ཉེ་སྔོན་རྒྱ་གཞུང་གིས་ཨ་སྐྱོང་ཇོ་ནང་དགོན་པའི་ཆོས་ལུགས་བྱེད་སྒོ་ཡོངས་རྫོགས་བཀག་སྡོམ་བྱས་པར་བརྟེན། གྲྭ་བ་རྣམས་དགོན་པའི་ནང་འདུག་བཟོད་མ་ཐུབ་པར་རི་སྒང་ལ་བྲོས་འདུག
ཕྱི་ཟླ་ ༡ ་ཚེས་ ༡༨ ཉིན་ནས་བཟུང་རྒྱ་གཞུང་གིས་ཨ་སྐྱོང་ཇོ་ནང་དགོན་པའི་ནང་ཆོས་ལུགས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་མི་ཆོག་པའི་བཙན་བཀའ་བཏང་སྟེ། ད་བར་དུ་དགོན་པའི་ནང་དུས་མཆོད་སོགས་གཅིག་ཀྱང་འཚོགས་ཐུབ་མེད་པ་མ་ཟད། རྒྱ་གཞུང་གི་དྲག་གནོན་འོག་གྲྭ་བ་རྣམས་དགོན་པའི་ནང་འདུག་བཟོད་མ་ཐུབ་པར་རི་སྒང་ལ་བྲོས་བྱོལ་དུ་ཕེབས་དགོས་བྱུང་ཡོད་འདུག
ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ལོ་ལྟར་བོད་ཟླ་ ༡༢ པའི་ནང་ཨ་སྐྱོང་ཇོ་ནང་དགོན་དུ་ཉིན་ ༩ རིང་ཕུར་པའམ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒོ་ནས་སྒྲུབ་མཆོད་གལ་ཆེན་ཞིག་འཚོགས་སྲོལ་ཡོད་པ་དང་། དེ་ནི་དགོན་པ་དང་ས་གནས་དེ་གའི་དུས་མཆོད་གལ་ཆེ་ཤོས་ཤིག་ཆགས་ཡོད་འདུག དུས་མཆོད་དེ་གྲུབ་རྗེས་བོད་ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་དགུ་གཏོར་འཕངས་ཏེ་ཕུར་བ་ཁྲོ་བཅུའི་གར་དང་། བོད་ཀྱི་ཟློས་གར་ཆེན་པོ་དྲི་མེད་ཀུན་ལྡན་དང་འགྲོ་བ་བཟང་མོ། གླིང་སྒྲུང་རྟ་རྒྱུག་རྒྱལ་འཇོག་དང་། ཧོར་གླིང་གཡུལ་འགྱེད་སོགས་འཁྲབ་སྟོན་བྱེད་སྲོལ་ཡོད་ལ། སྐབས་དེར་ས་གནས་མང་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་བྱེད་ཀྱི་ཡོད་ཀྱང་། ད་ལོ་རྒྱ་གཞུང་གིས་བོད་མི་རྣམས་འདུ་འཛོམས་བྱ་རྒྱུར་བཀག་སྡོམ་ནན་མོས་བྱས་ཏེ་དགོན་པའི་ནང་དུས་མཆོད་རིགས་གཅིག་ཀྱང་འཚོགས་བཅུག་མེད་པ་རེད།
ཕྱི་ལོ་ ༡༩༩༩ ལོར་ཨ་སྐྱོང་ཇོ་ནང་དགོན་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སྐབས། དགོན་པའི་གྲྭ་མང་གིས་ངོས་ལེན་མ་བྱས་པར་རྟེན་ནས་དགོན་པའི་བཤད་སྒྲུབ་གཉིས་ཟླ་གསུམ་ལྷག་ལ་ཆོས་སྒོ་རྒྱག་དགོས་བྱུང་མྱོང་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
དགེ་འདུན་རྣམས་མྱུར་དུ་ཞི་འཇག་ཡོང་བར་ཤོག བསམ་དོན་ཆོས་ཕྱོགས་ཞི་བར་ཤོག བོད་དོན་བདེ་མཐའ་གསལ་བར་ཤོག འཛམ་གླིང་ཞི་བདེ་ཡོང་བར་ཤོག