐད་ཆ་ལ་བདེན་པ་འདུག་བསམ་
    ཕོད་པ་དང་བཤད་ཕོད་པ་ལྷག་བསམ་རྣམ་དག་ཡག་པོ་འདུག་རྒྱབ་སྐྱོར་ཡོད།།

    Reply
  10. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 14 སྔོན།

    སྐད་ཆ་དྲང་མོ་བཤད་ན་སེར་སྨད་བློ་དགའ་ལགས་ཀྱི་གཏམ་བཤད་འདི་འདས་ཟིན་པའི་བོད་གཞུང་གི་ལས་སྣེ་དག་གི་བྱེད་སྟངས་འདྲ་པོ་འདུག། བཙན་བྱོལ་གཞུང་ཆགས་ནས་ལོ་རྒྱུས་ལ་ཕྱི་མོག་ཅིག་བལྟས་ན་ནང་ཁུལ་འཐབ་འཛིང་འོག་རང་དོན་གལ་ཆེ་འཛིན་པའི་ལམ་ལུགས་འཇུག་སྒྲིག་མ་པའི་སྔོན་དུ་རྙོག་ཁྲ་ཇི་ཙམ་ཡོད་པ་པ་དེ་ནི་བློ་དགའ་ཁྱེད་རང་གི་བཤད་སྟངས་འདི་ལྟར་བུའི་འོག་བྱུང་བ་ཞིག་རེད་། ད་དུང་དེ་རིང་ཁྱེད་རང་གི་ཆོལ་ཁའི་མིང་དང་བཀུར་འོས་སྤྱི་མཐུས་རྣམས་ཀྱི་མཚན་སྨོས་ནས་ཁ་བརྡུང་བཏང་བ་ནི་ཆིལ་སྒྲིག་ལ་གནོད་པའི་བྱ་བ་ཐབས་སྡུག་ཞིག་ལས་དགོས་པ་དང་རྒྱུ་མཚན་གང་ཞིག་མེད་པ་ཟུར་གནས་བློ་གྲོས་དང་ལྡན་པ་རྣམས་ཀྱི་མཁྱིན་གསལ་རེད་།

    Reply
  11. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    སེར་སྨད་བློ་དགའ་ཁོང་གིས་རྒྱུ་མཚན་ཞིབ་གཤེར་བྱས་ནས་དཔྱད་རྩོམ་བཀོད་པ་འདི་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།
    མདོ་སྟོད་སྨད་ཀྱི་ཚིག་རེ་ཟུང་འདུག་པས་འདི་བཤད་མི་དགོས་པ་ཞིག་ཏུ་སྣང་ངོ་།
    འོན་ཀྱང་དྲང་བདེན་གྱི་ལྷག་བསམ་བཟོད་མེད་ངང་གསུངས་པ་འདི་ལ་མངོན་པར་བསྟོད་དོ།

    Reply
  12. ལུང་རྟོགས། says:
    ལོ་ 14 སྔོན།

    རྩོམ་གྱི་ཁ་བྱང་ལ་རྒྱུ་དག་མེད་པའི་སྤྱི་འཐུས་ཞེས་བརྗོད་པ་ལས་རྒྱུ་དག་མེད་པའི་སྤྱི་འཐུས་གསུམ་ཞེས་བཀོད་ན་ལན་པོ་ཡོང་བ་འདུག

    Reply
  13. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    སེར་སྨད་བློ་དགའི་དཔྱད་རྩོམ་དང་འབྲེལ་བ་མེད་པའི་མཆན་འདི་རིགས་བསུབ་རོགས་དྲྭ་བདག་ལགས།

    Reply
  14. ཚེ་རིང། says:
    ལོ་ 14 སྔོན།

    སྐྱོན་བརྗོད་བྱེད་རྒྱུ་གལ་ཆེ་ཡང་དོན་ལ་གནས་རྒྱུ་དེ་བས་གལ་ཆེ།

    སེར་སྨད་བློ་དགའ་ལགས་ཀྱིས་བསམ་ཚུལ་དེར་མོས་མཐུན་མེད། རྒྱུ་མཚན་བརྟག་དཔྱད་གཅིག་ཀྱང་བྱས་མི་འདུག ལས་འགུལ་སྤེལ་དུ་ཡིན་གཅིག་མིན་གཉིས་ལྡི་ལིར་སླེབས་དགོས་དོན་མེད། དེ་བས་ད་ཐེངས་དགོངས་པ་ཞུ་པ་ཙམ་གྱིས་བོད་དོན་ལ་འགན་ཁུར་མེད་པ་དེ་བས་མིན། དབྱེ་ཞིབ་ཅིག་བྱེད་དགོས་པ་རེད། དངོས་གནས་འགན་མ་ཁུར་པར་མ་ཡོང་བ་རེད་འདུག་གམ། ཡང་ན་དོན་དག་གཞན་རེད། སྐྱོན་བརྗོད་བྱེད་རྒྱུ་གལ་ཆེ་ཡང་དོན་ལ་གནས་རྒྱུ་དེ་བས་གལ་ཆེ།

