མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་རྩ་ཁྲིམས་ནག་འདེད་བྱ་རྒྱུ་ནི་ཐབས་མཆོག་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།

དེ་རིང་བོད་ལ་ཐབས་ལམ་ཡག་ཤོས་གཅིག་ཡོད་ལ། དེ་ནི་རང་སྐྱོང་ཡོང་ཐབས་ཀྱི་༼ བསམ་འཆར༽ དེར་བོད་ཕྱི་ནང་གཉིས་ནས་ཐོབ་ཐབས་བྱ་རྒྱུ་དེ་རེད། རང་ལུས་གཞོམ་བསྲེགས་བྱུང་བ་དང་བསྟུན་ནས་མི་མང་པོ་འུར་གྱིས་ཁྱེར་ཞིང་། ཚོད་ཚོད་ལ་ཚོར་བས་འབར་ཏེ་སེམས་ལ་གང་དྲན་ཡིད་ལ་གང་ཤར་ཡིག་ངག་གཉིས་ཐོག་ནས་དམར་བཤད་བྱས་ཡོད། ང་ཚོས་ལྷོད་ལྷོད་བྱས་ཏེ་ནན་གྱིས་ལྟོས་པ་ཡིན་ན། རང་ལུས་གཞོམ་བསྲེགས་འདི་ལོ་རྒྱུས་ཆགས་འགོ་བརྩམས་པས་མ་ཚད། ད་ནི་ལུགས་སྲོལ་འདྲ་བོ་ཞིག་ཀྱང་ཆགས་ལ་ཤིན་ཏུ་ཉེ་བ་རེད། ང་ཚོ་རྡ་སའི་བོད་མི་ཆེ་ཕྲ་ཚང་མས་དང་པོ་གཞོམ་བསྲེགས་ཀྱི་གསར་འགྱུར་ཐོས་སྐབས། ཧད་ནས་ལུས་པ། ལངས་ན་འདུག་རྒྱུ་བརྗེད་པ། གཅིག་གིས་གཅིག་ལ་སྨྲས་ཏེ་བློ་ཡིད་དུ་མ་ཤོངས་པ་འདྲ་ཞིག་སྟོན་ཡང་། དེང་སྐབས། “ཨ་ལེ། ཡང་མེར་བསྲེགས་འདུག་གཱས་”ཞེས་པའི་སྐད་ཆའི་རིམ་པ་འདིར་སླེབས་ཡོད། དེ་བཞིན་བོད་ནང་ནས་ཀྱང་ངའི་གྲོགས་པོ་ཞིག་གི་རྩོམ་ཡིག་ནང་འཁོད་པ་ལྟར། བྱིས་པ་ལོ་དགུ་ཅན་གྱི་རྩེད་རྭ་དམིག་གིས་ཁེངས་ཤིང་། བྱིས་པའི་རྣ་རུ་གཞོམ་བསྲེགས་ཀྱི་གསར་འགྱུར་བླུགས་དྲགས་ནས་ཅུང་ཙམ་མིན་ན་ལོ་དགུ་ཅན་དེས་ཀྱང་མེར་བསྲེགས་གྲབས་བྱས་པའི་གནས་ཚུལ་བྲིས་འདུག གནས་ཚུལ་འདི་བདེན་ན་མི་བདེན་ན་གྲངས་ཀ་མང་བས་བར་ཁྱད་ཀྱིས་རང་ཅག་ལ་ཅི་ཙམ་གྱི་གྲུབ་འབྲས་ཐོབ་མིན་ནི་རྦད་དེ་བཤད་ཚོད་དཀའ་བ་ཞིག་དང་། དེའང་ལུགས་སྲོལ་ཞིག་ཏུ་གྱུར་ན་ཉེན་ཁ་དང་ཆུད་ཟོས་ཚད་མེད་ཡིན་པ་དེ་རེད།

བར་འདིར་དྲི་བ་ཞིག་སླེབས་པ་ནི། དེའང་དྲི་བ་འདི་ངའི་གྲོགས་པོ་གསར་འགོད་པ་ཞིག་ལ་མདོ་སྨད་མགོ་ལོག་ནས་ཁ་པར་ལམ་ནས་བཏང་བ་ཞིག་རེད། ཁོང་གིས་ཁ་པར་ནང་ “ བོད་ཕྱི་ལོག་ཏུ་མེར་བསྲེགས་ཀྱི་འདུག་གམ། ངས་མེར་བསྲེགས་བཏང་ཚུལ་མ་གོ གལ་སྲིད་མ་གོ་བར་མིན་པར་དངོས་གནས་མེད་པ་ཡིན་ན། ང་ཚོས་གཞོམ་བསྲེགས་བྱེད་པ་འདི་འགྲིག་གི་ཡོད་མེད་ཤེས་ཀྱི་མི་འདུག དེ་ག་རེ་ཡིན་ནམ།”ཞེས་བཤད་འདུག དྲི་བ་འདིས་ག་རེ་སྟོན་གྱི་འདུག་གམ། གཞོམ་བསྲེགས་བྱེད་དགོས་མིན་དང་། བྱས་པ་ཡིན་ན་དེའི་རེ་བ་ཡོད་ཚད་བོད་ཕྱི་ལ་ཉན་གྱི་ཡོད་པ་འདིས། ང་ཚོས་ད་བར་བོད་ནང་ལ་ང་ཚོས་གང་འཇོན་གསལ་བོ་མ་ཞུས་པ་དང་། ང་ཚོའི་གཞུང་ངོས་ནས་ཁོང་ཚོར་ལམ་སྟོན་མ་བྱས་པས་རེད། ད་ནི་ང་ཚོའི་གཞོམ་བསྲེགས་ཀྱི་གྲངས་ཀ་ངེས་ཅན་ལ་སླེབས་ཡོད། བོད་ཕྱི་ལོག་ནས་དུར་སྒམ་བཟོས་ནས་གྲལ་བསྟར་སྒྲིག་པ་ཡིན་ནའང་ས་ཆ་ཆེན་པོ་ཞིག་ལ་མ་གཏོགས་མི་ཤོངས་པའི་ཚད་དུ་སླེབས་ཡོད། ཡིན་ནའང་། གྲངས་ཀ་ཅི་ཙམ་མང་བ་དེ་ཙམ་གྱིས་དམིགས་ཡུལ་གསལ་འདོན་ག་ཚོད་བྱས་ཡོད་མེད་དང་། དམིགས་ཡུལ་དེ་བརྒྱུད་ནས་ཅི་ཙམ་བར་ལས་འགུལ་མི་མཐུད་མིན་ཐད་རྒྱ་བོད་གཉིས་ཀྱི་ཤེས་ལྡན་པར་དོགས་པ་འབྱུང་བཞིན་ཡོད། དེས་ང་ཚོའི་འཐབ་རྩོད་ནི་བསྐྱར་ཟློས་ཡིན་པར་བཤད་ཡོད་ལ། ལོ་རྒྱུས་ཆགས་རྒྱུའང་བཤད་ཡོད། ལོ་རྒྱུས་ཆགས་རྒྱུ་ཞེས་པ་དེ་འདས་པ་ཙམ་གྱི་ངོ་བོར་འགྲོ་རྒྱུ་དང་། བསྐྱར་ཟློས་ནི་ཡར་རྒྱས་དང་གྲུབ་འབྲས་ཀྱི་ཕྱོགས་ནས་དྲི་བ་གཏོང་སྟངས་ཤིག་རེད། ཡིན་ནའང་། བསྐྱར་ཟློས་སྨྲ་བ་དང་ལོ་རྒྱུས་སྨྲ་བ་གཉིས་ཀའི་ནང་བསྐྱར་ཟློས་ཕྱོགས་ཀྱི་ཐབས་ལམ་བཏོན་པ་ནི་རྣམ་དཔྱོད་ལྡན་པ་ཞིག་རེད། ངའི་གྲོགས་པོ་ཞིག་གིས་ཀྱང་ཉིན་འགའི་སྔོན་མེ་སྦར་དགོས་པའི་འུར་རྒྱབ་སོང་། སྐབས་དེར་ངའི་སེམས་པར། ང་ཚོའི་གཞོམ་བསྲེགས་ལས་འགུལ་འདི་ད་ནི་ལམ་ལུགས་འདྲ་བ་ཞིག་ཏུ་འགྱུར་ངེས་པར་ཐེ་ཚོམ་སྐྱེ་སོང་། གང་ལྟར་ལམ་ལུགས་དང་ལོ་རྒྱུས། བསྐྱར་ཟློས་གང་ཆགས་ཀྱང་ང་ཚོ་གྲུབ་འབྲས་ཤིག་འཕྲལ་དུ་ཐོན་གྱི་མེད་པ་ནི་གསལ་བོ་རེད་ལ། ང་ཚོའི་གཞོམ་བསྲེགས་ཀྱི་འབབ་ས་འདི་ལྟ་བུ་ཞིག་ཡིན་སོང་ན་དེ་བས་ཀྱང་ཕངས་སེམས་གཟུང་དུ་མེད་པ་ཞིག་རེད།

ང་ཚོའི་གཞུང་དང་དབུ་ཁྲིད་ཀྱི་ཕྱོགས་ནས་གཞོམ་བསྲེགས་ལས་འགུལ་ཐད་དེ་སྔར་ནུབ་ཕྱོགས་རྒྱལ་ཁག་ཁག་ཏུ་ཁྱབ་བསྒྲགས་བྱས་ཡོད། སྐབས་དེར་གཞོམ་བསྲེགས་མུ་མཐུད་དུ་ཡོང་མིན་ཐད་ཚོད་བགམ་ཡིན་ཞིང་། དེ་རིང་གི་གནས་སྟངས་དང་བསྡུར་ན་དབུ་ཁྲིད་མ་ཟད། བོད་མི་ཚང་མར་རེ་བ་ཡོད་ལ། སྤོབས་པའང་ཡོད། ཡིན་ནའང་། གཞོམ་བསྲེགས་གྲངས་ཀ་ཇེ་མང་དུ་ཕྱིན་པ་དང་། ང་ཚོའི་རེ་བ་འགྲིབ་འགོ་ཚུགས་ཤིང་། ཁྱབ་བསྒྲགས་ཀྱི་ནུས་བའང་ཇེ་ཞན་དུ་གྱུར་བས་མ་ཚད། གསར་འགོད་གསལ་བསྒྲགས་སྤེལ་རྒྱུའི་གནད་དོན་ཆུང་ཚགས་རིགས་ཀྱང་སྤེལ་ན་མང་དྲག་སྟེ་ངོ་ཚ་བ། མ་སྤེལ་ན་ལས་ཀ་མེད་པའི་ཟོལ་འདྲ་བོ་ཞིག་ཆགས་ཀྱིན་པས། ང་ཚོའི་ཁྱབ་བསྒྲགས་ཀྱི་འཇོན་ཚད་དང་གྲངས་ཀ་ཇེ་མང་དུ་ཕྱིན་པ་གཉིས་ཀ་རྦད་དེ་ཡང་ལྕི་ཚད་ལས་འདས་པ་ཞིག་ཤོར་བཞིན་ཡོད་པས། གོང་གི་བོད་ནང་གི་དྲི་བ་དེའང་བསྐོར་བ་ལན་གསུམ་རྒྱབ་ན་འདི་ལྟ་བུ་ཞིག་གིས་སླེབས་པ་ཡིན་པར་ཁོ་བོར་ཐེ་ཚོམ་མེད།

ཡིན་ནའང་། ང་ཚོའི་གཞུང་སྒེར་སུས་ཀྱང་ཅི་ཡང་མི་སྨྲའི་རྟུལ་ཞུགས་འཛིན་བཞིན་པའི་སྐབས་འདིར། ང་ཚོས་བོད་ནང་དུ་ཐད་ཀར་བཤད་ཐུབ་པ་ཞིག་ནི། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་རང་དབང་དང་ཐོབ་ཐང་རྩོད་དགོས་ཞེས་པ་འདི་རེད། ང་ཚོའི་གཞུང་ཕྱོགས་ནས་ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དགོངས་དོན་འོག་བོད་ཀྱི་འཚོ་བའི་ལམ་ཡིག་བཟོས་ཟིན་པས། ང་ཚོར་ལམ་ཁ་འདིར་ཤར་བསྐྱོད་བྱ་རྒྱུ་ལས་གང་ཡང་ལྷག་མེད། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་སྒྲིག་ཁག་གི་འོག་ཐོབ་ཐང་རྩོད་རྒྱུ་ནི་ལས་སླ་བོ་ཞིག་མིན་ཡང་། རྒྱ་ནག་གིས་ཀྱང་ཐད་ཀར་ཁྲིམས་མེད་ལུགས་མེད་བྱ་ས་གཏན་ནས་མི་འགྲོ་བ་ཞིག་ཡིན། ང་ཚོ་བོད་མི་ཚོས་གཙོ་བོ་ལས་འགུལ་གྱི་དམིགས་ཡུལ་གཏན་འབེབས་བྱེད་དགོས་པ་དང་། ལས་འགུལ་སྤེལ་སྐབས་གྲངས་ཚད་ངེས་ཅན་གྱིས་སྡེབས་ལངས་བྱ་དགོས་ཤིང་། རྣམ་འགྱུར་ཀུན་སྤྱོད་གཏམ་བརྗོད་ཚུལ་དང་མཐུན་ཞིང་། འཐབ་རྩོད་བྱ་ཡུལ་ལ་གུས་བརྩིའི་རྣམ་པ་མངོན་གསལ་དོད་དགོས་པ་དེ་ཞི་བའི་འཐབ་རྩོད་གང་གིའང་ཀུན་སྤྱོད་གོང་ན་མེད་པ་དེ་ཡིན་སྟབས། མངོན་འདོད་དང་དམིགས་ཡུལ་གསལ་བརྗོད་བྱེད་པ། བོད་ས་ཡོངས་སུ་བརྡ་ལན་གཅིག་གྱུར་གྱིས་སྤྲོད་དགོས་ཤིང་། མི་དམངས་ཁྲོད་སྤྱིར་ལས་འགུལ་སྤེལ་ཕྱོགས་དང་། ལས་འགུལ་གྱི་ཀུན་སྤྱོད། དམིགས་ཡུལ་གསལ་རྟོགས་འབྱུང་ངེས་ཀྱི་གྲ་སྒྲིག་པང་རིམ་ཚད་དང་ལྡན་པ་ཞིག་བྱུང་ན། བོད་མི་ས་གཅིག་གཉིས་ཙམ་རྒྱ་ནག་གིས་ཅི་ལྟར་བཙོན་དུ་འཇུག་རྒྱུ་ཡིན་ནམ། ནུབ་ཕྱོགས་སྐྲ་སེར་རྒྱལ་ཁབ་ཁག་ཏུའང་རྒྱ་ནག་ལ་གོ་སྐབས་ངེས་ཅན་ཞིག་ཐོབ་རྒྱུར་སྒུག་མཁན་ག་ཚོད་མེད་དམ། དེ་ནི་ང་ཚོའི་བོད་མི་ཚོས་བོད་ས་ཡོངས་ནས་ཞི་བའི་སྒོ་ནས་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་པའི་སྡེབས་ལངས་འཐབ་རྩོད་བྱ་མིན་ལ་རག་ལས་ཡོད་པ་ཞིག་རེད།

ཉིན་འགའི་སྔོན་རྣམ་དཔྱོད་ཀྱིས་འབར་ཞིང་སློབ་སྦྱོང་གི་མཁོ་ལག་རབ་ཏུ་རྫོགས་པའི་བོད་ཀྱི་བླ་མ་ཆེན་པོ་མཆོག་སྤྲུལ་ཀརྨ་པ་སྐུའི་ཕྲེང་བ་བཅུ་བདུན་པས། ཚེ་སྲོག་ལ་བདག་པོ་རྒྱབ་སྟེ་བོད་ཀྱི་དཀའ་ངལ་སེལ་ཕྱོགས་སྐོར་བཀའ་སློབ་དང་གསུང་འཕྲིན་རིམ་པར་ཕེབས་ཡོད། དེ་ནི་ངེད་ལ་མཚོན་ན་བོད་ཀྱི་མི་རབས་གསར་པའི་སྤོབས་པ་ཡིན་ལ།  བོད་ནང་གི་མི་རབས་གསར་པའི་སྡེས་ད་བར་བོད་ཀྱི་རིག་གནས་ཆབ་སྲིད་དང་བཅས་པར་མིའི་རྣམ་དཔྱོད་ཚད་མཐོའི་ལམ་ནས་འབད་སྒྲུབ་བྱ་བཞིན་པ་དང་ཆུ་ལ་ཆུ་བཞག་ལྟར་མ་ཟད། མི་རབས་གསར་བའི་འཐབ་རྩོད་ཀྱི་རྒྱུ་བ་ཡོད་ཚད་སློབ་སྦྱོང་དང་ཤེས་ཡོན་གྱི་ལམ་ནས་སྒྲུབ་རྒྱུར་ར་སྤྲོད་ཧ་ཅང་གསལ་བོ་བྱས་ཡོད། དེ་མ་ཟད། རྒྱ་རིགས་སྐུ་ཞབས་ཝང་ལི་ཞུང་གི་གྲོང་སྡེའི་རང་སྐྱོང་ནས་རིམ་པར་བགྲོད་སྟངས་ཀྱི་བསམ་ཚུལ་དེའང་མཐར་གཏུག་ན་སློབ་སྦྱོང་དང་ཤེས་ཡོན་གྱིས་རྩོད་དགོས་པར་མཐུན་ཕྱོགས་ཤིན་ཏུ་ཆེན་པོ་ཡོད། རང་གཞན་གཉིས་ཀྱི་བསམ་ཚུལ་འདི་དག་གིས་ང་ཚོའི་སྐབས་བབ་ཀྱི་སྒྲུབ་བྱ་རྣམ་དཔྱོད་ཀྱིས་རྩོད་དགོས་པ་དང་། དེའང་མི་རབས་གསར་པའི་དཔུང་སྡེང་གཅིག་ཏུ་སྦྲེལ་ནས་ཀླད་པ་ལ་ཀླད་པས་ཁ་གཏད་གཅོག་རྒྱུ་དང་། ཡི་གེ་ལ་ཡི་གེས་ཁ་གཏད་གཅོག་རྒྱུ་ནི་བོད་ལ་རེ་བ་ཧ་ཅང་ཆེན་པོ་ཡོད་པའི་རྟགས་ཡིན། དེ་བས་ཀྱང་གསལ་ཁ་ཞུས་ན་བཤད་ན། ནུབ་བྱང་མི་རིགས་སློབ་ཆེན་གཙོས་སློབ་ཆེན་པ་རྣམས་དང་ཟི་ལིང་མཁར་གྱི་ཤེས་ཡོན་པའི་སྡེ་ནི་ང་ཚོའི་རང་ལུས་གཞོམ་བསྲེགས་ཀྱི་ལས་འགུལ་འདི། རྣམ་དཔྱོད་འབར་བའི་ལས་འགུལ་ཞིག་ཏུ་བསྒྱུར་མཁན་ཀྱང་ཡིན་ལ། དེ་ནི་དུས་ཚོད་ཀྱི་ཆ་ནས་ཡོངས་སུ་འགོ་ཚུགས་ཟིན་པ་ཞིག་ཀྱང་རེད། འདི་དང་ཞོར་ནས་ཤེས་རྟོགས་བྱ་དགོས་པ་ཞིག་ནི་བོད་ཀྱི་བླ་ཆེན་རྣམས་གཙོས་བླ་སྤྲུལ་མིང་འཛིན་མཁན་རྣམས་ད་ནི་མདུན་དུ་ཐོན་དགོས་པ་དེ་རེད།

བཙན་བྱོལ་དུ་མི་རབས་གསར་པའི་བཀའ་ཁྲི་ཁྲི་འདོན་བྱས་ཡོད་ལ། བཀའ་ཁྲི་གསར་པའི་བཀའ་ཤག་ནི་ཤེས་ཡོན་དོ་ནན་བྱེད་པའི་བཀའ་ཤག་ཡིན་པར་ཐེངས་མར་གསལ་འདོན་བྱས་ཡོད། རྒྱུ་མཚན་དེས་བོད་ཕྱི་ནང་གཉིས་ཀྱི་མི་རབས་གསར་པའི་ཤེས་ཡོན་སྤེལ་རེས་དང་བསམ་ཚུལ་སྤེལ་རེས་ཐད་ལས་འཆར་མི་སྒྲིག་རང་སྒྲིག་ཆགས་ཡོད་ལ། མི་རབས་གསར་པའི་དཔུང་ཁག་ཕན་ཚུན་ཤེས་རྟོགས་རྒྱུས་ལོན་བྱུང་བ་ཡིན་ན། མི་རབས་གསར་པའི་འཐབ་རྩོད་ཀྱི་ནུས་བ་གོང་མཐོར་འགྲོ་ཞིང་། བཀའ་ཁྲིས་ཁས་བླངས་ཟིན་པའི་ཆིག་ཁྲི་ཆིག་འབུམ་ཀྱང་འཆར་སྣང་ལས་མངོན་སུམ་དང་གཟུགས་མེད་ལས་གཟུགས་ཅན་ཆགས་ཐུབ་སོང་བས། ང་ཚོའི་གཞུང་ཕྱོགས་ཀྱི་བྱེད་སྒོ་ཁག་ནི་མི་རབས་གསར་པའི་སྙིང་སྟོབས་དང་ངེས་པར་དུ་བསྟུན་ཐུབ་པ་དང་། མཉམ་འགྲོ་མཉམ་བསྐྱོད་བྱ་རྒྱུ་ལས་ཁྱོན་ནས་རྗེས་ལུས་ཐེབས་མི་རུང་།

ང་ཚོའི་རང་སྐྱོང་གི་གོ་དོན་གཙོ་བོའང་མཐར་གཏུག་ན་བོད་ཀྱི་རིག་གནས་ཐུག་ཡོད། བོད་ཀྱི་རིག་གནས་ཀྱི་གཞི་མ་མི་རབས་གསར་པས་འདེགས་དགོས་སྟབས། མི་རབས་གསར་པས་རྒྱ་ནག་རྩ་ཁྲིམས་ལ་དྲི་བ་དང་ནག་འདེད་བྱེད་དགོས་པའི་དུས་ཚོད་སླེབས་ནས་བསྡད་ཡོད་ལ། རང་རེའི་གཞུང་ཕྱོགས་ནས་ཀྱང་མི་རབས་གསར་པར་མཐུན་འགྱུར་གང་སྒོས་མྱུར་ཏུ་ཚོགས་ཆེན་ཞིག་གི་ལམ་ཁ་ནས་བསྡུ་རུབ་བྱ་དགོས་ཤིང་། དེའང་འཕྲལ་མར་ལག་བསྟར་བྱ་དགོས་པ་ཞིག་རེད། དེ་ལྟར་བྱས་ཚེ་མི་རབས་གསར་པས་རྒྱ་ནག་རྩ་ཁྲིམས་ནང་གི་བོད་ཀྱི་རང་སྐྱོང་༼ བསམ་འཆར་༽དེ་བཞིན་སང་ཉིན་བོད་མི་མང་ལོངས་སུ་སྤྱོད་དུ་འཇུག་ངེས་རེད།

 

 ༢༠༡༢། ༢། ༡༣། ཉིན།

 

 

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་འཇམ་དབྱངས་བསྟན་འཛིན་ལགས་དྷ་མ་ས་ལ་འབྱོར། ༢༠༢༥།༠༥།༢༥ དུས་བབ་ཀྱི་པར།
Mobile App

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢

མཆན། 18

  1. བཙན་པོའི་བུ། says:
    ལོ་ 13 སྔོན།

    རྒྱ་ནག་ནང་ཧན་མི་རིགས་ཚོས་རྩ་ཁྲིམས་ཀྱི་སྒྲོམ་གཞིན་འོག་ནས་རང་ཉིད་ཀྱི་དགོས་འདུན་རྣམས་བརྩོད་སྐབས་དོན་འབྲས་མ་བྱུང་ཀྱང་སྲོག་ཉེས་དང་བཙོན་འཇུག་གི་ཉེས་པ་ཧ་ལམ་མྱོང་དགོས་མེད་པ་རེད། འོན་ཀྱང་བོད་རིགས་ཚོས་རྩ་ཁྲིམས་ནང་གསལ་བའི་རང་ཉིད་ཀྱི་ཐོབ་ཐང་བརྩོད་སྐབས་བོད་རིགས་དེ་དག་ལ་ལམ་སེང་ཆབ་སྲིད་ཀྱི་ཉེས་མིང་བཙུགས་དང་འཛུགས་མུས་རེད། དེ་གཅིག་ཡིན། གཉིས་ནས་བཙན་བྱོལ་བོད་གཞུང་གིས་ཀྱང་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་དགོས་འདུན་རྣམས་རྒྱ་གཞུང་ལ་གནང་པ་རེད། འོན་ཀྱང་དེར་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་སོགས་མདོར་ན་རྒྱ་ནག་གིས་མིང་སྣ་ཚོགས་བཏགས་ཏེ་རྩ་ཁྲིམས་ཀྱི་ནུས་པ་མེད་པར་བཟོ་བཞིན་ཡོད། དེས་ན་ང་ཚོས་ཁྲིམས་ལུགས་མེད་པའི་སྤྱི་ཚོགས་རུལ་པོ་ཞིག་གི་ནང་ཁྲིམས་ལུགས་ཀྱི་སྐད་ཆ་བཤད་དེ་རང་ཉིད་ཀྱི་ཐོབ་ཐང་བརྩོད་པ་ནི་ནམ་མཁའི་ཟླ་བའི་འོད་སྣང་ས་གཞིར་འཕྲོས་པའི་རྒྱུ་མཚན་གྱིས་ཟླ་བ་ལག་ཏུ་ལོན་ཐབས་བྱེད་པ་དང་གཅིག་མཚུངས་རང་རེད། དེར་བརྟེན་ད་ལྟའི་རྒྱ་ནག་ཁྱོན་ཡོངས་ཀྱི་དབུལ་ཕྱུག་གི་དབྱེ་བ་དང་། ས་ཁང་གི་གོང་ཚད། ལྐོག་ཟའི་རྣམ་པ་སོགས་ཕྱོགས་གང་ལ་བལྟས་ཀྱང་རྒྱ་ནག་ནང་ཨ་རབ་ཀྱི་དཔྱིད་ཀ་ཤར་རན་པ་རེད། དཔྱིད་ཀ་དེ་ཡང་ ༡༩༡༢ ལོར་ཆིང་གོང་མ་རང་ལོ་དྲུག་ཅན་བཙན་འཁྲིད་བྱས་ཏེ་རྒྱ་ནག་ནང་གསར་བརྗེ་བྱུང་བ་ལྟར་མིན་པར་དེ་བས་༡༨༥༠་ལོར་འཛམ་གླིང་སྤྱི་དང་ཡང་སྒོས་རྒྱ་ནག་གི་ལོ་རྒྱུས་ནང་ཆེས་མི་གསོད་ཁྲག་སྦྱོར་མང་བའི་ཐེའེ་བིང་ལོས་ལངས་ཆེན་མོ་ལྟ་བུ་ཞིག་ཡོང་རྒྱུར་ཚོད་དཔག་བྱེད་ཆོག་ལ་ང་ཚོས་ཀྱང་དེ་ལུགས་གྲ་སྒྲིག་བྱེད་དགོས་པ་རེད། ཐེའེ་བིང་འོས་ལངས་སྐབས་ཀྱི་རྒྱའི་སྤྱི་ཚོགས་དང་ད་ལྟའི་རྒྱའི་སྤ྄ི་ཚོགས་དཀའ་ངལ་རྣམས་ངོ་བོའི་ཆ་ནས་འདྲ་མཚུངས་ཡིན།

    Reply
  2. ཁྱུང་ཆེན། says:
    ལོ་ 13 སྔོན།

    ཁྱེད་ཚོས་རྒྱ་ནག་གི་རྩ་ཁྲིམས་བཤད། དེའི་ཁར་རང་སྐྱོང་གི་༼ བསམ་འཆར་༽བཤད་པ་དེ་༧གོང་ས་མཆོག་གི་དགོངས་གཞི་དང་ཟམ་གདོང་རིན་པོ་ཆེ་སོགས་ཀྱི་དཀའ་ལས་བརྒྱབས་པའི་འབྲས་བུ་རེད། ཡིན་ནའང་།་ད་ལྟ་བཀའ་ཤག་གསར་པ་རེད། ཁོང་གིས་ད་བར་༼བསམ་འཆར་༽སྐོར་ལ་ཚིག་གཅིག་གསུངས་མ་སོང་། དོན་དམ་པས་བཀའ་ཤག་གསར་པ་འདིའི་ནང་དངོས་གནས་དབུ་མའི་ལམ་ཡིད་ཆེས་བརྟན་པོ་མེད་མཁན་མང་པོ་ཡོད་ཚོད་འདུག་པས། ཁྱེད་ཚོས་འདི་ལྟར་བཤད་ནས་ཕན་གང་ཐོག བཀའ་ཤག་ད་བར་ག་རེ་བྱས་ནས་༼ བསམ་འཆར་༽་དང་ལམ་དབུ་མ་གཡོལ་གྱིན་པ་རེད་དམ། དེ་དག་ལ་བསམ་བློ་མ་བཏང་བར། བོད་ནང་དུ་ཁ་གཏད་ན་བཤད་ན་མི་མང་པོ་འཕྲོ་བརླག་ལ་འགྲོ་ངེས་རེད། དེས་དང་པོ་བཀའ་ཤག་འདི་རྣམ་པ་མི་གསལ་བའི་རང་བཙན་གཉེར་མཁན་ཞིག་ཡིན་མིན་ལ་ཞིབ་འཇུག་བྱེད་དགོས་ཀྱི་འདུག དེ་ནས་ང་ཚོས་ཡིད་ཆེས་ཀྱིས་ཞབས་རྗེས་འགྲང་རྒྱུ་མ་གཏོགས། མི་མང་ནང་འདི་ལྟར་དཀའ་ལས་རྒྱབ་ཀྱང་། བཀའ་ཤག་གི་གནང་སྟངས་ཁྱད་མཚར་དེ་འདྲ་ཡིན་ན་བོད་སྤྱི་བར་གྱོང་རེག་གི་རེད། དེ་དག་ལ་བསམ་བློ་གཏོང་རོགས།

    Reply
  3. མིག་ཡ་གཅིག says:
    ལོ་ 13 སྔོན།

    ཕལ་ཆེར་འདི་ལས་ང་ཚོར་ཐབས་ཤེས་ཤིག་ཡོད་ཚོད་མི་འདུག་ལ། རང་ལུས་གཞོམ་བསྲེགས་འདི་ལམ་དང་ལུགས་སྲོལ་མ་ཆགས་སྔོན་འདིར་ནུས་བ་ཞིག་ཐོན་དགོས་ཀྱི་ཡོད་པ་གསལ་བོ་རེད། གལ་སྲིད་འཕྲལ་དུ་མ་ཐོན་དུས་བོད་ནང་གི་འཐབ་རྩོད་ཀྱི་རྒྱུན་ཉམས་སོང་ན་ཕམ་གྱི་ཡོད་དུས། འཐབ་རྩོད་ཀྱི་རྒྱུན་ཡང་མི་ཉམས་པ། ལམ་དང་ལུགས་སྲོལ་བསྐྱར་ཟློས་ཙམ་མ་ཆགས་སྔོན་ལ་བཙན་བྱོལ་བོད་གཞུང་བཀའ་སྤྱི་གཉིས་ཀྱིས་ཀྱང་ལམ་སྟོན་ཞིག་ངེས་པར་དུ་བྱེད་དགོས་ཀྱི་འདུག དབུ་མའི་ལམ་ལས་འགུལ་ཁང་གི་ལམ་སྟོན་དང་ལས་འཆར་རྒྱབ་སྐྱོར་ཡོད།

    Reply
  4. མིག་ཡ་གཅིག says:
    ལོ་ 13 སྔོན།

    བླ་ཆེན་སྤྲུལ་སྐུ་ཚོའང་སྐབས་འདིར་སྡུག་སྒམ་རྒྱབ་ནས་མ་བཞུགས་པར། ༧རྒྱལ་བ་ཀརྨ་པ་ནང་བཞིན་ཞལ་མ་གྲགས་དུས་ད་དཔེ་བསགས་སོང་བ་རེད་བསམ་གྱིན་འདུག

    Reply
  5. མིག་ཡ་གཅིག says:
    ལོ་ 13 སྔོན།

    ཕལ་ཆེར་འདི་ལས་ང་ཚོར་ཐབས་ཤེས་ཤིག་ཡོད་ཚོད་མི་འདུག་ལ། རང་ལུས་གཞོམ་བསྲེགས་འདི་ལམ་དང་ལུགས་སྲོལ་མ་ཆགས་སྔོན་འདིར་ནུས་བ་ཞིག་ཐོན་དགོས་ཀྱི་ཡོད་པ་གསལ་བོ་རེད། གལ་སྲིད་འཕྲལ་དུ་མ་ཐོན་དུས་བོད་ནང་གི་འཐབ་རྩོད་ཀྱི་རྒྱུན་ཉམས་སོང་ན་ཕམ་གྱི་ཡོད་དུས། འཐབ་རྩོད་ཀྱི་རྒྱུན་ཡང་མི་ཉམས་པ། ལམ་དང་ལུགས་སྲོལ་བསྐྱར་ཟློས་ཙམ་མ་ཆགས་སྔོན་ལ་བཙན་བྱོལ་བོད་གཞུང་བཀའ་སྤྱི་གཉིས་ཀྱིས་ཀྱང་ལམ་སྟོན་ཞིག་ངེས་པར་དུ་བྱེད་དགོས་ཀྱི་འདུག དབུ་མའི་ལམ་ལས་འགུལ་ཁང་གི་ལམ་སྟོན་དང་ལས་འཆར་རྒྱབ་སྐྱོར་ཡོད།

    Reply
  6. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 13 སྔོན།

    དེ་རིང་ཡང་ངའི་གྲོགས་པོ་ཆོས་པ་འདིས། ཆོས་གཏམ་ཆེ་གཏམ་གཉིས་ཀ་བཞུར་ནས་བཞག་ཡོད་ཀི། ཡིན་ནའང་། ཡིད་སྐྱོ་བ་ཞིག་ལ་གནད་ལ་ཐུག་དུས་དུམ་དུམ་ཞིག་ལས་བཤད་ཐུབ་མེད་ཀི།

    ད་དུང་ཀླད་པ་ལ་ཀླད་པས་ཁ་གཏད་དང་། སྨྱུ་གུ་སྨྱུ་གུས་ཁ་གཏད་གཅོག་དགོས་རབས་ཤིག་བྲིས་ཡོད་ཀི། རེད། བདེན་པ་རེད། འོ་ན། མཚོན་ཆ་ལ་ཅི་ཞིག་གིས་ཁ་གཏད་གཅོག་གི་ཡིན། དྲག་གནོན་ལ་ཅི་ཞིག་གིས་ཁ་གཏད་གཅོག་གི་ཡིན། ཉི་མ་ཤར་ཤར་ལ་ཉལ་ཁྲིའི་སྟེང་དུ་གཅིན་རྒྱངས་བྱས་ནས། སྐྱིད་པོ་མ་བཤད། གྲོགས་པོ།

    ཁྱོད་མ་སྐྱེས་པའི་བའི་ཡར་སྔོན་ནས་ས་ཐོབ་ཀྱི་སེམས་དཔའ་ཏཱ་ལའི་བླ་མ་དང་ས་སྟེང་གི་མཁས་པ་ཟམ་གདོང་བླ་མ་གཉིས་ཀས་ཀླད་པ་བེད་སྤྱོད་བཏང་བ་རེད། སྨྱུ་གུ་བེད་སྤྱོད་བཏང་བ་རེད་དེ།
    ལག་རྗེས་ཞོག་ཡོད་པ་མ་རེད་དེ། ད་རྒན་ལྷ་མོ་དང་ཝང་ལི་ཞུང་ཁྱོད་ཚོས་རྣམ་དཔྱོད་དང་ཀླད་པ་བེད་སྤྱོད་གཏོང་རྒྱུ་ཡིན་ནམ། དགོད་རྒྱུ་ཡོང་གི། གྲོགས་པོ། ལས་འགུལ་དགའ་བོ་འདི་འགྲོ་ཐུབ་ཚད་ཅིག་བར་དུ་ཉིན་གཅིག་དང་གཉིས་ལ་མུ་མཐུད་ཐུབ་ནའང་མཐུད་ཀི་འཇུག་རོགས། དེ་མིན་གྱི་རྒྱགས་གཏམ་མ་བཤད། མགོ་སྐོར་མ་གཏོང་།

    Reply
  7. བཙན་པོའི་བུ། says:
    ལོ་ 13 སྔོན།

    ཁྲིམས་ལུགས་ཀྱི་དབང་བསྒྱུར་མེད་པའི་སྤྱི་ཚོགས་ནག་པོ་ཞིག་གི་ནང་ཁྲིམས་ལུགས་བཤད་ན་ཉན་སར་འགྲོ་ཨེ་ཡོང་། རྒྱ་དམར་གྱིས་ཤོག་བུའི་སྟེང་ཁྲིམས་ལུགས་སྙིང་རྗེ་པོ་ཞིག་བཟོ་གི་ཡོད་ཅིང་ལག་ལེན་མི་འདྲ་བ་ཞིག་སྟར་བཞིན་ཡོད་པ་ནི་དངོས་ཡོད། བོད་ནང་གི་བོད་མི་ཚོས་ཁྲིམས་ལུགས་ནག་དེད་མ་བྱས་པ་གང་ཡང་མ་རེད། འོན་ཀྱང་བོད་ཀྱི་གནད་དོན་དང་འབྲེལ་བའི་སྐད་ཆ་ཅི་འདྲ་ཞིག་བྱས་ཀྱང་རྒྱ་ནག་གིས་བོད་མི་ཚོར་ཁ་བྲལ་བར་ནག་ཉེས་གཡོགས་ཀྱི་ཡོད་པ་རེད། དེ་ལྟ་བུའི་ཁོར་ཡུག་གཅིག་གི་ནང་ནས་བོད་མི་ཚོས་འདམ་ང་མེད་པའི་འདམ་ང་དེ་བྱས་པ་རེད། མི་རིགས་ཤིག་གི་འཐབ་བརྩོད་ནང་ཚེ་སྲོག་ཤོར་ངེས་ལ་དུས་ཡུན་ཀྱང་མི་ཉུང་བ་ཞིག་འགོར་ངེས་ཡིན། དེས་ན་ཁྱེད་རང་གིས་བོད་དོན་ལམ་སེང་ཐག་གཅོད་ཡོང་བའི་རེ་བ་བྱེད་པའི་ཆབ་སྲིད་ཀྱི་གོ་རྟོགས་མེད་པའི་རྟགས་རེད།

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ༢༠༠༨་ཤར་དུང་རིའི་ནང་ལ་སྙུག་མིང་ཟུར་གསུམ་མ་ཞེས་པས<མི་རིགས་རང་སྐྱོང་དང་མི་རིགས་ཀྱི་འཚོ་གནས>སྐོར་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ལུང་འདྲེན་གྱིས་དཔྱད་བརྗོད་རྩོམ་ཡིག་ལེགས་པོ་ཞིག་སྤེལ་ཡོད། རྩོམ་ཡིག་འདི་རིགས་བཙན་བྱོལ་བའི་ཤེས་ཡོན་ཅན་དུ་རློམ་མཁན་ཚོས་ཀྱང་སློབ་སྦྱོང་བྱེད་དགོས་པ་ཞིག་རེད། བོད་ནང་གི་ཤེས་ཡོན་ཅན་མི་ཉུང་བ་ཞིག་གིས་དབུ་མའི་ལམ་གྱི་ཕར་སྣེ་དང་ཚུར་སྣེ་གསལ་བོར་མཐོང་ཡོད། འོན་ཀྱང་ཤེས་ཡོན་ཅན་གྱིས་སྣེ་ཁྲིད་དེ་འཆར་གཞི་ལྡན་པའི་སྒོ་ནས་མི་དམངས་སྒུལ་སྐྱོད་བྱེད་རྒྱུའི་ནུས་པ་ཇི་ལྟར་མཐོར་འདེགས་བྱ་རྒྱུར་བགྲོ་གླེང་རང་བཞིན་གྱི་ཚོགས་འདུ་འཚོགས་རྒྱུ་གལ་འགངས་ཆེ། དམངས་གཙོ་ཞེས་པ་འདི་མི་རེ་རེའི་རང་དབང་གཞི་ལ་བཞག་སྟེ་ཐུན་མོང་གི་བསམ་འདུན་གཅིག་སྡུད་ཀྱིས་ཐུན་མོང་གི་ནུས་པ་འདོན་དགོས་པ་ཞིག་ཡིན་ན་གོམ་པ་དང་པོ་དེ་སྡེ་དཔོན་དང་རྫོང་དཔོན་འོས་འདེམས་ཀྱི་རང་དབང་དམ་འཛིན་ནས་མགོ་རྩོམ་དགོས་ཚུལ་འདི་གསལ་རྟོགས་ཐུབ་མིན་ནི་ང་ཚོ་དོན་དམ་གྱི་དམངས་གཙོའི་ལམ་བུར་མྱུར་སྐྱོད་ཐུབ་མིན་ལ་རག་ལས་པའི་གནད་དོན་ཞིག་རེད།

    Reply
  9. མི་ཆུང་། says:
    ལོ་ 13 སྔོན།

    དེ་རིང་ཤར་ཕྱོགས་ཁུག་རྟར་རྒྱབ་སྐྱོར་ཡོད།

    Reply
  10. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་སྣ་མང་ལས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་ཅིང་། སྐད་ཡིག་དང་རིག་གཞུང་རྣམ་གྲངས་ཕྱུག་པོ་ཡོད། མི་རིགས་སོ་སོའི་རིག་གཞུང་དང་དེ་དག་གི་གཞི་རྟེན་སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་སྲིད་བྱུས་དང་མཐུན་པར་མ་ཟད། རྩ་ཁྲིམས་ཀྱི་ནང་དུའང་གསལ་བོ་འཁོད་ཡོད། བོད་ཀྱི་སྐད་ཡིག་ནི་ནང་པའི་ཆོས་དང་ལྟ་གྲུབ། ཚན་རིག་བཅས་ཀྱི་རིག་གཞུང་དཔལ་ནཱ་ལེན་དྲའི་སྲོལ་རྒྱུན་ཡོངས་སུ་རྫོགས་པ་མདོ་རྒྱུད་བསྟན་བཅོས་ཆ་ཚང་བཞུགས་པའི་སྐད་ཡིག་གཅིག་པུ་དེ་ཡིན། དེ་བཞིན་ཚན་མ་རིག་པའི་གཞུང་ལུགས་ཆ་ཚང་དང་དེའི་འཆད་ཉན་གྱི་སྲོལ་རྒྱུན་བོད་ཀྱི་སྐད་ཡིག་ནང་མ་གཏོགས་མེད། ནང་པ་སངས་རྒྱས་པའི་དཔལ་ཡོན་ནི་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་གཞི་རྩ་ཡིན་པ་དེ་དག་སྲུང་སྐྱོབ་དར་སྤེལ་བྱ་རྒྱུ་ལས་ལྡོག་སྟེ། དངོས་ཤུགས་ཅི་རིགས་ནས་དོ་ཕོག་ཉམས་དམས་གཏོང་བ་ནི་མི་རྣམས་ཀྱི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་བློ་མིག་ཆེད་གཉེར་མེད་པ་བཟོས་པ་ཞིག་ཡིན། དེས་ནམ་ཕུགས་རང་གཞན་ཡོངས་ལ་གནོད་པ་ཡོང་རྒྱུར་བརྟེན་ངེས་པར་མཚམས་འཇོག་བྱེད་དགོས།

    Reply
  11. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    ༧གོང་ས་མཆོག་གི་ཡོ་རོབ་གྲོས་ཚོགས་སྦར་སིལ་གསུང་བཤད་ལས་༼ ངོས་ཀྱི་དབུ་མའི་ལམ་གྱི་སྙིང་དོན་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཐོབ་ཐབས་བྱ་རྒྱུ་དེ་ཡིན་༽ཞེས་གསུངས་འདུག མིང་དོན་མཚུངས་བ་ཞིག་ཐོབ་དགོས་ན། ང་ཚོ་ལམ་ཁ་འདི་ལས་མེད་པ་གསལ་བོ་རེད་འདུག་པས། ༧གོང་ས་མཆོག་གི་དགོངས་གཞི་ལྷུན་གྱིས་འགྲུབ་པར་སྨོན། བོད་ལ་རང་དབང་ཚད་ལྡན་ཞིག་ཐོབ་པར་སྨོན། བོད་རྒྱལ་ལོ།

    Reply
  12. གཟུར་གནས་བློ་ལྡན། says:
    ལོ་ 13 སྔོན།

    ་ཁ་སང་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕི་རི་ཀའི་ཡི་ཤུ་བླ་ཆེན་(Archbishop Desmond Tutu)ཨརཅ་བི་ཤོབ་ཌེ་ས་མོན་ཊུ་ཊུ་མཆོག་གིས་ཀྱང་འདི་ལྟར་གསུངས་འདུག

    ༼ ངས་རྒྱ་ནག་གཞུང་ལ་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་སྟེང་ཞི་བདེར་དགའ་མོས་ཆེ་ཤོས་གནང་མཁན་ཞིག་རེད་ཅེས་བརྗོད་རྒྱུ་མ་ཟད། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དམག་མི་མེད། ཁོང་གི་བཀའ་འོག་ཏུ་མེ་མདའ་ཁྱེར་ནས་བཀའ་སྲུང་ཞུ་མཁན་དམག་མི་གཅིག་ཀྱང་མེད། ཁོང་ཁ་བྲལ་བ་ཞིག་མིན། རྒྱ་ནག་དཔོན་རིགས་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གང་འཁོད་ཡོད་པ་དེ་བོད་མི་ཚོར་ལག་བསྟར་བྱེད་རོགས་ཞེས་ངས་འབོད་སྐུལ་ཞུ་རྒྱུ་ཡིན།༽

    ཤར་ཕྱོགས་ཁུག་རྟའི་བསམ་ཚུལ་འདི་ལ་རྒྱབ་ལྗོངས་དང་མདུན་ལམ་འདུག་བསམ་སོང་། ད་སྐད་ཆ་བཤད་འདུག་རྒྱུ་མ་རེད། ལག་ལེན་ཞིག་ངེས་པར་དུ་དགོས་ཀྱི་འདུག

    Reply
  13. རྒད་པོ་བསམ་ཤེས། says:
    ལོ་ 13 སྔོན།

    ༢༽ མི་ནག་མདུང་ཐུང་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༣ གི་ཆུ་ཚོད་ ༡༢ སྐར་མ་ ༠༤
    ད་ནི་བཀའ་སྤྱི་ལྷན་རྒྱས་ལ་གནང་རྒྱུ་གཅིག་ལས་ལྷག་ཡོད་པ་མ་རེད། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་འཚོགས་ནས་བཟང་ཐག་ངན་ཐག་གཅོད་སྟངས་ཐད་ཀྱི་ལྟ་སྟངས་བསྡུར་ནས། བཟང་ཐག་ངན་ཐག་གཅོད་པའི་དུས་ཚོད་ཀྱི་བཅད་པ་བཟོས་ནས་རྒྱ་ནག་གཞུང་ལ་དུས་ཚོད་འདིའི་ཕན་ནས་ང་ཚོས་ངང་སྒུག་བྱེད་མི་ཐུབ་ཅེས་བརྡ་ལན་སྤྲོད་དགོས། དེ་མིན་གང་ཡང་ལྷག་མེད། གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་དང་ནུས་པ་ནི་ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་རྨང་གཞི་ཡིན་ཞེས་པ་དེ་བརྗེད་མེད་པ་ཡིན་ན། ད་ནི་གཞིས་ལུས་རྒྱ་ཆེའི་མི་མང་གི་སྟོབས་ཤུགས་འདི་ཆུད་ཟོས་སུ་མི་འགྲོ་བའི་མདུན་སྐྱོད་ཅིག་ཏུ་བསྒྱུར་དགོས་པ་གལ་ཆེན་པོ་ཆགས་ཡོད། ད་ནི་ལས་འགུལ་སྤེལ་ནས་སྡོད་པ་ལས། ལག་ལེན་གྱི་སྟེང་ནས་མདུན་སྐྱོད་བྱེད་དགོས་པ་རེད། གཞིས་ལུས་རྒྱ་ཆེའི་མང་ལ་བོད་པ་རང་ངོས་ནས་རང་སྐྱོང་གི་ཐོབ་ཐང་ངོ་མ་ལག་བསྟར་བྱེད་ཕྱོགས་ཀྱི་ལམ་སྟོན་དང་སྐུལ་སློང་བྱས་ནས་མདུན་དུ་བསྐྱོད་དགོས་པ་ལས། སྐད་འབོད་བྱས་ནས་ཉི་མ་སྐྱེལ་ཐབས་འདི་ཡོངས་སུ་བསྒྱུར་བའི་བཀའ་གྲོས་ཤིག་གནང་རོགས།

    Reply
  14. རྒད་པོ་བསམ་ཤེས། says:
    ལོ་ 13 སྔོན།

    ངར་བསམ་ཚུལ་ཞིག་ཡོད་མོད། དྲ་མཆན་པ་སྐད་གྲགས་ཅན་མི་ནང་མདུང་ཐུང་གིས་ལག་ལེན་བསྟར་རིམ་ཞིག་གསུངས་འདུག བྱས་ཙང་། ངས་ཅིག་དྲན་ཁུལ་བྱས་པའང་འདི་དང་འདྲ་བོ་འདུག་པས་ཚུར་ཁྱེར་ཡོང་ཡོད།

    ༢༽ མི་ནག་མདུང་ཐུང་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༣ གི་ཆུ་ཚོད་ ༡༢ སྐར་མ་ ༠༤
    ད་ནི་བཀའ་སྤྱི་ལྷན་རྒྱས་ལ་གནང་རྒྱུ་གཅིག་ལས་ལྷག་ཡོད་པ་མ་རེད། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་འཚོགས་ནས་བཟང་ཐག་ངན་ཐག་གཅོད་སྟངས་ཐད་ཀྱི་ལྟ་སྟངས་བསྡུར་ནས། བཟང་ཐག་ངན་ཐག་གཅོད་པའི་དུས་ཚོད་ཀྱི་བཅད་པ་བཟོས་ནས་རྒྱ་ནག་གཞུང་ལ་དུས་ཚོད་འདིའི་ཕན་ནས་ང་ཚོས་ངང་སྒུག་བྱེད་མི་ཐུབ་ཅེས་བརྡ་ལན་སྤྲོད་དགོས། དེ་མིན་གང་ཡང་ལྷག་མེད། གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་དང་ནུས་པ་ནི་ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་རྨང་གཞི་ཡིན་ཞེས་པ་དེ་བརྗེད་མེད་པ་ཡིན་ན། ད་ནི་གཞིས་ལུས་རྒྱ་ཆེའི་མི་མང་གི་སྟོབས་ཤུགས་འདི་ཆུད་ཟོས་སུ་མི་འགྲོ་བའི་མདུན་སྐྱོད་ཅིག་ཏུ་བསྒྱུར་དགོས་པ་གལ་ཆེན་པོ་ཆགས་ཡོད། ད་ནི་ལས་འགུལ་སྤེལ་ནས་སྡོད་པ་ལས། ལག་ལེན་གྱི་སྟེང་ནས་མདུན་སྐྱོད་བྱེད་དགོས་པ་རེད། གཞིས་ལུས་རྒྱ་ཆེའི་མང་ལ་བོད་པ་རང་ངོས་ནས་རང་སྐྱོང་གི་ཐོབ་ཐང་ངོ་མ་ལག་བསྟར་བྱེད་ཕྱོགས་ཀྱི་ལམ་སྟོན་དང་སྐུལ་སློང་བྱས་ནས་མདུན་དུ་བསྐྱོད་དགོས་པ་ལས། སྐད་འབོད་བྱས་ནས་ཉི་མ་སྐྱེལ་ཐབས་འདི་ཡོངས་སུ་བསྒྱུར་བའི་བཀའ་གྲོས་ཤིག་གནང་རོགས།

    Reply
  15. དམར་ཁ་ཚ། says:
    ལོ་ 13 སྔོན།

    ཁྱེད་ཚོ་དབུ་མའི་ལམ་ལས་འགུལ་ཁང་གི་སློབ་སྟོན་པ་དག་སུ་སུ་རེད་དེ་ཅིག་གསུངས་རོགས་ཞུ།

    Reply
  16. དམར་ཁ་ཚ། says:
    ལོ་ 13 སྔོན།

    བསམ་ཚུལ་འདི་ལ་རྒྱབ་སྐྱོར་ཡོད་ལགས། ང་ཚོ་ཚང་མས་རྩོད་ཡ།

    Reply
  17. དམར་ཁ་ཚ། says:
    ལོ་ 13 སྔོན།

    ནོར་བཅོས།

    བཀའ་ཁྲི་བློ་བཟང་སེང་གེའི་གཟིམ་དཀྲོག་མཁན་ཤར་ཕྱོགས་ཁུག་རྟ་ལགས། གནད་ལ་འཁེལ་ཞིང་འགན་ཁུར་ལྡན་པའི་བསམ་ཚུལ་བྲིས་འདུག ད་དུང་མུ་མཐུད་ནས་འབྲི་རོགས། ང་ཚོའི་རྩོམ་པ་པོ་ཚོ་དལ་ཅག་གེར། ཨིན་ཇིའི་ནང་ནས་རྒྱལ་བ་རིན་པོ་ཆེར་ཁ་བཏང་མཁན་རྣམས་ཀྱང་དོང་ནང་དུ་ཟགས་པ་འདྲ ཁ་རྒྱག་ལུང་པ་གང་བཤད་ནས་ཉི་མ་ཕུད་མཁན་ཚོའང་སྐབས་འདི་འདྲར་མེད་དུས། ཁྱེད་རང་དཔའ་དང་ངར་གྱིས་ཐོན་པར་རྟེན་འབྲེལ་ཞུ་བཞིན་ཡོད་ཡ།

    Reply
  18. མགར་སྟོང་བཙན། says:
    ལོ་ 13 སྔོན།

    རྒྱ་ནག་གི་རྩ་ཁྲིམས་འོག་འཐབ་རྩོད་བྱ་སྟངས་ད་དུང་ཇེ་རྒྱས་སུ་གཏོང་ཐུབ་ན་ཡག་གི དེ་མིན་བོད་ཕྱི་ཕྱོགས་ནས་ཅང་ལས་རྒྱུ་མེད་པ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese