མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་ལ་༸པཎ་ཆེན་རིན་པོ་ཆེ་ངོ་སྤྲོད་ཐུབ་ན། ང་བྱ་བྲལ་གྱི་བསམ་པ་རྫོགས་པ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

གཙང་ཕྲུག་སྟོབས་ལགས། ས་རཱ་མཐོ་སློབ།

          ད་རེས་འདིར་བྱ་བྲལ་རིན་པོ་ཆེས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་སྐབས། ༸གོང་ས་མཆོག་ལ་གསང་འབྲེལ་གནང་ཞིང་གསེར་བུམ་དཀྲུག་རྒྱུར་ངོ་རྒོལ་གནང་བའི་བཀའ་མོལ་འགའ་ཞིག་ངོ་སྤྲོད་ཞུ་རྒྱུ་ཡིན།  རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གསེར་བུམ་ལས་ངོས་འཛིན་ཞུ་རྒྱུའི་ངན་འཆར་གཏིང་འདུག་པ་མ་ཟད། ཡང་སྲིད་བཙལ་འཚོལ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེར་གོ་མིང་དང་། གཟིམ་ཁང་གསར་པ། ཆིབས་འཁོར་གསར་ཉོ་སོགས་བྱས་ཏེ་གསེར་བུམ་དཀྲུག་རྒྱུར་རྒྱབ་སྐྱོར་ཡོང་ཐབས་བྱས་འདུག་པས། གནས་ཚུལ་དེ་ལ་བརྟེན་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་འགས་བྱ་བྲལ་རིན་པོ་ཆེ་ནི་དམར་ཤེད་ཆེ་བའི་བླ་མ་ཞིག་ཡིན་ཚུལ་གྱི་གླེང་ཕྱོགས་ཀྱང་བྱུང་བ་མ་ཟད། དུས་རབས་ཉི་ཤུ་བའི་བཙན་བྱོལ་བོད་མིའི་ཁྲོད་ཀྱི་ཚགས་ཤོག་ཁག་ཏུ་ཡང་གནས་ཚུལ་དེ་འདྲ་རེ་ཟུང་ཐོན་འདུག

       དོན་དངོས་ཐོག་ “འབྲུག་མོ་ཧོར་དུ་ལུས་ཀྱང་། སེམས་པ་གླིང་དཀར་སྟོད” ཞེས་པའི་དཔེ་ལྟར། བྱ་བྲལ་རིན་པོ་ཆེས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་ལ། རྒྱ་ནག་གཞུང་གི་བཙན་བཀའ་བཞིན་སྲིད་བུམ་དཀྲུག་རྒྱུ་ལས་ལྡོག་སྟེ། འཆི་བ་སྲོག་ལ་ཐུག་ཀྱང་དད་ལྡན་བོད་མི་རྣམས་ཀྱི་ཐུགས་འདོད་དང་། ༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་ལོ་རྒྱུས་ལ་བརྩི་བཀུར་ཆེ་བཞེས་ཀྱིས། ༸གོང་ས་མཆོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་གནང་བ་མ་ཟད། རྣམ་རྒྱུན་བཀྲ་ཤིས་ལྷུན་པོའི་དགེ་འདུན་བརྒྱ་ཕྲག་འདུས་པའི་ཚོགས་དབུས་སུ་ཡང་། “བོད་མི་མང་ལ་༸པཎ་ཆེན་རིན་པོ་ཆེ་ངོ་སྤྲོད་ཐུབ་ན། ང་བྱ་བྲལ་གྱི་བསམ་པ་རྫོགས་པ་ཡིན།”ཞེས་གསུངས་འདུག་པ་བཞིན། ཁོང་གི་སྐུ་སྲོག་དེ་ལས་དོན་དེའི་ཆེད་ལེགས་སྐྱེས་སུ་ཕུལ་ཡོད།

       བྱ་བྲལ་རིན་པོ་ཆེན་ནི་གཙང་དབེན་དགོན་གྱི་བླ་མ་ཞིག་རེད་ལ། ལོ་རབས་བརྒྱ་ཅུ་དང་དགུ་བཅུ་པའི་ནང་གདན་ས་བཀྲ་ཤིས་ལྷུན་པོའི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཨུ་ཡོན། ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་དབུ་འོག་དཔུང་འདེགས་གཙོ་གྲས། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཡང་སྲིད་བཙལ་འཚོལ་ཚོགས་ཆུང་གི་ཚོགས་གཙོ་སོགས་གནང་མྱོང་ཞིང་། ཕྱི་ལོ་ ༡༩༩༠ ཟླ་ ༡༠ ཚེས་ ༡༨ ཉིན། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ་དང་བྱ་བྲལ་རིན་པོ་ཆེ་བྱམས་པ་འཕྲིན་རྣམ་གཉིས། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཡང་སྲིད་བཙལ་འཚོལ་ཚོགས་ཆུང་གི་ཚོགས་གཙོར་བསྐོ་བཞག་གནང་བ་དང་སྦྲགས། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཡང་སྲིད་བཙལ་འཚོལ་གྱི་ལས་དོན་སྒྲུབ་མགོ་ཚུགས།

       ཕྱི་ལོ་ ༡༩༩༣ ཟླ་ ༧ ནང་། ད་ལྟའི་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་དང་། བཀའ་བློན་ཁྲི་ཟུར་བསོད་ནམ་སྟོབས་རྒྱལ་རྣམ་གཉིས་རྒྱ་ནག་ཏུ་ཕེབས་སྐབས། བྱ་བྲལ་རིན་པོ་ཆེས་བཀའ་ཟུར་རྣམ་གཉིས་ཀྱི་སྐུ་མདུན་དུ་བཅར་ཏེ། འོས་སྤྲུལ་ཁྱེའུ་ཉེར་ལྔའི་སྐུ་པར་དང་། ལྷ་མོའི་བླ་མཚོ་དང་། རིན་སྤུངས་གཡུང་མཚོའི་མཚོ་ལྟས་སོགས་༸གོང་ས་མཆོག་ལ་འབུལ་རྒྱུ་བསྐུར་ཏེ། ༸གོང་ས་མཆོག་གིས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་ལ་ཐུགས་སྨོན་དང་རྒྱབ་སྐྱོར་གནང་བའི་སྐྱབས་འཇུག་བརྒྱུད་ཞུ་གནང་རོགས་ཞུས། ༸ གོང་ས་མཆོག་གིས་༸པཎ་ཆེན་ཡང་སྲིད་ངོས་འཛིན་སྐོར་ཁོང་ལ་འགན་འཁྲི་ཡོད་པའི་བཀའ་ལན་ཞིག་རྒྱ་གར་གྱི་རྒྱལ་ས་དྷི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་བརྒྱུད་བཀའ་ལན་བསྩལ་འདུག་མོད། བློ་ཕམ་པ་ཞིག་ལ་བཀའ་ལན་དེ་རྒྱ་ནག་གཞུང་གིས་བྱ་བྲལ་རིན་པོ་ཆེར་རྩ་བ་ནས་ཕུལ་མི་འདུག

       ཕྱི་ལོ་ ༡༩༩༣ ཟླ་ ༧ ཚེས་ ༢༠ ཉིན། རྒྱ་ནག་གཞུང་གིས་གདན་ས་བཀྲ་ཤིས་ལྷུན་པོར། ༸པཎ་ཆེན་ཡང་སྲིད་བཙལ་འཚོལ་གྱི་ལས་དོན་ཚོགས་འདུག་ཐེངས་གཉིས་པ་ཟེར་བ་སྐོང་འཚོགས་བྱས་པ་དང་། ཚོགས་ཆེན་སྟེང་༸པཎ་ཆེན་ཡང་སྲིད་གསེར་བུམ་དཀྲུག་སྟེ་དགོས་པ་དང་། ཀྲུང་དབྱང་ལ་ཆོག་མཆན་ཞུ་རྒྱུར་སོགས་རྒྱུན་འཁྱོངས་དགོས་པའི་རྩ་དོན་ལྔ་ཞེས་པ་ཞིག་བཏོན། སྐབས་དེར་བྱ་བྲལ་རིན་པོ་ཆེས། ཚོགས་གཞུགས་བླ་སྤྲུལ་དང་རྒྱ་ནག་གཞུང་གི་འབྲེལ་ཡོད་དབུ་ཁྲིད་ཚོར་འབོད་སྐུལ་གྱི་བཀའ་སློབ་འདི་འདྲ་ཞིག་གནང་འདུག “བླ་སྤྲུལ་རྣམ་པར་ཐུགས་དམ་ཐུགས་སྨོན་ཡོང་བ་ཞུ་རྒྱུ་ནི། བཀྲ་ཤིས་ལྷུན་དགོན་གྱིས་བྱ་ཐབས་འོས་འཚམ་བརྒྱུད་ནས། ༸གོང་ས་མཆོག་ལ་ཡང་སྙན་སེང་ཞུས་ཡོད་ལ། དེ་ནི་དད་ལྡན་ས་ཡ་དུ་མས་རེ་འདུན་ཙམ་ཡིན་པ་མ་ཟད། ༸རྒྱལ་དབང་སྐུ་ཕྲེང་ལྔ་པ་དང་༸པཎ་ཆེན་སྐུ་ཕྲེང་བཞི་པ་ནས་བཟུང་། ཕན་ཚུན་ཡང་སྲིད་ངོས་འཛིན་གནང་རེས་ཀྱི་ལོ་རྒྱུས་ད་བར་ཡོད་པ་ཞིག་རེད། དེ་བཞིན་ང་རང་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ཕྱོགས་ཀྱི་ལམ་སྲོལ་འགལ་མེད་ཐོག་བོད་མི་མང་གི་འདོད་འདུན་ལྟར་ཡང་སྲིད་འཚོལ་ཞིབ་དང་། གཏན་འཁེལ་ཡོང་ཐབས་བྱེད་རྒྱུ་ཡིན།

       ཡང་སྲིད་འཚོལ་ཞིབ་ནི་ཆོས་ལུགས་ཀྱི་བྱ་བ་ཞིག་ཡིན་པ་བརྟེན། མགོ་ཁྲིད་མཐོ་དམན་སུས་ཀྱང་འཚབ་འཚུབ་ངང་ཐག་གཅོད་བྱེད་ཐབས་མེད་པ་ཞིག་རེད། དོན་ནན་ཞིབ་ཚགས་དགོས་པ་དང་། གལ་སྲིད་གསེར་བུམ་དཀྲུག་དགོས་ཚེ་གཅིག་འབྱོན་ངེས་ཀྱང་། དེར་བོད་མི་མང་གི་ཡིད་ཆེས་ཐོབ་པ་ཞིག་ཡོང་ཐབས་སྟབས། བོད་མི་མང་ལ་༸པཎ་ཆེན་རིན་པོ་ཆེ་ངོ་མ་ངོ་སྤྲོད་གནང་ཐུབ་མཁན་དེ། ༸གོང་ས་མཆོག་ལས་གཞན་སུ་ཡང་མེད།” ཅེས་གསུངས།  བྱ་བྲལ་རིན་པོ་ཆེའི་གསུང་བཤད་དེ་རྒྱ་ནག་གཞུང་གི་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བཙལ་འཚོལ་སྐོར་གྱི་རྒྱུན་འཁྱོངས་དགོས་པའི་དོན་ཚན་ལྔ་དང་རྦད་དེ་ཁ་གཏད་ཀྱི་གསུང་བཤད་ཅིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་བྱ་བྲལ་རིན་པོ་ཆེ་ཡང་སྲིད་ཚོགས་ཆུང་གི་ཚོགས་གཙོ་ལས་གནས་ཕབ་སྟེ། སེང་ཆེན་བློ་བཟང་རྒྱལ་མཚན་བསྐོ་རྒྱུའི་ངན་འཆར་ཡང་སྒྲིག་འདུག

       རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༤ ཙམ་ནས་བྱ་བྲལ་རིན་པོ་ཆེར། ༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་ཞུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་འགོད་རྒྱུ་འབུལ་དགོས་པའི་བཙན་བཀའ་ཡང་ཡང་ བཏང་འདུག་པ་མ་ཟད། ཕྱི་ལོ་ ༡༩༩༤ ཟླ་ ༤ ནས་ལས་དོན་དེའི་འགན་དབང་ཡོངས་རྫོགས་བོད་རང་སྐྱོང་ལྗོངས་ལ་སྤྲད་དེ། བོད་རང་སྐྱོང་ལྗོངས་ཀྱིས་བཀྲ་ཤིས་ལྷུན་པོ་དགོན་པར་ཚོགས་འདུ་རིམ་པར་འཚོགས་པ་དང་། ཕྱི་ལོ་ ༡༩༩༥ ལོ་སྟོད་ནས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གསེར་བུམ་ལས་ངོས་འཛིན་ཞུས་ཏེ། རྒྱ་ནག་དབུས་གཞུང་ལ་ཆོག་མཆན་སྙན་སེང་ཞུ་དགོས་པའི་བཙན་འདེད་གཏོང་སྐབས།  བྱ་བྲལ་རིན་པོ་ཆེས་“ངས་འདེམས་ཐུབ་པ་མི་འདུག ང་ལ་བྱིས་པ་སུ་ཞིག་ཡང་སྲིད་ཡིན་པ་ངོས་འཛིན་བྱེད་པའི་རྟོག་པ་དང་འཇོན་ཐང་གང་ཡང་མེད། ཁྱེད་ཚོས་ཐེ་ཇུས་གནང་མི་དགོས། ང་རང་ཉིད་ཀྱིས་ཀྲུང་དབྱང་ལ་སྙན་སེང་ཞུ་གི་ཡིན། གལ་སྲིད་ཀྲུང་དབྱང་གིས་ཉེས་ཆད་བཏང་ན་ང་རང་ལ་གཏོང་གི་རེད།” ཅེས་གསུངས་ཏེ་ཞལ་བཞེས་རྩ་བ་ནས་གནང་མི་འདུག

       ཕྱི་ལོ་ ༡༩༩༥ ཟླ་ ༢ ཚེས་ ༦ ཉིན། བྱ་བྲལ་རིན་པོ་ཆེར་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༩༥ ཟླ་ ༡ ཚེས་ ༢༧ ཉིན་གཟན་སྒྲིལ་ལས་༸པཎ་ཆེན་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་ཐོན་པའི་གསང་འཕྲིན་བསྩལ་བ་ཕྱག་སོན་བྱུང་བས། ཕྱི་ལོ་ ༡༩༩༥ ཟླ་ ༢ ཚེས་ ༡༠ དང་ ༡༡ ཉིན། བྱ་བྲལ་རིན་པོ་ཆེས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་དབུ་འཁྲིད་ཚོར།  “གཟན་བརྟག་སྒྲིལ་བ་ལས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་རེད་འདུག་པས། གང་མགྱོགས་ཀྲུང་དབྱང་ལ་སྙན་སེང་ཞུ་རོགས།” ཞེས་གསུངས་འདུག མཐར་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་ལ་བོད་གཞུང་དང་རྒྱ་ནག་གཞུང་བར་ལྟ་སྟངས་མི་མཐུན་པའི་རྩོད་པ་ཤུགས་ཆེན་བྱུང་ཞིང་། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༥ ཉིན་རྒྱ་གར་ངྷ་རམ་ས་ལ་ནས་༸གོང་ས་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཉི་མ་མཆོག་ཡིན་པའི་འཁྲུལ་བྲལ་ངོས་འཛིན་དང་ལུགས་མཐུན་གྱི་བསྒྲགས་ གཏམ་སྤེལ་བའི་ཉིན་གསུམ་གྱི་རྗེས་ཏེ། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༨ ཉིན། བྱ་བྲལ་རིན་པོ་ཆེ་སྐབས་བརྒྱད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུ་ཐེངས་ ༣ པར་འཚོགས་གཞུགས་དང་། རྒྱ་ནག་དབུས་གཞུང་ལ་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གྱི་མཐའ་མའི་ཐག་གཅོད། ༸གོང་ས་མཆོག་ནས་གནང་དགོས་པའི་དགོངས་སྐོར་ཞུ་གཏུགས་གནང་སྟེ་ཕྱིར་བོད་དུ་ཆིབས་སྒྱུར་གནང་སྐབས། ཁྲིན་ཏུའུ་གནམ་ཐང་ནས་འཛིན་བཟུང་དོ་དམ་བྱས་ཡོད།  

       རྒྱ་ནག་གཞུང་གིས་བྱ་བྲལ་རིན་པོ་ཆེ་ཆ་རྐྱེན་གསུམ་བཏོན་ཡོད་པ་ནི། ༸གོང་ས་མཆོག་གིས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་བ་དེ་ཁྲིམས་དང་འགལ་བ། ནུས་པ་མེད་པ། ༸པཎ་ཆེན་ཡང་སྲིད་གསེར་བུམ་ལས་ངོས་འཛིན་ཞུ་རྒྱུ་ཡིན་པའི་དོན་ཚན་གསུམ་གསལ་བསྒྲགས་སྤེལ་དགོས་པའི་བཙན་བཀའ་བཏང་རུང་། བྱ་བྲལ་རིན་པོ་ཆེས་དེ་དག་ཞལ་བཞེས་རྩ་བ་ནས་མ་གནང་བས། ཐོག་མའི་འཆར་འཇམ་བསླུ་བློ་འགུག་གི་སྲིད་ཇུས་ལས། ཁྲིམས་གཅོད་གང་ཡང་གནང་མི་འདུག་མོད། མཐར་བློ་འགུག་མ་ཐུབ་རྐྱེན་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཞུ་བའི་དུས་ཚོད་ཕྱིར་འགྱངས་བཏང་བ་དང་། གསེར་འབུམ་ལས་ཡང་སྲིད་ངོས་འཛིན་ཞུ་རྒྱུར་ངོ་རྒོལ་བྱེད་མཁན། ཏཱ་ལ་དང་ལྐོག་ཏུ་གསང་འབྲེལ་གྱིས་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བསྐྱལ་བའི་ཉེས་མིང་དོན་ཚན་གསུམ་བཀལ་ཏེ། ལོ་ངོ་དྲུག་རིང་བཙོན་འཇུག་བྱ་རྒྱུའི་བཅད་ཁྲ་བཏང་སོང་། དུས་དེ་ནས་ང་ཚོ་དང་རྦད་དེ་ཞལ་བྲལ་དུ་ཕྱིན་པ་རེད། །

(གོང་གསལ་བྱ་བྲལ་རིན་པོ་ཆེའི་གསུང་བཤད་དེ་དག་ཕྱི་ལོ་ ༡༩༩༣ ལོའི་ཀྲུང་གོའི་བོད་ལྗོངས་འདོན་ཐེངས་བཞི་པ་དང་། དེ་རྗེས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐོར་གྱི་རྒྱ་བོད་ཡིག་ཆ་ཁག་ཏུ་གསལ།)

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་འཇམ་དབྱངས་བསྟན་འཛིན་ལགས་དྷ་མ་ས་ལ་འབྱོར། ༢༠༢༥།༠༥།༢༥ དུས་བབ་ཀྱི་པར།
Mobile App

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢

མཆན། 14

  1. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    གསལ་བཤད་ཀྱི་རྩོམ་ཡག་པོ་ཞིག་སྤེལ་འདུག ཐུགས་རྗེ་ཆེ། དེང་སང་ང་ཚོ་བོད་མི་རིགས་ཀྱི་དཔའ་བོ་ཟེར་བ་ན་ཆབ་སྲིད་དང་འབྲེལ་བ་ཁོ་ན་ལ་གོ་བ་མ་གཏོགས་ཆོས་སྲིད་གཉིས་ཀ་དང་འབྲེལ་བ་ཡོད་པ་ཞིག་ལ་མི་གོ་བ་ནི་མི་འགྲིག་པ་ཡིན། ཁོ་བོས་ངོས་འཛིན་བྱེད་སྟངས་ནི་བྱ་བྲལ་རིན་པོ་ཆེ་ནི་ཆོས་སྲིད་གཉིས་ཀའི་ངོས་ནས་བོད་མི་རིགས་ཀྱི་དཔའ་བོ་ཞིག་ཏུ་ངོས་འཛིན་བཞིན་ཡོད། ལག་ཏུ་གྲི་དང་མེ་མདའ་ཐོགས་ནས་རྒྱ་དམག་ཐོག་འཆོང་རྒྱག་བྱེད་ནས་འདས་གྲོངས་སུ་གྱུར་པ་ཞིག་མིན་ཀྱང་། ལག་ཏུ་བོད་མི་རིགས་ཀྱི་བླ་སྲོག་པཎ་ཆེན་རིན་པོ་ཆེའི་འགན་འཁྲི་དེ་ཁུར་ནས་རྒྱའི་འོག་ཏུ་འདས་གྲོངས་སུ་གྱུར་པ་ཞིག་ཡིན། ཁོང་གི་བྱ་སྤྱོད་ལྟ་བུ་ནི་དེང་སང་ཨུ་ཡོན་ཟེར་བའི་མིང་ཐོགས་མཁན་རྣམས་ཀྱིས་ཟུར་ཙམ་ཡང་སྤེལ་ཐུབ་ཀྱི་ཨེ་ཡོད་ན།

    Reply
  2. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    ཨ་ལེ། གཙང་གི་བུ་སྟོབས་ལགས། འཇིགས་སེང་གིས་ཀློག་ཤེས་མི་འདུག་ན་ལན་གནང་ནས་ག་རེ་བྱེད་གཱ ཁྱེད་ཀྱི་ཡི་གེ་འདི་དྲ་འཁྱམ་པ་ཚོས་ཀྱང་ཀློག་མི་ཤེས་པ་ཞིག་རེད་དམ། དེ་ཁྱེད་ཀྱི་སྣང་བ་རང་དག་རེད། ངས་གང་ཞུ་ཡ་མིན། འོན་ཀྱང་། ངས་ཁྱེད་ལ་ཁྱེད་ནས་ཉེས་འཛུགས་བྱས་འདུག་ཅེས་བྲིས་མེད། ང་སྨྱོས་པ་མ་རེད་དམ། ཁྱེད་ནས་ཉེས་འཛུགས་བྱས་ཀྱང་མི་རྣམས་གད་མོ་དགོད་ཀྱི་རེད། ཧཧཧ ཡིན་པ་དེ་རྒྱ་ནག་གཞུང་གིས་དེ་ཟེར་ན། ཁྱེད་ཀྱིས་ཀྱང་༧གོང་ས་མཆོག་ལ་གསང་འབྲེལ་ཡོད་པའི་གནས་ཚུལ་བདེན་པ་རེད་ཅེས་སྒྲུབ་ཀྱི་ཡོད་པཱས་ཟེར་ནས་ངས་དྲི་བ་བཏང་ཡོད། སྐད་ཆ་འདི་དག་བཤད་སྟངས་ཤེས་དགོས་ཀྱི་འདུག སང་ཉིན་ཡེ་རྡོར་གྱིས་བྱ་བྲལ་རིན་པོ་ཆེ་དཀྲོང་རྐྱེན་གྱི་ནག་ཉེས་ལ་ཁ་བྲལ་ཚོགས་ཁག་གི་ལས་དོན་ལྟེ་གནས་ཁང་ཟེར་བའི་ལས་བྱེད་ཅིག་གིས་ཀྱང་ཏཱ་ལ་དང་གསང་འབྲེལ་ཡོད་པའི་རྩོམ་ཡིག་བྲིས་འདུག་ཅེས། ཁྱེད་ཀྱི་ཡི་གེ་འདི་བེད་སྤྱོད་བཏང་བ་ཡིན་ན། དེ་རིང་གི་རྒྱ་བོད་གཉིས་ཀའི་ཆབ་སྲིད་གནམ་འོག་ནས་ཁྱེད་ཀྱིས་ལན་ག་རེ་འདེབས་ཀྱི་ཡིན་ནམ། བཏབས་ཀྱང་རྒྱ་ནག་གི་ངོ་གདོང་རྫུན་མ་རྒྱལ་སྤྱིར་སྟོན་རྒྱུའི་དཔའ་ཞུམ་གྱི་མ་རེད་ཅེས་ངས་ཁྱེད་ལ་སྐད་ཆ་བཤ

    Reply
  3. བསྟན་འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    སྟོབས་ལགས་གསལ་གསར་བརྡ་སྤྲད་པར་ཐུགས་ཆེ. གསེར་བུམ
    དཀྲུག་སོགས་དོན་ཚན་ལྔ་ག་རེ་རེ་བཞིན་བགྲེང་མ་ཐུབ་པར་སོགས་ལ་སྡུས་པར་བློ་ཕམ་ཆེ
    བྱ་བྲལ་རིན་པོ་ཆེར་དམར་ཤེད་་ཆེ་ཚུལ་་་་མ་ཟད་དུས་རབ་༢༠ བའི་བཙན་བྱོལ་ཚགས་པར་ཁག་ཏུ. རེ་ཟུང་འཐོན་ཟེར་བ་ཆེས་རྫུན་པར་སྙམ. བདེན་ན་གང་དུ་ཇི་ལྟར་ཡོད་པ་སྟོན་ཅིག
    གཞན་ནད་པས. དེར་སྔོན་རྒྱལ་བ་རྣམ་གསུམ་ཞེས་ཀར་མ་བ་བགྲེང་སྲོལ མེད་ཅིང མ་འོང་བར་བཤད་དཀའ. ད་ལྟར་རྒྱལ་བ་ཇོ་ནང་བ. རྒྱལ་བ་རྫོགས་ཆེན་པ. རྒྱལ་བ་སྨན་རུ་བ་སོགས་ཡོད་དོ.

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    འདིར་ངོ་སྤྲོད་ཁ་གསལ་གནང་བ་འདི་ཕྱིར་དྲན་གསོན་པོ་ཞིག་རེད་ལ། དྲན་སྐུལ་ཟབ་མོ་ཞིག་ཀྱང་རེད།
    ང་ཚོས་ནམ་རྒྱུན་ནས་ཆབ་སྲིད་བཙོན་པའི་སྐོར་གླེང་དགོས་ཚེ་ཆེས་ཐོག་མའམ་ཆེས་གལ་ཆེ་ཤོས་དེ་ཁོང་དང་པཎ་ཆེན་ཆུང་སྲིད་རྣམ་པ་གཉིས་ཡིན་དགོས། འདི་གླེང་རྒྱུ་དང་དྲན་རྒྱུ་ངོ་མ་བརྗེད་མི་རུང་བ་ཞིག་རེད། འདི་གླེང་ན་རྒྱ་གཞུང་གི་སྙིང་ནད་ཇེ་ཐུ་ལ་འགྲོ་རྒྱུར་ཡང་ཕན་ལ་བོད་མིའི་སྙིང་རྩའི་འཕར་ལྡིང་ཇེ་མཐོར་འགྲོ་རྒྱུར་ཡང་ཕན།

    Reply
  5. བན་ཆུང་། says:
    ལོ་ 13 སྔོན།

    མི་ཁ་དུག་དང་མི་ལག་གསེར་ཟེར་བའི་དཔེ་ལྟར་རིན་པོ་ཆེ་ཁོང་ལྟ་བུར་རེ་ཞིག་དམར་ཞེན་ཅན་ཞེས་སྤྱི་ཚོགས་ཁྲོད་དུ་སྙད་འདོགས་པའི་བྱ་གཞག་ངན་པ་ཞིག་བྱུང་ཡོད། དེ་ལྟ་ནའང་དེ་རིང་གཙང་ཕྲུག་སྟོབས་ལགས་ཀྱིས་རང་ཉིད་ཀྱི་ལྟ་ཚུལ་ལ་གཞིག་སྟེ་རྩོམ་ཐུང་དེ་འདྲ་ཞིག་འགྲེམ་སྤེལ་གནང་ནས་རིན་པོ་ཆེ་ཁོང་ལ་ཁག་དཀྲི་བའི་ནག་ཉེས་ངན་པ་དེ་རྣམས་མི་ཤེས་མཁན་ཚོའི་ངོར་དག་སེལ་གནང་བ་ལྟ་བུ་ཞིག་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་་་་་་་་་་་་་་་་་་་་་

    Reply
  6. གཙང་ཕྲུག་སྟོབས་ལགས། says:
    ལོ་ 13 སྔོན།

    འཇིགས་མེད་སེང་གེ་ལགས། ༼ ཏཱ་ལ་དང་ལྐོག་ཏུ་གསང་འབྲེལ་གྱིས་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བསྐྱལ་བའི་ཉེས་མིང་དོན་ཚན་གསུམ་བཀལ་ཏེ། ལོ་ངོ་དྲུག་རིང་བཙོན་འཇུག་བྱ་རྒྱུའི་བཅད་ཁྲ་བཏང་སོང་། ༽ཞེས་པ་དེ་ངས་བཤད་པ་ཞིག་མ་རེད། ཁྱེད་རང་གོ་ནོར་ཐེབས་འདུག དེ་ནི་རྒྱ་ནག་གཞུང་གིས་བྱ་བྲལ་རིན་པོ་ཆེར་ཁྲིམས་ཐག་གཅོད་སྐབས། བཅད་ཁྲ་བཏང་བའི་ནག་ཉེས་རེད། དེ་ལྟར་ཡིན་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་གིས་ཡོངས་གྲགས་སུ་ཁྱབ་བསྒྲགས་བྱས་པ་གནད་དོན་དེར་ཐུགས་སྣང་ཡོད་མཁན་འཛམ་གླིང་མི་མང་ཚང་མས་ཕྱི་ལོ་ ༡༩༩༥ ནས་མཁྱེན་གྱི་ཡོད་པ་རེད། ངས་གསང་བ་ཞིག་ཕྱིར་བསྒྲགས་བྱས་པ་གང་ཡང་མ་རེད། གསར་འགྱུར་རྙིང་པ་ཞིག་ཕྱིར་འདྲེན་བྱས་པ་ཙམ་རེད། གནས་ཚུལ་དེ་ལུང་འདྲེན་ཇི་བཞིན་བྱས་ཡོད་པ་ཤེས་པའི་ཆེད་དུ་ཚིག་བཅོས་ཙམ་མ་བརྒྱབས་པར་ཏཱ་ལ་ཞེས་བཀོད་ཡོད། སྤྱིར་བཏང་གུས་པའི་ངོས་ནས་བརྗོད་ནས་ཏཱ་ལ་ཞེས་བརྗོད་རྒྱུར་འཚེར་སྣང་དང་དོགས་མི་བདེ་བ་ཞིག་ཡོང་གིན་འདུག ཡིན་ནའང་། དཔྱད་གཞི་ལུང་འདྲེན་བྱེད་སྐབས་ཚིག་རིས་ཇི་བཞིན་འཇོགས་དགོས་རྒྱུ་དེ་ཞིབ་འཇུག་སྨྲ་བ་ཚོས་ཞིབ་འཇུག་ཁྱབ་ཁོངས་ཀྱི་གཞུང་ལུགས་ཤིག་རེད།

    གཉིས་ནས་བདག་གི་རྩོམ་ཐུང་དེའི་ལྟ་བ་དང་ལངས་ཕྱོགས་ཡོད་ཚང་བདག་མི་སྒེར་གྱི་ལྟ་ཚུལ་ལས། ལྟེ་གནས་ཁང་གི་ལྟ་བ་ལངས་ཕྱོགས་དང་འབྲེལ་བ་གང་ཡང་མེད། བདག་གིས་ཚོད་དཔག་ནོར་མེད་ན། ཁྱེད་ཀྱི་རྩོམ་ཡིག་ཀློག་ཤེས་ཀྱི་མི་འདུག་ལ། དེ་བས་ཀྱང་བདག་དང་བདག་གི་ལས་ཀའི་སྐོར་ལ་རྒྱུས་མངའ་གང་ཡང་མི་འདུག་པས་དགོངས་དག་ཅེས་ཞུ་འདོད་བྱུང་།

    Reply
  7. ནད་པ says:
    ལོ་ 13 སྔོན།

    གཙང་ཕྲུག་སྟོབས་ལགས་ཀྱིས་༸ པཎ་ཆེན་དང་བྱ་བྲལ་རིན་པོ་ཆེའི་སྐོར་ལས་འཕྲོས་པའི་གཏམ་ཡག་པོ་ཞིག་འགྲེལ་བཤད་གནང་འདུག

    ༸ པཎ་ཆེན་སྐུ་ཕྲེང་བཅུ་པ་ཨིར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་ནི་བོད་མི་རིགས་ཀྱི་ལས་དབང་ཐད་ཆེས་སྙིང་སྟོབས་དང་མཛད་རྗེས་ཆེ་བའི་གངས་རིའི་སེང་གེ་དཀར་མོ་ཞིག་ཡིན།

    ད་ཆ་ཁོང་གི་སྐོར་ལས་འཕྲོས་པའི་གཏམ་གང་ཞིག་ཡིན་ཀྱང་སྤྱི་ཚོགས་སྟེང་གླེང་སློང་བྱ་དགོས་པ་ཞིག་ལས་དེར་གསང་བ་བྱས་ནས་མི་དམངས་མགོ་རྨོངས་སུ་བཅུག་དགོས་པའི་རྒྱུ་མཚན་ཡེ་ནས་མེད།

    ད་དུང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞིན་ཡོད་མེད་ཀྱི་གནས་ཚུལ་ང་ཚོས་ངེས་པར་ཤེས་རྟོགས་བྱེད་དགོས། སྐུ་འཚོ་བཞིན་མེད་ན་ང་ཚོས་ཡང་བསྐྱར་པཎ་ཆེན་སྐུ་བཅུ་གཉིས་པའི་ཡང་སྲིད་ངོས་འཛིན་བྱ་དགོས།

    ༸ རྒྱལ་བ་ཡབ་སྲས་རྣམ་གསུམ་ཞེས་༸ གོང་ས་སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་དང་། ༸ རྒྱལ་བ་འོད་དཔག་མེད་ཀྱི་ཐུགས་སྤྲུལ་པན་རིན་པོ་ཆེ། ༸ རྒྱལ་བ་རྡོ་རྗེ་སེམས་དཔའི་རྣམ་སྤྲུལ་དཔལ་རྒྱལ་བ་ཀརྨ་པ་མཆོག་བཅས་རྣམ་གསུམ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྤྱི་ཚོགས། ལོ་རྒྱུས། འདས་མ་འོངས་ད་ལྟ་གསུམ་གྱི་ཐད་ངེས་པར་གལ་འགངས་ཤིན་ཏུ་ཆེ་བའི་གནད་དོན་ཞིག་ཡིན་སྟབས།

    བོད་མི་ཚང་མས་གནམ་ལ་ཉི་ཟླ་སྐར་གསུམ་ཇི་སྲིད་གནས་པའི་རིང་ལ་དེ་སྲིད་དུ་བོད་གངས་ཅན་གྱི་ལྗོངས་སུ་ས་ལ་༸ རྒྱལ་བ་རྣམ་གསུམ་གྱི་མཛད་འཕྲིན་ནམ་ཡང་ནུབ་པ་མེད་པར་སྔ་ཕྱིར་འབད་བརྩོན་བྱེད་དགོས།

    Reply
  8. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    ཆབ་སྲིད་དང་འབྲེལ་བ་ཡོད་པའི་བཀའ་མོལ་ཞིག་ཡིན་ན། ཚོར་བ་དང་བདེན་པ་ཟེར་བ་འདི་ཁོ་ན་ཡོད་ན་བཤད་ཆོག་ཆོག་ཅིག་མིན་ལ། དེ་རིང་སང་ཉིན་གྱི་བོད་རྒྱའི་ཆབ་སྲིད་གནམ་འོག་ཏུ། བོད་ཐོག་ལག་པ་འགྱོག་རྒྱུར་༧ཏཱ་ལའི་རུ་ཚོགས་ཟེར་བར་འབྲེལ་བ་ཞིག་ཡོད་ན་རྒྱ་ནག་གཞུང་དེ་ལས་ཅང་དགོས་ཀྱི་མེད་ལ། དེ་བཞིན་དེས་རྒྱལ་སྤྱིའི་ཁེ་ཕན་རང་ལུགས་པ་ཚོའི་ཁའང་འགོག་ཐུབ་ཀྱི་ཡོད། དེ་ལབ་དུས་མ་བདེ་བ་འདྲ་བྱུང་སྲིད་ཀྱང་། དངོས་གནས་བདེན་པ་དང་རྒྱབ་སྐྱོར་ཟེར་བ་དེས་བོད་མི་མང་གིས་གྷ་ཌ་ཧྤིས་བསད་པ་ལྟར་དམར་ཕྱོགས་མགོ་རྟིང་སློག་པ་ཡིན་ན། དེ་དུས་ཨའོ་པཱ་མ་སྔ་མ་གསུམ་གྱི་སྔོན་མ་བྱས་ནས་ཡོང་རྒྱུ་ལས། ད་ལྟ་དེའི་ཚོད་མི་འདུག་པས། གཙང་གི་བུའི་སྐད་ཆ་བཤད་ཕྱོགས་ལ་གཟབ་ནན་བྱེད་དགོས་ཀྱི་རེད། མ་གཞི་ནས་ཁྱེད་ཀྱི་བཀའ་མོལ་འདི་དག་ལས་དོན་ལྟེ་གནས་ཁང་གི་གསང་བའང་ཡིན་སྲིད་པས། འདང་རྒྱབ་ན་ལོས་དགའ་བསམས་པས་ཞུས་པ་ཡིན།

    Reply
  9. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    རྒྱ་ནག་གཞུང་གིས་༼ ཏཱ་ལ་དང་ལྐོག་ཏུ་གསང་འབྲེལ་གྱིས་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བསྐྱལ་བའི་ཉེས་མིང་དོན་ཚན་གསུམ་བཀལ་ཏེ། ལོ་ངོ་དྲུག་རིང་བཙོན་འཇུག་བྱ་རྒྱུའི་བཅད་ཁྲ་བཏང་སོང་། ༽་ཟེར་ན། ད་བྱས་དུས་གཙང་པའི་ཕྲུ་གུ་སྟོབས་ཟེར་བས་ཀྱང་ཏཱ་ལ་དང་ལྐོག་ཏུ་གསང་འབྲེལ་བྱས་པའི་གནས་ཚུལ་དངོས་མ་ཕྱིར་བཏོན་ནས་རྒྱ་ནག་གཞུང་གི་སྒྲུབ་རོགས་གནང་བ་རེད་པཱས། དེ་མིན་ན། ད་ལྟའི་རྒྱ་བོད་ཆབ་སྲིད་ཀྱི་གནམ་འོག་འདིར་གསང་འབྲེལ་བྱུང་ཚུལ་ཕྱིར་བསྒྲགས་བྱས་ནས་ལོ་ངན་སྒང་ལ་ཟླ་ལྷག་བཟོ་འདོད་པ་རེད་དམ། ད་དུང་ལས་དོན་ལྟེ་གནས་ཁང་ཟེར་བའི་འབྲེལ་ཡོད་ཅིག་གིས་འདི་ལྟར་བྲིས་ན། སང་ཉིན་ཡེ་རྡོར་གྱིས་ཏཱ་ལའི་རུ་ཚོགས་དང་འབྲེལ་བ་ཡོད་པའི་དཔང་རྟགས་རྩོམ་འཆལ་འདི་བཀོད་ན། ད་གཙང་གི་བུ་གུས་མྱི་གོ་ཆོད་སོང་བ་རེད་པཱ། ངོ་མ་ཟ་རྒྱུའི་ཤ་དང་མི་ཟ་རྒྱུའི་སྨིན་མི་ཤེས་པ་འདི་ཚོ་ག་རེ་བྱས་སོང་ངམ།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བྱ་བྲལ་བླ་མས་བཙལ་སོང་།
    པཎ་ཆེན་ཡང་སྲིད་བཙལ་སོང་།

    བྱ་བྲལ་བླ་མས་བསྒྲུབས་སོང་།
    བླ་མའི་བཀའ་ཡང་བསྒྲུབས་སོང་།

    བྱ་བྲལ་བླ་མས་བཏང་སོང་།
    རང་ལུས་སྲོག་ཀྱང་བཏང་སོང་།

    Reply
  11. བྱམས་པ་རྒྱལ་མཚན says:
    ལོ་ 14 སྔོན།

    སྔོན་མ་ནས་བྱ་བྲལ་རིན་པོ་ཆེ་བཙོན་ཁང་དུ་བཅུགས་སོང་བ་གོ་ཐོས་ཡོད་ལ། དེ་ཡང་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བཙལ་འཚོལ་བྱེད་སྐབས་རྒྱ་གཞུང་གི་འདོད་བློ་དང་མ་བསྟུན་པའི་ཡིན་པར་ཤེས་ཡོད་མོད། བརྒྱུད་རིམ་ཆ་ཚང་ཤེས་ཀྱིན་མེད། དེར་བརྟེན་གནད་དོན་འདི་གསལ་བོ་ཞིག་ངོ་སྤྲོད་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  12. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    རིན་པོ་ཆེ་ཞེས་བའི་མིང་ཚིག་འདི་བྱ་བྲལ་བྱམས་པ་འཕྲིན་ལས་ལྟ་བུའི་རླབས་ཆེན་གྱི་མི་སྣ་འདི་འདྲ་ལ་སྦྱར་ན་ཅི་འདྲས་མཛེས་བ་ལ། རིན་པོ་ཆེ་ཁོང་གིས་ལས་དོན་ཚང་མ་གྲུབ་རྗེས་བཙོན་ཁང་ནང་ན་སྡུག་བསྔལ་སྡུག་བསྔལ་དུ་མ་ཚོར་བར་རང་གི་ལས་དོན་ལེགས་འགྲུབ་བྱུང་བའི་བསོ་སྣང་གིས་གད་མོ་དགོད་བཞིན་སྐུ་འཚོ་བཞུགས་ཡོད་པའི་གསོལ་བ་སྙིང་ནས་འདེབས། རིན་པོ་ཆེ་ཁོང་གི་སྲོག་བླུ་ཐབས་ཡོད་ཚེ་སྐུ་རིན་ལ་བཙན་བྱོལ་ཁྲོད་ཀྱི་སྐྱ་བ་བརྒྱའི་སྲོག་སྟེར་དགོས་ཀྱང་གོང་ཁོ་བོ་རེད་ཟེར་ངེས་ཡོས།

    Reply
  13. རིན་ཆེན་གྲགས་པ། says:
    ལོ་ 14 སྔོན།

    གཙང་ཕྲུག་ལགས་ནས་རྩོམ་ཡིག་སྤུས་དག་ཅིག་བྲིས་འདུག་པར་དགའ་བོ་བྱུང་སོང་།ཁ་སང་དེ་རིང་ལ་བོད་གཞུང་མང་ངོས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གླེང་སློང་མི་བྱེད་པར་བོར་སོང་བ་འདྲ།ང་ཚོ་ངོས་ནས་བློ་ཕམ་སྐྱེས་དགོས་པ་ཞིག་ཏུ་ཆགས་སོང་།

    Reply
  14. བརྩོན་རྒྱམ། says:
    ལོ་ 14 སྔོན།

    ངོ་མ་དེ་འདྲ་ཡིན་ས་རེད་སྐྱེ་བུ་དམ་པ་ཁོང་གི་བཀའ་དྲིན་ལ་རྗེས་དྲན་དང་ཡི་རང་ཞུ་རྒྱུ་ཡིན།   དོན་དམ་གནས་སྟངས་གང་འདྲ་ཞིག་ཡིན་མིན་ད་དུང་གསལ་བོ་ཞིག་མེད་པ་འདི་ཡག་རྟག་ཞིག་མ་རེད།   གང་ལྟར་དམར་གཞུང་གིས་སྡུག་རྩུབ་ཀྱིས་ཡག་པོ་ཞིག་བྱས་མེད་གསལ་བོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese