མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“བོད་གཞུང་དམངས་ཡོངས་རང་བཙན་ཐོག་ཕྱིན་ཡང་ང་མ་ཤི་བར་དབུ་མའི་ལམ་ཡིན”

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་སུ་བོད་ནང་གི་ཛ་དྲག་གནས་བབ་དང་འབྲེལ་ཏེ། བཙན་བྱོལ་སྤྱི་ཚོགས་ནང་ལས་འགན་འཁྱེར་ཕྱོགས་དང་རང་བཙན་དང་དབུ་མའི་ལྟ་གྲུབ་སྐོར་ལ་བཅར་འདྲི་ཞུས་ཡོད།

    དྲི་བ། དེང་སྐབས་བོད་ནང་གཅིག་རྗེས་གཉིས་མཐུད་དུ་བོད་པའི་རྩ་དོན་ཐོག་རང་ལུས་མེར་བསྲེགས་གཏོང་བཞིན་པ་ཐོས་ཡོང་སྐབས་སེམས་ཚོར་གང་འདྲ་འདུག་གམ།

    ལན། ཉིན་འདི་འགའི་བོད་ནང་གི་གནས་ཚུལ་དེ་དག་ཧ་ཅང་ཛ་དྲག་པོ་ཞིག་དང་བློས་འགན་མི་བཟོད་པ་ཞིག་རེད། བསྡད་ན་སྡོད་མ་ཚུགས་པ་ཞིག་དང་། ཕྱིན་ན་འགྲོ་མ་ཤེས་པ་ཞིག་ཡོང་གི་འདུག ཁོ་ཚོས་གཅིག་རེ་གཅིག་རེ་བྱས་ཏེ་སོ་སོའི་ལུང་པ་ནས་ལུས་མེ་ལ་བསྒྲོན་ཡོང་དུས། ང་ཚོས་རྒྱལ་ཁབ་གཞན་ཞིག་ནས་སྐད་བརྒྱབ་བསྡད་ན་གང་འདྲ་ཞིག་ལ་སླེབས་ཀྱི་ཡོད་ན་བསམ་གྱི་འདུག དོན་དག་འདིའི་འབྱུང་རྩ་རྒྱ་ནག་དམར་ཤོག་གི་མགོ་ཁྲིད་ཚོས་སྲིད་ཇུས་དྲང་པོ་མ་བྱས་པ་ལས་བྱུང་བ་རེད། བོད་པའི་སྐུ་ཚབ་སྔ་ཕྱི་ཐེངས་བཅུ་གཅིག་ཙམ་ཕེབས་པ་དང་། ང་ཚོའི་མངོན་འདོད་ངོ་མ་ཡིག་ཐོག་ནས་ཕུལ་བ་རེད། དགོས་འདུན་དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་ཆ་རྐྱེན་ཁག་རེད། མདོར་བསྒྲིལ་ན་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོས་སོ་སོའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་སྒྲིག་ལ་རྡོག་རོལ་གཏོང་གི་ཡོད་པ་རེད། གནས་སྟངས་དེའི་འོག་ཏུ་བོད་མི་ཚོ་ཨ་ཆད་ཨུ་ཐུག་སྟེ་སོ་སོའི་ལུས་མེ་ལ་སྲེག་གི་ཡོད་པ་རེད།

 

    དྲི་བ། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་དེ་དག་གི་དགོས་འདུན་གཙོ་བོ་གང་ལ་ངོས་འཛིན་གནང་གི་ཡོད་དམ།  

    ལན། བོད་ནང་སྐུ་ལུས་མེར་བསྲེགས་གཏོང་གི་ཡོད་པ་དེ་དག་གི་འབོད་སྒྲ་གཙོ་བོ། བོད་མིར་རང་དབང་དགོས་པ་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དེ་རེད། ༧གོང་ས་མཆོག་བོད་དུ་ཕེབས་རྒྱུ་དེ་གཞིས་བཞུགས་བོད་མིའི་མངོན་འདོད་གཙོ་བོ་ཞིག་ཆགས་འདུག ང་ཚོས་བསམ་བློ་བཏང་ནའང་ཤེས་མི་ཐུབ་པ་ཞིག་མ་རེད། བོད་ནང་གི་བོད་མི་ཚོར་ཟ་འཐུང་གི་རང་དབང་ཙམ་ལས་གཞན་འགྲོ་བ་མི་ཞིག་ལ་འཐོབ་འོས་པའི་རང་དབང་སྣ་གཅིག་ཀྱང་ཡོད་པ་མ་རེད། མ་མཐར་ཡང་བོད་ཆོས་ལྡན་གྱི་ཞིང་རེད། གནའ་རབས་ལོ་རྒྱུས་ནས་བཟུང་སྟེ། བོད་པ་ཚོས་ཆོས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་མྱོང་བ་དང་། བློས་གཏོང་ཕོད་པའི་མི་རིགས་ཤིག་ཡིན། ད་ལྟ་དམར་ཤོག་གིས་ཆོས་དད་རང་དབང་དང་གཏམ་བརྗོད་རང་དབང་ལ་བཀག་སྡོམ་བྱས་ཡོང་སྐབས། བོད་པ་ཚོར་དེ་ལས་ལྷག་པའི་སྡུག་བསྔལ་ཞིག་དང་ཁོང་ཁྲོ་སློང་བྱེད་ཅིག་ཡོད་པ་མ་རེད།

 

    དྲི་བ། རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་དེས་རྩ་དོན་ཐོག་འཕྲལ་ཕུགས་ཀྱི་ཕན་གནོད་གང་འདྲ་འབྱུང་སྲིད་དམ། 

    ལན། སྤྱིར་བཏང་ང་ཚོ་བོད་པ་མི་འབོར་ཉུང་ཉུང་རེད། འདི་ལྟར་གཅིག་རྗེས་གཉིས་མཐུད་དུ་སྲོག་ཤོར་ན་ཕངས་པོ་རེད་དེ། རྩ་དོན་འཐབ་རྩོད་བྱེད་མཁན་ཞིག་ལ་བསམ་བློ་བཏང་ན། ལས་འགུལ་འདི་དག་ཧ་ཅང་གི་རླབས་ཆེན་རེད། བོད་ནང་ད་བར་ལས་འགུལ་སྤེལ་བ་ཡོངས་རྫོགས་འཚེ་མེད་ཞི་བའི་ལས་འགུལ་ཁོ་ན་ཆགས་ཡོད། ལྷག་པར་དུ་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་དེར་འཛམ་གླིང་ཐོག་གི་མི་སུ་འདྲ་ཞིག་ཡིན་ཡང་ཡིད་འགུལ་ཐེབས་པ་དང་དོ་སྣང་འདྲེན་པ་ཞིག་ཆགས་ཡོད། ལས་འགུལ་འདི་དག་གིས་བོད་པའི་རྩ་དོན་ཐོག་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་ལ། བོད་པའི་རྩ་དོན་ཙམ་མ་ཟད་འཛམ་གླིང་ལ་མིག་དཔེ་ཡག་པོ་ཞིག་དང་། དེང་སྐབས་དཀའ་རྙོག་ནང་ཚུད་ཡོད་པའི་ལུང་པ་དང་མི་རིགས་ཚོ་ལའང་ཕན་ཐོགས་ཡོད་པ་ཞིག་རེད་དྲན་ཡོད། རྒྱ་ནག་གི་མགོ་ཁྲིད་ཚོ་ལའང་འཛམ་གླིང་ཐོག་གདོང་བསྟན་ཏེ་སྐད་ཆ་བཤད་མ་ཐུབ་པ་ཞིག་བཟོ་བཞིན་ཡོད་པ་རེད། 

    དྲི་བ། ད་ལྟའི་ཆར་བོད་དོན་འཐབ་རྩོད་ཀྱི་གནས་ཚད་དེ་གང་འདྲ་ཞིག་ལ་བསླེབས་ཡོད་པར་མཐོང་གི་ཡོད་དམ།

    ལན། གང་ལ་གང་འཚམ་ཚད་མཐོ་བོར་བསླེབས་ཡོད་པ་རེད་བསམ་གྱི་ཡོད། ལྷག་པར་དུ་བོད་ནང་གི་ལས་འགུལ་སྤེལ་སྟངས་དེ་ཚོ་ཚད་མཐོ་བོ་ཞེ་དྲག་རེད། འཐབ་རྩོད་ཀྱི་ངོ་བོའི་ཐད་ནས་ཀྱང་ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་ཡང་། བོད་ནང་གི་གནས་སྟངས་དང་རྒྱ་ནག་གི་འཕེལ་རྒྱས། རྒྱལ་སྤྱིའི་འགྱུར་བ་སོགས་ལ་བསྟུན་ཏེ་ད་ཆར་རང་བཙན་བློས་བཏང་སྟེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་རང་སྐྱོང་རྩོད་ཀྱི་ཡོད་པ་རེད། ང་ཚོའི་དགོས་འདུན་ཆུང་དུ་ཕྱིན་ཡོད་ཀྱང་། རྒྱལ་སྤྱིའི་ངོས་ལེན་དང་རྒྱབ་སྐྱོར་ལྡབ་འགྱུར་གྱིས་ཆེ་རུ་ཕྱིན་ཡོད་པ་རེད། འོན་ཀྱང་ཕྱི་ཕྱོགས་ཀྱི་བོད་པ་ཚོས་ད་དུང་གནང་དགོས་པ་དང་། ལས་འགུལ་ཐོག་ཤུགས་སྣོན་དགོས་ས་གང་མང་ཞིག་མཐོང་གི་འདུག རྒྱ་བལ་འབྲུག་གསུམ་ཁུལ་དུ་བོད་པ་མང་པོ་ཡོད་པ་རེད་ལ། ཕྱིའི་རྒྱལ་ཁབ་སུམ་ཅུ་བཞི་བཅུ་ཞིག་ཏུ་བོད་པ་འབྱོར་ཡོད་པ་རེད། དེ་དག་གིས་རྩ་དོན་ལས་འགུལ་ཐོག་མདུན་སྐྱོད་དང་བློས་གཏོང་ཆེ་ཙམ་གནང་དགོས་ཀྱི་འདུག་དྲན་ཡོད།

 

    དྲི་བ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱག་ལས་གནང་སྟངས་ཐད་འདོད་པ་ཁེངས་ཀྱི་ཡོད་དམ།

    ལན། ཐེངས་འདིའི་བཀའ་སྤྱི་གཉིས་ཀྱི་ལས་འགུལ་ཐོག་ང་ལ་བསམ་ཚུལ་ཕྲན་བུ་ཡོད། ༢༠༠༨ ལོར་བོད་ནང་ཛ་དྲག་ཆགས་སྐབས་བཀའ་སྤྱི་གཉིས་ཀྱིས་ཛ་དྲག་ལས་འགུལ་ཚོགས་ཆུང་བཙུགས་པ་རེད་དེ། སྤྱི་འཐུས་ཚོ་བོད་མི་མང་གི་སྐུ་ཚབ་ཡིན་སྟབས་ལས་འགུལ་སྤེལ་ཡོད་པ་རེད། དེར་མི་མང་གིས་ཀྱང་རྒྱབ་སྐྱོར་གནང་ཡོད་པ་རེད། འོན་ཀྱང་བཀའ་ཤག་གི་ངོས་ནས་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ལ་འབྲེལ་བ་གནང་རྒྱུ་ཙམ་ལས་ལས་འགུལ་ནང་དངོས་སུ་གོམ་པ་བརྒྱབ་ཡོད་པ་མ་རེད། དེ་འགྲིག་འདུག་བསམ་ཡོད། ད་ལོར་ཡང་བཀའ་ཤག་གི་གནང་སྟངས་ཐོག་ཐལ་ཆ་ཤོར་ཉན་གི་མ་རེད། ང་ཚོས་ལམ་དབུ་མ་རྩོད་ཀྱི་ཡོད་པ་རེད། བོད་རྒྱ་གཉིས་ཕན་དང་། བོད་རྒྱའི་འཆམ་མཐུན་གླེང་གི་ཡོད་པ་རེད། རྒྱ་ཕྱོགས་ནས་ངོས་ལེན་བྱས་ཀྱང་རུང་ལ་མ་བྱས་ཀྱང་རུང་། རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་རག་ཐབས་དང་། རྒྱ་རིགས་མི་མང་གི་བློ་འགུག་ཐབས་ཐོག་བཀའ་ཤག་གིས་ཕྱག་བརྐྱངས་བརྐྱངས་ལ་སྡོད་དགོས་པ་རེད་བསམ་ཡོད།

 

    དྲི་བ། བོད་ནང་གི་གནས་སྟངས་ཐོག་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་པ་མི་རེ་ངོས་རེ་ནས་འགན་འཁུར་དང་ལས་འགུལ་གང་འདྲ་སྤེལ་དགོས་པར་མཐོང་གི་ཡོད་དམ།

    ལན། སྤྱིར་བཙན་བྱོལ་ནང་གི་བོད་པ་མི་རེ་ངོ་རེ་ནས་ལས་འགུལ་སྤེལ་དང་མི་སྤེལ། རྩ་དོན་ཐོག་ནུས་པ་མཉམ་སྤུངས་བྱ་ཐུབ་དང་མི་ཐུབ་ཟེར་བ་དེ་ཚོགས་སྐྱིད་སྒྲིག་འཛུགས་ཁག་ལ་རག་ལས་ཡོད་པ་རེད་དྲན་ཡོད། བཙན་བྱོལ་སྤྱི་ཚོགས་ནང་ཚོགས་པ་མང་པོ་ཡོད། མི་མང་བརྒྱ་ཆའི་ ༩༩ ཚོགས་པ་དེ་དག་གི་ཁོངས་སུ་འདུས་ཡོད་པ་རེད། བཞུགས་སྒར་ལ་མཚོན་ན་༼ མཉམ་འབྲེལ་འཐུས་ཚོགས ༽ཟེར་བའི་ཚོགས་སྐྱིད་སྒྲིག་འཛུགས་ ༡༡ ཙམ་མཉམ་དུ་འདུས་པའི་ཚོགས་པ་ཞིག་ཡོད། ཚོགས་པ་སོ་སོར་ལས་འགན་ཁ་ཁ་དང་ལྟ་བ་ལངས་ཕྱོགས་སོ་སོ་ཡོད་ཀྱང་། རྩ་དོན་ཛ་དྲག་ལ་ཐུག་ཡོང་སྐབས་གདུང་ཤུགས་ཆིག་སྒྲིལ་ཐོག་ལས་འགུལ་སྤེལ་དགོས་པ་རེད། མི་མང་ལ་སྣེ་ཁྲིད་མཁན་ཡག་པོ་བྱུང་བ་ཡིན་ན། རྒྱ་ཆེའི་མི་མང་གིས་ནམ་ཡང་ཕྱིར་འཐེན་བྱ་རྒྱུ་མ་རེད། བཙན་བྱོལ་ནང་དུ་བོད་མི་ཆིག་འབུམ་ལྷག་ཡོད་པ་དེ་བོད་ནང་གི་བོད་མི་ས་ཡ་དྲུག་གི་སྐུ་ཚབ་རེད། དེ་ལ་ལས་འགན་མང་པོ་ཞིག་ཡོད་པ་ངོས་ཟིན་དགོས་པ་རེད།  མི་སྒེར་སོ་སོའི་མི་ཚེ་འཁྱོལ་ཐབས་བྱས་བསྡད་ན་འགྲིག་གི་མ་རེད།

 

    དྲི་བ། བོད་ནང་རང་སྲོག་གཏོང་མཁན་མང་ཆེ་བ་གྲྭ་བཙུན་ཆགས་ཡོད་པ་དང་། བོད་པའི་རྩ་དོན་དེ་ཡང་ཆོས་རིག་ལ་འབྲེལ་བ་དམ་པོ་ཡོད་སྟབས། བཙན་བྱོལ་ནང་གི་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་སྤྲུལ་ཚོར་ལས་འགན་གང་འདྲ་ཡོད་པར་གཟིགས་ཀྱི་ཡོད་དམ།

    ལན། ཁྱེད་ཀྱི་དྲི་བ་འདིའི་ཐད་ང་ལ་བསམ་ཚུལ་མང་པོ་ཞིག་ཞུ་རྒྱུ་ཡོད། ནམ་ཞིག་བོད་རྒྱ་གཉིས་གདོང་ཐུག་བརྒྱབ་སྟེ་བོད་མི་ཁྲི་ཁ་ཤས་ཉི་མ་གཅིག་ལ་བསད་པ་ཡིན་ན། རྒྱ་གཞུང་གིས་དེ་རྒྱལ་ཁ་ཆེན་པོ་ཞིག་ལ་བརྩི་བ་མ་རེད་ལ། བོད་རང་ལ་མཚོན་ནའང་དེ་ཙམ་གྱི་གྱོང་ཆེན་པོ་མ་རེད། ལྐོག་ལྐོག་སིལ་སིལ་གྱིས་བོད་པའི་ཆོས་དང་རིག་གཞུང་གི་ཟུར་དང་སྣེ་ཙམ་རེ་རྩ་མེད་བཏང་བ་ཡིན་ན། རྒྱ་གཞུང་གི་དམིགས་ཡུལ་འགྲུབ་ཀྱི་ཡོད་པ་རེད་ལ། བོད་རང་ལ་མཚོན་ནའང་མི་རིགས་རྩ་མེད་ཀྱི་ཕྱོགས་སུ་གོམ་པ་རེ་རེ་བཞིན་སྤོ་ཡི་ཡོད་པ་རེད། གནས་ལུགས་དེ་ཧ་གོ་བའི་ཐོག་ནས་ཕྱི་ལོགས་སུ་བཞུགས་པའི་བླ་སྤྲུལ་མི་ཆེན་ཚོས་ཆེ་ས་ནས་བོད་མི་རིགས་དང་རྒྱལ་ཁབ། བསྟན་པ་ཆབ་སྲིད་ཡུན་གནས་ཡོང་ཆེད་དང་། ཆུང་ས་ནས་སོ་སོའི་ཆོས་ལུགས་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་ལ་འགན་འཁྲི་ཡོད་པ་དང་། རྗེས་འཇུག་སྐྱ་སེར་མི་མང་གི་མངོན་འདོད་ལ་རྒྱབ་སྐྱོར་གནང་སྟེ། ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ཕྱག་ལས་ཤིག་གནང་དགོས་པ་དང་། མི་རྒྱུ་གཉིས་ཐོག་ནས་རྩ་དོན་ཆེད་འགུལ་ཀྱོག་ཅིག་རྒྱག་རྒྱུའི་དུས་ཚོད་སླེབས་ཡོད་པ་རེད། བོད་ནང་དུ་ཚེ་སྲོག་གིས་ཆོས་རིག་སྲུང་སྐྱོབ་བྱེད་ཀྱི་ཡོད་དུས། ཕྱི་ཕྱོགས་ནས་དེ་ལས་རྒྱ་ཆེ་བ་ཞིག་དང་གཏིང་ཟབ་པ་ཞིག་སྒྲུབ་ཀྱི་ཡོད་མདོག་མདོག་བྱས་ཏེ་སྡོད་ས་ཡོད་པ་མ་རེད། བཙན་བྱོལ་དུ་དགོན་པ་རྫིག་པོ་མང་པོ་བརྒྱབ་པ་དང་། ཕྱི་རྒྱལ་དུ་ཆོས་ཚོགས་མང་པོ་བཙུགས་པ་དེ་སངས་རྒྱས་བསྟན་པ་སྤེལ་ཆེད་ཡིན་རྒྱུ་རེད། དེ་འགྲིག་གི་ཡོད་པ་རེད། དོན་ངོ་མའི་ཐོག་ནས་སངས་རྒྱས་བསྟན་པ་གནས་དང་མི་གནས་དེ། བོད་གནས་དང་མ་གནས་ལ་རག་ལས་ཡོད་པ་ཧ་གོ་དགོས་པ་རེད།

 

    དྲི་བ། དབུ་མའི་ལམ་ལ་གྲུབ་འབྲས་ཡོད་མེད་ཐད་དགོངས་ཚུལ་གང་འདྲ་ཡོད་པ་དང་། ཉིད་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཤུགས་ཆེན་ཞུ་དོན་གང་ཡིན་ནམ། 

    ལན། ངས་དབུ་མའི་ལམ་གྱི་སྐོར་ལ་དེབ་ཅིག་བཏོན་ཡོད། དེབ་དེའི་ནང་༧གོང་ས་ཆོག་གིས་དྲུག་ཅུ་རེ་གྲངས་ནས་དབུ་མའི་ལམ་ལ་དགོངས་པ་བཞེས་ཕྱོགས་དང་བཀའ་སློབ་ཕེབས་སྟངས་ཕྱོགས་བསྡུས་བྱས་ཡོད། དེབ་དེ་རྩོམ་སྒྲིག་གི་བརྒྱུད་རིམ་ཁྲོད་དབུ་མའི་ལམ་ལ་ཞིབ་འཇུག་བྱས་ཡོང་དུས། སོ་སོར་སྔར་ལས་ལྷག་པའི་དབུ་མའི་ལམ་ལ་དགའ་དད་སྤྲོ་གསུམ་དང་། ཡིད་ཆེས་གཏིང་ཟབ་མོ་སྐྱེ་ཡོང་གི་འདུག སྡོམ་བརྒྱབ་ན། བོད་པའི་གནད་དོན་དེ་རྒྱལ་སྤྱིའི་སྒང་དུ་བསླེབས་པ་དང་། བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་དེ་རིང་གི་གནས་སྟངས་འདིར་བསླེབས་པ་དབུ་མའི་ལམ་ལ་བརྟེན་ཏེ་བྱུང་བ་ཉག་ཅིག་རེད། རེ་ཟུང་གིས་ ༡༩༧༩ ལོར་ཏིན་ཞའོ་ཕིན་དང་འབྲེལ་བ་བྱུང་རྗེས་དབུ་མའི་ལམ་བྱུང་བ་རེད་ཟེར་མཁན་ཡོད་མོད། དེ་ནི་དབུ་མའི་ལམ་ལ་རྒྱུས་མངའ་མེད་མཁན་ཚོས་དཀྲོགས་བཤད་བྱེད་སྟངས་ཤིག་རེད། ༡༩༦༢ ལོར་༧གོང་ས་མཆོག་གིས་ཌལ་ཧོར་ནས་མི་མང་ལ། ང་ཚོས་རང་བཙན་བརྩད་དེ་སྡོད་རྒྱུ་ལས་རང་སྲིད་རང་སྐྱོང་ཐོག་ཕེབས་ན་ཡག་གི་རེད་གསུངས་ཡོད། ༡༩༦༩ ལོར་༧གོང་ས་མཆོག་གིས་ངྷ་རམ་ས་ལར་ང་ཚོ་བོད་མི་ས་ཡ་དྲུག་པོ་དེས་མགོ་འཐོན་ལ་མ་ཐོན་བྱས་ཏེ་སྡོད་པ་ལས། རྒྱ་མི་ས་ཡ་ཆིག་སྟོང་དང་མཉམ་དུ་བསྡད་ན་ཁྱད་པར་ཁྱོན་ནས་མི་འདུག མི་ལ་དགོས་པ་བདེ་སྐྱིད་རེད། ང་ཚོར་བདེ་སྐྱིད་བྱུང་ན་རྒྱ་མི་དང་མཉམ་དུ་བསྡད་ན་འགྲིག་གི་རེད་གསུངས་ཡོད།

 

    དྲི་བ། དེང་སྐབས་བོད་ཕྱི་ནང་གཉིས་སུ་བོད་རང་བཙན་ཐོག་སྐད་སྒྲ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། བཙན་བྱོལ་ནང་གི་གཞོན་སྐྱེས་མང་པོ་ཞིག་གིས་དབུ་མའི་ལམ་ལ་གྲུབ་འབྲས་འཐོན་གྱི་མེད་སྟབས། བོད་རང་བཙན་རྩོད་དགོས་པ་རེད་ཟེར་མཁན་ཡོང་གི་ཡོད་པའི་ཐད་དགོངས་འཆར་གང་འདྲ་ཡོད་དམ།

    ལན། བཙན་བྱོལ་སྤྱི་ཚོགས་ནང་ལས་ཀྱི་སྣེ་མོ་བ་རེ་ཟུང་དང་གཞོན་སྐྱེས་ཚོའི་ཁྲོད། བོད་ནང་རང་བཙན་ཐོག་ལས་འགུལ་སྤེལ་གྱི་ཡོད་པ་རེད། སྐུ་ལུས་མེར་བསྲེགས་བཏང་བ་དེ་དག་ཀྱང་བོད་རང་བཙན་ཆེད་རེད་ཟེར་མཁན་ཡོང་གི་འདུག ང་རང་གི་བསམ་པར་དེ་འདྲ་ཞིག་ཨེ་ཡིན་ནམ་བསམ་གྱི་ཡོད། གང་ཡིན་ཟེར་ན། ད་ལོའི་ཆོ་འཕྲུལ་སྨོན་ལམ་སྐབས་༧གོང་ས་མཆོག་གིས “ བོད་ནང་རང་བཙན་རྩོད་ཀྱི་ཡོད་པ་རེད་ཟེར་བ་དེ་བདེན་པ་མ་རེད། བོད་ནང་གི་ལས་བྱེད་དང་གནད་འགག་ཅན་གྱི་མི་མང་པོ་ཞིག་ང་ལ་འབྲེལ་བ་ཡོད། ཁོང་ཚོའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་གནང་གི་འདུག ཕྱོགས་མང་པོ་ཞིག་ལ་བསམ་བློ་བཏང་ན་རྒྱ་ནག་ལས་ལོགས་སུ་སྡོད་ཐབས་མེད་པ་གསལ་བོ་རེད ” ཟེར་ནས་ལབ་སོང་། ཞེས་བཀའ་གནང་ཡོད་པ་རེད། སྤྱིར་བཏང་༧གོང་ས་མཆོག་ལ་དགོངས་གཞི་གང་ཞིག་ཡོད་པ་དེའི་ཐོག་ལ་གཞིས་བཞུགས་མི་མང་རྒྱག་གཅིག་མཆོངས་གཅིག་ཡིན། ༢༠༠༥ ལོར་ཨཱ་མར་ཝ་ཏིའི་དུས་འཁོར་དབང་ཆེན་རྗེས་བོད་ནང་ནས་རི་དྭགས་སེམས་ཅན་གྱི་པགས་རིགས་མེར་བསྲེགས་བཏང་བ་ལས་གསལ་བོ་ཆགས་ཡོད། འོན་ཀྱང་། དབུ་མའི་ལམ་དང་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ་༧གོང་ས་མཆོག་ལ་བསྟུན་བསྒྱུར་བྱས་པ་དེ་འདྲ་མ་རེད། ཁོང་ཚོའི་ཉིན་རེའི་ཚོ་བའི་དགོས་མཁོ་དང་མིག་གི་མདུན་ལ་ལྷག་པའི་གནས་ཚུལ་གཞི་ལ་བཞག་སྟེ་གསུང་གི་ཡོད་པ་རེད།

 

    དྲི་བ། དུས་ཚོད་དང་མི་རབས་ཀྱི་འགྱུར་བ་དང་བསྟུན་ཏེ་གཞུང་དམངས་གཉིས་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་བོད་རང་བཙན་ཐོག་འཕོ་འགྱུར་འགྲོ་སྲིད་པ་ཞིག་ལ་མཐོང་གི་ཡོད་དམ།  

    ལན། ད་ལྟའི་སྲིད་བྱུས་འདི་ལས་སླ་པོའི་ཐོག་ནས་འགྱུར་ཆོག་ཆོག་ཅིག་མ་རེད། ༧གོང་ས་མཆོག་ལ་ཐུགས་མོས་ཆེན་པོ་ཡོད་པའི་སྲིད་བྱུས་ཞིག་ཡིན་པ་མ་ཟད། བོད་ཕྱི་ནང་གཉིས་ནས་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་ཞིག་ཆགས་ཡོད་པ་རེད། ལྷག་པར་དུ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ཐེངས་མང་པོར་གྲོས་ཆོད་སྣོན་འཇོག་བྱས་ཡོད་པ་ཞིག་རེད། གལ་སྲིད་གཞུང་དམངས་གཉིས་ནས་རང་བཙན་ལྟ་བུའི་སྲིད་བྱུས་གཞན་པ་ཞིག་གི་ཐོག་འགྱུར་བ་གཏོང་རྒྱུ་ཡིན་ན། དེ་དང་མཉམ་དུ་བོད་པའི་རྩ་དོན་འཐབ་རྩོད་ལ་ཨ་རི་དང་ཕྱིའི་རྒྱལ་ཁབ་ཁག་གི་རོགས་རམ་མི་དགོས་པ་ཞིག་དང་། བཙན་བྱོལ་གཞུང་དམངས་རྒྱ་གར་གཞུང་ལ་བརྟེན་མི་དགོས་པའི་ལམ་ཁ་ཞིག་ཀྱང་འཚོལ་དགོས་པ་རེད། བོད་གཞུང་དམངས་གཉིས་ཀྱིས་བདུན་ཅུ་དོན་གྲངས་བར་བོད་རང་བཙན་བརྩད་པ་རེད། སྔོན་མ་ང་ཡང་རང་བཙན་རྩོད་མཁན་ཞིག་ཡིན། བོད་ནང་དངོས་སུ་བསྐྱོད་དེ་གསང་བའི་ཐོག་བོད་རང་བཙན་ཐོག་ལས་ཀ་བྱས་པ་ཡིན། བཙན་བྱོལ་ནང་དུ་ཡང་བོད་རང་བཙན་ཆེད་གོམ་བགྲོད་སྔ་ཕྱིར་ཕྱིན་པ་ཡིན། ང་བོད་རང་བཙན་ཆེད་བཙོན་དུ་འགྲོ་མྱོང་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ང་ལ་གཟེངས་རྟགས་ཀྱང་སྤྲད་མྱོང་ཡོད། ད་ལྟ་བསམ་བློ་བཏང་ན། སྐབས་དེ་དག་ལ་སོ་སོའི་ཚོར་བའི་རྗེས་སུ་རྒྱུག་བསྡད་པ་ལས་སྤྱི་དམངས་ཀྱི་འདོད་འདུན་དང་། མི་རིགས་ཤིག་གི་འཕྲལ་ཕུགས་ལ་བསམ་བློ་གཏོང་མ་ཐུབ་པ་ཞིག་ལ་ཚོར་གྱི་འདུག ནམ་ཞིག་བོད་པའི་རྩ་དོན་འཐབ་རྩོད་ཀྱི་སྲིད་བྱུས་དེ་གྲོས་ཚོགས་ཀྱིས་རང་བཙན་ཐོག་གཏན་འབེབས་བྱས་ཏེ། བོད་གཞུང་དམངས་ཡོངས་རང་བཙན་ཐོག་བསྐྱོད་པ་ཡིན་ན་ཡང་། ང་རང་མ་ཤི་བར་དུ་དབུ་མའི་ལམ་ལ་འགྲོ་རྒྱུ་ཡིན་ལ། དབུ་མའི་ལམ་གྱི་ཐོག་ནས་ལས་འགུལ་དང་བློས་གཏོང་གང་འདྲ་ཞིག་བྱ་དགོས་ཀྱང་ཕངས་སེམས་གང་ཡང་མེད།

 

    སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ནི། ཕྱི་ལོ་ ༡༩༣༧ ལོར་ལ་སྟོད་དིང་སྒང་དུ་སྐྱེས་ཤིང་། ༡༩༥༩ ཟླ་ ༤ ནང་ནང་བལ་ཡུལ་ཤར་ཁུམ་པོར་བྲོས་བྱོལ་དུ་འབྱོར་རྗེས། ༡༩༦༡ ལོར་རྡོ་གླིང་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འཁུར་བཞེས་ཏེ་ལོ་ ༧ རིང་བོད་ནང་གསང་བའི་ལས་ཀ་བྱས་ཡོད་འདུག དེའི་རྗེས་ངྷ་རམ་ས་ལར་རང་བདེན་ཚོགས་ཆུང་ནང་ལོ་བརྒྱད་དང་། ངྷ་ས་སྟོད་སྐྱིད་ཚོགས་གཞོན་དང་ཚོགས་གཙོ་ལོ་དགུ། ཆོལ་གསུམ་གཅིག་སྒྲིལ་ཚོགས་པའི་ནང་ལོ་བཅུ་བཞི། དབུས་གཙང་ཆོལ་ཁའི་རྒྱུན་ལས་ལོ་བཅོ་བརྒྱད། སྐབས་བཅུ་གཉིས་པའི་དབུས་གཙང་སྤྱི་འཐུས་བཅས་ཀྱི་འགན་བཞེས་ཡོད་པ་དང་། ད་ཆར་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གཞོན་པའི་ཕྱག་ནས་གནང་མུས་རེད། 

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས། ༽

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།

མཆན། 31

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཁ་བརྡའི་དྭ་བདག་ཚོར།
    མཆན་བུ་རྒྱག་ས་གཏན་ནས་བཀག་ནས།
    ༼ཀརྨ་རྡོ་རྗེ་ལགས།
    ཁྱེད་ནས་སྨྱུག་མིང་མི་འདྲ་བ་གསུམ་བཞིའི་འོག་ཁ་བརྡའི་ནང་མཆན་བུ་སྤེལ་བཞིན་པ་དེར་ང་ཚོས་དགའ་བསུ་མི་ཞུ།
    སྨྱུག་མིང་གཅིག་གི་འོག་མཆན་བུ་སྤེལ་རོགས། དེ་ཙམ་ཞུ།
    ཁ་བརྡ་རྩོམ་སྒྲིག་པས།༽
    གསུངས་པ་འདི་རྒྱ་མི་གུང་ཕྲན་ལས་བཙན་དབང་ཆེ་ཞིག་མི་མཐོང་ངམ། ང་ཡང་འདི་རིང་ནས་འདི་ཙམ་ཞུ་རྒྱུ་ལས་ལྷག་མི་འདུག བཞུགས་གདན་འཇགས། ཁྱེད་རང་ཚོས་འདོད་པ་ལྟར་ངས་རྒྱང་ལྟ་བྱས་ནས་སྡོད་དགོས།
    དྲ་གྲོགས་བྱིང་མངས་རྣམས་ལ་ཡང་ཐུགས་རྗེ་ཆེ་དང་། བཀྲ་ཤིས་བདེ་ལེགས་ཡོད། དུས་བབ་ཀྱིས་ངའི་ཁ་ཆེམས་འདི་འདོན་སྤེལ་གནང་ན་དུས་བབ་ལྷན་རྒྱས་ལ་དམིགས་བསལ་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཞེས་དང་པོ་ནས་ཞུ་རྒྱུ་ལགས། འདི་རིང་ལྷག་དཀར་གྱི་ཉི་མོར་ཕུལ། །

    Reply
  2. ཤར་མདའ། says:
    ལོ་ 13 སྔོན།

    བོད་ཆོལ་ཁ་གསུང་རང་སྐྱོང་ཚད་ལྡན་ཞིག་རག་ཐུབ་བྱུང་ན་༧གོང་ས་མཆོག་གི་དགོངས་གཞི་དེ་ཡིན་ལ་ང་ཚོ་ལ་དགོས་པའང་དེ་ཡིན་དེ་ལས་མ་འགྲིག་པ་ཞིག་མེད་ཟེར་ནའང་ཆོག་དེ་ནི་རིག་གཞུང་དང་སྐད་ཡིག་སོགས་ལ་ལྟས་ནས་བརྗོད་པ་ཞིག་ཡིན།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཀརྨ་རྡོ་རྗེ་ལགས།

    ཁྱེད་ནས་སྨྱུག་མིང་མི་འདྲ་བ་གསུམ་བཞིའི་འོག་ཁ་བརྡའི་ནང་མཆན་བུ་སྤེལ་བཞིན་པ་དེར་ང་ཚོས་དགའ་བསུ་མི་ཞུ།
    སྨྱུག་མིང་གཅིག་གི་འོག་མཆན་བུ་སྤེལ་རོགས། དེ་ཙམ་ཞུ།

    ཁ་བརྡ་རྩོམ་སྒྲིག་པས།
    – Show quoted text –
    —
    Khabdha editor
    http://www.khabdha.org
    http://www.khabdha.com
    khabdha@gmail.com

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཁ་བརྡའི་དྲ་བདག་ཚོ་ལ་སྤྲིངས་པ།
    ༢༠༡༡་༡༡་༡༩ཉིན་ནས་ང་ཀརྨ་རྡོ་རྗེའི་སྨྱུག་མིང་ཀརྡོ་རབ་འབྱམས་པ། དགེ་བསྙེན་ཀརྡོ་དང་། ཡང་དགེ་བསྙེན་བཅས་ཀྱི་མིང་འོག་ལ་མཆན་བུ་སྤེལ་བཞིན་གློ་བུར་དུ་ཡར་འཛུལ་ས་མེད་པ་ཆགས་སོང་། ད་དུང་བཀག་དགོས་དོན་དེའི་ཁ་བརྡའི་སྟེང་དུ་གསལ་ཁ་མ་མཐོང་ཤིང་། ཁ་བརྡ་ལ་འབྲེལ་བ་བྱེད་པ་ཞེས་པའི་གློག་འཕྲིན་ཞལ་བྱང་ཐོག་ལ་ཡང་དེ་དོན་བྲིས་པ་ལ་ཡང་ལོན་འཕྲིན་གྱི་ལན་མ་བྱུང་།
    ངོས་རང་ཉིད་ཁ་བརྡར་མཆན་བུ་བཏབ་འདོད་བསམ་བློ་འདི་འགོག་ཕྱིར་དང་། ཁ་བརྡ་ཀློག་འདོད་ཆགས་ཀྱི་ཆགས་སྲེད་དེ་ཡང་ཉམས་ཕྱིར་རང་སྐྱོན་ཅི་བྱང་གསལ་བཤད་ཅིག་བྱུང་ན་ཁ་བརྡའི་དྲ་སྟེང་དུ་གསལ་བ་ཅིག་དང་། དེ་མིན་ན་ཡང་ང་སྒེར་གྱི་གློག་འཕྲིན་ཐོ་གསལ་བཤད་ཐུང་ཐུང་ཞིག་སྩལ་གནང་བཀའ་དྲིན་ཆེ་བ་ཞུ་ཡིག་ཏུ། ཕྲན་ཀརྡོ་རབ་འབྱམས་པས་འུ་ཐུག་ཐབས་ཟད་ནས་དུས་བབ་འདི་ནས་ཕུལ །དགེའོ། །

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དུས་བབ་ནང་བཙན་བྱོལ་དུ་ཡོང་བ།

    སྙན་ངག་མཁན་ཀླུ་སྨྱོན་ལགས་ཀྱིས།
    གདན་དྲངས་པའི་གོང་འཁོད་འདྲ་རིས་སྐས་འཛེགས་གསུམ་ལྡན་ཐོག་ཐུབ་དབང་དང་ཚངས་པ་རྒྱ་བྱིན་གཉིས་ཀྱིས། ཡུམ་ལྷར་སྐྱེས་པ་སོགས་ལ་ཆོས་གསུངས་ནས་མར་གདན་འདྲེན་ཞུ་བཞིན་པའི་ལྷ་མིས་སྣང་ངོར་ཤར་བའི་རྣམ་ཐར་ཁུངས་དག་ཡོད་རེད་ལགས།
    འོན་ཀྱང་ཐེག་པའི་རྗེས་འབྲང་ཀླུ་སྨྱོན་ལྟ་བུས།
    ཧི་མ་ལ་ཡའི་བྱང་རྒྱུད་ནས།།
    བྱིས་པ་ཞིག་གི་ངུ་སྐད་གྲག།
    ཅེས་པ་འདིས་ལོ་རྒྱུས་ཡོངས་གྲགས་ལ་ཡུམ་གྱི་གློ་གཡས་པ་ནས་བདེ་བར་བཙས་ནས་གོམ་བདུན་སྤོས་སྐབས་ང་ནི་འཇིག་རྟེན་འདི་ན་མཆོག་སོགས་གསུངས་པ་རྣམས་ནག་བསུབ་ཏུ་ཕྱིན་མི་འདུག་གམ།

    Reply
  6. རོ་ལངས། says:
    ལོ་ 13 སྔོན།

    མི་རྒན་མགོ་མཁྲེགས་འདི་ཚོ། བོད་མི་ཡོངས་ལ་རང་བཙན་ཐོབ་ནས་བོད་ལ་ལོག་འགྲོ་དུས་ཀྱང་། ང་དབུ་མའི་ལམ་ཡིན་སྨྲོས་ལ་ས་མཐའ་ནས་སྡོད་ཅིག
    ཁ་བྱང་གཅི་པོ་ལས་བཀླགས་མེད།

    Reply
  7. དམ་སྲི་འབྱུང་པོ། says:
    ལོ་ 13 སྔོན།

    བོད་ནང་བོད་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེ་བསྲེགས་བཏང་སྐབས་སུ་འབོད་ཚིག་དེ་༼བོད་རང་བཙན་གཙང་མ་ཡིན་ཟེར་ནས་འབོད་པ་མ་གཏོགས་དབུ་མའི་ལམ་ཟེར་བ་དེ་དགོས་པ་ཡིན་ཟེར་ནས་འབོད་མཁན་སུ་གཅིག་བྱུང་མེད།

    Reply
  8. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    ཁོ་བོའི་རེ་བ་ལ། མི་རྒན་ཁྱེད་མི་ཤི་གོང་ལངས་ཕྱོགས་གཞན་དུ་མི་འགྱུར་བའི་རེ་སྨོན་ཡོད། དྲང་པོར་བཤད་ན། སྐབས་འཚོལ་བ་ཟེར་ན་དེ་འདྲ་ཞིག་ལ་གོ་དགོས་ཀྱི་མེད་འགྲོ།

    Reply
  9. བརྩོན་རྒྱམ། says:
    ལོ་ 13 སྔོན།

    དབུ་མའི་ལམ་ཡིན་ན་རེད་གང་ལྟར་བོད་དོན་ཐོག་མུ་མཐུད་ལས་འགུལ་མང་ཙམ་སྤེལ་དགོས་པ་དངོས་ཡོད་རེད།  རྒྱ་ནག་རང་གི་ནང་དུ་ཡང་རྒྱ་མི་རིགས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་དུས་ང་ཚོས་གོ་སྐབས་བཟུང་ནས་ལས་འགུལ་འདྲ་མིན་སྤེལ་ཐུབ་ན་དགེ་མཚན་ཆེ།

    Reply
  10. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ཅོ་རི་ཉི་མའི་འོད་ཟེར་བོད་ལ་འཕོག །ཁ་བ་ཅན་ན་རང་བཙན་ཉི་འོད་འབར། །བདེན་རྒྱལ་གཏམ་དེ་བདེན་པས་དབུ་མ་པ། །རྒྱ་དམར་འོག་ཏུ་ཞུགས་ན་བདེ་བའི་དབེན།

    Reply
  11. ལྷ་དབང་ says:
    ལོ་ 13 སྔོན།

    གལ་སྲིད་ཁྱོད་མ་ཤི་སྔོན་བོད་ལ་རང་བཙན་ཐོབ་ན་ཁྱེད་རང་ག་རེ་བྱེད་གི་ཡིན་ནམ

    Reply
  12. གཡུ་རལ་བཀྲ་རྒྱམ། says:
    ལོ་ 13 སྔོན།

    ཅོ་རི་ཉི་མ་ཟེར་བ་འདི་ཚྭ་ནང་བཞིན་མི་སླེབས་ས་གཅིག་ཀྱང་མི་འདུག། དམར་པོའི་གཞུང་ནས་ཁྱོད་ལ་བོད་པའི་སྤྱི་ཚོགས་ནང་ཕུ་དཀྲུག་མདའ་དཀྲུག་བྱེད་པའི་ལས་འཁན་ཞིག་སྤྲད་ཡོད་ཚེ་རང་ཉིད་ཀྱི་ལས་འགན་མ་འགན་མུ་མཐུད་ནས་སྒྲུབས་རོགས

    Reply
  13. གཡུ་རལ་བཀྲ་རྒྱམ། says:
    ལོ་ 13 སྔོན།

    བརྟག་དཔྱད་མེད་པའི་གཏམ་བཤད། རང་མགོ་གཅོད་པའི་སྟ་རེ།
    ཁག་ཅིག་གིས་མཆན་རྒྱག་སྟངས་ཧ་ཅང་གི་ཚད་ལས་རྒལ་འདུག
    བོད་རིགས་དང་རྒྱལ་ཁབ་ཀྱི་བཀག་རྡོ་ཡང་མི་ངན་འདི་ཚོ་ལྟ་བུ་རེད། དབུ་མའི་ལམ་ཟེར་བ་དེའི་འབྱུང་ཁུངས་གང་རེད། སུ་མ་འགྲིག་པ་རེད། ཡིད་བཞིན་ནོར་བུ་མ་འགྲིག་པ་ཡིན་ན་་་ཁྱོད་རང་ཚོ་ཅིའི་ཕྱིར་ཁོང་གི་རྗེས་འདེད་བྱས་ནས་སྐྱབས་བཅོལ་དུ་ཡོངས་བ་ཡིན། བོད་རིགས་འདིའི་རྐང་འདྲེན་གྱི་གཏེ་བོ་དག་ཁྱོད་རང་ཚོ་ཡིན་པ་ངེས་ཟིན་པར་གྱིས
    །

    Reply
  14. སྤྱན་ཆབ says:
    ལོ་ 13 སྔོན།

    གཞོན་དུས་རང་བཙན་རྩོད།རྒས་དུས་དབུ་མའི་ལམ་རྩོད་།
    དེ་འདྲ་ཡ་མཚན།

    Reply
  15. དབང་འདུས། says:
    ལོ་ 13 སྔོན།

    ཉེ་འཆར་བལ་ཡུལ་ནང་སྐུ་ལུས་མེར་བསྲེགས་གཏོང་མཁན་གྲྭ་བུ་བཀྲི་ལགས་ད་ལྟ་བདེ་ལེགས་སྨན་ཁང་དུ་སྨན་བཅོས་གནང་ནས་ཞུགས་འདུག ཁོང་ལ་དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་བདག་པོ་སྐྱོན་རོགས།

    གནད་དོན་འདི་ལ་དགེ་མཚན་ཆེན་པོ་ཡོད་པས། དོ་སྣང་དང་འགན་འཁུར་མེད་པ་མ་གནང་ཤིག

    Reply
  16. མྱི་ནག་ཚང་། says:
    ལོ་ 13 སྔོན།

    རླུང་གཡུག་ཕྱོགས་ནི་འདི་འདྲ་ཞིག་ཡིན་ས་རེད། གསར་འགྱུར་དང་རྩོམ་ཡིག མཆན་དང་བཅས་གང་སར་དབུ་མའི་ལམ་གྱིས་ཁེངས་འདུག

    Reply
  17. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    རང་ཐག་རང་གཅོད་ཀྱི་གོ་སྐབས་ཤིག་བྱུང་ན་ད་ཡག་ཤོས་རེད། དེ་ལ་གདམ་ག་གཙོ་བོ་གསུམ་སྟེ། ཚད་དམའ་ཤོས་དེ་ད་ལྟའི་རང་སྐྱོང་གི་གནས་བབ་རང་འཇགས། ཚད་མཐོ་ཤོས་དེ་བོད་རང་བཙན་གསར་བ་ཞིག དེ་གཉིས་ལས་གཞན་ཆོལ་གསུམ་རང་སྐྱོང་ཆེན་མོའོ། དེ་བས་རང་ཐག་གཅོད་ནི་ཐོབ་ཐང་ཞིག་དང་ཐབས་ལམ་ཞིག་ལས་མཇུག་འབྲས་མིན།

    Reply
  18. སྐལ་བཟང་མཆོག་གྲུབ། says:
    ལོ་ 13 སྔོན།

    གོ་ཐོས་ལ་དབུ་མའི་ལམ་གྱི་ལས་འགུལ་ཁང་འདི་དབུས་ལམ་གྱི་གོ་དོན་ཇི་བཞིན་ཧ་གོ་ཡི་མེད་པའི་སྐད་མང་པོ་ཐོན་སོང།་དཔེར་ན་ཚོགས་པ་འདིའི་ཚོགས་མི་མང་པོ་ཅིག་སྤྱི་འཐུས་ནང་ཡོད་པ་རེད།་ཉེ་སྔོན་སྤྱི་འཐུས་འཚོགས་སྐབས་ཚོགས་མི་དེ་ཚོའི་གྲས་ནས་དབུས་མའི་ལམ་གྱི་གོ་དོན་ངོ་མ་དེ་རང་ཐག་རང་གཅོད་རེད་ཟེར་ནས་ཁ་གཅིག་སྒྲགས་བྱས་ནས་བཤད་ཡོད་པ་རེད།་དོན་དངོས་ཐོག་དེ་ལྟར་ག་ལ་ཡིན།

    Reply
  19. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    དབུ་མའི་ལམ་ནི་ད་ལྟ་ང་ཚོའི་དམག་བྱུས་མཆོག་གྱུར་དེ་ཡིན། དུས་ལ་བསྟུན་ནས་ལམ་འཚོལ་དགོས། མ་འོངས་པ་ནི་ད་ལྟ་ནས་ཐག་གཅོད་ཐུབ་པ་ཞིག་མིན་ལ་ཐག་བཅད་ན་ཡང་མི་འགྲིགས་པ་ཞིག་ཡིན། ཀྲུང་གོས་རང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་དགོས་ལ་ལེགས་བཅོས་ཀྱང་གཏོང་དགོས། ཁྲིམས་ལུགས་ཀྱིས་དབང་སྒྱུར་བ་ལས་ཏང་སྲིད་ཀྱིས་དབང་སྒྱུར་མི་འོས། འདི་ནི་མི་རིགས་ཁག་དང་མི་དམངས་དུང་ཕྱུར་མང་པོའི་རེ་སྨོན་ཆེ་ཤོས་དེ་ཡིན།
    ཀྲུང་གོ་དམངས་གཙོ་ཅན་དུ་འགྱུར་རེ་དང་ལྷན་དུ་ང་ཚོ་ཡང་ཀྲུང་གོའི་རྩ་ཁྲིམས་ཀྱི་དཀྱིལ་འཁོར་རམ་ཡང་ན་ཕྱི་ལ་འབུད་དགོས་མིན་དེ་བལྟ་རྒྱུ་ཞིག་རེད། ད་ལྟའི་བོད་ཀྱི་གནས་བབ་ཐབས་སྡུག་ཏུ་མི་འགྲོ་བར་བོད་ཁམས་ཡོངས་རང་སྐྱོང་གཅིག་ལ་སྒྱུར་རྒྱུ་འདི་ལས་ལྷག་པའི་ཐབས་ཚུལ་ཅི་ཡང་མེད། འཇིག་འདེད་མི་ཤེས་པ་ཚོས་ཟུར་ནས་བལྟས་བསྡད་ན་ལྟད་མོ་ག་ལེར་མཐོང་གི་རེད།

    Reply
  20. སའིི་ལྷ་མོ says:
    ལོ་ 13 སྔོན།

    སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་དེ་བོད་གནས་དང་མི་གནས་རེད་ཟེར་བ་དེ་འདྲ་མ་གཤོད་རོགས་སྐུ་ཅི། ནང་པའི་རྒྱལ་ཁབ་གཞན་ལ་ངོ་ཚ།
    རླབས་ཆེན་གྱི་བྱས་རྗེས་བཞག་ནས་༧གོང་ས་མཆོག་གི་སྤྱན་གསལ་ཆགས་ཐུབ་ན་གཟི་བརྗིད་རེད་མ་གཏོགས་བཀའ་གསུང་ཅི་སྒྲུབས་ཀྱང་ཀྱང་གི་སྤྱན་གསལ་ཆགས་ན་ཧ་མི་ངོ་མ་ལས་ལོ།

    Reply
  21. བདེན་རྒྱལ། says:
    ལོ་ 13 སྔོན།

    ཧ་ཧ་མིའི་མི་ཚེ་གཅིག་ནང་དམིགས་ཡུལ་དང་ལྟ་བ་གཉིས་ཡོད་པ་མི་དེ་འདྲ་སྤོ་པ་དང་ལྡན་པ་ལྡན་
    པའི་ཐོག་ནས་ཤོད་པ་དེ་ངོ་ཚ་ཡ་ཅིག་མི་འདུག མི་ཁྱེད་རང་འདྲ་བ་ད་དུང་མི་ཚེ་ཏོ་ཙམ་སྡོད་
    ན་འཐར་རྒྱ་མི་དམར་པོའི་ལྟ་བ་ལ་འགྱུར་རྒྱུ་ཉག་ཅིག་རེད། བོད་གཞུང་གི་སྲིད་ཇུས་འགྱུར་བ་
    ཕྱིན་ན་ཁྱེད་རང་འགྱུར་གཏོང་གི་མིན་ལབ་པ་ཁྱེད་རང་དེ་འདྲའི་ལྟ་བ་ཕྲག་ག་ལ། རྒྱལ་ཁབ་སུ་དང་སུ་འདྲ་བ་ཡིན་ན་སྲིད་ཇུས་ལ་འགྱུར་བ་འགྲོ་སྲིད་པ་རེད། རྒྱ་མའི་དམར་པོའི་
    རྩ་ཁྲིམས་ནང་སྡོད་འདོད་ཡོད་ན་ལོག་ན་ཡག་ཤོས་རེད། སྔོན་མ་རང་བཙན། ད་ལྟ་དབུ་མ།
    རྗེས་མ་དམར་པོ། ཁྱེད་རང་འདྲ་བའི་ལྟ་བ་མེད་པའི་མི་དེ་འདྲ་ག་བར་ཕྱིན་ན་ཕན་གནོད་ཅི་
    ཡང་མེད། ཁྱེད་རང་འདྲ་བ་མི་དེ་ཚོས་ལྟ་བ་ག་ཚོད་འགྱུར་བ་བཏང་ན་གང་ཡང་ཧང་སང་གི་
    མི་འདུག

    Reply
  22. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམར་པོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་སྡོད་ཀྱི་ཡིན་གསུངས་བསྡད་མཁན་ཚོས་ལན་ཞིག་ཡོད་པ་མཁྱེན་མཁྱེན།
    དྲི་བ།
    ༡་་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འདི་ལོ་མང་སྡོད་མི་ཐུབ་པ་ཡང་མིག་ལྡན་ཚང་མས་ཤེས་ཤེས་པ་རེད། དམར་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་ཕུང་རྒྱང་རིང་པོའི་བོད་མི་རིགས་ཀྱི་མདུན་ལམ་ཞིག་ག་འདྲ་ཡོད་དམ།

    ༢་་་དམངས་གཙོ་བློས་གཏོང་མ་ཐུབ་པར་དམར་ཕྱོགས་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་ཇི་ལྟར་སྡོད་ཀྱི་ཡིན་ནམ།

    ༣་་་བོད་རྒྱ་ཆེན་མི་དམངས་ཀྱིས་འདོད་པ་མེད་བཞིན་དུ་རྒྱ་ཁྲིམས་འོག་ཏུ་བཙན་འཁྲིད་བྱེད་ཐུབ་བམ། བཙན་ཁྲིད་དང་དབང་ཡོད་གཏོང་ན་མཇུག་འབྲས་གང་ཡོང་ངམ།

    Reply
  23. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    བཅར་འདྲི་ཡག་པོ་གནང་འདུག སྤྱི་ཟུར་ལགས་ཀྱི་ལྷག་བསམ་དང་ཆོད་སེམས། ཕྱག་རྗེས་བཅས་ལ་ཡི་རང་དང་བསྔགས་བརྗོད་ཡོད། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ལས་གཞི་ཡང་མུ་མཐུད་རྒྱ་སྐྱེད་ཀྱིས་ཕན་ནུས་ཆེ་ཙམ་ཐོན་སླད་ང་ཚོ་ཚང་མས་མུ་མཐུད་སྔར་ལྷག་གིས་ནུས་པ་འདོན།

    Reply
  24. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ངོ་མ་་རྒྱ་དམར་པོའི་འོག་ཏུ་སྡོད་འདོད་དེ་འདྲ་ཡོད་པར་ཡ་མཚན་རེད།ཞེས་བཅོས་པ་ཡིན་་་་སྡོད་འདོད་ཞེས་འདོད་ཞིག་ཆད་སོང་ཟིག་་་མི་དེ་ལ་འདོད་པ་མེད་པར་འདྲ།

    Reply
  25. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    “བོད་གཞུང་དམངས་ཡོངས་རང་བཙན་ཐོག་ཕྱིན་ཡང་ང་མ་ཤི་བར་དབུ་མའི་ལམ་ཡིན”ཞེས་གསུངས་འདུག་པས་་་་་ངས་རེ་བ་བྱས་ན་ཁྱོད་མགྱོགས་པོ་ཤི་རོགས་བྱོས།
    མགྱོགས་པོར་ཤི་བ་ཤོག་ཞེས་སྨོན་ལམ་བརྒྱབས་ཡོད།
    ངོ་མ་་རྒྱ་དམར་པོའི་འོག་ཏུ་སྡོད་དེ་འདྲ་ཡོད་པར་ཡ་མཚན་རེད།

    Reply
  26. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཤྰཀྱ་ཐུབ་པས་དབུ་མ་གསུངས། །
    ༸གོང་ས་མཆོག་གིས་དབུ་མ་སྩལ། །
    ཡོན་ཏན་རྒྱ་མཚོས་དབུ་མ་བསྒྲགས། །
    ཀརྡོ་ང་ཡང་དབུ་མར་དགའ། །

    Reply
  27. སྐལ་བཟང་མཆོག་གྲུབ། says:
    ལོ་ 13 སྔོན།

    བྱབ་ཆུང་དང་ཆབ་སྲིད་ཀྱི་གནས་ཚད་མི་མེད་སྐད་སྟོང་པ་བཤད་ན་ངོ་ཚ་ཡི་མེད་ཡིན་ནམ།་

    Reply
  28. བསྟན་འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    དེང་ཤར་ཀྱི་བསམ་བློ་བཞིན་ བློས་གཏོང་ཐུབ་དགོས་ངོས་རེད།
    བོད་པ་ཚང་མ་དབུ་མ་དང་རང་བཙན་གཉིས་གང་རུང་གི་ཕྱོགས་སུ་ཕྱིན་ཏེ་ནམ ཞིག་ལུས་སྲོག་བློས་གཏོང་བ་ལས། རྒས་ནས་ཤི་བར་མི་འཇུག་རྒྱུ་ཧ་ཅང་གལ་ཆེ། དེང་ཤར་ལགས་ཀྱིས་གཙོས་ལོ་དྲུག་ཅུ་ཡོལ་ཚེ་སྲོག་བློས་གཏོང་ལ་གྲ་སྒྲིག་གནང་རོགས་ཞུ།

    Reply
  29. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རྒྱབ་སྐྱོར་ཡོད།

    Reply
  30. རྐང་གསུམ། says:
    ལོ་ 13 སྔོན།

    སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ནས་དྲང་དོན་བདེན་ལུགས་གཞིར་བཟུང་ནས་ཚུགས་ཐུབ་ཀྱི་སྐད་ཆ་ཞིག་བཤད་འདུག་ངོ་མ་ཁོང་གི་སྐད་ཆ་འདི་དག་ལ་རྒྱབ་སྐྱོར་ཡོད།

    Reply
  31. མགར་སྲས says:
    ལོ་ 13 སྔོན།

    གཞིས་བྱེས་བོད་མིའི་ཕུགས་ཀྱི་བདེ་སྐྱིད་དང་༧གོང་ས་མཆོག་གི་མཐར་ཐུག་གི་དགོངས་གཞི་མཁྱེན་པའི་ཐོག་ནས་རྒྱག་གཅིག་མཆོང་གཅིག་གིས་ཕྱར་གྲི་མཉམས་འདེགས་བྱེད་མཁན་གྱི་བཀུར་འོས་སྤྱི་ཟུར་ཁོང་ལ་སྙིང་ནས་གུས་འདུལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese