ཡུ་རོབ་སུད་སིར་གནས་བཞུགས་རྒྱ་ནག་གི་བཙོན་འོག་ཏུ་ལོ་ངོ་ ༣༧ རིང་བཞུགས་མྱོང་མཁན་བོད་པའི་ཆབ་སྲིད་བཙོན་ཟུར་གྲགས་ཆེན་སྟག་སྣ་འཇིགས་མེད་བཟང་པོ་ལགས། ཉེ་ལམ་ལོ་རྒྱུས་འབྲི་རྩོམ་གྱི་ལས་དོན་ཞིག་གི་ཆེད་དུ་བཞུགས་སྒར་ངྷ་རམ་ས་ལར་ཕེབས་ཡོད་པ་དང་བསྟུན་ཏེ། འདི་གའི་གསར་འགོད་པས་ཁོང་ལ་བོད་ཕྱི་ནང་གི་གནས་སྟངས་དང་འབྲེལ་ཏེ་གནད་དོན་སྐོར་ཞིག་གི་ཐོག་བཅར་འདྲི་ཞུས་ཡོད།
དྲི་བ། རྒན་ལགས་བཙོན་ཁང་ནང་ནད་པ་ཆགས་པར་བརྟེན། རྒྱལ་སྤྱིའི་ཚོགས་པ་ཁག་གིས་འབོད་སྐུལ་གནང་བ་ལྟར་ནད་དགོངས་ངོ་བོའི་ཐོག་ནས་བཙོན་གྲོལ་ཐོབ་པ་རེད། ད་སྐབས་སྐུ་གཟུགས་བདེ་ཐང་ཐད་དཀའ་ངལ་ག་རེ་འདུག
ལན། སྤྱིར་ལོ་བརྒྱད་ཅུ་བུད་པའི་རྒན་པོ་ཚོའི་གྲས་སུ་གཟུགས་པོ་ཐང་པོ་ཅན་མང་པོ་ཡོད་པ་རེད། ཡིན་ནའང་། རྒྱ་མིས་བཙོན་ཁང་ནང་ང་ལ་ཉེས་རྡུང་མང་པོ་ཕོགས་ཏེ། ད་ལྟ་རྐེད་པ་ཡོངས་རྫོགས་རྨ་ཤུལ་གྱིས་ཁེངས་བསྡད་ཡོད་པ་རེད། དེ་དག་གི་རྐྱེན་པས་གཟུགས་པོ་སྐྱོ་བོ་ཆགས་ཏེ། མི་གཞན་གྱིས་སྐྱོར་ན་མ་གཏོགས་ཐག་རིང་པོར་གོམ་པ་རྒྱག་ཐུབ་ཀྱི་མི་འདུག ད་ལྟ་སུད་སིར་ཟླ་བ་རེའི་ནང་སྨན་ཁང་ལ་ཐེངས་རེ་སོང་སྟེ་གློག་པར་བརྒྱབ་སྟེ་བརྟག་དཔྱད་བྱེད་བཞིན་ཡོད། གཙོ་ཆེ་ཤོས་མཁལ་མ་ལ་སྐྱོན་བརྒྱབ་ཡོད་པའི་དབང་གིས་གཅིན་སྲོན་པའི་ནུས་པ་དེ་ཙམ་མེད་པ་ཆགས་འདུག དེ་བཞིན་ད་ལྟའང་མིག་གཡོན་པ་ལོང་ནས་གང་ཡང་མཐོང་ཐུབ་ཀྱི་ཡོད་པ་མ་རེད། མིག་གཡས་པ་དེ་ ༢༠༠༡ ལོར་སུད་སིར་བསླེབས་རྗེས་སྒོར་མོ་ཁྲི་ཕྲག་མང་པོའི་འགྲོ་སོང་རོགས་སྐྱོར་བཏང་སྟེ། རྒྱ་གྲམ་དམར་པོའི་སྨན་ཁང་དུ་མིག་ནང་ལ་ཤེལ་སྐྱིབས་བླུགས་ཏེ་མིག་ཕྱེ་བ་རེད། དེང་སང་མིག་ཤེལ་མ་བརྒྱབ་ན་ཉེ་འཁོར་ཡག་པོ་མཐོང་ཐུབ་ཀྱི་འདུག དེ་མིན་གཞན་གློ་བའི་ན་ཚ་ཏོག་ཙམ་འདུག
དྲི་བ། རྒན་ལགས་མི་ཚེ་ཕྱེད་ཀར་རྒྱ་དམར་གྱི་བཙོན་འོག་ཏུ་བསྡད་པ་རེད། བཙོན་འཇུག་དུས་ཡུན་རིང་དཀའ་ཁག་ཆེ་ཤོས་ག་རེ་འཕྲད་སོང་།
ལན། རྒྱ་དམར་བཙན་འཛུལ་བའི་འགྲོ་བ་མིའི་ཐོབ་ཐང་ཐོག་དྲིལ་བསྒྲགས་འདྲ་མིན་བཟོས་ཏེ། རྒྱབ་ཤ་དཀར་པོའི་དེབ་ལ་སོགས་པ་བཏོན་དེ་བཙོན་པ་རྣམས་ལ་མི་ཡི་མཐོང་འཇོག་གི་ཡོད་སྐོར་བརྗོད་ཡོད་པ་རེད། ཡིན་ནང་ལག་ལེན་ཐོག་བཙོན་པ་རྣམས་ལ་ཉེས་པ་ཚད་མེད་གཏོང་གི་ཡོད་པར་བརྟེན། ང་རང་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་དེ་ ༡༩༧༥ ལོ་ནས་བཟུང་སྟེ་མིག་གཉིས་ཀ་ལོང་པར་གྱུར་ཏེ། ༡༩༨༡ བར་མིག་གཉིས་ཀྱིས་གང་ཡང་མཐོང་མ་ཐུབ་པའི་སྡུག་བསྔལ་མྱོང་དགོས་བྱུང་སོང་། སྐབས་དེར་ཡ་མཚན་པའི་གནས་ཚུལ་ཁ་ཤས་འཕྲད་སོང་། མིག་ཞར་དེ་བཙོན་ཁང་ནང་བསྡད་ཡོད་པའི་ཉིན་ཞིག མི་ཞིག་ཡོང་སྟེ་སྙིང་རྗེ་ཟེར་བཞིན་ངའི་མིག་གཉིས་ལ་བྱིལ་བྱིལ་བཏང་རྗེས། ཁོས་ང་ལ་ཉིན་གསུམ་རིང་མིག་གཉིས་ལ་ལག་པས་ཕུར་ཕུར་མ་གཏོང་། དེ་རྗེས་ཁྱོད་རང་མིག་ཕྱེ་ཐུབ་གི་རེད་ཟེར་ནས་འགྲོ་སོང་། སྐབས་དེར་ངའི་སེམས་ལ་དངངས་སྐྲག་ཆེན་པོ་ཞིག་སྐྱེས་སོང་། དེ་ནས་བསྐྱར་དུ་བསམ་བློ་ཞིག་བཏང་དུས་དེ་ནི་བཙོན་པ་ཞིག་ཡིན་རྒྱུ་རེད། ངའི་མིག་གིས་མཐོང་གི་མེད་སྟབས་ཁོས་ང་ལ་མཐོང་ཆུང་བྱས་པ་ཡིན་རྒྱུ་རེད། ཁོ་དང་འཛིང་རེས་ཤིག་བྱ་དགོས་པ་མིན་འགྲོ་དྲན་སོང་། ཡིན་ནའང་། ཁོ་དང་འཛིང་རེས་བྱས་པ་ཡིན་ན་སོ་སོ་ནི་མིག་ལོང་བ་ཡིན་སྟབས་རང་ཉིད་ལ་ཉེས་རྡུང་རག་རྒྱུ་ལས་མི་འདུག་ལ། ལྷག་པར་དུ་མི་དེས་བཙོན་ཁང་གི་མགོ་བ་ལ་ངའི་མིག་ལོང་མི་འདུག ཚུར་འཇུས་ཏེ་འཛིང་རེས་བྱེད་ཐུབ་ཀྱི་འདུག་ཟེར་ནས་སྐྱོན་འདོགས་བྱས་པ་ཡིན་ན། སོ་སོར་གྱོང་ཆེན་པོ་རག་ཡོང་གི་རེད་བསམ་དེ་གཡུགས་བཞག་པ་ཡིན། དེ་ནས་ཐབས་ཤེས་གཞན་གང་ཡང་མི་འདུག ཁོ་ཚོས་རང་ཉིད་ལ་བརྙས་བཅོས་གཏོང་གི་ཡོད་པར་བརྟེན། དེ་རིང་ནས་བཟུང་མགོ་ཁྲིད་དང་མི་སུ་འདྲ་ཞིག་གིས་ལབ་པ་ཡིན་ནའང་། ཁོ་ཚོ་ལ་རྒྱབ་གཏོད་ཀྱིས་བྱེད་སྟངས་ལོག་པ་ཞིག་བྱ་དགོས་ཀྱི་འདུག་བསམ་སོང་། དེ་མ་གཏོགས་ཡ་ལན་སྤྲོད་ཐབས་གཞན་གང་ཡང་མི་འདུག དེ་ནས་ལག་པ་གཉིས་ཕུར་ཕུར་བཏང་སྟེ་མིག་གཉིས་བྱིལ་བྱིལ་ཡག་ཐག་ཆོད་ཅིག་བྱས་པ་ཡིན། སྐབས་དེར་མིག་གཉིས་ཀྱི་ནང་ནས་རིལ་རིལ་སྔོ་སེང་བ་ཞིག་ཕྱིར་ཐོན་པ་ལྟ་བུའི་སྣང་བ་བྱུང་སོང་། དེ་ནས་བཟུང་མིག་གཉིས་ནང་ལ་བཙོན་ཁང་གི་ཤེལ་སྒོ་གཉིས་ཆ་སྒྲིལ་ནས་མཐོང་ཡོང་གི་འདུག ཉེ་འཁྲིས་ཀྱི་མི་མཐོང་ཐུབ་ཀྱི་ཡོད་པ་མ་རེད་དེ་ཤེལ་སྒོ་དེ་ཡག་པོ་མཐོང་གི་འདུག་ལ། ཤེལ་སྒོའི་ནང་ནས་བུད་མེད་སྐྲ་ཐུང་ཐུང་ཅན། རྒྱ་མོའི་བཟོ་འདྲ་བོ་ཞིག་རྟག་པར་ཐོན་ཡོང་གི་འདུག ང་གང་ལ་ཕྱིན་པ་ཡིན་ནའང་རྒྱ་མོ་དེ་ཉིན་མཚན་མེད་པར་ང་དང་མཉམ་དུ་ཡོང་གི་འདུག ངས་ཁ་ལུད་ཕངས་ཏེ་འདྲེ་མོ་ཞེས་རྒྱུན་པར་སྡིགས་དམོད་བཏང་བ་ཡིན། ཚུར་ལ་ཡང་སྤྱོད་པ་ཉེས་པོ་ཞེ་དྲག་སྟོན་ཡོང་གི་འདུག ད་དུང་ཁྱད་མཚར་པོ་ཞིག་ལ་ཨམ་ཅོག་ནང་སྐད་ཆ་འདྲ་མི་འདྲ་བཤད་ཡོང་གི་འདུག ང་རང་ཨ་རིར་མ་སླེབས་བར་རྒྱ་མོ་དེ་མིག་ནང་མཐོང་ཡོང་གི་འདུག སྤྱིར་བཙོན་པ་ཞིག་ཡིན་ཕྱིན་དཀའ་ངལ་མང་པོ་ཞེ་དྲག་ཡོད་པ་རེད། ཡིན་ནའང་། བཙོན་ཁང་ནང་དམིགས་བསལ་གྱི་དཀའ་ངལ་དང་འཁྲུལ་སྣང་ཆེ་ཤོས་དེ་གཉིས་འཕྲད་སོང་།
དྲི་བ། རྒྱ་གཞུང་གིས་བོད་ཁུལ་གྱི་་གཞུང་ལམ་དང་གྲོང་ཁྱེར་ཁག་འཛུགས་སྐྲུན་གང་འཚམ་བྱས་ཡོད་ཀྱང་། ཉིས་སྟོང་བརྒྱད་སོགས་སུ་བོད་ནང་ངོ་རྒོལ་ལས་འགུལ་ཤུགས་ཆེན་བྱུང་ཡོད་པ་དེའི་རྒྱུ་མཚན་གཙོ་བོ་གང་ལ་ཐུག་ཡོད་པར་དགོངས་ཀྱི་ཡོད་དམ།
ལན། རྒྱ་དམར་ཁོ་ཚོས་བོད་བཅིངས་གྲོལ་བཏང་བ་ཡིན་ཟེར་བཞིན་ཡོད་པ་རེད། བཅིངས་གྲོལ་བཏང་ནས་ད་བར་འབྲས་བུ་ག་རེ་བྱུང་འདུག་པ་དེ་ལ་བསམ་བློ་གཏོང་དགོས་པ་རེད། བཅིངས་གྲོལ་གཏོང་མཁན་གྱི་དམར་ཤོག་གུང་ཁྲན་ཏང་ལ་ད་བར་བོད་མི་ཚོས་མུ་མཐུད་དེ་ངོ་རྒོལ་བྱེད་བཞིན་པ་དེ་ཡ་མཚར་བ་ཞིག་མ་རེད་དམ། དེ་རྒྱུ་མཚན་གཅིག་རེད། གལ་ཆེ་ཤོས་དེ་བོད་མི་རིགས་ཀྱི་སྙིང་སྟོབས་དེ་རྩ་བ་ཉིད་ནས་གཅོག་ཐུབ་ཀྱི་ཡོད་པ་མ་རེད། བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་མཐའ་དག་རྒྱ་དམར་གུང་ཁྲན་ཏང་གིས་དངོས་ཤུགས་བརྒྱུད་གསུམ་ནས་རྩ་མེད་གཏོང་བའི་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་གྱི་ཡོད་པ་རེད། དཔེ་ཙམ་བརྗོད་ན། རྒྱ་གཞུང་གིས་ཁ་ནས་བོད་རང་སྐྱོང་ལྗོངས་ཟེར་གྱི་ཡོད་པ་རེད། ཡིན་ནའང་། ལྷ་སར་རྫོང་གཞིས་ཁག་ཚང་མར་ཐ་ན་ལས་བྱེད་པའི་འབྱོར་ཐོ་ཡན་ཆད་རྒྱ་ཡིག་གིས་འབྲི་དགོས་ཀྱི་ཡོད་པ་རེད། སློབ་གྲྭ་ཁག་ལ་མཚོན་ནའང་སློབ་གྲྭ་ཆུང་བའི་ནང་བོད་ཡིག་ཏོག་ཙམ་ཁྲིད་ཀྱི་ཡོད་པ་རེད་དེ། རིམ་པས་སློབ་གྲྭ་འབྲིང་བ་དང་ཆེ་བ་སོགས་སུ་སླེབས་དུས་བོད་ཡིག་བེད་སྤྱོད་གཏོང་ས་མེད་པ་ཆགས་ཏེ་བརྗེད་འགྲོ་བཞིན་ཡོད་པ་རེད། སློབ་མ་རྣམས་ཀྱིས་སྔོན་མ་བསླབ་པའི་བོད་ཡིག་དེ་བེད་སྤྱོད་གཏོང་ས་མི་འདུག་ཅེས་སྐད་རྒྱག་བཞིན་ཡོད་པ་རེད། བེད་སྤྱོད་གཏོང་ས་མེད་པ་དེ་སུས་བཟོས་པ་རེད་ཟེར་ན་རྒྱ་དམར་གྱིས་བཟོས་པ་རེད། བོད་མི་རིགས་རྩ་མེད་གཏོང་བའི་ཆེད་དུ་བཟོས་པ་རེད། དེ་དག་ལ་བསམ་བློ་གཏོང་དུས་སོ་སོའི་མི་རིགས་དེ་རྩ་ཆེན་པོ་ཡིན་པ་དང་། རྒྱ་དམར་གྱིས་དེ་རྩ་མེད་དུ་གཏོང་བཞིན་པའི་ཐད་སེམས་ནང་དཀའ་ངལ་ཆེན་པོ་ཞིག་དང་། སེམས་ཁྲལ་བཟོད་དཀའ་བ་ཞིག་སླེབས་ཡོང་གི་ཡོད་སྟབས། རྒྱ་དམར་པོའི་གཞུང་ལ་རང་སྲོག་བློས་གཏོང་གིས་ངོ་རྒོལ་བྱེད་བཞིན་ཡོད་པ་རེད། སེམས་ཁྲལ་དེ་དག་བཟོ་མཁན་རྒྱ་དམར་གཞུང་ཡིན་སྟབས། རྒྱ་དམར་གཞུང་ལ་ངེས་པར་དུ་ངོ་རྒོལ་བྱེད་དགོས་པ་ཞིག་ཀྱང་རེད། དེང་སྐབས་བོད་མི་ཚོར་སོ་སོའི་རྐང་པའི་སྒང་ལངས་དགོས་པའི་ངེས་ཤེས་གསལ་བོ་རྙེད་བཞིན་ཡོད་པ་རེད། ཉེ་སྔོན་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱེད་བཞིན་པ་དེ་དག་ཀྱང་། འགག་རྩ་གཙོ་བོ་རྒྱ་གཞུང་གིས་ཆོས་ལུགས་དད་མོས་རང་དབང་མ་སྤྲད་པར། དགོན་སྡེ་ཁག་ནང་རྒྱལ་གཅེས་ཆོས་གཅེས་སློབ་གསོ་སྤེལ་ཏེ། བོད་མི་རིགས་རྩ་མེད་གཏོང་བའི་སློབ་གསོའི་ལས་འགུལ་དེ་འདྲ་སྤེལ་ཏེ། བོད་མི་རིགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་ལ་དགག་པ་རྒྱག་དགོས་པའི་བཙན་སྐུལ་བྱེད་བཞིན་ཡོད་པས་རྐྱེན་གྱིས་རེད།
དྲི་བ། རྒྱ་གཞུང་གིས་བོད་ནང་གི་ངོ་རྒོལ་ལས་འགུལ་རྣམས་ནི་ཏཱ་ལའི་རུ་ཚོགས་ཀྱི་ངན་སྐུལ་ལ་བརྟེན་ནས་བྱུང་བ་རེད་ཅེས་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད། རྒན་ལགས་ནི་བོད་ནང་ལོ་མང་རིང་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་ཆབ་སྲིད་བཙོན་པ་ཞིག་ཆགས་ཡོད་སྟབས་དེའི་ཐད་གཟིགས་ཚུལ་གང་འདྲ་ཡོད།
ལན། སྤྱིར་ཆོས་ཕྱོགས་ནས་བླ་མ་ནི་རྩ་ཆེན་པོ་ཞིག་རེད་ལ། ང་ཚོའི་བོད་པ་ཚོར་མཚོན་ན་བླ་མས་སངས་རྒྱས་ཀྱི་སྤྲུལ་བ་མཛད་དེ་ཆོས་ཀྱི་དབང་སྐུར་གྱིན་ཡོད། བླ་མ་ནི་སངས་རྒྱས་དང་ངོ་བོ་དབྱེར་མེད་དུ་ངོས་འཛིན་གནང་གི་ཡོད་པ་རེད། ལྷག་པར་དུ་༸གོང་ས་མཆོག་ནི་བྱང་ཆུབ་སེམས་དཔའ་ཡིན་མིན་ཐད་དོགས་པ་གང་ཡང་ཡོད་པ་མ་རེད། ༸གོང་ས་མཆོག་ནི་རང་ཉིད་བློས་གཏོང་གིས་གཞན་དོན་ཁོ་ན་སྒྲུབ་མཁན་ཞིག་རེད། རང་གི་དོན་ལ་དགོངས་པ་བཞེས་མཁན་ཞིག་ཡིན་ཚེ། ༸གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་རྒྱ་གཞུང་གི་འདོད་པ་ལྟར་སྒྲུབ་པ་ཡིན་ན། སོ་སོ་སྐྱིད་པོ་བདེ་བོ་ཧ་ལས་པ་ཡོང་གི་རེད། རྒྱ་དམར་གཞུང་གིས་ལྷ་གསོལ་ཀླུ་གསོལ་ལྟ་བུ་བྱས་ཏེ་ཡག་པོ་བྱེད་ཀྱི་རེད། ཁོང་རྣམ་པས་རང་ཉིད་བློས་གཏོང་བྱས་ཏེ་རྒྱ་དམར་གཞུང་ལ་ཞི་བའི་ཐོག་ནས་བཀའ་མོལ་གནང་སྟེ། མི་མང་གི་དཀའ་ངལ་སེལ་ཐབས་ཀྱི་མཛད་པ་རྒྱ་ཆེན་པོ་གནང་བཞིན་པ་དེ་ནི་ཁོང་རྣམ་བྱང་ཆུབ་སེམས་དཔའ་ཡིན་པས་རྐྱེན་གྱིས་རེད། དེ་ལ་ངོ་རྒོལ་བྱ་དགོས་ཟེར་དུས་ང་ཚོ་བོད་པ་སུ་ཞིག་ཡིན་ཡང་ངོས་ལེན་བྱེད་ཐུབ་ཀྱི་མ་རེད། ང་རང་ཉིད་ལ་མཚོན་ལའང་། བཙོན་ཁང་དུ་དང་ཐོག་རྒྱ་དམར་གཞུང་གིས་ཏཱ་ལའི་ལོག་སྤྱོད་ཅེས་བརྗོད་སྐབས་སེམས་ནང་ལ་དངངས་སྐྲག་དང་ན་ཟུག་སྐྱེས་ཡོང་གི་འདུག ད་ནི་བཙོན་ཁང་ནང་འཆི་དགོས་པ་མིན་འགྲོ་དྲན་ཡོང་གི་འདུག རྗེས་ལ་བསམ་བློ་ཞིབ་དུ་གཏོང་དུས་རྒྱ་དམར་གཞུང་གིས་ང་ཚོ་ལོག་སྤྱོད་པ་རེད་བརྗོད་ཀྱིན་ཡོད་པ་རེད། དོན་དངོས་ཀྱི་སྟེང་ནས་ཀྱང་ང་ཚོ་རྒྱ་དམར་དང་ལོགས་སུ་སྐྱོད་མཁན་ཞིག་རེད་དྲན་བྱུང་། སོ་སོར་ལྷག་བསམ་རྣམ་དག་གི་དད་པ་ཡོད་ན། རྒྱ་མིས་ལོག་སྤྱོད་པ་ཞེས་བརྗོད་ན་སྐྱོན་མི་འདུག ཁོ་ཚོས་ང་ཚོ་ལོག་པར་སྤྱོད་མཁན་ཞིག་ཏུ་མཐོང་གི་ཡོད་ན་ཡག་པོ་རེད། ང་ཚོར་བོད་རང་གི་མཚན་ཉིད་ཚང་གི་ཡོད་པའི་རྟགས་རེད་བསམ་སོང་། དེ་སྔོན་རྒྱ་མི་མའོ་ཙེ་ཏུང་གིས་གྲྭ་བས་བརྩི་བཀུར་བྱེད་ས་ཞིག་ཡིན་ན་ང་ཚོས་ངོ་རྒོལ་བྱེད་དགོས། གྲྭ་བའི་ངོ་རྒོལ་བྱེད་ས་ཞིག་ཡིན་ན་ང་ཚོས་བརྩི་བཀུར་བྱེད་དགོས་ཞེས་བཤད་ཡོད་པ་རེད། དེར་བརྟེན། སོ་སོ་རྒྱ་དམར་གྱིས་ལོག་སྤྱོད་པར་འཇོག་གི་ཡོད་པ་དེར་སྤོབས་པ་སྐྱེས་ཡོང་གི་འདུག
དྲི་བ། རྒན་ལགས་ནི་བོད་ནང་སྤྱི་ཚོགས་གསར་རྙིང་གཉིས་མཐོང་མཁན་གྱི་མི་རབས་རྒན་པ་ཞིག་ཆགས་ཡོད་སྟབས། རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པ་ནས་ད་བར་བོད་པའི་སྤྱི་ཚོགས་ནང་ལེགས་ཉེས་ཀྱི་འགྱུར་ལྡོག་གང་དག་བྱུང་ཡོད་པ་རེད།
ལན། དེའི་ཐད་ལ་བསམ་བློ་གཏོང་དུས་མཚམས་རེར་སེམས་ནང་ལ་དངངས་སྐྲག་སྐྱེས་ཡོང་གི་འདུག དེང་སྐབས་བོད་ནང་དུའང་འགྱུར་བ་ཞེ་དྲག་ཆེན་པོ་ཞིག་ཕྱིན་ཡོད་པ་རེད། ལྷ་སར་མཚོན་ན་ཡར་ཐོན་ཅན་གྱི་རྣམ་པ་བཏོད་དེ། ཕྱི་ལོགས་སུ་ཁྲ་ཁྲ་ཟང་ཟིང་མང་པོ་ཞིག་བཟོས་ཤིང་། སྔོན་མའི་རྙིང་པ་དེ་དག་ལ་སྐྱོན་བརྗོད་བྱེད་པ་དང་། གསར་བ་དེ་ཚོ་ལ་དགའ་སྣང་ཤུགས་ཆེན་བྱེད་པའི་འཁྲུལ་སྣང་གི་བསམ་བློ་ཤུགས་ཆེན་པོ་ཡོང་གི་ཡོད་པ་རེད། བདག་གཅེས་འཛིན་ཟེར་བ་དེ་ཤུགས་ཆེན་པོ་ཡིན་སྟབས། སོ་སོར་ཁེ་བཟང་ཏོག་ཙམ་རག་པ་ལ་མགོ་འཁོར་ཏེ། མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་སྙིང་སྟོབས་ཏོག་ཙམ་ཞུམ་བཞིན་པའི་བཟོ་འདྲ་ཞིག་འཐོན་གྱི་ཡོད་པ་རེད། དེ་བློ་འཚབ་སྐྱེ་དགོས་པའི་ཕྱོགས་གཅིག་རེད། ཡང་ཕྱོགས་གཞན་གཅིག་ནས་བལྟས་པ་ཡིན་ན། རྒྱ་དམར་བཙན་འཛུལ་བས་གཡོ་ཐབས་འདྲ་མིན་སྣ་ཚོགས་དང་། དངུལ་གྱི་འགྲོ་སོང་བཏང་སྟེ་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་བ་སོགས་ཀྱི་བསླུ་བྲིད་རིགས་ལ་འཁྲུལ་སྣང་མ་སྐྱེས་པའི་ཐོག་ནས། རང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་རིམ་པས་མང་དུ་འབྱུང་བཞིན་ཡོད་པ་རེད། ང་དགུ་ལོ་ནས་བཟུང་སྟེ་བརྒྱད་ཅུ་གྱ་གྲངས་བར་དང་། ཕྱི་ལོ་ ༢༠༠༨ ནས་ད་བར་རིམ་པས་བྱུང་ཡོད་པ་རེད། དེ་དག་ནི་བོད་མི་རིགས་ཀྱི་སྙིང་སྟོབས་ཀྱི་ཆ་ནས་སྔར་ལས་ལྷག་པའི་འགྱུར་ལྡོག་ཆེན་པོ་ཞིག་ལ་མཐོང་གི་འདུག མདོར་བསྡུས་བ་ཡིན་ན། གཅིག་ནས་དེང་སྐབས་བོད་མི་རིགས་ཀྱི་སྙིང་སྟོབས་ཀྱི་ཆ་ནས་ཚད་མཐོན་པོར་སླེབས་ཏེ་ལས་འགུལ་སྣ་ཚོགས་སྤེལ་ཐུབ་པ་བྱུང་བ་རེད། ཕྱོགས་གཞན་ཞིག་ནས་རྒྱ་མིའི་རེ་འདོད་ལྟར་འཁྲུལ་སྣང་ཁོ་ནའི་དབང་དུ་སོང་སྟེ་ཁྲ་ཁྲ་ཟང་ཟིང་ལ་མགོ་འཁོར་བཞིན་པའི་གནས་སྟངས་དེ་འདྲ་ཡོང་ཡོད་པ་རེད། དེ་ལྟར་ཡག་ཕྱོགས་དང་སྡུག་ཕྱོགས་གཉིས་ནས་འགྱུར་བ་བྱུང་ཡོད་པ་རེད།
དྲི་བ། ༢༠༠༨ ལོའི་བོད་མི་མང་པོས་རང་སྲོག་བློས་གཏོང་གིས་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་པ་རེད། ཞི་རྒོལ་ཆེན་མོ་དེའི་མཇུག་འབྲས་ལེགས་ཉེས་གང་ལ་ངོས་འཛིན་གནང་གི་ཡོད་དམ།
ལན། བོད་མི་རིགས་ནི་བློ་སྟོབས་ལྡན་ལ་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་ཞིག་ཡིན་སྟབས། བོད་མི་རིགས་ཞེས་པའི་བསམ་བློ་དེ་ག་དུས་ཡིན་ཡང་བརྗེད་སྲིད་པ་མ་རེད། མི་རབས་གོང་མ་ཚོ་ག་ལེར་ཤི་འགྲོ་བཞིན་ཡོད་ནའང་། མི་རབས་རྗེས་མ་ཚོས་བོད་མི་རིགས་ཀྱི་སྙིང་སྟོབས་ཞུམ་པ་མེད་པའི་སྒང་ནས། སོ་སོའི་མི་རིགས་རྩ་བརླག་ཏུ་མི་འགྲོ་བའི་ཆེད་དུ་རྒྱུན་མཐུད་ནས་ངོ་རྒོལ་བྱུང་བཞིན་པ་ཞིག་རེད། ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནང་ངོ་རྒོལ་བྱུང་བ་དེས་འཛམ་གླིང་སྒང་སྐད་གྲགས་ཆོད་པ་རེད། ཞེ་དྲག་ཡག་པོ་བྱུང་ཡོད་པ་རེད། ཨ་རི་དང་ཡུ་རོབ་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་ཅེས་བརྗོད་དུས། བོད་རང་སྐྱོང་ལྗོངས་ཀྱི་ས་ཁྲ་དེ་མ་གཏོགས་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་རྫོགས་གསལ་བོ་ཤེས་ཀྱི་ཡོད་པ་མ་རེད། ཕྱིའི་རྒྱལ་ཁབ་ཁག་ནང་ཤེས་རྟོག་ཐུབ་མེད་པ་མང་པོ་ཡོད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མང་ཚོགས་ཁྲོད་ཁ་ཤས་ཀྱིས་བོད་ཟེར་བ་དེ་ཧ་གོ་ཡི་ཡོད་པ་མ་རེད། དེ་བཞིན་རྒྱལ་ཁབ་ཁག་གི་མགོ་ཁྲིད་ཚོས་ཀྱང་བོད་རང་སྐྱོང་ལྗོངས་མ་གཏོགས་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་དེ་ཞེ་དྲག་ཧ་གོ་ཡི་ཡོད་པ་མ་རེད། ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པའི་ལུང་པ་ཁུག་ཀྱོག་དག་གི་ནང་དུའང་བོད་ཀྱི་རྒྱལ་དར་ཡན་ཆད་བསྒྲེངས་འཛུགས་བྱས་ཡོད་པར་བརྟེན། ཁོང་ཚོ་ཚང་མ་ཧང་སང་སྟེ་བོད་ནི་རྒྱ་ཆེན་པོ་ཡིན་པ་དང་། བོད་མི་རིགས་དེ་ལོ་རྒྱུས་དང་ལྡན་པའི་མི་རིགས་ཤིག་དང་སྙིང་སྟོབས་ཆེན་པོ་ཡོད་པ་སོགས། གཞི་ནས་སྔོན་མ་གསལ་པོ་མེད་པ་དེ་ཚོ་ཇེ་གསལ་དུ་ཕྱིན་པ་དང་། སྔོན་མ་མ་ཤེས་པ་རྣམས་ཤེས་རྟོགས་བྱུང་སྟེ་ཡག་པོ་ཞེ་དྲག་བྱུང་ཡོད་པ་རེད། ཡིན་ནའང་། སྐབས་དེར་རྒྱ་དམར་གྱིས་མགོ་བདེ་འཁྲབ་ཏེ། རྒྱ་རིགས་མང་ཚོགས་ནང་དམར་ཤོག་པར་ངོ་རྒོལ་འྀབྱུང་བཞིན་པ་མེད་པ་བཟོ་ཆེད་མི་རིགས་བར་གྱི་འགལ་བ་བཟོ་ཐབས་ལ་ཁ་ཕྱོགས་བསྒྱུར་ཐབས་བྱས་ཡོད་པ་རེད། དེ་གཟབ་གཟབ་བྱ་དགོས་པའི་དཀའ་ངལ་ཞིག་རེད་བསམ་གྱི་འདུག
དྲི་བ། འདས་པའི་ལོ་མང་རིང་རྒྱ་ནག་གཞུང་དང་སྐད་ཆ་བཤད་དེ་འབྲེལ་མོལ་བྱས་ཀྱང་དམིགས་བསལ་གྲུབ་འབྲས་ཐོན་མེད་སྟབས། རྒན་ལགས་ལ་བོད་རྒྱ་འབྲེལ་མོལ་ཐད་དགོངས་ཚུལ་ག་རེ་ཡོད།
ལན། གཞོན་སྐྱེས་ཚང་མས་རང་བཙན་ཤུགས་ཆེན་པོ་གླེང་གི་ཡོད་པ་རེད། དངོས་གནས་བཤད་ན་ང་རང་ཡང་རང་བཙན་གྱི་ལྟ་བ་ཡིན། ཡིན་ནའང་། ཕྱི་ཡུལ་གྱི་གནས་ཚུལ་དང་རྒྱ་ནག་ནང་ཁུལ་གྱི་གནས་ཚུལ། དེང་སྐབས་རྒྱ་ནག་ཡར་རྒྱས་འགྲོ་བཞིན་པ་བཅས་ལ་བརྟེན་ནས། ༸གོང་ས་མཆོག་གིས་དགོངས་པ་རླབས་ཆེན་བཞེས་ཏེ་དབུ་མའི་ལམ་མཛད་ཡོད་པ་རེད། ལམ་དེ་ཡག་པོ་ཞེ་དྲག་རེད་བསམ་ནས་སོ་སོས་མོས་མཐུན་བྱེད་ཀྱི་ཡོད། རྒྱལ་ཁབ་བར་གྱི་གནད་དོན་ཐག་གཅོད་ཡིན་ན་འདྲ། མི་རིགས་ནང་ཁུལ་གྱི་གནད་དོན་ཐག་གཅོད་ཡིན་ནའང་འདྲ། དེའི་ཐད་ཞིབ་ཅིང་ཕྲ་བ་ཡག་པོ་བལྟས་པ་ཡིན་ན། ཞི་བའི་ལམ་ནས་ཐག་གཅོད་བྱེད་པ་དེ་ཡག་པོ་ཞེ་དྲག་རེད། ཡིན་ནའང་། ང་རང་སྔོན་མ་རྒྱ་ནག་གུང་ཁྲན་ཏང་གི་སློབ་སྦྱོང་ཏོག་ཙམ་བྱས་མྱོང་མཁན་ཞིག་རེད། རྒྱ་ནག་གུང་ཁྲན་གྱིས “ མཐའ་དག་ཏང་གི་མགོ་ཁྲིད ” ཅེས་བརྗོད་ཀྱི་ཡོད་པ་རེད། ལས་དོན་ཡོངས་རྫོགས་ཏང་གིས་མགོ་ཁྲིད་བྱེད་དགོས་པ་རེད། ཁོ་ཚོས་ཚུར་གང་བཤད་པ་དེ་ལྟར་འགྲོ་དགོས་པ་རེད་མ་གཏོགས། ཁོ་རང་ཚོར་ཕར་ག་རེ་བཤད་པ་ཡིན་ནའང་ཉན་གྱི་མ་རེད། རྒྱ་དམར་ཁོ་ཚོས་བོད་དེ་ཟས་ཚར་བ་ཡིན་ཕྱིར་ཀློད་ཀྱི་མིན་ཞེས་བརྗོད་ཀྱི་ཡོད་པ་རེད། ག་དུས་ཡིན་ཡང་ཁོ་རང་ཚོ་དང་འདྲ་མཉམ་གྱི་དབང་ཆ་ཞིག་སྤྲོད་སྲིད་པ་མ་རེད། སྤྱིར་རང་སྲིད་རང་སྐྱོང་ཟེར་དུས་ཕྱི་ལ་ང་ཚོ་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་གཅིག་མཚུངས་ཡིན་པ་ཞིག་དང་། ནང་ཁུལ་དུ་ཕན་ཚུན་འདྲ་མཉམ་གྱི་དབང་ཆ་ཡོད་པ་ཞིག་དགོས་པ་རེད། ཡིན་ནའང་། ཁོང་ཚོས་ཏང་གི་གོང་ལ་སུ་གང་ཡང་འཇོག་གི་མིན་ཟེར་གྱི་ཡོད་དུས། རྒྱ་དམར་དང་མཉམ་དུ་སྐད་ཆ་བཤད་ནས་རང་སྲིད་རང་སྐྱོང་སྤྲོད་རྒྱུ་མ་རེད་ལ། རང་བཙན་ནི་དེ་བས་ཀྱང་སྤྲོད་རྒྱུ་མ་རེད།
དྲི་བ། མ་འོངས་པའི་བོད་དོན་འཐབ་རྩོད་ཐོག་རྒན་ལགས་ཀྱིས་དམིགས་རེ་ག་འདྲ་ཞིག་བཟུང་ཡོད་དམ།
ལན། མ་འོངས་པར་ག་རེ་ཡོང་གི་རེད་བསམ་ན། བོད་དེ་རང་བཙན་རྩོད་མཁན་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག དབུ་མའི་ལམ་གྱི་ཐོག་ནས་ཞེ་དྲག་ཡོང་ཐུབ་ཡོད་པ་མ་རེད། གཞོན་སྐྱེས་ཚང་མས་རང་བཙན་ཟེར་བཞིན་འདུག དེང་སང་ནུབ་ཕྱོགས་རྒྱལ་ཁབ་དང་། རྒྱ་གར་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་ཏུ་དམངས་གཙོའི་སྐད་སྒྲ་ཤུགས་ཆེ་རུ་འགྲོ་བཞིན་འདུག དེ་དག་ཡོངས་རྫོགས་རང་བཙན་ཡོད་མཁན་གྱི་རྒྱལ་ཁབ་དེ་ཚོས་བྱེད་ཀྱིན་ཡོད་པ་རེད། དེང་སྐབས་ང་ཚོའི་མི་རབས་གསར་བ་མང་ཆེ་བ་སློབ་གྲྭ་ཐོན་མཁན་ཤེས་ཡོན་ཅན་རྐྱང་རྐྱང་རེད། ཚང་མས་རང་བཙན་ཐོག་ཤུགས་བརྒྱབ་པ་ཡིན་ན། རྒྱ་དམར་ཚོས་མི་རིགས་བར་འགལ་ཟླ་བཟོས་ན་མ་གཏོགས། འཛམ་གླིང་ཐོག་ལ་རྒྱ་དམར་གྱིས་ཞེ་དྲག་བྱེད་ཡ་ཡོད་པ་མ་རེད། དེ་ལས་ལྡོག་སྟེ་རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པའི་གདོང་ལྤགས་བཤུས་ཏེ་གསལ་འདོན་ཐུབ་ཀྱི་རེད། ཡིན་ནའང་། ང་ཚོར་མགྱོགས་པོར་རག་ཐུབ་པ་ཞིག་ཁག་པོ་རེད། སྤྱི་ཡོངས་ཀྱི་འགྱུར་བ་ལ་བལྟས་ན་རང་བཙན་གྱི་བཟོ་འདྲ་ཞིག་ཐོན་མི་ཡོང་ངམ་དྲན་གྱི་འདུག དེ་ལ་འགག་རྩ་གཙོ་བོ་ཞིག་ཡོད་པ་རེད། དེང་སང་འཛམ་གླིང་ཐོག་ཕྱོགས་ཁ་ཆེན་པོ་གཉིས་ཆགས་བསྡད་ཡོད་པ་རེད། སྔོན་མ་ནས་འཛམ་གླིང་ཐོག་ཤར་རླུང་དང་ནུབ་རླུང་གཉིས་སུ་ཆད་ཡོད། དེང་སང་རྒྱ་ནག་ཏོག་ཙམ་སྟོབས་ཤུགས་ཆེན་པོ་ཆགས་ཡོང་དུས། ནུབ་ཕྱོགས་པ་ཚོའི་སྣང་བར་འགྲོ་ཡི་ཡོད་པ་མ་རེད། ཁ་ནས་ཡག་པོ་བཤད་དེ་ཁེ་བཟང་ལེན་གྱི་ཡོད་པ་རེད་མ་གཏོགས། སེམས་གཏིང་ན་རྒྱ་ནག་དེ་སྟོབས་ཆེན་ཆགས་འཇུག་འདོད་ཡོད་པ་མ་རེད། འཛམ་གླིང་སྟེང་ཕྱོགས་ཁག་གཉིས་སུ་གྱེས་ཡོང་དུས་སྒང་ལ། བར་གསེང་ནས་རང་བཙན་དེ་རག་མི་ཡོང་ངམ་བསམ་པའི་རེ་བ་ཆེན་པོ་ཡོད། ཕར་རྒྱ་དམར་ལ་སྐད་ཆ་བཤད་བསྡད་པ་ཡིན་ན། མཐའ་དག་ཏང་གི་མགོ་ཁྲིད་བྱེད་པར་བརྟེན་ག་དུས་ཡིན་ནའང་ཀློད་ཀྱི་མ་རེད་ལ། ཞི་བའི་གྲོས་མོལ་བྱས་པའི་མི་ཚད་ཞུ་བ་ཞུས་པ་ཡིན་ནའང་ང་ཚོར་འདྲ་མཉམ་གྱི་ཐོབ་ཐང་ཞིག་སྤྲོད་པ་མ་རེད། འདི་ང་རང་སྒེར་གྱི་བསམ་ཚུལ་ཡིན།
དྲི་བ། འཛམ་གླིང་རྒྱལ་བ་མང་པོ་ཞིག་གིས་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། བོད་རང་བཙན་འཐབ་རྩོད་ཐོག་ཕྱིན་ན་རྒྱལ་སྤྱིའི་རྒྱབ་སྐྱོར་རག་གམ།
ལན། སྔོན་མ་ཡིན་ན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མེད་པའི་བཟོ་འདྲ་བོ་ཞིག་ཆགས་པ་རེད། བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་པ་རེད། ཆ་ཤས་ཟེར་དུས་གནད་འགག་ཆུང་ཆུང་རེད། དཔེར་ན་མཛུབ་མོ་ནི་ང་ཚོའི་ཆ་ཤས་ཤིག་རེད། མཛུབ་མོ་གཅིག་བཀོག་པ་ཡིན་ན་དེ་ལ་གནད་འགག་ཆེན་པོ་ཡོད་པ་མ་རེད། མཛུབ་མོ་གསུམ་བཞི་ཞིག་བསྡད་ན་འགྲིག་རེད། སྐབས་དེ་དུས་ཁོ་ཚོས་ཐབས་མཁས་པོས་བཤད་བཞག་པ་ཞིག་རེད། ཕྱོགས་གཅིག་ནས་ཁོ་ཚོས་མགོ་མ་ཚོས་པ་རེད། གཉིས་ནས་སོ་སོའི་ཁེ་ཕན་ལ་དམིགས་ཏེ་ངོ་སོ་སྲུང་བ་རེད། རྒྱ་དམར་གཞུང་གིས་བོད་དེ་རང་བཙན་མ་རེད། རང་བཙན་ནི་ལོག་སྤྱོད་པའི་སྐད་ཆ་རེད་མ་གཏོགས། བོད་ང་ཚོ་རྒྱ་ནག་གི་མངའ་ཁོངས་བསྙོན་མེད་ཡིན་ཞེས་རྟག་པར་བཤད་ཀྱི་ཡོད་པ་རེད། ངས་སྔོན་མ་བཙོན་ཁང་ནང་དགུན་དུས་སློབ་སྦྱོང་གི་སྐབས་ཤིག་ལའང་བཤད་པ་ཡིན། དེ་དུས་བཙོན་ཁང་གི་མགོ་བ་དང་པོ་དེའི་མིང་ལ་ཝང་ཟེར། གཞོན་པ་དེ་དབང་ཕྱུག་ཟེར་བའི་བོད་པ་ཞིག་ཡོད། ངས་གུང་ཁྲན་ཏང་གིས་སོ་སོ་སེམས་ནང་ག་རེ་ཡོད་པ་དེ་ཤོད་ཟེར་གྱི་འདུག བོད་དེ་རྒྱ་ནག་གི་མངའ་ཁོངས་ཡིན་པའི་ལོ་རྒྱུས་ཡོད་པ་རེད་ལ། རྒྱ་ནག་གི་མངའ་ཁོངས་མིན་པའི་ལོ་རྒྱུས་ཀྱང་ཡོད་པ་རེད། ཀྲུང་གོའི་མངའ་ཁོངས་ལ་ག་དུས་ཚུད་ཡོད་མེད་དེ་ང་ཚོ་བཙོན་པ་ཚོར་གསལ་བོ་ཞིག་བཤད་རྒྱུ་བྱུང་པ་ཡིན་ན། དུས་མཚམས་དེ་ནས་བཟུང་བོད་རང་བཙན་མིན་པར་ཀྲུང་གོའི་མི་ཡིན་པའི་ཡིད་ཆེས་ཤིག་རྙེད་གི་རེད། ང་ནི་ལོ་རྒྱུས་ཤེས་མཁན་དེ་འདྲ་གང་ཡང་མིན། ད་བར་བཙོན་ཁང་ནང་བསྡད་པ་རེད། དེ་ཡག་པོ་ཞིག་བཟོ་རོགས་ཞེས་བཤད་པ་ཡིན། རྗེས་སུ་བཙོན་མ་ཚོས་དགུན་དུས་སློབ་སྦྱོང་གི་མཇུག་བསྡོམས་སྐབས། ཁོ་ཚོས་བོད་དེ་ཡོན་རྒྱལ་རབས་ནས་བཟུང་རྒྱ་ནག་གི་མངའ་ཁོངས་སུ་ཚུད་པ་རེད། ལོ་རྒྱུས་དེ་པེ་ཅིན་ལ་རྒྱལ་སྤྱིའི་འགྲེམས་སྟོན་ཞིག་བྱས་པའི་ནང་བོད་ཀྱི་ལོ་རྒྱུས་ཆ་ཚང་བཤད་དེ་ས་མཚམས་འདི་ནས་བོད་རྒྱ་ཁོངས་སུ་ངོས་འཛིན་བྱས་འདུག དེ་རིང་ང་ཚོས་ཁྱེར་ཡོང་སྟེ་ཀློག་བཞིན་པའི་ཡིག་ཆའང་དེ་ཡིན་ཅེས་གསང་ཡིབ་ཀྱི་བཙོན་མ་ཚང་མའི་མདུན་ནས་དེ་བཀླགས་སོང་། ཡོན་རྒྱལ་རབས་ནི་སོག་པའི་རྒྱལ་རབས་རེད། དེའི་སྐོར་ང་ཚོས་བཤད་མ་དགོས་པར་རྒྱ་རིགས་ཁོ་ཚོའི་ལོ་རྒྱུས་ནང་ཞེ་དྲག་མང་པོ་ཡོད་པ་རེད། ངས་རེ་བར་དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་འཛམ་གླིང་རྒྱལ་སྤྱིའི་འགྱུར་ལྡོག་འགྲོ་ཕྱོགས། དམར་ཤོག་ནང་ལོག་གི་ཕན་ཚུན་གྱི་འགལ་ཟླ་བཅས་ལ་བལྟས་པ་ཡིན་ན། རྒྱུན་རིང་པོ་འགོར་མིན་ལ་མ་བལྟས་པར་ང་ཚོར་རང་བཙན་ཞིག་ལ་རེ་བ་འདུག་མ་གཏོགས། གཞན་རང་སྲིད་རང་སྐྱོང་གི་གནད་དོན་དེ་རྒྱ་དམར་གཞུང་དང་སྐད་ཆ་བཤད་ནས་ཐག་གཅོད་ཡོང་ཐུབ་རྒྱུ་ཁག་པོ་རེད། འཛམ་གླིང་སྟེང་དུས་ལོག་ཆེན་པོ་ཞིག་བྱུང་སྟེ་འཛམ་གླིང་གི་ཁ་ཕྱོགས་ལ་འགྱུར་ལྡོག་ཐེབས་ན་མ་གཏོགས། རྒྱ་དམར་གཞུང་དང་སྐད་ཆ་བཤད་ནས་འགྲིག་འཇགས་ཡོང་ཐབས་ཡོད་པ་མ་རེད།
དྲི་བ། ལོ་སྔོན་མར་བཀའ་བློན་ཁྲི་པའི་འོས་བསྡུའི་སྐབས་རྒན་ལགས་ཀྱིས་ད་ལྟའི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་གནང་འདུག དེར་རེ་བ་དང་ཡིད་ཆེས་ག་འདྲ་ཞིག་བཟུང་ཡོད་དམ།
ལན། ང་རང་ཉིད་ཀྱིས་འོས་བསྡུའི་སྐབས་བློ་བཟང་སེང་གེ་ལགས་ལ་རྒྱབ་སྐྱོར་བྱས་པ་ཡིན། སྤྱིར་རང་ཉིད་སུད་སིར་སླེབས་ནས་དགའ་ཚོར་ཆེ་ཤོས་དེ་སོ་སོའི་མི་རིགས་ཀྱི་མགོ་ཁྲིད་དེ་སོ་སོས་འདེམས་ཆོག་པ་དེ་ཡིན། སྔ་ཕྱིར་བཀའ་བློན་གཉིས་འོས་འདེམས་ཀྱི་གོ་སྐབས་བྱུང་། དང་པོ་དེ་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་ཐེངས་གཉིས་པར་བསྐྱར་འདེམས་སྐབས་ང་སུད་སིར་ཡོད། དེ་དུས་ཟམ་གདོང་རིན་པོ་ཆེ་ལ་འོས་ཤོག་འཕངས་པ་ཡིན། ཐེངས་གཉིས་པ་དེ་ལོ་སྔོན་མར་བློ་བཟང་སེང་གེ་ལགས་ལ་འོས་ཤོག་འཕངས་པ་ཡིན། འོས་ཤོག་འཕེན་དགོས་པའི་དམིགས་ཡུལ་གཙོ་བོ་བོད་རང་བཙན་འཐོབ་ཆེད་དང་། བོད་དེ་དམངས་གཙོའི་ལམ་ལུགས་ལ་མཐའ་གཅིག་ཏུ་འགྲོ་ཐུབ་པའི་ཆེད་དུ་ཡིན། དེ་བཞིན་སོ་སོའི་རེ་བ་ཆེ་ཤོས་ནི་བློ་བཟང་སེང་གེ་ལགས་ནི་འཛམ་གླིང་སྟེང་སྐད་གྲགས་ཡོད་པའི་སློབ་གྲྭ་ཞིག་ཐོན་པར་མ་ཟད། ཁོ་རང་སྒེར་གྱི་ཐོག་ནས་བོད་མི་རིགས་ལ་ཞབས་འདེགས་ཞུ་རྒྱུའི་ལྷག་བསམ་རྣམ་དག་ཡོད་པ་ཞིག་ནི། ཁོ་རང་གིས་ད་བར་སྐྱབས་བཅོལ་ལག་དེབ་སེར་པོ་དེ་འཁྱེར་བསྡད་འདུག དེ་ལ་ང་རང་ཞེ་དྲག་དགའ་བོ་བྱུང་། དེའི་སྔོན་ལ་ཡིན་ནའང་འཇོན་ཐང་ཡོད་པ་མང་པོ་ཞིག་ཐོན་པ་རེད་དེ། ཁོ་ཚོས་ལག་དེབ་སེར་བོ་དེ་འཛིན་འདོད་ཞེ་དྲག་གནང་གི་ཡོད་པ་མ་རེད། དེར་བརྟེན། ཁོས་ལག་དེབ་སེར་བོ་བཟུང་སྟེ་བསྡད་ཡོད་པ་དེར་གནད་འགག་ཅིག་འདུག་བསམ་སོང་། ཕྱོགས་གཞན་ཞིག་ནས་བཙན་བྱོལ་གཞུང་གི་བྱམས་སྐྱོང་འོག་དབུལ་ཕོངས་མི་ཚང་དཀྱུས་མ་ཞིག་གི་བུ་ཕྲུག་འཛམ་གླིང་ཐོག་སྙན་གྲགས་ཅན་གྱི་སློབ་གྲྭ་ཆེན་མོ་ཞིག་ནས་ཐོན་པ་དང་། གཞོན་སྐྱེས་ཞིག་ལ་སྤྱི་ཚོགས་ནང་རྒྱབ་སྐྱོར་དང་བརྩི་མཐོང་ཐོབ་པ་དེ་ནི་ཧ་ཅང་གི་རྒྱལ་ཁ་ཆེན་པོ་ཞིག་རེད་བསམ་ཡོད། ང་རང་ངོས་ནས་བཙན་བྱོལ་སྤྱི་ཚོགས་འདིར་ལོ་ ༥༠ ཕྱིན་པའི་འབྲས་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ༸གོང་ས་མཆོག་གི་དགོངས་གཞི་ཡང་དེ་ག་རང་རེད། སླད་ཕྱིན་ཆད་བློ་བཟང་སེང་གེ་ལགས་ཡིན་ནང་བོད་མི་རིགས་ཀྱི་ལས་དོན་ཐོག་ལ་དམངས་གཙོའི་ལམ་ལུགས་ཀྱི་ཐོག་ནས་འགྲོ་ཐུབ་པའི་ཤེས་ཡོན་ཡོད་པ་རེད་ལ། རེ་བ་ཡང་འཆང་གི་ཡོད། མ་འོངས་པར་རྒྱ་རིགས་ཤེས་ཡོན་ཅན་དང་བོད་རིགས་ཤེས་ཡོན་ཅན་རྣམས་ལ་འབྲེལ་ལམ་ཡག་པོ་དང་། གཞི་རིམ་མང་ཚོགས་ལའང་འབྲེལ་བ་ཡག་པོ་གནང་ཐུབ་པ་བཅས་བྱས་ཏེ། བོད་ཀྱི་བསྟན་སྲིད་ལས་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་༸གོང་ས་མཆོག་གི་ཐུགས་རེ་བཞིན་སྒྲུབ་ཐུབ་ཀྱི་རེད་བསམ་ནས་ཁོང་ལ་རྒྱབ་སྐྱོར་བྱས་པ་ཡིན།
དྲི་བ། རྒན་ལགས་ལ་མ་འོངས་པའི་བོད་དོན་འཐབ་རྩོད་ཐད་བོད་རིགས་གཞོན་སྐྱེས་ཚོར་འབོད་སྐུལ་དང་རེ་བ་འདྲ་གནང་རྒྱུ་ཡོད་དམ།
ལན། རེ་བ་དམིགས་བསལ་ཞིག་ཞུ་རྒྱུ་མེད། རང་ཉིད་ལ་ཤེས་ཡོན་གྱིས་འདང་གི་མ་རེད། སོ་སོའི་ལྷག་བསམ་རྣམ་དག་གི་ཐོག་ནས་སྐད་ཆ་འགའ་ཞུ་རྒྱུ་ཡོད་པ་ནི། མི་རབས་རྒན་པ་ཚོར་ཤེས་ཡོན་དང་འཇོན་ཐང་ཆེན་པོ་ཡོད་པ་མ་རེད་དེ། སོ་སོའི་རིག་གནས་དང་ཆོས་ལུགས་མ་བརླག་པ་དང་། རང་ཉིད་ཀྱི་མི་རིགས་དེ་རྩ་བརླག་ཏུ་མི་འགྲོ་བའི་ཆེད་དུ། སྐུ་སྲོག་དོར་བའི་ལས་གཞི་རྒྱ་ཆེན་པོ་ཞིག་གནང་ཡོད། ༢༠༠༨ ལོར་ང་ཚོ་ཇི་ནེ་ཝར་ངོ་རྒོལ་བྱེད་དུ་ཕྱིན་སྐབས། སྐུ་སྲོག་བློས་གཏོང་མཁན་གཞོན་ནུ་མང་པོའི་སྐུ་པར་བཤམ་བཞག་པ་དེ་དག་མཐོང་སྐབས་མིག་ནས་མཆི་མ་ཤོར་དེ་ཞེ་དྲག་སེམས་སྐྱོ་སོང་། རྒྱ་གཞུང་གི་བཙན་འཛུལ་འོག་ཁོང་རྣམ་པའི་སྐུ་སྲོག་ཤོར་དགོས་བྱུང་བ་རེད། ཡིན་ནའང་མི་རིགས་ཀྱི་འཐབ་རྩོད་ཆ་ནས་ཞེ་དྲག་ཡག་པོ་རེད། འགན་དེ་གཞོན་ནུ་ཚོར་ཡོད་པ་རེད་ལ། ཁོང་ཚོས་འགན་འཁུར་ཐུབ་འདུག་བསམ་པ་བྱུང་སོང་། སླད་ཕྱིན་ཡང་ཁོང་རྣམ་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། ཚེ་སྲོག་འཕྲོ་བརླག་ཏུ་མ་སོང་བའི་ཐོག་ནས་རྒྱ་དམར་གཞུང་ལ་ངོ་རྒོལ་བྱ་དགོས་པ་རེད། རྒྱ་དམར་བཙན་འཛུལ་པ་ཚོས་ཁོ་ཚོ་རྒྱ་མི་ནང་ཁུལ་ལ་ཡིན་ན་རེད། མི་རིགས་ཁག་ལ་ཡིན་ན་རེད། འཛམ་གླིང་ཐོག་ལ་ཡིན་ན་རེད། ཁ་ཆེན་པོ་གདངས་ཏེ་ཐབས་ཤེས་ག་རེ་གཏོང་གི་ཡོད་པ་རེད་ཟེར་ན། དྲག་པོས་ཐབས་ཤེས་ཡོད་ཚད་རྫོགས་ཏེ་ད་ལྟ་ཞི་བའི་ཐབས་ཤིག་བཏང་སྟེ་དངུལ་ཀྱིས་མགོ་སྐོར་གཏོང་གི་ཡོད་པ་རེད། སྔོན་མ་ཧུའུ་ཡོ་པཱང་བོད་ལ་ཡོང་དུས་རྒྱ་དམར་གཞུང་གིས་བཏང་བའི་དངུལ་ཡོངས་རྫོགས་ཡར་ཀླུང་གཙང་པོའི་ནང་བཏབས་པ་རེད་དམ་ཞེས་བཤད་ཡོད། དེང་སྐབས་དེ་བས་ཀྱང་དངུལ་འབོར་ཆེན་གཏོང་གི་ཡོད་པ་རེད། ལྷ་སར་མཚོན་ན། གཞོན་ནུ་ཕོ་མོ་མང་ཆེ་ཤོས་སྐྱིད་འདོད་རྒྱག་འདོད་ཀྱི་སྣང་བ་ཙམ་ལ་འཁྲུལ་ཏེ། རྒྱ་དམར་གྱི་གཡོ་སྒྱུའི་འོག་ཆང་ལ་རོལ་བ་དང་ཤོ་པག་རྒྱག་མཁན་མང་པོ་ཡོད་ས་རེད། འདི་ག་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོར་མཚོན་ནའང་། དཔལ་འབྱོར་ཁོ་ནའི་སྒང་ལ་མགོ་མ་འཁོར་བ་གནང་སྟེ། མི་ཐོག་རྒན་པ་ཚོས་མྱངས་པའི་དཀའ་ངལ་དང་། བོད་ནང་ཚེ་སྲོག་ཤོར་བཞིན་པ་ཚོར་ཁ་མིག་ཡར་ལྟ་བྱས་ཏེ་ཤུགས་རྒྱག་རྒྱུ་གལ་ཆེན་པོ་རེད།
གསར་འགོད་པ། ཚེ་རིང་རྒྱལ།
༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽
དངོས་གནས་ཡག་པོ་རེད
རྒྱལ་གཅེས་དཔའ་རྒོད། ཨ་མྱེས་སྟག་སྣ་ལགས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། བཀའ་དྲིན་ཆེ་ཞུ།
གཟིགས་རྒྱང་ཆེས་ཆེར་ཡངས་པའི་སྟག་སྣ་འཇིགས་མེད་བཟང་པོ་ལགས།
གུས་འདུད་ཞུ།
ད་རེས་ཀྱི་དུས་བབས་གསར་འགོད་པས་བཅར་འདྲིར་ལན་འདེབས་འདི་མཐོང་དུས། ཁྱེད་ནི་དོན་གྱི་ཆབ་སྲིད་བཙོན་པ་ཞིག་ཡིན་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་དང་ལྟ་གྲུབ་ལྡན་ཞིང་མཁས་པའི་རང་ཚུགས་ཅན་གྱི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་། རང་རེར་ཆབ་སྲིད་པ་དང་ཆབ་སྲིད་བཙོན་ཟུར་པ་ཇི་སྙེད་ཅིག་ཡོད་ནའང་། ཁྱེད་འདྲ་བ་ནི་ཤིན་ཏུ་དཀོན། ཧ་ལམ་མཐོང་རྒྱུ་མེད། ལྷག་པར་དེང་སང་དབུ་མའི་ལམ་གྱི་སྐྱོན་མཚང་གི་གཏིང་སྔོག་ན་ལྟ་ལོག་དང་། རྒྱལ་བ་རིན་པོ་ཆེ་ལ་རྒྱབ་གཏོད་མཁན་གྱི་གྲས་སུ་རྩི་བཞིན་ཡོད་དོ།།
དབུ་མའི་ལམ་གྱི་སྙིང་པོ་ནི་རྒྱ་ནག་དམར་ཤོག་ལ་མགོ་སྒུར་རྒྱུ་ཙམ་ལས་མེད། སི་ཊ་སི་སྦག་གི་དོན་ཚན་ལྔ་བརྩིས་མེད་བཏང་བ་ནས་བཟུང་མ་མཐར་དམངས་གཙོའི་དྲི་ཙམ་ཡང་ལྷག་མེད། ཆབ་སྲིད་ཀྱི་རང་ཤི་དངོས་སུ་རྒྱབ་པ་རེད་དོ།།
དབུས་ལམ་དེ་ནི། བོད་མིའི་མངོན་འདོད་དང་རྦད་དེ་ཐ་དད་རེད། གནས་ལུགས་དང་བདེན་པ་ནི་དེ་བས་ཁྱད་དུ་བསད་པ་ཞིག་རེད། རྒྱ་དམངས་ཀྱིས་བསྔགས་བརྗོད་ཐོབ་ཕྱིར་ཏ་ལས་དབུས་ལམ་ཞེས་པའི་མིང་བྱང་ཐོག་རྒྱ་ནག་ལ་མགོ་འབུལ་ལུས་འབུལ་གྱི་ཨུ་ཚུགས་བསྟེན་མུས་རེད། དེ་རྗེས་འབྲངས་པའི་བླུན་པོའི་ཚོགས་དག་གིས། དེ་ཞེ་བོ་ཞིག་རེད་ཅེས་གང་སར་འུར། རབ་ཏུ་འུད། རྫུན་གྱི་རི་དཔངས་དྷ་སའི་སྒང་ལས་མཐོ། དོན་གྱི་བདེན་པ་བཤད་མཁན་དག་གི་སྟེང་ལ་ཤིན་ཏུ་ངར། རབ་ཏུ་འབར། དེ་འདྲའི་ངར་ཞིག་རྒྱ་དམར་གྱིས་སྤུན་ཟླ་དག་བསད་ཉིན་ཡང་ལངས་མྱོང་མེད་དོ།།
མཐའ་ན། ཉིས་སྟོང་བརྒྱད་ནས་ད་བར་བོད་ནང་ཡར་ལངས་འཐབ་རྒོལ་བ་དག་གིས་རང་བཙན་འབོད་སྒྲ་སྲོག་ལ་བདོས་བ་དེའང་རང་དབང་ཞེས་པའི་ཐ་སྙད་ལ་གཡོ་བསྒྱུར་བྱས་དང་བྱེད་བཞིན་པ་རེད་དོ།།
མཐའ་འཇུག་ཏུ། ༼་་་། དེང་སྐབས་དེ་བས་ཀྱང་དངུལ་འབོར་ཆེན་གཏོང་གི་ཡོད་པ་རེད། ལྷ་སར་མཚོན་ན། གཞོན་ནུ་ཕོ་མོ་མང་ཆེ་ཤོས་སྐྱིད་འདོད་རྒྱག་འདོད་ཀྱི་སྣང་བ་ཙམ་ལ་འཁྲུལ་ཏེ། རྒྱ་དམར་གྱི་གཡོ་སྒྱུའི་འོག་ཆང་ལ་རོལ་བ་དང་ཤོ་པག་རྒྱག་མཁན་མང་པོ་ཡོད་ས་རེད། འདི་ག་བཙན་བྱོལ་ཡིན་ནའང་མི་ཐོག་རྒན་པ་ཚོས་མྱངས་པའི་དཀའ་ངལ་དང་། བོད་ནང་ཚེ་སྲོག་ཤོར་བཞིན་པ་ཚོར་ཁ་མིག་ཡར་ལྟ་བྱས་ཏེ་ཤུགས་རྒྱག་རྒྱུ་གལ་ཆེན་པོ་རེད།༽གསུངས་འདུག་པས་ཀུན་གྱིས་སོམས་ཤིག །