    དེ་ནས་དུས་བབ་ཚང་ལ་འབོད་སྐུལ་ཞིག་ཡོད། ཁྱེད་རྣམ་པས་ལས་དོན་བྱས་པ་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཡོད་ཀྱང་། སྐབས་རེར་རྩོམ་ཡིག་དང་གནས་ཚུལ་བདེན་པ་ཡིན་མིན་ཞིབ་འཇུག་མ་བྱས་པར་མི་ཁག་ཅིག་ལ་ག་དུས་སྐྱོན་བརྗོད་ཡོད་ཀྱང་གཏོང་རྐྱང་དང་། ཁག་ཅིག་ལ་བསྟོད་པ་མ་གཏོགས་སྐྱོན་བརྗོད་བཀག་རྐྱང་བྱེད་ཀྱི་ཡོད་པ་ལྟ་བུ་མཚམས་རེར་མཐོང་གི་འདུག ལྷོད་གཡང་ཤོར་བ་ཡིན་ན་ཡིད་གཟབ་གནང་རོགས། རྩོམ་སྒྲིག་པར་འགན་ཆེན་པོ་ཡོད། མི་ཞིག་གིས་རྩོམ་ཡིག་ཅིག་བྲིས་ན་དེ་བདེན་པ་ཡིན་པ་དང་། ནོར་ཡོད་མེད་ལ་བརྟག་དཔྱད་དབྱེ་ཞིབ་བྱེད་དགོས།
    ཐུགས་རྗེ་ཆེ། དུས་བབ་ཀློག་པ་པོ་ཞིག་ཡིན་པས་ཆ་ནས་བཤད་པ་ཡིན་པ་དྲ་ཐོག་ཏུ་གཏོང་རོགས།

    Reply
  15. བྱ་གཞུང་དཔལ་རྡོར། says:
    ལོ་ 14 སྔོན།

    སེར་སྨད་བློ་དགའ་མང་གཙོ་ཚོགས་པ་ནང་དུ་ཡོད་པ་དེ་གནས་ཚུལ་ཡག་པོ་ཞིག་རེད། དེ་ལས་ཆུ་བཞི་སྒང་དྲུག་གསར་རྙིང་གི་རྙོག་དྲའི་ནང་དུ་ཞུགས་པ་ལས་ཡག་པ་རེད། ད་དུང་བཀའ་ཁྲི་བློ་སེང་གིས་ཤར་ཁུག་ཕུད་པ་ལྟར་སེར་སྨད་ལ་གང་ཡང་བྱེད་ཐུབ་ཀྱི་མ་རེད། བྱེད་སའང་ཡོད་མ་རེད། བཀའ་ཁྲི་ནི་བཀའ་ཁྲི་རང་རེད། གཞུང་ཞབས་པ་ཚོའི་མགོ་ན་དབང་ཡོད་ཀྱང་མང་ཚོགས་ཀྱི་ལག་གི་འཇུག་རྡེའུ་ཞིག་རེད།་

    Reply
  16. བྱ་གཞུང་དཔལ་རྡོར། says:
    ལོ་ 14 སྔོན།

    སེར་སྨད་བློ་དགའ་ལགས་ལ་མཚམས་འདྲི་དང་བཅས་རྗེས་སུ་ཡི་རེངས་ཞུ་རྒྱུ་ཡིན། རྒན་ཆབ་བྲག་གི་གསུངས་བ་ལྟར་གོང་རིམ་གྱི་འོག་རིམ་ལ་ལྟ་བ་དང་འོག་རིམ་གྱི་གོང་རིམ་མཐོང་བ་ཟེར་བ་དེར་གོ་རྒྱུ་ཆེན་པོ་འདུག་ལ། ཁྱེད་རང་འོག་རིམ་ནས་གོང་རིམ་མཐོང་མཁན་ཞིག་རེད། ཡིིན་ནའང་ཆོལ་ཁའི་དབྱེ་བ་དེས་རྩོམ་ཡིག་ཧྲིལ་པོར་སྐྱོན་ཅུང་ཙམ་བྱུང་ཡོད། ལར་ནས་དེ་ལྟར་དབྱེ་བ་མ་ཕྱེ་ནའང་ངས་བལྟས་ན་ཕལ་ཆེར་མི་གང་ལ་གང་འཚམ་ཞིག་གིས་དེ་ལྟར་ལྟ་རྒྱུ་རེད། བྱས་ཙང་ཐ་གཅིག་ཏུ་ཁྱེད་རང་གི་དབྱེ་བ་དེ་མ་འགྲིག་པར་བརྗོད་ཐུབ་ཀྱི་མི་འདུག འོག་ནས་གོང་རིམ་མ་མཐོང་བའི་མཆན་འདེབས་མཁན་ཞིག་གིས་ཚོར་བ་དྲག་པོས་རྩོམ་ཡིག་འདི་བྲིས་ཤག་ཟེར་ནས་སྐྱོན་བརྗོད་པ་ནི་དོན་དག་གང་ཡང་མེད་པ་ཞིག་དོན་དག་ཅན་ཞིག་ཏུ་བཤད་པ་རང་རེད། ཚོར་བ་དྲག་པོ་མེད་པར་རྩོམ་འདི་འདྲ་ཞིག་འབྲི་ཐུབ་བམ། མཁས་མདོག་མ་སྟོན། རྩོམ་པ་པོ་ཞིག་གིས་རྒྱུ་མཚན་གཞའ་མ་རྐྱང་རྐྱང་གིས་རྩོམ་འབྲི་ཐུབ་བམ། རེད། ཁོང་གི་རྩོམ་ཡིག་འདིས་བདེན་རྫུན་གསལ་པོར་བསྟན་པ་མ་ཟད། ཀློག་པ་པོར་གསལ་འདེབས་ཡང་ཡག་པོ་བསྟན་ཡོད་རེད། ཅི་ཞིག་ནི་ཚོར་བའི་དབང་གིས་རྣམ་དཔྱོད་ཡལ་བ་ཟེར་བ་རེད། བཙན་པོའི་བུས་རྩོམ་ཡིག་འདི་ལས་ལྷག་པའི་རྣམ་དཔྱོད་ཀྱི་རྩོམ་ཞིག་བྲིས་བ་མཐོང་མ་སོང་ལགས། ལར་ནས་སྤྱི་འཐུས་གངས་ལྷ་མོ་ལ་དམིགས་བསལ་ཡོད་ཆོག་གི་རེད། དེ་ལས་གཞན་རྣམས་ལ་རྒྱུ་མཚན་ག་རེ་ཡོད་དམ། ཚུལ་ཁྲིམས་བསྟན་འཛིན་ཟེར་བ་དེས་ལར་ནས་མི་ལྕོག་ལྕོག་གཞུ་འདྲ་ཞིག་ཡིན། སེམས་ཅན་ཡར་ལ་འགྲོ་སྐབས་ཁོ་མར་ལ་འགྲོ་མཁན་ཞིག་རེད།

    Reply
  17. མི་ཆུང་། says:
    ལོ་ 14 སྔོན།

    སེར་སྨད་བློ་དགར་རྒྱབ་སྐྱོར་ཡོད། མི་འདི་པ་རྒྱལ་ཞེན་ཅན་ཞིག་དང་ཆོལ་ཁོངས་སུ་མི་ཕྱོགས་པ་ཞིག་ཡིན་པ་དེ་སྔོན་ནས་ཚོར་སོང་། སྐབས་འདིར་མདོ་སྟོད་སྤྱི་འཐུས་སུ་སླེབས་པ་དགའ་འོང་། ལྷག་དོན་ཁོ་པས་སྔོན་ལོ་སློབ་ཕྲུག་མང་པོའི་ཆེད་དུ་བལ་ཡུལ་དང་གངས་སྐྱིད་སོགས་སུ་ཡར་རྒྱུགས་མར་རྒྱུགས་ཀྱིས་འབྲས་བུ་བཟང་པོ་སྟོན་སོང་།

    དྲ་འབུ་འགའ་ཞིག་གིས་ཁོ་པས་སྐྱོན་བརྗོད་པ་ནི། དོན་རྒྱལ་དང་འབྲེལ་ནས་ཡིན་པར་སྙམ། དེ་སྔོན་ཁོ་པས་དོལ་རྒྱལ་སྟེན་མཁན་ཚོ་དང་འཐབ་རྩོད་བྱས་རབས་མང་པོ་འདུག ད་རེས་ཀྱང་ཁོ་པས་གནས་ཚུལ་དངོས་བྱུང་བཤད་པ་རེད།

    Reply
  18. ཤེས་རབ། says:
    ལོ་ 14 སྔོན།

    སེར་སྨད་བློ་དགར་རྩ་ཚང་འདུག་པ་མ་ཟད། གདོང་དམར་བོད་ཀྱི་སླད་མེད་པའི་རྩ་དེ་ཚང་འདུག ང་ཚོས་བཤད་དགོས་སར་བཤད་དགོས་ལ་དམོད་དགོས་སར་དམོད་དགོས། ལྷག་པར་དུ་སྤྱི་དོན་ཁ་ལ་ཁྱེར་མཁས་པ་དང་༸གོང་ས་ཆེན་པོར་སྤྲེལ་ལད་འཁྲབ་མཁས་པའི་དཔོན་ངན་རེ་ཟུང་གི་རང་ཐོག་ལ་བབ་ན། འགྲོ་དགོས་སར་འགྲོ་མ་ཐུབ་པ་དང་། བཤད་དགོས་སར་བཤད་མ་ཐུབ་པའི་རྣམ་པ་འདི་ནི་དོན་དངོས་ཐོག་ཁོ་བ་ཚོ་བོད་བསྟན་སྲིད་ཀྱི་དོན་ལ་ཅི་ཙམ་གྱིས་ཤ་ཚ་བྱེད་ཀྱིན་ཡོད་མེད་ཀྱི་ཁོ་བ་ཚོའི་རང་གཟུགས་ངན་པ་དེ་ཕྱི་རུ་མངོན་པ་རེད། ལས་འགུལ་འདི་དང་མཛད་སྒོ་དེ་གཉིས་ལས་མཛད་སྒོ་གལ་ཆེན་དོན་ཆེན་ལ་བརྩི་མཁན་འདིས་ཀྱང་དོན་དངོས་སུ་ཁོང་གི་ནང་སྙིང་རུས་པའི་སྟེང་ན་ཅི་ཞིག་ཡོད་མེད་གསལ་སྟོན་བྱས་འདུག
    ༼ རེ་འགས། ཉིས་སྟོང་བདུན་ལོར་མི་མང་བཞི་ཁྲི་བརྒལ་བ་མཉམ་ཞུགས་ཀྱི་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་པ་སྒོ་དྲུག་སྐལ་བཟང་བླ་ཆད་མྱོང་བ་ལྟར། ཐེངས་འདིའི་བཀའ་བློན་ཁྲི་པའང་ཉྭ་ཁུམ་སོང་བ་མ་རེད་དམ། ཟེར་བའི་སྐད་ཆའི་རྒྱབ་ལྗོངས་ཀྱི་ཁུངས་གསལ་པོ་མི་ཤེས་མོད། མི་མང་ལས་འགུལ་འདི་གལ་ཆེའི་དོན་ཆེན་ལ་སོང་། བཀའ་བློན་ཁྲི་པ་ཚེས་༡༩ ཉིན་གནམ་གྲུའི་དཀའ་ངལ་གྱིས་ལྡི་ལིར་ཕེབས་མ་ཐུབ་པའི་དབང་དུ་བཏང་ཡང་། ཚེས་༢༠ ཉིན་ལྡི་ལིའི་གཞུང་འབྲེལ་ལས་འགུལ་ལས་རྡོ་རྗེ་གླིང་སློབ་གྲཱའི་མཛད་སྒོ་གལ་ཆེན་བརྩིས་པ་དང་། རྡོ་རྗེ་གླིང་དུ་ཕེབས་ཐུབ་པ་ལ་ལྡི་ལིར་ཕེབས་མ་ཐུབ་པའི་གནས་ཚུལ་དེ་འགྲེལ་བཤད་རྒྱག་ཁག་པོ་ཆགས་ཡོད་པ་རེད།
    སྐབས་དེའི་ཆོས་རིག་བཀའ་བློན་གྱི་གསུང་བཤད་དེ་གོ་རྒྱུ་ཚོར་རྒྱུ་ཡོད་མེད་ཇི་ལྟར་ཡང་སྤྱི་འཐུས་ཚོགས་གཞོན་གྱི་གསུང་བཤད་དེའང་ཡུལ་སྐད་ཀྱིས་དབང་གིས། གསུང་བཤད་ཀྱི་ནང་དོན་ཆ་ཚང་པ་ཞིག་གོ་མཁན་མང་མཐར་ཡང་མི་སུམ་ཅུ་བཞི་བཅུ་ལས་བྱུང་མེད་པ་འདྲ། སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་བཤད་དང་སྒྲོབ་གཟུགས་ཀྱི་རྣམ་འགྱུར་དེ་དག་གིས། ལས་འགུལ་བ་འགོ་འཇུག་བར་གསུམ་ནས་འཛུམ་དམུལ་དམུལ་ངང་ངོ་གདོང་གི་རྔུལ་ནག་ཕྱི་བཞིན་འདུག་ལ། རྒྱ་གར་གྱི་ཡུལ་མི་དང་རྒྱ་གར་གྱི་ཆེས་མཐོའི་གཏམ་བཤད་པ་རྣམ་པས་ཀྱང་ཡ་མཚན་མཚན་དང་འདྲོགས་རིས་རིས་གནང་སོང་། མི་རྣམས་སེམས་ཤུགས་འཕར་བཞིན་པ་དང་ལྷག་པར་དུ་ལྡི་ལིའི་གཞུང་འབྲེལ་ལས་འགུལ་འདི། སྐབས་དེའི་གཞུང་འབྲེལ་ལས་འགུལ་གྱི་ལྟེ་བ་ཡིན་དུས། ཁྱབ་བསྒྲགས་དང་དོ་སྣང་། རྒྱ་ནག་དང་རྒྱལ་སྤྱི་སོགས་གང་ཅིའི་ཐད་ནས། བཀའ་བློན་ཁྲི་པ་དངོས་སུ་ཕེབས་ཏེ་གསུང་བཤད་དང་སྣེ་ཁྲིད་གནང་བ་ཡིན་ན། གཞན་དང་མི་འདྲ་བའི་ནུས་ཤུགས་ཐོན་རྒྱུ་མ་ཟད། རྡ་སའི་ལུང་ཁུག་དང་མི་འདྲ་བར་ལས་འགུལ་བ་སུམ་སྟོང་ལྷག་ཕྱོགས་སོ་སོར་ཕེབས་ཚེ་སྐབས་དེའི་མྱོང་ཚོར་དང་འགྲེལ་བཤད་རྣམས་རང་བཞིན་གྱིས་མི་འདྲ་བ་ཆགས་པ་དང་། མ་འོངས་པར་ཡང་ལས་འགུལ་འདིའི་རིགས་སྤེལ་སྐབས་མི་མང་བསྡུ་སྐོང་སོགས་ལས་འགུལ་གྱི་སྤུས་ཚད་ལ་ཁྱད་པར་ཆེན་པོ་འགྲོ་ངེས་ཡིན་པ་རེད། ༽

    Reply
  19. བློ་བཟང་དབང་ཕྱུག says:
    ལོ་ 14 སྔོན།

    སྦེལ་ཀོབ་ས་གནས་མང་གཙོ་ཚོགས་པའི་ཚོགས་གཙོ་སེར་སྨད་བློ་དགའ་དང་དངོས་མིང་བློབཟང་ཆོས་གྲུབ་ཟེར་ཁོང་ད་ལོར་མདོ་སྟོད་སྤྱི་འཐུས་ཀྱི་འོས་ནངལངས་པ་རེད།ཁོའི་བྱེད་བབ་དང་ལྷག་པར་དུ་མི་ཡང་པོ་།སློབ་སྦྱོང་གང་ཡང་མེད་མཁན་།སྤྱི་ཚོགས་ཐོག་རྩ་མེད་བརྩི་བའི་མི་ཞིག་ཡིན་པའི་ངོས་ནས་སྤྱི་འཐུས་དེ་ཁོང་ལ་ཐོབ་མེད།
    དེ་ནས་ཁོས་རང་ཉིད་ཆོལ་ཁའི་ཁོངས་རྐུབ་སྟེགས་ཤིག་མི་རག་པར་མཐོང་ནས་ད་ཐེངས་དྲང་པོ་བདེན་པ་ཡིན་མདོག་གིས་རང་དང་ཉེ་བའི་མི་འམ།རང་གི་ཆོལ་ཁོངས་ཀྱི་གནད་ཡོད་སྤྱི་འཐུས་ཁ་ཤས་ལ་སྐྱོན་འདོགས་པ་དེའི་དམིགས་ཡུལ་ནས་མ་འོངས་པར་མང་གཙོ་ཚོགས་པ་མཚོན་པའི་ཆོལ་ཁ་ཆོས་ལུགས་ཀྱི་རིས་བཅད་མེད་པའི་ཚོགས་པ་དག་ན་རྐུབ་སྟེགས་རག་པའི་སླད་དུ་རེད། མ་གཏོགས་བདེན་དང་དྲང་པོ་གནས་ལུགས་གཞི་བཅོས་པའི་སྐད་ཆ་མ་རེད།
    དེས་ན་མི་ཚང་མས་ད་ནས་ཁོ་ལ་དོགས་ཟོན་གྱིས་་་་་་་་་་་་་་་་་་་་་་་

    Reply
  20. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    སེར་སྨད་བློ་དགའ་ལགས་ཀྱི་བསམ་ཚུལ་ཚང་མར་ཀློག་པ་ཡིན། ས་ཆ་དེ་ནས་ང་ལ་ཡང་སེམས་ཚོལ་འདྲ་མིན་ཞིག་གི་སེམས་ལྷོད་ལ་འབབ་མ་ཐུབ་པ་ཞིག་བྱུང་། གང་ལྟར་ང་ནི་དྲངས་བདེན་ལ་དད་པ་ཡོད་ལ་དྲངས་གཏམ་བཤད་དེ་བས་དགའ། ཕར་ཆེར་ཚོགས་གཞོན་ཡིན་པ་ཡོད། ཁོང་གིས་ད་ཐང་མཉམ་ཞུགས་འདི་ལ་སྤྱི་མཐུས་ཕར་ཆེར་འདིར་ཕེབས་ཡོད་ཀྱང་འགའ་ཞིག་ཕེབས་མ་ཐུབ་པ་དང་འགའ་ཞིག་གི་ཕྱོགས་གཞན་ནས་སྣེ་ཁྲིད་བྱེད་བཞིན་ཡོད་ཁྱེད་ཅག་གི་སེམས་བདེ་མོ་བྱས་ཆོག་ང་ཚོ་སྤྱི་མཐུས་ཚོ་འདིར་ཚང་མཛོམ་མ་ཐུབ་ཅིང་མཐུན་ཐག་ཆོད་ཡོད་གསུངས་པ་ལས། རྒྱུ་སྐྱེན་གང་གིས་ཕེབས་མ་ཐུབ་པ་སོགས་གསལ་བཤད་མི་འདུག། ངའི་སེམས་ལ་ཡང་བློ་དགའ་ལ་བྱུང་བའི་དྲི་བ། ཕེབས་མ་ཐུབ་པའི་སྤྱི་མཐུས་ཚོ་ཅེས་ཕྱིར? གང་ལྟར་གོང་གི་གསུང་ཐུང་ངུ་དེས་ཕེབས་མ་ཐུབ་པའི་མཐུས་མི་ཚོ་བཀབ་སོང་བའི་ཚོར་སྣང་བྱུང་།

    འགའ་ཞིག་གིས་བློ་དགའི་སྐྱོན་བརྗོད་བཞིན་འདུག་གསུང་བ་དང་འགའ་ཞིག་གིས་ཆོ་མེད་པས་སྡུག་ར་བྱེད་པ་སོགས་ངོ་མ་དགོད་བྱེད་རེད །

    སེར་སྨད་བློ་དགའི་ངོས་ནས་བདེན་གཏམ་ལས་སྐྱོན་བརྗོད་བྱས་པ་མིན། སྐྱོན་ཅན་རང་ངོས་ནས་བཤད་ན་སྐྱོན་ལ་འཛུབ་མོ་བཙུག་པ་རེད། མ་ཤེས་མ་དག་གི་འདི་ལྟར་དབྱེ་བ་འབྱེད་དགོས་པ་ཤེས་ན་རེད

    Reply
  21. བཀྲ་ཤིས། says:
    ལོ་ 14 སྔོན།

    བློ་དགའ་ཟེར་བ་དེ་རྩ་མི་ཚང་བ་ཚང་མས་མཁྱེན་རྟོགས་ཐུབ་ཀྱི་རེད་བསམ། ཤར་ཁུག་གིས་བློ་སེང་ལ་ཁ་བཏང་ནས་གཡུག་པ་ལྟར་འདི་ཡང་ཁྲིམས་དང་འགལ་ཡོད་པས་བློ་སེང་ལ་ཆད་པ་གཅོད་དུ་འཇུག་རོགས། གལ་སྲིད་བློ་སེང་གིས་འདི་ལ་ཇུས་གཏོགས་མ་བྱས་ན་བློ་སེང་ལ་ཆོལ་ཁའི་ཕྱོགས་རིས་ཡོད་པར་ངོས་འཛིན་མི་བྱེད་ཐབས་མེད་ཆགས་པ་རེད། ཚང་མས་འདི་ངེས་པ་བྱེད་དགོས།

    Reply
  22. གྲྭ་རྐྱང་། says:
    ལོ་ 14 སྔོན།

    ་སེར་སྨད་བློ་དགའ་ལགས་ཀྱིས་ཞིབ་འཇུག་ཡག་པོ་གནང་འདུག་པ་མ་ཟད་རྩོམ་གཤིས་ཀྱང་ཡར་རྒྱས་ཆེན་པོ་སོང་འདུག་ལགས། སྤྱིར་བཏང་བྱས་ན་སྤྱི་འཐུས་ཚོ་ད་རེབ་སྤྱི་འཐུས་ཚོགས་ཁང་གི་རྐུབ་སྟེགས་སྟེང་བོད་མི་ནང་ཁུལ་མགོར་རྫིག་ཉམས་སྟོན་པ་བཞིན་ད་རེབ་མི་མང་གི་ལས་འགུལ་དབུ་འཁྲིད་དེ་རྒྱ་དམར་གཞུང་ལ་རྫིག་ཉམས་སྟོན་དགོས་ཀྱང་། ཐབས་སྐྱོ་པ་ཞིག་ལ་མདོ་སྟོད་སྤྱི་འཐུས་དཀོན་མཆོག་ཆོས་སྒྲོན་དང་། མདོ་སྟོད་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་སོགས་གོ་མེད་ཚོར་མེད་རེད་འདུག་ག

    Reply
  23. བདེན་རྒྱལ། says:
    ལོ་ 14 སྔོན།

    གྲ་མིང་སེར་སྨད་བློ་དགའ་ཟེར་བ་རྒྱ་ཞེན་ཆེ་འདོག་གི་རྩམ་ཡིག་ནང་། བོད་མིའི་བླ་ན་མེད་གཞུང་གི་འཛད་གཙོ་སྤྱི་འཐུས་རྣམ་པ་ཁག་ཅིག་སྐྱོན་བརྗོད་དེ་ལ་དུས་ནམ་ཡང་ངོས་ལེན་མེད། གང་ཡིན་ཟེར་ན་གྲ་ཁྱེད་རང་ད་བར་བོད་སྤྱི་པའི་ཐོག་ལས་དོན་ག་རེ་བསྒྲུབས་ཡོད་། བོད་ནས་རྒྱ་གར་ནང་ག་རེ་ཆེད་དུ་ཡོང་བ། སེར་སྨད་ནང་དུ་ག་རེ་བྱས་ནས་སྡོད་ཡོད་། ག་རེ་སྦྱང་གི་ཡོད། ལུས་ལ་གྲ་ཆས་ཞིག་གྱོན་ནས་སྤྱི་ཚོགས་ནང་དཀྲུག་གཞི་བཞག་པ་དེ་ངོས་ལེན་མེད། ཁྱེད་རང་དེ་འདྲ་རྒྱ་ཞེན་ཡོད་ན་ད་བར་དུ་སྤྱི་འཐུས་ག་རེ་བྱེད་ནས་མ་ཐོབ་པ་རེད། ལས་དགོས་རྒྱབ་ནས་མ་ཡོང་པ་དེ་ཚོ་རྒྱུ་མཚན་ཅི་ཡིན་དང། གྲོས་ཚོགས་སུ་བཅར་མ་ཐུབ་པ་རྣམ་མ་བཅར་རེད་དམ་བཅར་མ་ཐུབ་པ་རེད། དེ་ཚོ་ལ་རེ་རེར་བཞིན་རྒྱུ་མཚན་འབྲི་ན་ཡག་པོ་འདུག རྒྱ་ཆེའི་མི་མངས་ནས་གཟིགས་ཀྱི་རེད། དེ་མིན་ཁྱེད་རང་གི་རྒྱ་ཞེན་ཁ་ལ་ཁུར་ནས་རྒྱ་མི་སྲིད་ཇུས་ཀྱི་ལས་ཀ་བྱེད་པ་དེ་ལ་ངོས་ལེན་མེད། ང་ཚོས་སྤྱི་ཚོགས་དེ་ཁྱེད་རང་འདྲ་པོ་ཞིག་གི་གཏོར་ཐུབ་ཀྱི་མ་རེད། དེ་ལས་ཁྱེད་རང་དོ་རྒྱལ་ཚང་དུ་ཕར་འགྲོ་ན་ཡག་གི་རེད།

    Reply
  24. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་གང་ཡང་མིན་མོད། ང་དང་ང་ལྟ་བུ་མི་དམངས་དཀྱུས་མ་ཚོས་ངེས་པར་དུ་ཤེས་འདོད་ལ་ཤེས་དགོས་པ། ཤེས་མ་ཐུབ་པ་དེ་གོང་གསལ་སྤྱི་འཐུས་དེ་དག་མཉམ་ཞུགས་མ་ཐུབ་པ་དེ་གཞུང་དོན་དང་སྒེར་དོན་གང་ཡིན་དང་། ཁ་ཅིག་ལས་བགོས་ནང་ཚུད་ཀྱང་ཕེབས་མི་འདུག་པ་དང་ཁ་ཅིག་ལས་བགོས་ནང་ཚུད་ཀྱང་མེད་ལ་ཕེབས་ཀྱང་མེད་པ་དེའི་རྒྱུ་རྐྱེན་གང་ཡིན་པ་དེ་རེད།

    Reply
  25. བཀྲ་ཤིས་ལྷ་མོ། says:
    ལོ་ 14 སྔོན།

    ཁོང་ཚོ་ནི་ད་བར་བོད་པའི་སྤྱི་ཚོགས་ནང་དུ་བྱས་རྗེས་འཇོག་མཁན་དང་གུས་བཀུར་བྱེད་འོས་པ་རྐྱང་རྐྱང་རེད། ཁྱེད་རང་ལ་བལྟས་ན་བྱས་རྗེས་ག་རེ་ཡོད། ད་བོད་པའི་སྤྱི་འཚོགས་དང་གྲྭ་ཚང་ནང་དུ་དཀྲོགས་གཏམ་སྤེལ་རྒྱུ་མ་གཏོགས་ལས་ཀ་གཞན་ག་རེ་བྱས་པ་ཡོད། ཁྱོད་ཀྱི་བྱས་ ༢༠༡༠ ལོར་འོས་ཐོབ་ལ་རེ་བ་བྱས་ཏེ་བལ་ཡུལ་སོང་ནས་ཕྲུ་གུ་སྒྲིག་འགལ་རྣམས་ཚུར་ཁྲིད་ནས་ཁཡaོད་ཀྱི་ཁྲིད་ཡོད་ཚུལ་དང་འོས་ཐོབ་རེ་བའི་ཆེད་གསལ་བསྒྲགས་འདྲ་སྤེལ་བྱས་ཀྱང་མི་མང་མགོ་གཏོང་ཐུབ་ཀྱི་མ་རེད། ག་ཞི་རྩ་ཁྱོད་རང་མི་གཞི་མ་རབ་ཏ་ཤལ་ཞིག་ཡོད་པ་ཕལ་ཆེ་བས་ངོས་འཛིན་བྱེད་ཀྱི་ཡོད་པ་ཁྱོད་རང་ཤེས་མི་འདུག་བ།

    Reply
  26. བཀྲ་ཤིས་ལྷ་མོ། says:
    ལོ་ 14 སྔོན།

    གོང་དུ་མཐོང་ཚུལ་མང་པོ་གསུང་འདུག་པ་དེ་དག་གཅིག་བྱས་ན་ཡིན་སྲིད་པ་ཞིག་རེད། གཅིག་བྱས་ན་སྤྱི་འཐུས་ལྷན་ཁང་ནས་གོང་དུ་བཀོད་སྒྲིག་མ་གནང་བ་དང་བཅར་མ་ཐུབ་པ་དེ་དག་ལ་རྒྱུ་མཚན་ཡོད་ངེས་རེད། ལམ་སེང་ཁྱི་སྨྱོན་པས་སོ་བརྒྱབ་པ་ལྟ་བུས་གནམ་མཆོངས་ས་མཆོངས་བྱས་ན་ད་གཟོད་གོང་དུ་གསུངས་པའི་(བོད་མི་མང་ལ་སེམས་གསོ་བྱད་རྒྱུ་ཡིན)ཟེར་བ་དེ་ཆེད་དུ་གཉེར་ནས་སེམས་ཕམ་བཟོས་པ་ཞིག་ཅི་ལ་མིན། མ་གཞི་ཁྱེད་རང་རྟག་པར་བཀྲ་ཤིས་པའི་གསས་མཁར་བརྩེགས་ས་ལ། ཐན་ངན་པའི་ཀུ་ཅོ་འདེབས་དོན་ཅི་ཡིན། ཁྱེད་རང་སྤྱི་འཐུས་ཀྱི་རྐུབ་སྟེགས་མ་རགས་པ་དེ་ཁོ་ཚོས་བཟོས་པ་མ་རེད། ཁྱེད་རང་སྙིང་ནད་ཀན་སེལ་ན་བ་དེ་ཁོ་ཚོའི་སྟེང་དུ་སྤུངས་ན་ག་ལ་འགྲིགས། སྤྱི་འཐུས་བྱེད་འདོད་ཡོད་མི་མང་ནང་དུ་བྱས་རྗེས་གང་ལ་གང་འཚམས་བཞག་ན་ཐུབ་སྲིད་པ་རེད། དེའི་ནང་ནས་མདོ་སྟོད་སྤྱི་འཐུས་དེ་ཚོར་སྡང་སྨོད་བྱས་པ་དེ་ཀྱོད་ཀྱི་རྐུབ་སྟེགས་འཕྲོག་མཁན་དེ་ཁོ་ཚོ་ཡིན་པའི་བཟོ་འདྲ་ཞིག་བྱས་འདུག

    Reply
  27. བཙན་པོའི་བུ། says:
    ལོ་ 14 སྔོན།

    རྩ་བའི་ཆ་ནས་ཁྱེད་ཀྱིས་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་པས་དགའ་བསུ་ཡོད། འོན་ཀྱང་ཁྱེད་ཀྱི་རྩོམ་གཤིས་ལ་བལྟས་ཚེ་ཁྱེད་རང་གིས་རྩོམ་འདི་འབྲི་བའི་སྐབས་ཚོར་ཤུགས་དྲག་པོ་ཞིག་གི་འོག་ནས་བྲིས་པ་ལྟ་བུ་ཞིག་འདུག དེ་ལྟར་རང་ཉིད་ཀྱི་ཚོར་ཤེས་ཚོར་བ་རང་བ་ཞིག་གི་འོག་ཏུ་ཤོར་ཚེ་རྟོགས་དཔྱོད་ཀྱི་ནུས་པ་ཉམ་འགྲོ་གི་ཡོད། དེས་རྐྱེན་པས་བདེན་རྫུན་བརྡར་གཅོད་ཀྱི་རྣམ་དཔྱོད་དེ་ཡལ་གྱི་ཡོད། ད་རེས་ཀྱི་ཁྱེད་ཀྱི་རྩོམ་འདི་ལའང་ཚོར་འདུ་དེའི་འོག་ཏུ་ཤོར་འདུག་སྟབས་གནད་དོན་མི་ཉུང་བ་ཞིག་རང་ཐག་ར྄ང་བཅད་གནང་བ་ལས་རྟོགས་དཔྱོད་ཀྱི་ཞག་རྩི་མི་འདུག གང་ཡིན་ཞུས་ན་གོང་ཞུས་སྤྱི་འཐུས་དེ་མིགས་ཡོང་མ་ཐུབ་པའམ་ཡང་ན་ཆེད་དུ་མ་ཡོངས་པའི་གནས་ཚུལ་མཁོ་འདོན་གནང་མི་འདུག དེར་བརྟེན་དེ་མུར་བསྡོམས་ཚིག་འཇོག་རྒྱུ་དེ་ཆུང་སྔ་དྲག་པ་མིན་འགྲོ དེ་ནི་བདག་གི་བསམ་འཆར་ཙམ་ཡིན།

    Reply
  28. སྒོ་བུ་གྲགས་པ། says:
    ལོ་ 14 སྔོན།

    ཟིན་བྲིས་པ་ཚང་མ་ཁྱེད་རང་ནང་བཞིན་ཡིན་ན་ཅི་མ་རུང་། ང་དྲང་བདེན་ལ་ཞེ་དྲག་དགའ།

    Reply
  29. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བསྐྱར་ཞིབ་གནང་བ་ཡག་པོ་རེད། གོང་རིམ་གྱིས་འོག་རིམ་གཟིགས་ཐུབ་པ་དང་འོག་རིམ་གྱིས་ཀྱང་གོང་རིམ་མཐོང་ཐུབ་རྒྱུ་དེ་ནི་གལ་ཆེན་པོ་རེད། འོན་ཀྱང་རྩོམ་ཡིག་སྤེལ་མཁན་རང་ཉིད་ཆོལ་ཁོངས་གང་དུ་གཏོགས་ཀྱང་དོན་གནད་ལ་ལ་ཞིག་ལ་ཆོལ་ཁའི་དབྱེ་བ་འབྱེད་མི་འོས། ལྷག་པར་གོང་རིམ་དབུ་ཁྲིད་རྣམ་པ་སུ་ཞིག་ཡིན་རུང་དེ་ལ་ཆོལ་ཁོངས་དང་སྦྱར་ནས་འགྲེལ་བརྗོད་མ་གནང་ན་ཡག
    དེའི་རྒྱུ་མཚན་གཙོ་བོ་ནི་སྐད་ཆ་དེ་རིགས་ལ་ཆེད་དུ་འཇུས་ནས་ཆོལ་ཁའི་བཟང་ངན་གླེང་སློང་བྱེད་རྒྱུའི་ཉེན་ཁ་ཞིག་ཚོར་གི་འདུག
    མཉམ་ཞུགས་གནང་མ་ཐུབ་པ་དེ་དག་ལ་ཡང་སོ་སོར་རྒྱུ་རྐྱེན་གལ་ཆེན་རེ་ཡོད་ཀྱང་སྲིད་དེ་དག་སྐོར་ལ་རྩད་གཅོད་བྱེད་དགོས་ཚེ་དོ་བདག་སོ་སོར་ཡང་བཅར་འདྲི་བྱ་རྒྱུ་གལ་ཆེ་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese