འགོག་རྒོལ་གྱི་སྣེ་ཁྲིད་ལས། འུ་ཐུག་གི་བྱ་སྤྱོད་མིན།
ཁུར་སི་ཊོ་ཧྥུ . བྷེ་སོ་ཤེས་བརྩམས། ཟླ་བ་ཚེ་རིང་གིས་བསྒྱུར།
ཁྱོད་ཚོ་ང་ནང་བཞིན་ཡིན་མིན་ངས་མི་ཤེས། གང་ལྟར་ནམ་རྒྱུན་གསར་ལམ་ཁག་དང་བཙན་བྱོལ་བོད་མི་ཚོས་‘‘འུ་ཐུག’’ཅེས་པའི་ཐ་སྙད་འདི་སྤྱད་ནས། ༢༠༠༩ ནས་ད་བར་དུ་བྱུང་བའི་རང་སྲེག་ངོ་རྒོལ་ལ་འགྲེལ་བཤད་རྒྱག་བཞིན་པ་མཐོང་སྐབས། ང་ཁྱོན་ནས་བློ་བདེ་བོ་མ་བྱུང་། ངས་རྩོམ་ཡིག་འདི་འབྲི་སྐབས། བོད་ནང་རང་སྲེག་ཐེངས་ ༡༧ (༢༤ ) ལ་བྱུང་ཚར་ཞིང་། ‘‘གསོན་རེ་བྲལ་བའི་བྱ་སྤྱོད།’’ ཡང་ན། ‘‘འུ་ཐུག་ཐབས་ཟད་ཀྱི་རང་སྲེག’’ཅེས་པ་ལྟ་བུའི་བཤད་སྟངས་འདི་ཚོ་ཡང་། ཉིན་རེའི་རྒྱུན་སྤྱོད་ཐ་སྙད་ནང་བཞིན་རང་འགུལ་གྱིས་ཡང་ནས་བསྐྱར་དུ་ཡོང་གི་ཡོད། རྩོམ་པ་པོ། གཞུང་འཛིན་མི་སྣ། སྲིད་དོན་པ་ཚོས་ཀྱང་བྱ་སྤྱོད་འདིའི་རྒྱབ་ལོགས་ཀྱི་རྒྱ་ཆེའི་མངོན་འདོད་ལ་དབྱེ་ཞིབ་ཀྱི་དགོས་གལ་ཞིག་མཐོང་གི་མེད་པ་འདྲ།
ཚིག་གི་འབྱུང་ཁུངས་ནས་བཤད་ན། ‘‘འུ་ཐུག’’ ནི་ལ་ཌིན་སྐད་ཀྱི་‘‘ desperatus’’ནས་ཡོང་བ་ཡིན། དོན་དག་‘‘རེ་བ་བཙན་འཕྲོག་བྱས་པ་’’ལ་གོ་དགོས། ངོ་རྒོལ་ལས་འགུལ་ལ་སྦྱོར་སྐབས། དེའི་ནང་སྡུག་བསྔལ་དང་རེ་ཆད་གྱི་ནང་དོན་འདྲེས་ཡོད། ཨབ་གྷན་གྱི་བུད་མེད་དང་བུ་མོ་ལོ་གཞོན་དེ་ཚོའི་རང་སྲེག་ལ། ( ༢༠༠༩ ཟླ་ ༣ ནས་ ༢༠༡༠ ཟླ་ ༣ བར་སྲེག་ཐེངས་ ༡༠༣ བྱུང་ཡོད། ) ད་གཟོད་འུ་ཐུག་གི་བྱ་སྤྱོད་ཅེས་བརྗོད་ཆོག་པ་ཡིན། ཁོ་མོ་ཚོས་འཆི་དགོས་ལ་ཐུག་རུང་། ཡུན་རིང་འཚོ་བའི་ཁྲོད་ཀྱི་ནང་མིའི་མནར་གཅོད་དང་མཐོང་ཆུང་མུ་མཐུད་མྱང་འདོད་མེད་ཚུལ་བཤད་ལ། ཀུན་སློང་དང་བྱ་སྤྱོད་དེ་རིགས་བྱུང་སྟངས་དྲིས་སྐབས། རང་སྲེག་ལམ་ལྷོངས་མ་བྱུང་བའི་ཨབ་གྷན་གྱི་བུད་མེད་ཚོས་རྟག་པར་‘‘ང་ཚོར་ཐར་ལམ་གཞན་མི་འདུག’’ཟེར། ཁོ་མོ་ཚོའི་ཁྲོད་ཀྱི་གཅིག་ལ་ཀུན་སློང་དེ་རིགས་ཡོད་མཁན་ཚོར་འབོད་སྐུལ་ཅི་ཡོད་དྲིས་ནའང་། མོས་ཐ་ན་‘‘རང་གིས་རང་ཉིད་མེ་ལ་མ་བསྒྲོན། ཁྱོད་ལ་ཐར་ལམ་ཞིག་དགོས་ན། མེ་མདའ་སྤྱོད་དང་། ན་ཟུག་ཆུང་གི་རེད།’’ ཅེས་ལན་བཏབས་ཡོད།
བོད་མིའི་རང་སྲེག་དེ་དང་རྦད་དེ་ལོགས་ཀ་ཡིན། དང་པོ། ད་བར་ལག་སོན་བྱུང་བའི་བདེན་དཔང་ཚང་མས། ཁོང་རྣམ་པའི་ཀུན་སློང་རླབས་ཆེའི་ལས་དོན་ཞིག་གི་ཆེད་དུ་ཡིན་པ་ལས། འུ་ཐུག་ནས་སེམས་ཤུགས་ཆག་པའམ། སྤྱི་ཚོགས་གནོན་ཤུགས་དང་། དཔལ་འབྱོར་ཁག་ཁུར་སོགས་ཀྱིས་མིན་པ་གསལ་བོ་བཟོས་ཡོད། དཔེར་ན། མང་ཚོགས་ཀྱིས་གུས་བརྩི་ཆེ་ཞིང་ད་ལོའི་ཟླ་ ༡ ཚེས་༨ ཉིན་རང་ལུས་མེར་སྲེག་གཏོང་མཁན་སྤྲུལ་སྐུ་བསོད་བྷོས། ‘‘ངས་རང་ལུས་མེར་སྲེག་གཏོང་དོན་སྒེར་གྱི་ཁེ་ཕན་དང་གནད་དོན་ཆེད་མིན། རང་དབང་བྲལ་བའི་བོད་མི་ས་ཡ་དྲུག་དང་། ༧གོང་ས་མཆོག་ཕྱིར་བོད་ནང་ཕེབས་ཆེད་ཡིན།’’ཞེས་བྲིས་ཡོད། གཉིས་པ། བོད་མི་ཚོའི་རང་དབང་བཙན་འཕྲོག་བྱས་ཡོད་ནའང་། ཁོ་ཚོའི་རེ་བ་ད་བར་བཙན་འཕྲོག་བྱེད་ཐུབ་མེད། བོད་མིའི་རང་སྲེག་གི་སྲོལ་འབྱེད་ཐུབ་བསྟན་དངོས་གྲུབ་ནས་ད་ལྟ་ལ་ཐུག་གི་བར། ང་ཚོར་རེག་ཐུབ་པའི་གནས་ཚུལ་ལ་བལྟས་ནས་བཤད་ན། རང་ལུས་མེར་སྲེག་གཏོང་མཁན་ཚང་མ་བདེ་ཐང་དང་། སྐྱིད་པོ། ཁོང་ཚོར་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱེད་རྒྱུ་ལས་གཞན་རང་སྲོག་གཅོད་དགོས་པའི་རྒྱུ་མཚན་གང་ཡང་མེད། ‘‘བོད་མི་ཚོས་མ་འོངས་པར་རེ་བ་མ་བརླག ཉིན་ཞིག་སྐྱིད་པའི་ཉི་མ་འཆར་ཡོང་གི་རེད།’’ སྤྲུལ་སྐུ་བསོད་བྷོའི་ཞལ་ཆེམས་ལས་འུ་ཐུག་མེད་པ་གསལ་བོ་བྱས་ཡོད་ལ། འདི་འདྲའི་མཇུག་འབྲས་བཟང་བོ་ཡོད་པའི་རྣམ་འགྱུར་གཉེན་ཉེ་ཚོའི་ངོས་ནས་ཀྱང་མངོན་ཡོད། རང་ལོ་༢༢ ཡིན་པའི་བློ་བཟང་འཇམ་དབྱངས་ཀྱིས་ཟླ་ ༡ ཚེས ༡༤ ཉིན་རང་ལུས་མེར་བསྲེགས་བཏང་རྗེས། ཁོང་གི་ཨ་མས་ ‘‘བོད་སྤྱི་པའི་དོན་དག་ཆེད་རང་སྲོག་བློས་གཏོང་བྱས་’’པར་བརྟེན། ནང་མིས་ ‘‘ཁོང་གི་འདས་གྲོངས་ལ་འཕང་སེམས་མེད།’’ཅེས་གསུངས་ཡོད།
འཇིགས་ཞུམ་བྲལ་བའི་ངོ་རྒོལ་འདི་རིགས་ལས་རེ་བ་འཁྲུངས་ཤིང་། ལྷག་པར་རྒྱ་ནག་གི་བཙན་འཛུལ་དྲག་གནོན་འོག་གདུག་རྩུབ་ལ་ངོ་རྒོལ་གདོང་ལེན་བྱེད་མཁན་ཚོར་ཧ་ལས་པའི་ཤུགས་རྐྱེན་ཐེབས་ཡོད། གསང་མྱུལ་བའི་ཉེས་མིང་འོག་ལོ་ ༦ རིང་རྒྱའི་བཙོན་ཁང་ནང་བསྡད་མྱོང་བའི་བོད་ཀྱི་རོལ་མོ་བ་དང་གློག་བརྙན་བཟོ་མཁན་ངག་དབང་ཆོས་འཕེལ་གྱིས་ཉེ་ཆེར་བཤད་དོན། ‘‘༡༩༩༧ ལོར། ང་ད་དུང་བཙོན་ཁང་ནང་ཡོད། ངས་རྒྱ་གར་ནས་ཐུབ་བསྟན་དངོས་གྲུབ་ཀྱིས་རང་སྲེག་བྱས་པའི་གནས་ཚུལ་ཐོས། ( …. ) བོད་ནང་གི་ཆབ་སྲིད་བཙོན་པ་ཕལ་མོ་ཆེ་ནང་བཞིན། དེས་ང་ལ་བློ་སྤོབས་དང་སེམས་འགུལ་ཐེབས་བཅུག་སོང་། རྒྱུ་མཚན། ང་ཚོས་བོད་ཀྱི་ཆེད་དུ་དོན་དག་ཅིག་བྱུང་གི་ཡོད་པ་ཚོར་བས་ཡིན།’’ ཞེས་དང་། ཁོས་རྩལ་དུ་བཏོན་ནས་བཤད་དོན། ‘‘ཐུབ་བསྟན་དངོས་གྲུབ་ལགས་ཀྱི་ལོ་རྒྱུས་རང་བཞིན་གྱི་རང་སྲོག་བློས་གཏོང་དེ་གོ་ཐོས་བྱུང་རྗེས། བོད་ནང་གི་བོད་མི་མང་ཆེ་བར་བློ་སྟོབས་དང་། སེམས་འགུལ་ཐེབས་ཡོད་པ་ངས་ཚིག་ཐག་བཅད་ནས་བཤད་ཐུབ།’’ཟེར།
ངོ་རྒོལ་ལས་འགུལ་འདི་དག་ལས། ང་ཚོས་འུ་ཐུག་ཐབས་ཟད་ཀྱི་སྣང་ཚུལ་གང་ཡང་མཐོང་མི་ཐུབ་ལ། རེ་བ་བོར་བརླག་ཏུ་ཕྱིན་ཡོད་པའང་མཐོང་མི་ཐུབ། རང་སྲེག་དོན་རྐྱེན་འདི་དག་ལས་ང་ཚོས་གང་མཐོང་ཐུབ་པ་ནི། བོད་ནང་གི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་གཞན་དག་ནང་བཞིན། ཡིད་ཆེས་ཀྱིས་ཁེངས་ཤིང་། རེ་བ་ཆེན་པོ་དང་། ཆོད་སེམས་བརྟན་པོ་ཡོད་པ་བཅས་ཡིན། རང་སྲོག་བློས་གཏོང་འདི་དག་གིས་མི་རིགས་ཧྲིལ་བོ་ཞིག་གི་རྨི་ལམ་དང་ཀུན་སྤྱོད་ཀྱི་སྟོབས་ཤུགས་གསལ་མཚོན་བྱེད་ཀྱིན་ཡོད་པ་ལས། གང་འདོད་དམ་སྣང་མེད་ངང་ལས་སླ་བོར་སྣོན་འཕྲི་བྱས་ཆོག་པའི་མི་སྒེར་རེ་ཟུང་གི་ནུས་མེད་བྱ་སྤྱོད་ལྟ་བུ་གང་ཡང་མིན།
‘‘འུ་ཐུག’’ ཅེས་པའི་ཐ་སྙད་འདི་བཀོལ་ཉེས་བྱས་པར་མཚོན་ན། མང་པོ་ཞིག་ལ་ཀུན་སློང་གཞན་མེད་ནའང་། དེས་དཔའ་བོའི་མཛད་རྗེས་ཁག་ལ་ནག་ཐིགས་ཕབ་བཞིན་ཡོད། དེ་དག་ངེས་པར་གསལ་འདོན་བྱེད་འོས་པ་ཡིན། དང་པོ་མིའི་སེམས་ནང་བག་ཆགས་ངན་པ་སྟེ། ཁོང་རྣམ་པའི་རྩ་ཆེའི་ཀུན་སློང་དང་། ཆོད་སེམས། མངོན་འདོད་བཅས་ཀྱི་བརྩི་མཐོང་རྣམས་མངོན་གསལ་ཐོག་ཚད་ཇེ་དམའ་རུ་བཏང་ཡོད། དངོས་ཡོད་ཀྱི་གཞི་རྩ་གང་ཡང་མེད་པའི་སྡུག་བསྔལ་དང་འུ་ཐུག་སྐོར་རྩལ་དུ་བཏོན་ནས་བཤད་བཞིན་པ་དེས། མིའི་སེམས་ནང་དཔའ་བོ་གང་ཞིག་གི་མཛད་སྤྱོད་དེ། འུ་ཐུག་ནས་གཡོལ་ཐབས་བཙལ་བའི་བྱ་སྤྱོད་ཅིག་གམ། ཡང་ན་དེ་ལས་ཀྱང་ཐབས་སྐྱོ་བོ་སྟེ། ནུས་མེད་དམ། སྡར་མའི་ངང་ཚུལ་ཞིག་ཡིན་པའི་བག་ཆགས་འཇོག་ངེས་ཡིན། དེས་མང་ཚོགས་ཀྱི་བསམ་བློའི་ནང་གནོད་ཚབས་ཆེ་བའི་མཇུག་འབྲས་བསྐྲུན་ཡོད། རྒྱ་ནག་གཞུང་གིས་ཀྱང་རང་སྲེག་བྱེད་མཁན་ཚོའི་བརྩི་མཐོང་ཇེ་དམའ་རུ་གཏོང་དགོས་པ་གསལ་བོ་ཤེས་ཀྱི་ཡོད། མ་ཟད། སྤྲུལ་སྐུ་བསོད་བྷོས་གསང་བའི་མཛའ་འབྲེལ་གྱི་དབང་གིས་རང་སྲོག་བཅད་ཚུལ་གྱི་དཀྲོག་གཏམ་ཡང་སྤེལ་ཡོད། འོན་ཀྱང་། རྒྱ་ནག་གཞུང་གི་ཉེས་འཛུགས་དེ་རིགས་ལེགས་གྲུབ་བྱུང་མེད། ལྷག་པར་དུ། ཐ་སྙད་བཀོལ་ཉེས་བྱས་པ་དེས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བསྐྱར་ལངས་ཀྱི་བསམ་བློ་ལ་གནོད་པ་བསྐྱལ་ཡོད། ལས་འགུལ་འདི་རིགས་འུ་ཐུག་དང་རེ་མེད་ཀྱི་ངོ་རྒོལ་ཞིག་ཏུ་བལྟས་པ་དེས། ང་ཚོས་མི་མངོན་པའི་གསར་བརྗེའི་རེ་མྱུག་དག་ཟུར་ནས་དམར་གསོད་གཏོང་པའི་ཉེན་ཁ་ཞིག་བརྒྱུད་བཞིན་པ་དེ་ཡིན། འདི་ནས། ང་ཚོས་མ་མཐར་ཡང་ངྷ་རམ་ས་ལའི་དཔོན་རིགས་ཚོར་ཚོར་ཤུགས་ཅན་གྱི་གནད་དོན་ཞིག་གླེང་ཡོད།
རང་ལུས་མེར་སྲེག་གནང་སྐབས། ཁོང་ཚོའི་སེམས་ནང་ངེས་གཏན་གྱི་དམིགས་ཡུལ་འགའ་ཤས་ཡོད། རང་སྲོག་བློས་གཏོང་གནང་སྟངས་དེས། ཐེངས་གཅིག་རང་བཞིན་གྱི་འུར་ཟིང་ཙམ་བསླང་རྒྱུའི་ཆེད་དུ་མིན་པར། གཞི་རྒྱ་ཆེ་བའི་འགོག་རྒོལ་ལས་འགུལ་གྱི་སྣེ་ཁྲིད་ཆགས་ངེས་ཡིན་པ་ཁོང་ཚོས་གཏན་འཁེལ་ཚར་ཡོད། ཁོང་ཚོའི་དམིགས་ཡུལ་རྒྱལ་སྤྱིའི་དོ་སྣང་འདྲེན་ཆེད་ཡིན་པར་ཡང་ཡང་འགྲེལ་བཤད་རྒྱག་གི་ཡོད་ནའང་། འགྲེལ་བཤད་དེ་རིགས་སྤྱིའི་ཆ་ནས་དེ་ཙམ་གྱི་བདེན་པ་མིན། བོད་ཕྱི་ལོགས་དང་ནང་ལོགས་གང་ཡིན་ཡང་། བོད་མི་ཕལ་ཆེ་བས་དེ་སྔ་ནས་རྒྱལ་སྤྱིས་ཁོ་ཚོའི་མངོན་འདོད་ཆེད་དོན་ཕན་ལྡན་པའི་སྲིད་དོན་གྱི་ཆ་ཤས་ལེན་པར་རེ་བ་རྒྱག་མཚམས་བཞག་ཚར་ཡོད། མ་ཟད། རང་སྲེག་གནང་མཁན་གཅིག་གིས་ཀྱང་ཞལ་ཆེམས་ནང་མཉམ་འབྲེལ་རྒྱལ་ཚོགས་སམ། ཡང་ན་ཕྱི་རྒྱལ་གྱི་སྲིད་གཞུང་གང་ཡང་གླེང་མེད། མངོན་གསལ་དོད་མིན་ལ་མ་བལྟས་པར། ཁོང་ཚོའི་དམིགས་ཡུལ་བོད་མི་རྣམས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ངང་། རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་གདོང་ལེན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། འདི་ལ་ཐེ་ཚོམ་གང་ཡང་མེད། ཚོད་མེད་བརྙས་བཅོས་དེ་དག་གིས་ངོ་རྒོལ་བའི་སྙིང་སྟོབས་རྒྱས་བཅུག་ཅིང་། རང་སྲེག་གི་སྣེ་ཁྲིད་དེས་རྒྱུན་མཐུད་པའི་ལས་འགུལ་འདི་རིགས་མུ་མཐུད་བྱུང་བར་གདེང་ཚོད་བཟུང་ཡོད། སྤྲུལ་སྐུ་བསོད་བྷོའི་རང་སྲེག་རྗེས་མགོ་ལོག་ཁུལ་དང་། བློ་བཟང་འཇམ་དབྱངས་ཀྱི་རང་སྲེག་རྗེས་རྔ་བ་རྫོང་ཐོག་ཏུ་བྱུང་བའི་རང་བཙན་ངོ་རྒོལ་དེ་དག་གིས་གསལ་བོར་མཚོན་ཡོད། ངོ་རྒོལ་ཕྱི་མའི་རྒྱུ་རྐྱེན་གཞན་ཞིག་ནི། ཉེན་རྟོག་པས་མེ་ལྕེ་ཁྲོད་ཀྱི་བློ་བཟང་འཇམ་དབྱངས་ལ་མི་སྤྱོད་ལས་འདས་པའི་ཉེས་རྡུང་བཏང་བར་ཐད་ཀར་འབྲེལ་བ་ཆགས་ཡོད།
རང་སྲེག་གཏོང་མཁན་གྱི་བོད་མི་ཚོའམ། ལྷག་པར་ལས་འབྲས་རྣམ་བཞག་ལ་རྒྱུན་རིང་ཉམས་ལེན་བྱེད་མཁན་གྱི་གྲྭ་བཙུན་ཚོར་མཚོན་ན། ཁོང་ཚོས་རང་གི་བྱ་སྤྱོད་དེས་མཇུག་འབྲས་ངེས་ཅན་ཞིག་འདོན་ཐུབ་པའམ། རིགས་མཐུན་བོད་མི་ཚོའི་ཡིད་སུན་དང་འདོད་བློ་མ་ཁེངས་ས་དག་ཚོར་ཡོད་པར་བློ་དོགས་གང་ཡང་མེད། ཁོང་ཚོས་མོ་ཧྰ་མ་ངྷི་བྷོའ་རྫེ་རྫེ་( Mohamed Bouazizi )ཡི་སྐོར་གོ་ཐོས་བྱུང་ཡོད་ངེས། ཁོའི་རང་སྲེག་གིས་ན་ནིང་ཊོའུ་ནི་ཤི་ཡར་་བྱུང་བའི་གསར་བརྗེ་ལ་སྣེ་ཁྲིད་དང་། གཞི་རྒྱ་ཆེ་བའི་ཨ་རབ་དཔྱིད་དཔལ་གྱི་ལས་འགུལ་ལ་ཤུགས་རྐྱེན་ཐེབས་ཡོད། ( གཅིག་བྱས་ན་ཁོའི་སྐོར་གོ་མེད་ཀྱང་སྲིད། ) འོན་ཀྱང་། ཁོང་ཚོས་རང་གི་བྱ་སྤྱོད་དེ་དག་གིས་ངོ་རྒོལ་ལ་ཧ་ལས་པའི་སྟོབས་ཤུགས་ཤིག་འདྲེན་ཐུབ་པར་གདེང་ཚོད་ཐུབ་ཡོད། རྒྱ་ནག་གཞུང་གིས་བློ་མི་བདེ་སའི་བོད་ཁུལ་གྱི་ས་ཆ་གང་སར་དྲག་ཆས་ཉེན་རྟོག་པ་དང་། ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་འབོར་ཆེན་འགྲེམ་འཇོག་བྱས་ཡོད་པ་ལ་གཅིག་ལྟོས་དང་། པེ་ཅིན་གྱིས་ལས་འགུལ་འདི་དག་གི་དངངས་ཚབས་རང་བཞིན་དེ་ཚོར་མེད་ཅེས་སུས་བཤད་ཐུབ། མ་ཟད་ལས་འགུལ་འདི་རིགས་ཀྱི་འཇིགས་སྣང་ལ་ཚད་ལས་བརྒལ་བའི་དོགས་ཟོན་བྱེད་ཀྱིན་ཡོད། དེས་ན། ངྷ་རམ་ས་ལས་ཅིའི་ཕྱིར་གནས་སྟངས་འདི་བེད་སྤྱོད་གཏོང་གི་མེད་པ་ཡིན།
བཙན་བྱོལ་བོད་གཞུང་གིས་ལམ་དབུ་མ་མཁྲེགས་འཛིན་བྱེད་བཞིན་པ་དེས། རང་སྲེག་འདི་དག་གི་ཤུགས་རྐྱེན་ཁྱབ་ཁོངས་ཀྱི་རྒྱ་ཇེ་ཆུང་དུ་གཏོང་བར་འདང་ངེས་ཀྱི་རྒྱུ་མཚན་ལྡན་ཡོད། ཐོག་མར། ཁ་གཏད་རང་བཞིན་གྱི་ངོ་རྒོལ་འདི་དག་དང་ཞི་མཐུན་ངོ་སྲུང་གི་གཞུང་འབྲེལ་སྲིད་བྱུས་བར་འགལ་ཟླ་ཡོད་ལ། མཐོ་རིམ་དཔོན་རིགས་ཚོས་ཞི་མཐུན་འགྲིག་འཇགས་ནི་འགལ་ཟླ་སེལ་བའི་ཐབས་ལམ་ཉག་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་། དེ་ལས་ཀྱང་གལ་འགང་ཆེ་བ་ནི། རང་སྲེག་བྱེད་མཁན་ཚོའི་ནང་རང་བཙན་འདོད་མཁན་ཡོད་ལ། འགས་ཤས་ཀྱིས་བོད་དེ་‘‘རྒྱལ་ཁབ་’’ཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ‘‘ཚད་མཐོའི་རང་སྐྱོང་’’ལ་རྒྱབ་སྐྱོར་རྦད་དེ་ཉུང་བ་བསྟན་ཡོད།
འདི་ལྟར་བལྟས་ཡོང་སྐབས། བཀའ་བློན་ཁྲི་བ་བློ་བཟང་སེང་གེས་« ཝ་ཤིན་ཊོན་ཕོ་ཉའི་»ཐོག་བོད་པའི་རང་སྲེག་འདི་དག་‘‘འུ་ཐུག་གི་བྱ་སྤྱོད་’’ཅིག་ཡིན་པར་བསྒྲགས་པ་དང་། ཉེ་ཆར་གྱི་བཅར་འདྲི་ཞིག་ནང་། ཁོས་‘‘དགེ་འདུན་པའི་རང་སྲེག་རོགས་རེ་བྲལ་བའི་སེམས་ཚོར་འོག་ཡོང་བར’’བཤད་པ་ནི་ཡ་མཚན་པའི་གནས་ཚུལ་གང་ཡང་མིན་ལ། བཀའ་བློན་ཁྲི་བ་འདིས། དུས་དབང་སྐབས་ཀྱི་བསྔོ་སྨོན་མཆོད་འབུལ་ཐོག་བོད་དོན་ཆེད་རང་ལུས་མེར་སྲེག་གནང་མཁན་ཚོའི་མཚན་གཞུང་བཀླགས་སྐབས། རྒྱུ་མཚན་གསལ་བོ་མེད་པར་བཀྲ་བྷེའི་མིང་ཕྱིར་བཏོན་པའང་ཡ་མཚན་པའི་གནས་ཚུལ་གང་ཡང་མིན། རང ལོ་ ༢༠ སོན་པའི་ཁོང་ ༢༠༠༩ ལོའི་ཟླ་ ༢ བར་བོད་ནང་གི་རང་སྲེག་གནང་མཁན་ཐོག་མ་དེ་ཆགས་ཡོད།
ཡིན་ན་ཡང་། ངྷ་རམ་ས་ལས་རང་སྲེག་གཏོང་མཁན་ཚོའི་དགོས་འདུན་ངོ་མ་ངོས་ལེན་མི་བྱེད་པའམ། རྒྱལ་སྤྱིའི་གསར་ལམ་ཁག་གིས་བོད་མིའི་རང་སྲེག་གི་དོན་དངོས་གནས་སྟངས་མ་སྤེལ་ཀྱང་རུང་། ད་ལྟའི་ཆར་ཁ་ཚ་དགོས་གཏུགས་ནི་དོན་རྐྱེན་འདི་རིགས་ཡང་བསྐྱར་མི་འབྱུང་བ་བྱེད་རྒྱུ་དེ་ཡིན། རང་སྲེག་མཚམས་འཇོག དམིགས་ཡུལ་ངོ་མའི་དགོས་འདུན་ཁག་བསྒྲུབ་རྒྱུ་ལས། དགོན་སྡེ་ཁག་གི་དམ་དྲག་ལྷོད་ཡངས་སུ་བཏང་ནས་དམག་མི་ཕྱིར་འཐེན་བྱེད་བཅུག་པ་ཙམ་ལས་མངོན་གྱུར་ཐུབ་པ་ཞིག་མིན། ལྕགས་ཁྲབ་འཁོར་ལོ་དང་འཕྲུལ་མདའ་ནི་རྒྱ་ནག་གི་གདུག་རྩུབ་མནར་གཅོད་ཁྲོད་མཐོང་ཐུབ་པའི་ཕྱོགས་ངོས་ཙམ་ཡིན། རྒྱ་ནག་ལ་‘‘ཚོད་འཛིན་’’ (ཨ་རིའི་དམིགས་བསལ་བོད་དོན་སྐུ་ཚབ་འབྲེལ་མཐུད་པའི་ཆེད་སྤྱོད་མིང་ཚིག ) དགོས་འདུན་བཏོན་ནས་ས་གནས་བོད་མི་ཚོའི་དཀའ་ངལ་གང་འཚམ་སེལ་ཐུབ་རུང་། དེ་དག་གནས་སྐབས་ཀྱི་གྲུབ་འབྲས་ཙམ་ཡིན། ནམ་ཞིག་ལ། ཡར་ལངས་ངོ་རྒོལ་བསྐྱར་དུ་འབྱུང་ངེས་ཡིན་ཞིང་། དངངས་ཚབས་དང་ཤི་རྨས་ཀྱང་ཚབས་ཆེའི་གནས་རིམ་ཞིག་ཏུ་སླེབས་སྲིད།
ཕྱོགས་གཞན་ནས་བཤད་ན། བསྐྱར་དུ་རྒྱུན་མཐུད་པའི་ལས་འགུལ་འདི་རིགས་ལ་གོ་སྒྲིག་དང་ཁ་གཏད་ཀྱི་རང་བཞིན་ལྡན་ཡོད་ཚེ། བོད་ནང་གི་ཞེན་ཁོག་ཅན་ཚོར་རང་སྲེག་ལས་གཞན་པའི་ལས་འགུལ་རིགས་སྤེལ་བར་སྐུལ་སློང་ཐུབ་ངེས་ཡིན། ༢༠༠༨ ལོ་ནས་བཟུང་། བོད་ནང་གི་བོད་མི་ཚོས་རང་གི་ཆོད་སེམས་དང་སྙིང་སྟོབས་གསལ་བོར་བསྟན་ཡོད། རྒྱ་ནག་གི་བཙན་འཛུལ་ལ་ཁ་གཏད་ཀྱི་འགོག་རྒོལ་ལས་འགུལ་ཁག་ལོ་ངོ་བཞི་བོ་འདིའི་རིང་། རྒྱུན་ཆད་མེད་པར་བྱུང་ཞིང་གཞི་རྒྱ་ཇེ་ཆེ་རུ་སོང་ཡོད་ལ། ༡༩༥༠ ལོ་རབས་ནས་ད་བར་བྱུང་མ་མྱོང་བའི་གནས་ཚད་ཅིག་ཏུ་སླེབས་ཡོད། དེ་སྔ་རྒྱུན་དུ་ལངས་ཕྱོགས་ལ་འཛེམ་དོགས་བྱེད་མཁན་གྱི་ཤེས་ཡོན་ཅན་དང་། སྒྱུ་རྩལ་པ་དག་གིས་ཀྱང་ད་ནི་བློ་ཐག་རྦད་ཆོད་ཀྱིས་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད་ལ། རང་བཙན་འདོད་མཁན་དང་བོད་ཀྱི་རྒྱལ་དར་བསྒྲེངས་མཁན་སྔར་ལས་ཇེ་མང་དུ་ཕྱིན་ཡོད། མཉམ་འབྲེལ་གྱི་ཁ་གཏད་དུ་འགྲེང་པའི་དཔེ་མཚོན་སྟེ་‘‘ལྷག་དཀར་’’ལྟ་བུའི་ལས་འགུལ་རིགས་ཀྱང་བོད་ནང་གི་ས་ཆ་གང་སར་ཇེ་མང་དུ་འགྲོ་བཞིན་ཡོད་ཐོག རྒྱལ་ཁབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་གསར་དུ་འཕེལ་བཞིན་ཡོད། འགོག་རྒོལ་གྱི་ཐབས་ལམ་ཁག་མུ་མཐུད་ནས་གསར་གཏོད་བྱེད་ཀྱིན་ཡོད་ལ། འདོད་བློ་མ་ཁེངས་པའི་ཚོར་ཤུགས་བོད་ས་ཧྲིལ་བོ་ནས་དྲག་ཏུ་འཁོལ་བཞིན་ཡོད། འདི་ལྟའི་གཅིག་འདུས་ཀྱི་འཕེལ་ཕྱོགས་ཤིག་ད་བར་དུ་བྱུང་མྱོང་མེད།
ལས་སླ་བོར་ཤེས་ཐུབ་པ་ཞིག་ནི། གནས་སྟངས་འདིའི་འོག་ནས། གལ་སྲིད་ངྷ་རམ་ས་ལས་ལས་འགུལ་འདི་རིགས་ནང་མཉམ་ཞུགས་དགོས་པའི་གཞུང་འབྲེལ་འབོད་སྐུལ་ཞིག་བྱས་ཚེ། བོད་ནང་ཧ་ལས་པའི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ངེས་པ་དེ་ཡིན། དཔེར་ན། བོད་ས་ཡོངས་ནས་རྒྱ་ནག་དང་མཉམ་འབྲེལ་མི་བྱེད་པའི་རེ་སྐུལ་བྱས་ཚེ། དགའ་བསུ་ཐོབ་པར་ཐེ་ཚོམ་མེད་ལ། གནས་སྟངས་ཀྱིས་འགྲིག་ན། རྒྱ་ནག་གི་དབང་བསྒྱུར་འོག་འཚོ་བའི་བོད་མི་ཕལ་ཆེ་བའི་རྒྱབ་སྐྱོར་ཐོབ་ངེས་ཡིན། དེ་ལས་དོ་སྣང་དགོས་ས་ཞིག་ནི། ཐབས་ལམ་འདིས་བོད་ནང་གི་བོད་མི་ཚོར་བཙན་བྱོལ་བོད་གཞུང་གི་བརྟན་བརླིང་གནས་བབ་ལ་ཡིད་ཆེས་བློ་གཏད་དང་། གསར་དུ་འདེམས་ཐོན་བྱུང་བའི་དབུ་ཁྲིད་ལ་རེ་བཅོལ་དང་རྗེས་འབྲངས་བྱེད་ངེས་པ་དེ་ཡིན། དེ་བས། ངས་འདི་ནས་ཡང་བསྐྱར་ངྷ་རམ་ས་ལའི་དཔོན་རིགས་ཚོས་འཐབ་རྩོད་འདི་ལ་བཟུང་བའི་བློ་དོགས་དེ་གསལ་འདོན་བྱེད་འདོད། གཉིས་སྨན་དབུ་མའི་ལམ། སྲིད་བྱུས་འདིས་རང་སྐྱོང་གཙོ་འདོན་བྱས་པ་གཅིག་བུ་མ་ཡིན་པར། ད་དུང་ལས་འགུལ་མི་སྤེལ་བ་དང་མགོ་བཏགས་བྱས་ཟིན་པ་ཁུངས་སྐྱེལ་བྱས་ཡོད་ལ། སྲིད་བྱུས་འདིས་གནའ་ནས་ད་བར་དུ་བོད་ནང་གི་བོད་མི་ཚོར་ཁ་ཕྱོགས་ལམ་སྟོན་བྱས་མྱོང་མེད། མིག་སྔའི་བཀའ་བློན་ཁྲི་བའི་འབོད་སྐུལ་གསལ་བསྒྲགས་དང་ཁོའི་རྒྱ་ནག་གི་ཡ་ང་སྙིང་རྗེ་མེད་པའི་དམ་དྲག་གི་བློ་ཚབས་ལ་བལྟས་ན། ངྷ་རམ་ས་ལས་གནས་སྐབས་རིང་བོད་ནང་གི་ཆབ་སྲིད་ལས་འགུལ་ཁག་ལ་རྟིང་སྐུལ་བྱེད་འཆར་མེད་པ་མངོན་གསལ་ཡིན།
འོན་ཀྱང་། ངས་ཡིད་ཆེས་གཙང་མ་བྱེད་ཐུབ་པའི་དོན་གནད་ཅིག་ནི། གལ་སྲིད་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་དེ་ཚད་གཞི་གསར་པ་ཞིག་ཏུ་སྤེལ་མ་ཐུབ་ཚེ། རང་སྲེག་ཀྱིས་མཚོན་པའི་ཚབས་ཆེའི་ལས་འགུལ་ཁག་མཚམས་འཇོག་མི་སྲིད་ལ། དེ་སྔའི་གནས་སྟངས་ལ་བསྐྱར་ལོག་བྱེད་རྒྱུ་ད་ལྟ་གདམ་ག་ཞིག་ཏུ་ཆགས་མེད། བོད་མི་ཚོར་ད་ནི་ཁ་ཕྱིར་འཁོར་ནས་ལོག་འགྲོ་སའི་ས་ཆ་གང་ཡང་ལྷག་མེད། འཇིགས་མེད་ཨོ་རྒྱན་གྱིས་མཐའ་སྡོམ་བྱས་པའི་‘‘རྩམ་པའི་གསར་བརྗེ་’’ད་ལྟ་ལམ་དུ་ཆས་བཞིན་པའི་སྒང་ཡིན་ལ། དབྱིན་ཇིའི་གཞས་པ་ཕེ་ཊེར་གྷ་བྷེ་རལ་( Peter Gabriel ) གྱིས་སུ་ཊེ་ཝན་བྷེ་ཀོ་(Steven Biko )ལྷོ་ཨ་ཧྥུ་རི་ཀའི་བཙོན་ཁང་ནང་འདས་རྗེས་བྲིས་པའི་གཞས་ཚིག་ལྟར། ‘‘ཁྱོད་ཀྱིས་ཕུ་བཏབས་ནས་ལྭ་སྒྲོན་གསོད་ཐུབ་རུང་། མེ་དཔུང་ལ་དེ་ལྟར་བྱེད་མི་ཐུབ། གལ་སྲིད་མེ་ལྕེ་མཆེད་ཚར་ཚེ། རླུང་གིས་འབར་ཤུགས་ལ་རམ་འདེགས་བྱེད་ངེས།’’
རང་ལུས་མེར་སྲེག་གཏོང་མཁན་ཚོ་ནི་དོན་དམ་པའི་རང་དབང་འཐབ་རྩོད་པ་ཡིན། ཁོང་ཚོས་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཚད་མཐོའི་ལས་འགུལ་སྤེལ་བའམ། ཡང་ན། ཆེས་བཟོད་ལྷག་དཀའ་བའི་ན་ཟུག་དག་མྱངས་ནས། རང་ཉིད་ཀྱི་རྒྱལ་ཁབ་གཞན་གྱི་བཙན་འཛུལ་དབང་བསྒྱུར་འོག་ནས་འགྲོལ་ཐབས་གནང་ཡོད། མ་མཐར་ཡང་ད་ལྟ་ང་ཚོས་བྱེད་དགོས་པ་ནི། ཁོང་ཚོའི་རང་སྲོག་བློས་གཏོང་གི་དགོས་འདུན་ངོ་མ་དག་གསལ་འདོན་བྱེད་པ་ལས། མིག་རྒྱང་ཐུང་བའི་རང་གི་ལྟ་ཚུལ་འོག ཁོང་ཚོར་མེད་པའི་བསམ་བློ་ཐོལ་བ་བསྣོན་མ་རྒྱག་རྒྱུ་དེ་མིན། རང་སྲེག་གནང་མཁན་གྱི་ཕོ་མོ་སུ་ཡིན་ཡང་། ཁོང་ཚོ་རྒྱ་ནག་གི་དབང་ཤུགས་ཀྱིས་འུ་ལ་ཐུག་བཅུག་ཚར་བའི་མི་མིན་ལ། རྒྱ་ནག་གི་སྟོབས་ཤུགས་ཀྱིས་རེ་བ་བཙན་འཕྲོག་ཟིན་པའི་མིའང་མིན། ཁོང་ཚོས་རང་སྲོག་བློས་གཏོང་དོན་ནི། རང་གི་རྒྱལ་ཁབ་དང་མི་མང་གི་ཁེ་ཕན་ཆེད་དུ་དང་། རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་གཟི་བརྗིད་བསྐྱར་གསོ་ཡོང་བའི་ཆེད་དུ་ཡིན། རྒྱུ་མཚན། ཁོང་ཚོས་བློས་གཏོང་དེས་སྟོབས་ཤུགས་གཞན་ཞིག་འདྲེན་ཐུབ་པ་ཤེས་ཡོད་པས་ཡིན། ནམ་ཞིག་བོད་ལ་རང་དབང་འཐོབ་པའི་རེ་བ་བཅིངས་ཡོད། ཁོང་ཚོ་ནི། རྒྱ་ནག་གི་གདུག་རྩུབ་སྲིད་བྱུས་ལ་མུ་མཐུད་ཁ་གཏད་གཅོག་པར་སྣེ་ཁྲིད་ཀྱི་སྒྲོན་མེ་སྟེ། བོད་མི་ཁྲི་ཕྲག་མང་པོས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ངང་རང་བཙན་བརྩོན་ལེན་བྱེད་པར་སྐུལ་སློང་བཏང་ཡོད། བོད་མིའི་རང་སྲེག་འདི་དག་རྒྱ་ནག་དམར་ཕྱོགས་མཉམ་རྒུད་ཀྱི་མགོ་འཛུགས་རྟགས་མཚན་ཡིན་པར་སྨོན།།
ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༢༨ ཉིན་སྤེལ།
ངོ་སྤྲོད། ཁུར་སི་ཊོ་ཧྥུ . བྷེ་སོ་ཤེ། (Christophe Besuchet) ནི་སྒྱུ་རྩལ་ངེས་སྟོན་པ་དང་ Lungta » དུས་དེབ་ཐོག་མར་འདོན་མཁན་གྱི་གྲས་ཡིན། ཁོང་གིས་སུད་སུའི་TSG ཐེབས་རྩ་དང་མཉམ་འབྲེལ་གྱིས་ལྷ་ས་དང་བོད་ཀྱི་ས་ཁྲ་གང་མང་བྲིས་མྱོང་ཡོད་ལ། ༡༩༩༤ ལོ་ནས་༡༩༩༩ ལོའི་བར། ངྷ་སར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དུ་དེབ་གཞི་ཇུས་འགོད་པ་གནང་མྱོང་ཡོད། ཁོང་ནི་དུས་ཡུན་རིང་བོའི་ནང་བོད་རང་བཙན་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་ལས་འགུལ་བ་དང་། ད་ལྟ་སུད་སུའི་རང་བཙན་མཐུན་ཚོགས་ཀྱི་ཚོགས་གཞོན་བཅས་ཡིན།
སྒྱུར་མཆན། « རྩམ་པའི་གསར་བརྗེ། »ཞེས་པ་དྲ་ངོས་ལ་འཇོག་བདེ་དང་མི་ལ་དོ་སྣང་འདྲེན་ཆེད་བཏགས་པ་ལས། མ་རྩོམ་གྱི་ཁ་བྱང་ « འགོག་རྒོལ་གྱི་སྣེ་ཁྲིད་ལས། འུ་ཐུག་གི་བྱ་སྤྱོད་མིན།» ཞེས་པ་འདི་ཡིན། མ་རྩོམ་མཇུག་ཏུ་དཔྱད་གཞིའི་ཡིག་ཚགས་ཁག་གི་ཡོང་ཁུངས་ ༡༢ ཙམ་བཀོད་འདུག་ནའང་། འདིར་དེ་དག་འདྲེན་པའི་ངལ་བ་བསྟེན་མེད། བོད་འགྱུར་ལ་དག་མིན་ཡོད་ཚེ་འབྲེལ་ཐག་འདིའི་ནང་http://www.rangzen.net/ཡོད་པའི་མ་རྩོམ་ལ་རྩ་འཛིན་བྱེད་དགོས་པ་ཡིན།
རེད་རེད། བཙན་བྱོལ་བོད་མི་དག་གིས་བོད་ནང་གི་བོད་མི་ཚོའི་འབོད་ཚིག་དང་མཐར་ཐུག་གི་རེ་བ་སོགས་གང་ཡིན་མ་ཤེས་བར་རྩོད་པ་ཕྱོགས་གཉིས་སུ་ལྷུང་བསྡད་འདུག ཁ་ཇེ་གསལ་ལ་བཏང་ན། མུ་མཐུད་ནས་མེར་སྲེག་གཏོང་མཁན་ཡོད་ན་རྒྱབ་སྐྱོར་ལས་དགག་བྱ་མེད་ཟེར་མཁན་དང་། མེར་སྲེག་དེ་མཚམས་འཇོག་རོགས། རྒྱབ་སྐྱོར་མེད་པ་མིན་ཡང་ད་མཚམས་འཇོག་རོགས། གང་ཡིན་ཟེར་ན། གྱོང་རེད་མ་གཏོགས་འདི་ལ་འབྲས་བུ་ཞིག་ཐོན་ཁག་པོ་རེད་ཅེས་པ་འདི་གཉིས་རེད། ལྟ་ཚུལ་འདི་གཉིས་ཀའི་ཤུགས་རྐྱེན་གྱིས་བོད་གངས་ཅན་པ་ཡོངས་ཕལ་ཆེར་ཕྱོགས་ཁག་གཉིས་སུ་འཁརིད་ཀྱིན་འདུག དེ་བཞིན་དུ། རྒྱ་རིགས་བོད་དོན་གླེང་མཁན་ཚོས་ཀྱང་གྲུབ་འབྲས་ཐོན་ཁག་པོ་རེད་ཟེར། ཡིན་ཡང་དབྱིན་ཇི་བ་ཚོས་ལས་འགུལ་འདི་མཐར་སྐྱེལ་རྒྱུ་གལ་ཆེ་བར་བཤད། ད་ནི་བོད་པ་དང་བོད་པའི་གྲོགས་པོ་ཚང་མས་བཤད་འདོད་པ་ཐམས་ཅད་བཤད་ཚར་བསྡད་པ་འདྲ་བོ་རེད། རྩོམ་ཡིག་སྟོང་ཕྲག་ཙམ་ལ་ལོངས་ཀྱིན་འདུག བསམ་ཚུལ་དེ་ཚོ་ཡང་སྐོར་དང་བསྐྱར་སྐོར་རེད། ད་ནི་རང་རང་ས་ནས་རང་གི་བསམ་འདུན་དང་མཐུན་པའི་ལས་ཀ་རྩོམ་རྒྱུ་ལས་ཁ་རྩོད་ཚིག་རྩོད་ཀྱི་རིགས་མཚམས་བཞག་ན་འོས་པར་འདོད།
ཐོག་མར་འབྲི་མཁན་དང་སྒྱུར་མཁན་རྣམ་པ་གཉིས་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང། འདིར་འུ་ཐུག་མིན་ཚུལ་གྱི་འགྲེལ་བཤད་འདི་དག་སྐད་ཆ་སྙན་པོ་ཞིག་ཀྱང་འདུག འོན་ཀྱང་འདིར་གསལ་བཤད་དམ་དགག་བྱ་ཞིག་ཡོད་པ་ནི།
“ཁོང་ཚོ་རྒྱ་ནག་གི་དབང་ཤུགས་ཀྱིས་འུ་ལ་ཐུག་བཅུག་ཚར་བའི་མི་མིན་ལ། རྒྱ་ནག་གི་སྟོབས་ཤུགས་ཀྱིས་རེ་བ་བཙན་འཕྲོག་ཟིན་པའི་མིའང་མིན།”ཞེས་པ་འདི་རེད། དེ་ཡང་ཁྱེད་ཀྱིས་འུ་ཐུག་ཅེས་པའི་མིང་འདི་ཡར་འདེད་ཀྱི་འབྱུང་ཁུངས་དེར་ངས་ངོས་ལེན་མི་ཐུབ། རྒྱུ་མཚན་ནི་འུ་ཐུག་པ་ཞེས་པའི་མིང་འདི་ང་ཚོར་གནའ་ནས་ཡོད་པ་ཞིག་ལས་དམངས་གཙོའམ་མང་གཙོ་ལྟར་གསར་དུ་བྱུང་བ་ཞིག་མིན་ལ། ཨ་རོ་ད་ང་འུ་ཐུག་གི་མ་འཇུག་གོ་ཟེར་དུས་དེའི་ནང་ལ་བཟོད་བསྲན་དཀའ་ནས་ངོ་ཡ་བྱེད་པའི་ནང་དོན་ཡང་ཡོད། ཡང་མི་འུ་ཐུག་ན་ཅི་ཡང་བྱེད་སྲིད་ཟེར་བ་འདིས་དཔའ་རྟགས་དང་བླུན་རྟགས། ཡང་ན་མགོ་འདོགས་དང་རྐང་འདྲེན་ཅི་རིགས་བྱེད་སྲིད་པ་བསྟན་ཡོད་ལ་དེ་ལྟར་ཡིན་ངེས་ཀྱང་རེད། ཡང་གཅིག་བཤད་ན། རྒྱ་གཞུང་གིས་བོད་ལ་མི་ལོ་དྲུག་ཅུ་ལྷག་ལ་བཙན་གནོན་དང་མགོ་སྐོར་བཏང་བས་ད་ལྟ་ང་ཚོ་དངོས་གནས་འུ་ཐུག་ནས་ཡར་ལངས་མི་བྱེད་ཀ་མེད་ཅིག་ཀྱང་ཆགས་ཡོད། དེས་ན་ང་ཚོས་ཤོད་ཀྱིན་པའི་འུ་ཐུག་ཅེས་པ་འདིར་སྡུག་གི་མནར་གཅོད་ཡོད་ལ་བཟོད་དཀའི་ཁོང་ཁྲོ་ཡང་འདྲེས་པར་མ་ཟད། སྤོབས་པའི་ངོ་རྒོལ་ཡང་ལྡན་ངེས་པ་སྐུ་གཤེགས་དཔའ་བོ་ཚོའི་ལུས་ངག་ཡིད་གསུམ་གྱི་རྣམ་འགྱུར་གྱིས་གསལ་བཤད་བྱས་ཚར་ཡོད།
ལྷག་པར་དུ་རེ་བ་བཙན་འཕྲོག་བྱས་ཟིན་པའི་མི་ཡང་མིན་ཟེར་བ་འདི་ཡང་ནང་མིའི་མནར་གཅོད་དང་མཐོང་ཆུང་འོག་གི་རང་ཤི་རྒྱག་མཁན་ཚོ་དང་དཔེ་སྦྱར་ན་ཧ་ཅང་མི་འོས་ཏེ། ནང་མིའི་དཀའ་ངལ་བྱུང་ན་ནང་ནས་བྲོས་ཏེ་ནང་མི་གཞན་དང་སྡེབ་ཆོག་པའི་ཐབས་ལམ་ཡོད་ལ་ནང་མིར་ངོ་རྒོལ་བྱས་ན་རྒྱལ་ཁ་ཐོབ་ཐུབ་པའི་རེ་བ་ཡང་ཡོད། སྐུ་གཤེགས་དཔའ་བོ་ཚོས་བོད་ལ་རང་དབང་དགོས་ཞེས་པའི་འབོད་ཚིག་ཁྱབ་ཆེ་བ་འདིས་ཁོང་ཅག་དང་བོད་མི་རིགས་ཀྱི་རང་དབང་འཕྲོག་ཚར་བ་བསྟན་ཡོད་ལ། ལྷག་པར་ཆོས་དད་རང་དབང་དང་རེ་མོས་ལ་བཙན་གནོན་ཐེབས་པ་མཚོན་ཡོད། རང་གི་རྩ་བའི་བླ་མ་ཡིད་བཞིན་ནོར་བུ་ལ་དད་མོས་བྱེད་མི་ཆོག་པ་མ་ཟད་ད་དུང་ངོ་རྒོལ་བྱེད་དགོས་པ་འདི་ཆོས་ལུགས་དད་མོས་ཀྱི་རེ་འདུན་ཡོངས་སུ་འཕྲོགས་པ་མིན་ན་ཅི། དེ་བས་ཁོང་ཅག་གིས་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་ཞེས་པའི་ཁ་གཏད་ཀྱི་འབོད་སྒྲ་འདི་བསམ་བཞིན་ཤུགས་ཀྱིས་བསྒྲགས་པ་རེད།
ཡང་”ཁོང་ཚོ་ནི། རྒྱ་ནག་གི་གདུག་རྩུབ་སྲིད་བྱུས་ལ་མུ་མཐུད་ཁ་གཏད་གཅོག་པར་སྣེ་ཁྲིད་ཀྱི་སྒྲོན་མེ་སྟེ། བོད་མི་ཁྲི་ཕྲག་མང་པོས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ངང་རང་བཙན་བརྩོན་ལེན་བྱེད་པར་སྐུལ་སློང་བཏང་ཡོད།”ཅེས་པ་འདི་ནི་ཁྱེད་ཀྱིས་དེའི་གོང་དེ་རང་ལ། “མ་མཐར་ཡང་ད་ལྟ་ང་ཚོས་བྱེད་དགོས་པ་ནི། ཁོང་ཚོའི་རང་སྲོག་བློས་གཏོང་གི་དགོས་འདུན་ངོ་མ་དག་གསལ་འདོན་བྱེད་པ་ལས། མིག་རྒྱང་ཐུང་བའི་རང་གི་ལྟ་ཚུལ་འོག ཁོང་ཚོར་མེད་པའི་བསམ་བློ་ཐོལ་བ་བསྣོན་མ་རྒྱག་རྒྱུ་དེ་མིན”ཞེས་པ་དང་ནང་འགལ་ཡིན་པར་མཐོང།
མཏར་ཁྱེད་ཀྱིས་བོད་ཀྱི་ཐོབ་ཐང་མཐོ་ཤོས་རང་བཙན་ཆེད་དུ་ཕྱག་རོགས་མང་པོ་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་བཅས།