མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེ་རི་ཡ་དྲག་པོའི་གཞུང་ལ་རཱ་ཤི་ཡ་དང་རྒྱ་ནག་གི་རྒྱབ་སྐྱོར།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp


འདས་པའི་ཟླ་ ༡༡ རིང་གི་སེ་རི་ཡའི་གཞུང་དམངས་ཟིང་འཁྲུག་ཁྲོད་མི་ ༧༠༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ཨ་རབ་མཐུན་ཚོགས་ཀྱིས་སེ་རི་ཡའི་གཞུང་གི་དྲག་གནོན་མཚམས་འཇོག་དགོས་པའི་གནོན་ཤུགས་རིམ་པར་སྤྲད་ཀྱང་། ཉེ་ཆར་ཨ་རབ་མཐུན་ཚོགས་ཀྱི་གྲོས་འཆར་ཐད་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ནང་། སེ་རི་ཡའི་གནད་དོན་ཐད་གྲོས་དོན་གཏན་འབེབ་ཀྱི་མང་མོས་ཐག་གཅོད་བྱས་པར། རཱ་ཤི་ཡ་དང་རྒྱ་ནག་གིས་གྲོས་དོན་དེར་ངོ་རྒོལ་བྱས་ཡོད།

ཟླ་འདིའི་ཕྱི་ཚེས་ ༤ ཉིན་སེ་རི་ཡའི་ཟིང་འཁྲུག་ཞི་འཇགས་ཐད་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཚོགས་ཆེན་འཚོགས་བཞིན་པའི་ཉིན་དེར་སེ་རི་ཡའི་གཞུང་གི་དྲག་ཆས་དམག་མིས་གྲོང་ཁྱེར་ཧོམ་སི་(Homs) ནང་གི་གྱེན་ལངས་པའི་སྟེང་དྲག་གནོན་བྱས་ཏེ་ཤི་རྨས་ཚབས་ཆེན་བཟོས་པར། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ “སེ་རི་ཡའི་གཞུང་གིས་གྲོང་ཁྱེར་ཧོམ་སི་ནང་དྲག་གནོན་བྱས་པའི་དོན་རྐྱེན་དེར་ཧ་ཅང་འགྲེལ་བཤད་དཀའ་བ་ཞིག་རེད། སྲིད་འཛིན་བྷག་ཤར་ལ་གཞུང་གི་མགོ་ཁྲིད་བྱེད་རྒྱུའི་ཐོབ་ཐང་མེད་པ་མ་ཟད། སེ་རི་ཡའི་མི་མང་དང་རྒྱལ་སྤྱིའི་སྤྱི་ཚོགས་གང་གི་ཐད་ནས་ཀྱང་ཁོང་ལ་ཁྲིམས་མཐུན་གྱི་ངོས་ལེན་མེད་པར་གྱུར་ཡོད་” ཅེས་བརྗོད་འདུག་ལ། སེ་རི་ཡས་མུ་མཐུད་དུ་མི་མང་སྟེང་དྲག་གནོན་བྱས་པའི་དོན་རྐྱེན་དེར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ཅིང་། རྒྱལ་ཁབ་མང་པོ་ཞིག་གིས་སེ་རུ་ཡའི་ནང་གི་གཞུང་ཚབ་ཁང་ཕྱིར་བསྡུ་དང་། སེ་རི་ཡའི་གཞུང་ཚབ་ཕྱིར་འཕུད་བྱས་པའི་གནས་ཚུལ་ཡང་བྱུང་དང་འབྱུང་བཞིན་ཡོད་འདུག

སེ་རི་ཡའི་ཟིང་འཁྲུག་ཞི་འཇགས་ཐད་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཚོགས་ཆེན།

ཕྱི་ཚེས་ ༤ ཉིན་འཇར་མན་གྱི་གྲོང་ཁྱེར་མུ་ནེ་ཆིའི་ (Munich) ནང་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཚོགས་འདུ་བསྐངས་ཏེ། ཉེ་ལམ་ཨ་རབ་མཐུན་ཚོགས་ཀྱིས་སེ་རི་ཡའི་སྲིད་འཛིན་བྷག་ཤར་སྲིད་སྟེགས་ལས་འབབ་དགོས་པ་དང་། ཁོང་གི་དབང་ཆ་སྲིད་འཛིན་གཞོན་པར་རྩིས་སྤྲོད་ཀྱིས་མ་འོངས་པའི་སེ་རི་ཡའི་སྲིད་དབང་དམངས་གཙོའི་འོས་བསྡུའི་ལམ་ནས་འགྲོ་དགོས་པའི་གྲོས་འཆར་ཞིག་བཏོན་ཡོད་པ་དེར་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་སྐུ་ཚབ་ ༡༣ གྱིས་གྲོས་དོན་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་། རཱ་ཤི་ཡ་དང་རྒྱ་ནག་གཉིས་ཀྱིས་གྲོས་དོན་དེར་ངོ་རྒོལ་བྱས་སྟབས་གྲོས་མཆོད་འཇོག་ཐུབ་མེད།

སྤྱིར་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་གྲོས་ཆོད་གང་ཞིག་ཡིན་ཡང་མང་མོས་ཀྱིས་ཐག་གཅོད་བྱ་དགོས་ཀྱང་། བདེ་འཇགས་ལྷན་ཁང་གི་གཏན་འཇགས་རྒྱུན་ལས་རྒྱལ་ཁབ་ ༥ ཡོད་པ་ (veto powers)ལས་གང་རུང་གིས་མོས་མཐུན་མ་བྱས་ཚེ་གྲོས་དོན་གང་དེ་རྩིས་མེད་ཆགས་ཀྱི་ཡོད་ཅིང་། རཱ་ཤི་ཡ་དང་རྒྱ་ནག་གཉིས་གཏན་འཇགས་རྒྱུན་ལས་ཡིན། ཉིན་དེའི་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཚོགས་ཆེན་སྐབས་རཱ་ཤི་ཡའི་འཐུས་མི་ལཱ་ཝི་རོབ་ (Sergei Lavrov)ལགས་ཀྱི་སྐད་ཆ་བཤད་མཚམས་སུ་སླེབས་སྐབས། ཚོགས་འདུ་དེའི་སྟེང་གི་འཐུས་མི་ཚང་མས་ཐེངས་འདིའི་ཚོགས་ཆེན་སྟེང་རཱ་ཤི་ཡའི་ལངས་ཕྱོགས་གང་འདྲ་འཛིན་མིན་ཐད་བློ་འཚབ་བྱེད་ཀྱི་ཡོད་པ་དང་། སྐབས་དེར་ལཱ་ཝི་རོབ་ཀྱིས་ “ད་ལྟ་སེ་རི་ཡའི་སྲིད་དབང་སྟེང་གནོན་ཤུགས་སྤྲོད་རྒྱུའི་རྒྱལ་ཚོགས་ཀྱི་གྲོས་དོན་ལ་རཱ་ཤི་ཡས་རྒྱབ་སྐྱོར་བྱ་རྒྱུར་གྲ་སྒྲིག་རེད་དམ། ལན་ཧ་ཅང་གསལ་བོ་ཡིན། མེད། རྒྱབ་སྐྱོར་མེད་ ”ཅེས་དང་། བསྐྱར་དུ་ཁོང་གིས། “ནུབ་ཕྱོགས་པའི་རྩེད་མོ་རང་བཞིན་གྱི་འཆར་གཞི་གང་ཞིག་ཡོད་དམ། གལ་སྲིད་གྲོས་དོན་འདི་ཐག་གཅོད་བྱུང་རྗེས་སེ་རི་ཡའི་ཟིང་འཁྲུག་མུ་མཐུད་འབྱུང་ཚེ། ཁྱོད་ཚོས་ཡང་བསྐྱར་གྲོས་དོན་འཁྱེར་ཡོང་རྒྱུ་ཡིན་ནམ། བྱེད་ཕྱོགས་འདི་ནི་སྲིད་ཇུས་ཡང་དག་ཅིག་མ་རེད་”ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད། སྐད་ཆ་དེས་ཨ་རིའི་ཕྱི་འབྲེལ་དྲུང་ཆེ་ཁཱི་ལེན་ཊོན་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འཐུས་མི་རྣམས་ལ་ཁོང་ཁྲོ་སླངས་ཡོད་ཀྱང་། ཉིན་དེའི་གྲོས་དོན་དེ་ལྟར་གྲུབ་འབྲས་མེད་པར་གྱུར་ཡོད།

རཱ་ཤི་ཡ་དང་རྒྱ་ནག་སེ་རི་ཡའི་རྒྱབ་རྩར་ལངས་པའི་རྒྱབ་ལྗོངས།

རཱ་ཤི་ཡ་དང་རྒྱ་ནག་གིས་གྲོས་འཆར་དེར་ངོ་རྒོལ་བྱས་པར་རྒྱུ་མཚན་གཉིས་ཡོད་ཅིང་། དང་པོ། ཨ་རབ་མཐུན་ཚོགས་ཀྱིས་ཉེ་ཆར་སེ་རི་ཡའི་ནང་བཏང་བའི་རྟོག་ཞིབ་སྡེ་ཚན་གྱི་མི་སྣ་དེ་དག་སེ་རི་ཡའི་སྲིད་གཞུང་ལ་མི་དགའ་མཁན་རྐྱང་ཡིན་སྟབས་ཁོང་ཚོས་བཏོན་པའི་སྙན་ཐོ་དེ་ནི་ཕྱོགས་སུ་ལྷུང་ཡོད་པར་ངོས་འཛིན་བྱས་པ། གཉིས་པ། ཨ་རབ་མཐུན་ཚོགས་དང་རྒྱལ་ཚོགས་ཀྱིས་སེ་རི་ཡའི་གཞུང་ལ་དྲག་ཆས་དམག་མི་ཕྱིར་འཐེན་དང་མི་མང་སྟེང་དྲག་གནོན་མཚམས་འཇོག་བྱ་དགོས་པའི་གནོན་ཤུགས་རིམ་པར་སྤྲད་ཀྱང་། གྱེན་ལངས་ཤོག་ཁག་གིས་དྲག་སྤྱོད་ཀྱི་བྱ་འགུལ་དང་གཞུང་ལ་དྲག་རྒོལ། གཞུང་དམག་དམར་གསོད་བྱས་པའི་བྱ་སྤྱོད་མཚམས་འཇོག་བྱ་རྒྱུར་གནོན་ཤུགས་སྤྲོད་ཀྱི་མེད་པ་བཅས་ནི་དྲང་སྙོམས་མིན་པར་བརྗོད་ཡོད།

དཔྱད་བརྗོད་པ་དག་གིས་གླེང་པ་ལྟར་ན། སེ་རི་ཡ་ནི་རཱ་ཤི་ཡའི་ཕྱོགས་གཏོགས་སྲིད་གཞུང་གལ་ཆེ་ཤོས་ཤིག་དང་།  ཚོང་འབྲེལ་དང་དམག་དོན། ཕྱི་འབྲེལ་སོགས་ཕྱོགས་གང་ཐད་ནས་སེ་རི་ཡ་དང་འབྲེལ་ལམ་དམ་པོ་ཡོད་ཅིང་། སེ་རི་ཡའི་ཟིང་འཁྲུག་བྱུང་རྗེས་སེ་རི་ཡར་མཚོན་ཆ་མཁོ་སྤྲོད་བྱེད་མཁན་ཤུགས་ཆེ་ཤོས་དེ་ཡིན་འདུག རྒྱ་ནག་ནི་སེ་རི་ཡར་ཚོང་སྒྱུར་བྱེད་མཁན་ཤུགས་ཆེ་ཤོས་ཨང་གསུམ་པ་དང་། སེ་རི་ཡ་ནི རྒྱ་ནག་གི་ཆབ་སྲིད་ཕྱོགས་གཏོགས་གལ་ཆེ་ཤོས་དེ་ཆགས་ཡོད། རྒྱལ་ཚོགས་ཀྱི་གྲོས་དོན་ལ་རཱ་ཤི་ཡ་དང་རྒྱ་ནག་གིས་ངོ་རྒོལ་བྱས་རྗེས། རྒྱ་ནག་ཉིན་རེའི་ཚགས་པར་སྟེང་ཨེ་རག་དང་ཨབ་གྷན། ལེ་བྷེ་ཡ་སོགས་ཀྱི་ནང་རྒྱལ་སྤྱིའི་དམག་གིས་ཐེ་ཇུས་བྱས་ཏེ་སྲིད་གཞུང་དང་གཞུང་གི་མགོ་ཁྲིད་ལ་བཙན་ཤུགས་ཀྱིས་འཕོ་འགྱུར་བཏང་པའི་གྲུབ་འབྲས་ནི། རྒྱལ་ཁོངས་སོ་སོའི་ནང་སྔར་བས་བརྟན་བརླིང་མེད་པ་དང་དཀའ་ངལ། རྙོག་ཟིང་ཆེ་རུ་བཏང་པའི་གནད་དོན་ཞིག་ཏུ་གྱུར་ཡོད་སྐོར་བཀོད་ཡོད་པ་དང་། དེ་བཞིན་འདས་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་པའི་ནང་། རྒྱ་ནག་དང་སེ་རི་ཡ་གཉིས་ཀྱི་མཛའ་གྲོགས་འབྲེལ་ལམ་འདས་པའི་ལོ་ ༥༠རིང་ཡག་པོ་ཡོད་པ་མ་ཟད་ད་དུང་འཆམ་མཐུན་ཡར་རྒྱས་འགྲོ་བཞིན་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐོར་བྱེད་ཀྱི་ཡོད་པ། སེ་རི་ཡས་ཐའེ་ཝན་དང་བོད། ཞིན་ཅང་། འགྲོ་བ་མིའི་ཐོབ་ཐང་སོགས་ཚུད་པའི་རྒྱ་ནག་ཆེན་པོའི་གདན་དོན་ལ་རྒྱབ་སྐྱོར་གྱི་སྲིད་ཇུས་བཟུང་ཡོད་པ་ལྟར་རྒྱ་ནག་གིས་ཀྱང་སེ་རི་ཡའི་མངའ་དབང་ལ་བཟུང་པའི་སྲིད་ཇུས་ལ་འགྱུར་བ་མེད་པར་བརྗོད་ཡོད་པ་རེད། དེ་བཞིན་ཕྱི་ཚེས་ ༤ ཉིན་གྱི་རྒྱལ་ཚོགས་ཚོགས་ཆེན་སྐབས་རྒྱ་ནག་གི་བརྟན་འཇགས་འཐུས་མིས་ “སེ་རི་ཡའི་ནང་ཉེས་མེད་མི་ཟེར་དམར་གསོད་བྱེད་ཀྱིན་པ་ངེས་པར་དུ་མཚམས་འཇོག་བྱ་དགོས། འོན་ཀྱང་། སྲིད་གཞུང་གི་མགོ་ཁྲིད་ཕྱིར་འཕུད་གཏོང་པའི་གྲོས་གཞི་ལ་ངོ་རྒོལ་ཡོད”ཅེས་བརྗོད་ཡོད་པ་རེད།

གཟའ་སྤེན་པའི་ཉིན་གྱི་རྒྱལ་ཚོགས་ཚོགས་ཆེན་གོང་གི་རྒྱལ་སྤྱིའི་ཐེ་ཇུས།

སེ་རི་ཡ་ནི་ལེ་བྷ་ནོན་(Lebanon) དང་ཨེ་ཛི་རལ་(Israel) བཅས་ཀྱི་རྒྱལ་ཁོངས་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། དཀྱུལ་ཤར་ཡུལ་གྲུའི་ནང་ཕྱོགས་ཡོངས་ནས་ཐེ་ཇུས་ཡོད་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས། ཟིང་འཁྲུག་གི་ཐོག་མའི་ཆར་ཨ་རབ་མཐུན་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཁ་ཁུ་སིམ་པོར་བསྡད་པ་རེད། འོན་ཀྱང་། འདས་ལོའི་ཕྱི་ཟླ་ ༡༡ ནང་ཁེ་ན་ཌ་དང་སོའོ་ཌེ་ཨ་རབ་གཉིས་ཀྱིས་སེ་རི་ཡའི་གཞུང་ལ་ངོ་རྒོལ་དང་ཨ་རབ་མཐུན་ཚོགས་ཀྱི་ཁོངས་ནས་ཕྱིར་འཕུད་གཏོང་དགོས་པའི་གྲོས་གཞི་བཏོན་པ་ནས་ཨ་རབ་མཐུན་ཚོགས་ཀྱི་ཁོངས་མི་རྒྱལ་ཁབ་ཁག་གིས་སེ་རི་ཡའི་གཞུང་དང་ཕྱི་འབྲེལ་མཚམས་འཇོག་དང་དཔལ་འབྱོར་གྱི་འགོག་རྐྱེན་སྤྲོད་མགོ་ཚུགས་ཡོད།

ཨ་རབ་མཐུན་ཚོགས་ཀྱིས་སེ་རི་ཡའི་གཞུང་གི་དྲག་གནོན་མཚམས་འཇོག་དང་། གྲོང་ཁྱེར་ཁག་གི་དྲག་ཆས་དམག་དཔུང་ཕྱིར་འཐེན་བྱ་དགོས་པའི་གནོན་ཤུགས་ལ་བྷག་ཤར་གཞུང་གིས་བཟང་ཕྱོགས་ཀྱི་འགྱུར་པ་མ་སོང་སྟབས། ཕྱི་ཟླ་ ༡༢ ནང་ཨ་རབ་མཐུན་ཚོགས་ཀྱིས་རྟོག་ཞིབ་སྡེ་ཚན་ཞིག་སེ་རི་ཡར་ཆེད་གཏོང་བྱས་ཡོད་དེ། རྟོག་ཞིབ་སྡེ་ཚན་གྱི་སྙན་ཐོ་གཞིར་བཞག་ཐོག་སེ་རི་ཡའི་ཟིང་འཁྲུག་ཞི་འཇགས་ཡོང་ཐབས་ཀྱི་གྲོས་འཆར་ཞིག་ཐོག་མར་བྷག་ཤར་གཞུང་ལ་སྤྲད་ཡོད་ཀྱང་། དེར་ངོས་ལེན་བྱས་མེད་པ་མ་ཟད་ཨ་རབ་མཐུན་ཚོགས་ཀྱི་རྟོག་ཞིབ་སྡེ་ཚན་གྱི་མི་སྣ་དག་སེ་རི་ཡའི་གཞུང་དང་ཁ་གཏན་རྒྱལ་ཁབ་ཁག་ནས་ཡིན་པ་དང་། ནུབ་ཕྱོགས་པའི་རྒྱུག་ཁྱི་འབའ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་པར་བརྟེན། ཨ་རབ་མཐུན་ཚོགས་ཀྱིས་སེ་རི་ཡའི་གནད་དོན་དེ་རྒྱལ་ཚོགས་ནང་ཁྱེར་ཏེ། རྒྱལ་ཚོགས་ཀྱིས་སེ་རི་ཡར་ཐེ་ཇུས་བྱ་རྒྱུར་འབོད་སྐུལ་གྱིས་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གིས་ལེ་བྷེ་ཡའི་གནད་དོན་ལྟར་བྷག་ཤར་སྲིད་གཞུང་སྟེང་ཐེ་ཇུས་བྱ་རྒྱུར་རེ་བལྟས་བྱས་མཐར། ཕྱི་ཚེས་ ༤ ཉིན་གྱི་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཚོགས་ཆེན་དེ་ཚོགས་ཡོད།

གཟའ་སྤེན་པའི་ཉིན་གྱི་རྒྱལ་ཚོགས་ཚོགས་ཆེན་རྗེས་ཀྱི་རྒྱལ་སྤྱིའི་ལངས་ཕྱོགས།

རྒྱལ་ཚོགས་དྲུང་ཆེ་བྷན་ཀེ་མོན་གྱིས་ཐེངས་འདིའི་ཚོགས་ཆེན་གྱི་མཇུག་འབྲས་ཐད་འདོད་བློ་མ་ཁེངས་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་ལ། སེ་རི་ཡའི་ནང་གི་དྲག་གནོན་ཟིང་འཁྲུག་ནི་མིའི་རིགས་ཀྱི་ཀུན་སྤྱོད་ཀྱི་ངོས་ནས་ངོས་ལེན་བྱ་ཐབས་མེད་པ་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེ་རི་ཡའི་དྲག་གནོན་མཚམས་འཇོག་ཡོང་རྒྱུར་ནུས་ཤུགས་འདོན་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད། ཨ་རི་དང་དབྱིན་ཇི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཐེངས་འདིའི་གྲོས་དོན་ཐག་གཅོད་བྱས་མ་ཐུབ་ཀྱང་། ཁོང་ཚོས་མུ་མཐུད་ཨ་རབ་མཐུན་ཚོགས་ཀྱི་གྲོས་འཆར་ལ་རྒྱབ་སྐྱོར་དང་། སེ་རི་ཡ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁེར་རྐྱང་དུ་འཕུད་རྒྱུར་ཕྱོགས་ཡོང་ནས་ནུས་ཤུགས་འདོན་རྒྱུ་ཡིན་པར་བརྗོད་ཡོད། དེ་བཞིན་ཧྥ་རན་སིའི་སྲིད་འཛིན་སར་ཀོ་ཛེ་(Nicolas Sarkozy) ཡིས། ཧྥ་རན་སི་ཡིས་ཡུ་རོབ་དང་ཨ་རབ་གླིང་ལ་མཉམ་འབྲེལ་ཐོག ཨ་རབ་མཐུན་ཚོགས་ཀྱི་གྲོས་འཆར་ལ་རྒྱབ་སྐྱོར་བྱ་རྒྱུར་སེ་རི་ཡའི་མི་མང་གྲོགས་པོ་སྡེ་ཚན་ཞིག་གསར་འཛུགས་བྱ་རྒྱུ་ཡིན་ཞིང་། ཧྥ་རན་སི་གཞུང་གིས་སེ་རི་ཡའི་གནད་དོན་ནམ་ཡང་བློས་གཏོང་གི་མིན་ཞེས་བརྗོད་ཡོད་པ་རེད།

ཕྱི་ཚེས་ ༦ ཉིན་ཨ་རིའི་གཞུང་གིས་སེ་རི་ཡའི་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་རྣམས་ཕྱིར་འཐེན་དང་གཞུང་ཚབ་ཁང་སྒོ་བརྒྱབ་ཡོད་པ་རེད་ལ། ཉིན་དེར་ཨ་རབ་མཚོ་ཁུག་མཉམ་འབྲེལ་མཐུན་ཚོགས་(Arab Gulf states) ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། འདས་པའི་ཟླ་ངོ་ ༡༡ ལྷག་རིང་གི་སེ་རི་ཡའི་ཟིང་འཁྲུག་ལ་བྷག་ཤར་གཞུང་གིས་མུ་མཐུད་དྲག་གནོན་བྱེད་བཞིན་པ་དང་། ཉེ་ཆར་སེ་རི་ཡའི་ཛ་དྲག་ཟིང་འཁྲུག་ཞི་འཇགས་ཡོང་རྒྱུར་ཨ་རབ་མཐུན་ཚོགས་ཀྱིས་གྲོས་འཆར་བཏོན་པར་ངོས་ལེན་མ་བྱས་སྟབས། ཨ་རབ་མཚོ་ཁུག་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁོངས་མི་རྒྱལ་ཁབ་ཁག་གི་གཞུང་ཚབ་རྣམས་སེ་རི་ཡ་ནས་ཕྱིར་འཐེན་བྱ་རྒྱུ་དང་རྒྱལ་ཁབ་དེ་དག་ནང་ཡོད་པའི་སེ་རི་ཡའི་གཞུང་ཚབ་དག་ཕྱིར་འཕུད་གཏོང་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་མ་ཟད། ཨ་རབ་གླིང་གི་རྒྱལ་ཁབ་གཞན་དག་གིས་ཀྱང་སེ་རི་ཡའི་གཞུང་གིས་མི་མང་སྟེང་དྲག་གནོན་བྱེད་བཞིན་པའི་གནད་དོན་ཐད་བློ་ཐག་ཆོད་པོའི་ལངས་ཕྱོགས་འཛིན་དགོས་པའི་སྐུལ་མ་བཏང་ཡོད།

ཨ་རིའི་གཞུང་གིས་སེ་རི་ཡར་ཡོད་པའི་གཞུང་ཚབ་ཕྱིར་བསྡུ་བྱས་འཕྲལ་དབྱིན་ཇི་དང་། ཨེ་ཊ་ལེ། སི་པན། བྷེལ་ཇམ། ཧྤ་རན་སི། ནེ་ཐར་ལན་ཌི་སོགས་ཀྱིས་ཀྱང་སེ་རི་ཡར་ཡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་སྒོ་རྒྱག་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། སེ་རི་ཡའི་གནད་དོན་ཐད། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཝེ་ལེམ་(William Hague) གྱིས་དབྱིན་ཇིའི་གྲོས་ཚོགས་སུ་ “བྷག་ཤར་སྲིད་གཞུང་ནི་མི་མང་དམར་གསོད་གཏོང་མཁན་གྱི་དྲག་སྤྱོད་གཞུང་ཞིག་ཡིན་པ་དང་། རྒྱལ་སྤྱིའི་ངོས་ནས་དྲག་སྤྱོད་གཞུང་འདི་གུ་ཡངས་གཏོང་བའི་ལམ་ཁ་གང་ཡང་མེད་”ཅེས་བརྗོད་པ་རེད།

སེ་རི་ཡའི་གདན་དོན་ཐད་མིག་གསུམ་པའི་ལྟ་སྟངས།

ཆབ་སྲིད་དཔྱད་བརྗོད་པ་དག་གིས་རྒྱ་ནག་དང་རཱ་ཤི་ཡས་ཐེངས་འདིའི་རྒྱལ་ཚོགས་ཀྱི་གྲོས་དོན་ཐག་གཅོད་ལ་འགོག་རྐྱེན་བཟོས་པ་དེས་བྷག་ཤར་སྲིད་གཞུང་གི་དྲག་གནོན་ཤུགས་ཆེ་རུ་འགྲོ་རྒྱུར་མཐུན་རྐྱེན་བསྐྲུན་ཡོད་པར་བརྗོད་ཅིང་། རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་གྲོས་དོན་ལ་རཱ་ཤི་ཡ་དང་རྒྱ་ནག་གིས་ངོ་རྒོལ་བྱས་རྗེས། དངོན་གསལ་དོན་པོས་རཱ་ཤི་ཡའི་ཕྱི་སྲིད་བློན་ཆེན་དང་ཕྱི་འབྲེལ་གསང་པའི་ལས་ཁུངས་ཀྱི་འགན་འཛིན་གཉིས་སེ་རི་ཡར་རྒྱལ་དོན་ལྟ་སྐོར་དང་སྲིད་འཛིན་བྷག་ཤར་ལ་ཐུག་འཕྲད་དུ་ཕྱིན་པ་ནི། ཆེད་དུ་ཆབ་སྲིད་པའི་ཕྱོགས་གཏོགས་བཟུང་པ་ཞིག་དང་། ནུབ་ཕྱོགས་པའི་ཁ་གཏད་དུ་ལངས་ཀྱི་ཡོད་པར་གླེང་།

སེ་རི་ཡའི་ཆབ་སྲིད་དཔྱད་གླེང་ཆེད་མཁས་པ་སྐུ་ཞབས་པེ་ཊར་(Peter Harling) གྱིས་ཐེངས་འདིར་རྒྱལ་ཚོགས་གྲོས་དོན་ཐག་གཅོད་བྱས་མ་ཐུབ་པ་དེས་སེ་རི་ཡའི་གཞུང་གི་དྲག་སྤྱོད་ད་སྔ་ལས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་ངེས་པ་དང་། ཕྱི་ཚེས་ ༤ ཉིན་གྱི་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཚོགས་ཆེན་འཚོགས་བཞིན་པའི་ཉིན་སེ་རི་ཡའི་གྲོང་ཁྱེར་ཧོམ་སི་ནང་གཞུང་དམག་གིས་དྲག་གནོན་དམར་གསོད་བྱས་པ་དེ་ནི། ༡༩༨༢ ལོར་བྷག་ཤར་གྱི་ཕ་རྒན་ཧ་ཧྥེ་ཛི་ (Haffez) ཡིས་སེ་རི་ཡའི་གྲོང་ཁྱེར་ཧཱ་མཱ་ (Hama) ནང་གི་དམར་གསོད་ཆེན་མོ་བྱས་པའི་དུས་དྲན་ལྟ་བུ་ཞིག་ཏུ་གྱུར་ཡོད། སྐབས་དེའི་དམར་གསོད་ཆེན་མོ་ནི་ཨ་རབ་ལོ་རྒྱུས་ཁྲོད་ཀྱི་ཁྲག་དྲི་བྲོ་བའི་དམར་གསོད་ཀྱི་ལེའུ་སྡུག་ཤོས་ཤིག་ཆགས་ཡོད་ཅིང་། དམར་གསོད་དེའི་ནང་མི་མང་ ༡༠༠༠༠ ལྷག་ཅིག་རྐྱེན་ལམ་དུ་བཏང་ཡོད་པར་བརྗོད་འདུག

ད་ལྟའི་སེ་རི་ཡའི་གནས་སྟངས།

རྒྱལ་ཚོགས་བདེ་འཇགས་ལྷན་ཁང་དུ་སེ་རི་ཡའི་གནད་དོན་ཐད་གྲོས་བསྡུར་བྱེད་བཞིན་པའི་སྐབས་སུ། ཕྱི་ཚེས་ ༣ དང་ ༤ སོ་སོར་སེ་རི་ཡའི་གྲོང་ཁྱེར་ཌ་མ་སི་ཀཱ་སི་(Damascus)དང་ཧོམ་སི་(Homs)གཉིས་ནང་གྱེན་ལངས་པའི་སྟེང་གཞུང་དམག་གིས་དྲག་གནོན་གྱིས་མི་ ༢༠༠ ཙམ་དམར་གསོད་བཏང་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང་། དེ་བཞིན་ཕྱི་ཚེས་ ༦ ཉིན་སེ་རི་ཡའི་གྲོང་ཁྱེར་ཆེ་ཤོས་གསུམ་པ་བྷ་བྷ་ཨ་མར་ནང་མི་ ༤༧ ཙམ་དམར་གསོད་བཏང་ཡོད་པའི་གནས་ཚུལ་ཐད། རང་ལོ་ ༤༠ ཡིན་པའི་ཨ་མེ་ཌི་ཟེར་པ་ཞིག་གིས་རང་གི་མཐོང་སྣང་བརྗོད་པར། “ཉིན་དེར་མདེའུ་ཆར་འབབ་པ་དང་འདྲ་ཞིང་། སྲིང་ལམ་གྱི་ཚོང་ཁང་སོགས་ཚང་མ་སྒོ་བརྒྱབ་ཡོད་ཀྱང་། དུས་ཡུན་སྐར་མ་འགའ་རེའི་མཚམས་སུ་འགད་རྫས་གཏོར་པ་སོགས་ཀྱི་སྒྲ་གང་ས་ནས་ཐོས་ཐུབ་ཀྱང་། སྒོ་དང་སྒེའུ་ཁུང་སོགས་ཡོམ་ཡོམ་དུ་འདར་བ་སོགས་དམག་འཁྲུག་གི་གཡུ་ས་ཞིག་ཏུ་སླེབས་ཡོད་པ་ལྟ་བུ་བྱུང་”ཞེས་བརྗོད་འདུག

སི་ཨན་ཨན་གྱིས་ཁ་པར་བརྒྱུད་གྲོང་ཁྱེར་ཧོམ་སི་ནང་ཡོད་པའི་ཨོ་མར་ཟེར་པ་ཞིག་ལ་སྐད་ཆ་དྲིས་པར་ཁོང་གིས་ “ད་ལྟའི་ཆར་སེ་རི་ཡའི་ནང་འབྱུང་བཞིན་པ་དམར་གསོད་དང་དྲག་གནོན་རེད། ངོ་རྒོལ་ཙམ་གྱིས་འདོད་བློ་ཁེངས་པ་ཞིག་ཡིན་ཡང་། ང་ཚོར་གདམ་ཀ་འདི་ལས་མེད། བྷག་ཤར་གྱི་སྲིད་གཞུང་ལྟ་བུ་ཞིག་དང་མཉམ་དུ་གྲོས་མོལ་དང་བགྲོ་གླེང་། ཆབ་སྲིད་ཟེར་པ་ཞིག་འགྲོ་ས་ཡོད་པ་མ་རེད། ཁོ་རང་དྲག་ཤུགས་ལ་བརྟེན་ནས་སྲིད་སྟེགས་སུ་སླེབས་པ་རེད་ལ་མཐར་དྲག་ཤུགས་ལ་བརྟེན་ནས་མགོ་རྟིང་སློག་དགོས་པ་ལས། ལམ་ཁ་གཞན་ཡོད་པ་མ་རེད་”ཅེས་བརྗོད་འདུག

ཕྱི་ཚེས་ ༧ ཉིན་རཱ་ཤི་ཡའི་ཕྱི་སྲིད་བློན་ཆེན་ལཱ་ཝི་རོབ་དང་རཱ་ཤི་ཡའི་ཕྱི་སྲིད་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གཉིས་སེ་རི་ཡར་རྒྱལ་དོན་ལྟ་སྐོར་དུ་ཕྱིན་ཏེ་སྲིད་འཛིན་བྷག་ཤར་དང་ཐུག་འཕྲད་བྱས་རྗེས་ལཱ་ཝི་རོབ་ཀྱིས། སྲིད་འཛིན་བྷག་ཤར་གྱིས་སེ་རི་ཡའི་ཟིང་འཁྲུག་ཞི་འཇགས་ཡོང་རྒྱུར་ཆོད་སེམས་བརྟན་པོི་ཡོད་ཚུལ་དང་། ཁོང་གིས་གང་མགྱོགས་སེ་རི་ཡའི་རྩ་ཁྲིམས་ལ་བསམ་ཤོག་བསྡུས་ཏེ་བསྐྱར་བཅོས་བྱ་རྒྱུ། གཞུང་གིས་གྱེན་ལངས་ཤོག་ཁག་དག་དང་མཉམ་དུ་གྲོས་མོལ་མགོ་འཛུགས་བྱ་རྒྱུ་ཡིན་པར་ཁས་ལེན་བྱས་ཡོད་ཚུལ་དང་། གནད་དོན་དེའི་ཐད་རཱ་ཤི་ཡས་འགན་འཁུར་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།  ད་ལྟའི་ཆར་སེ་རི་ཡའི་གཞུང་དམག་སྟོང་ཕྲག་འགའ་སྲིད་གཞུང་ལ་ངོ་ལོག་གིས་སེ་རི་ཡའི་རང་དབང་དམག་གི་སྒྲིག་འཛུགས་(Free Syrian Army) གསར་འཛུགས་བྱས་ཡོད་འདུག

རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་གྲོས་དོན་ལ་རྒྱ་ནག་དང་རཱ་ཤི་ཡས་ངོ་རྒོལ་གྱིས་ཐག་གཅོད་བྱས་མ་ཐུབ་པ་དེའི་ཐད། སེ་རི་ཡའི་གྱེན་ལངས་ཤོག་ཁག་ཆེ་ཤོས་ཏེ། སེ་རི་ཡའི་རྒྱལ་ཡོངས་ལྷན་ཚོགས་(Syrian National Council) ཀྱིས་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་གཏན་འཇགས་རྒྱུན་ལས་རཱ་ཤི་ཡ་དང་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་གྲོས་དོན་ལ་ངོ་རྒོལ་བྱས་པ་ནི་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་གཏན་འཇགས་རྒྱུན་ལས་ཀྱི་འགན་མ་ཁུར་པ་ཞིག་དང་། སེ་རི་ཡའི་ནང་དམར་གསོད་ཀྱི་ཉེན་ཚབས་ཆེ་རུ་འགྲོ་བཞིན་པའི་འགན་རྒྱ་ནག་དང་རཱ་ཤི་ཡས་འཁུར་དགོས་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

སེ་རི་ཡའི་ཟིང་འཁྲུག་གི་ཐོག་མའི་བྱུང་རིམ།

སེ་རི་ཡའི་གྱེན་ལངས་སྔ་ལོའི་ཕྱི་ཟླ་ ༣ ནང་ཊོ་ནེ་ཤི་ཡ་དང་ཨེ་ཇེབ་གསར་བརྗེ་ལ་རྒྱལ་ཁ་ཐོབ་རྗེས་བྱུང་པ་ཞིག་དང་། དང་ཐོག་སེ་རི་ཡའི་ཤར་ཕྱོགས་ཌེ་རཱ་(Deraa) གྲོང་ཁྱེར་ནང་སློབ་ཕྲུག་ཁག་ཅིག་གིས་ཊོ་ནེ་ཤི་ཡ་དང་ཨེ་ཇེབ་གྱེན་ལངས་པའི་འབོད་ཚིག་སྟེ། མི་མང་ལ་དགོས་པ་ནི་ད་ལྟའི་གཞུང་མགོ་རྟིང་སློག་དགོས། མི་མང་ལ་རང་དབང་དང་དམངས་གཙོ་དགོས་སོགས་ཀྱི་སྦྱར་ཡིག་བཀྲམ་སྟབས་གཞུང་དམག་གིས་སློབ་ཕྲུག་ ༡༥ ཙམ་འཛིན་བཟུང་བྱས་པར་ས་གནས་མང་ཚོགས་ཚོས་གཞུང་ལ་ངོ་རྒོལ་བྱས་རྐྱེན། ཕྱི་ཟླ་ ༣ ཚེས་ ༡༨ ཉིན་གྲོང་ཁྱེར་དེའི་མང་ཚོགས་མང་པོ་ཁྲོམ་གཞུང་དུ་ཐོན་ཏེ་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པར་གཞུང་དམག་གིས་དྲག་གནོན་བྱས་པ་ནས་སེ་རི་ཡའི་ཟིང་འཁྲུག་མགོ་ཚུགས་ཡོད།

སེ་རི་ཡའི་གྱེན་ལངས་ཐོག་མའི་སྐབས་ཀྱི་མི་མང་གི་འབོད་ཚིག་ནི་དམངས་གཙོ་དང་རང་དབང་རྒྱ་ཆེར་དགོས་པ་དེ་ཡིན་ཡང་། གྱེན་ལངས་ཞི་རྒོལ་བའི་སྟེང་གཞུང་དམག་གིས་དྲག་གནོན་དམར་གསོད་སོགས་དྲག་ཤུགས་ལ་བརྟེན་ནས་གྱེན་ལངས་པ་རྩ་མེད་བཟོ་ཐབས་བྱས་པར། མི་མང་གི་ངོ་རྒོལ་རྩ་མེད་བཟོ་མ་ཐུབ་པར་རྒྱ་ཁྱབ་ཏུ་སོང་ཡོད་ཅིང་། ཁོང་ཚོའི་འབོད་ཚིག་ལ་སྔར་བས་གསོན་ཤུགས་ཆེ་རུ་ཕྱིན་ཏེ། ད་ལྟའི་དྲག་པོའི་སྲིད་གཞུང་མགོ་རྟིང་སློག་དགོས་པ་དང་། ཕ་ཤུལ་བུ་འཛིན་གྱི་སྲིད་དབང་སྒེར་སྤྱོད་པ་བྷག་ཤར་སྲིད་སྟེགས་ལས་འབབ་དགོས་ཞེས་པའི་གྱེན་ལངས་པའི་ངོ་རྒོལ་སེ་རི་ཡའི་རྒྱལ་ཡོངས་སུ་ཁྱབ་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཁག་དང་སེ་རི་ཡའི་རང་དབང་འཐབ་རྩོད་པ་ཁག་གིས་བརྗོད་པ་ལྟར་ན་ད་སྔ་གཞུང་གི་དྲག་གནོན་འོག་མི་མང་ ༧༠༠༠ ལྷག་དམར་གསོད་བཏང་ཡོད་འདུག  ཕྱི་ཟླ་ ༡ ནང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཀྱིས་དེ་སྔ་སེ་རི་ཡའི་ཟིང་འཁྲུག་ཁྲོད་མི་ ༥༤༠༠ དམར་གསོད་རྐྱེམ་ལམ་དུ་བཏང་པ་དང་མི་ ༡༤༠༠༠ ཙམ་བཙོན་འཇུག་བཀག་སྐྱེལ་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་ཀྱང་། ཕྱི་ཟླ་ ༡ ནང་ནས་དམར་གསོད་རྐྱེན་ལམ་དུ་བཏང་པའི་གྲངས་ཐོ་ཁ་གསལ་བྱ་མ་ཐུབ་པས་ཤི་རྨས་ཐེབས་པའི་གནས་ཚུལ་ཕྱིར་འདོན་བྱ་མཚམས་བཞག་ཡོད་པ་རེད། བྷག་ཤར་སྲིད་གཞུང་གིས་ད་སྔ་གཞུང་དམག་ ༢༠༠༠ ལྷག་གྱེན་ལངས་ཤོག་ཁག་གིས་དམར་གསོད་བཏང་ཡོད་པར་བསྒྲགས་འདུག

སྲིད་འཛིན་བྷག་ཤར་གྱི་ཕ་རྒན་གྱིས་ལོ་ ༢༠ ལྷག་རིང་སྲིད་དབང་བཟུང་ཡོད་དེ། ༢༠༠༠ འདས་གྲོངས་སུ་གྱུར་རྗེས་སྲིད་འཛིན་བསམ་ཤོག་བསྡུས་པར་བརྒྱ་ཆ་ ༩༧ གྱིས་རྒྱབ་སྐྱོར་ཐོབ་པ་ལྟར་བྷག་ཤར་སེ་རི་ཡའི་སྲིད་འཛིན་དུ་སླེབས། ཁོང་སྲིད་སྟེགས་སུ་སླེབས་རྗེས་སྔར་ཡོད་གཞུང་གི་སྲིད་ཇུས་ཀྱི་ཕྱོགས་མང་པོར་སྒྱུར་བཅོས་ཐོག སེ་རི་ཡའི་གསར་འགྱུར་བརྒྱུད་ལམ་དང་ཆབ་སྲིད་ཚོགས་པ་ཁག་གི་སྟེང་གུ་ཡངས་སྲིད་ཇུས་བཟུང་ཡོད་པ་དང་། བཙོན་པ་ཀློད་གྲོལ་གཏོང་པ་སོགས་ཆབ་སྲིད་ཀྱི་རང་དབང་རྒྱ་ཆེ་རུ་བཏང་ཡོད་ཀྱང་། རིམ་བཞིན་ཕྱོགས་ཡོངས་ནས་སྲིད་ཇུས་དམ་དྲག་ཆེ་རུ་བཏང་ཡོད་ཀྱང་། ༢༠༠༧ ལོའི་སྲིད་འཛིན་བསམ་ཤོག་བསྡུས་སྐབས་བསྐྱར་དུ་ཁོང་ལ་བརྒྱ་ཆ་ ༩༧ རྒྱབ་སྐྱོར་ཐོབ་སྟེ་མུ་མཐུད་ལོ་ ༧ རིང་གི་སྲིད་འཛིན་གྱི་དབང་ཆ་བཟུང་ཡོད།

 གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༦ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 4

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    རྒྱ་དམར་སྲིད་གཞུང་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇག་ལྷན་ཁང་གི་གཏན་འཇགས་རྒྱུན་ལས་ནས་ཕྱིར་འབུལ་གཏོང་དགོས་སོ།།

    Reply
  2. འཁྱམས་པོ། says:
    ལོ་ 14 སྔོན།

    སྡུག་ཞྭ་གཅིག་གི་འོགས་ན་མྱ་ངན་གྱིས་འཚོ་པའི་སེར་ཡ་མི་མང་དང་ང་ཚོ་
    གཉའ་མ་ཞུམ་སེམས་ཆུང་དང་དྲག་སྥྱོད་གཞུང་རྒྱ་ནག་དང་ཨུ་རུ་སུ། བྷ་ཤར་གཞུང་གིས་ང་ཚོའི་མགོར་་ཁྲག་འཁོར་ལོ་ཇི་ལྟར་བསྐོར་བ་དེ་མི་འགྱངས་པར་ཁོང་ཚོར་ཕྱིར་འཁོར་ངེས་ལ་དེ་དུས་ང་ཚོ་སྐྱིད་པའི་གད་མོ་རྒོད་ཆོག་་་་་་་་་

    Reply
  3. སངྒེ ། says:
    ལོ་ 14 སྔོན།

    གསར་འགྱུར་ལ་ཞིབ་ཚགས་དང་རྒྱས་བརྗོད་ཧ་ཅང་ཆེ་གི་ཡག་པོ་རེད། གསར་འགོད་པ་བནྡེ་སྐྱབས་ལ་ཐུགས་རྗེ་ཆེ། ནམ་ཞིག་རྒྱ་ནག་སྲིད་གཞུང་མགོར་ཡང་འདི་འདྲ་ཞིག་ཡོང་ངེས།

    Reply
  4. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    དམངས་ཉམས་ཆུང་ཚོར་དྲག་གནོན་བྱེད་མཁན་གྱི་གཞུང་ཞིག་དགོས་དོན་གཏན་ནས་མེད་པས། མྱུར་བ་ཉིད་དུ་སྲིད་གཞུང་འདི་རིགས་འགོ་སྔ་སློག་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་དོན་ལྟར་ན་དམངས་ཉམས་ཆུང་འདི་ཚོ་རིག་མི་དགོས་པ་རེད་དམ། མ་རིག་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁ་ལྐུགས་སོང་དོན་ཅི་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལས་དོན་ཅི་ཞིག་མཉམ་པོར་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཡོད་པས་གོ་ཅི་ཞིག་ཆོད་སོང་བ་རེད། དམངས་ཉམས་ཆུང་ཚོར་ཁེ་བཟང་ཅི་ཞིག་སྤྲད་པ་རེད། མགོན་སྐྱབས་ཅི་ཞིག་གནང་བཞག་པ་རེད། ངོ་མ་གོ་རྒྱུ་ཞིག་མི་འདུག ད་ཡིན་ན་རེ་ཐགང་ཆད་སོང་ང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese