རྒྱ་གཞུང་གིས་སྨར་ཁམས་ཀྱི་དགོན་སྡེ་ཁག་གི་གྲྭ་བའི་གྲངས་འབོར་ཚོད་འཛིན་དང་དགོན་པའི་ཆོས་ལུགས་བྱེད་སྒོར་དམ་དྲག རྒྱལ་གཅེས་ཆོས་གཅེས་ལས་འགུལ་རྒྱུན་མུར་སྤེལ་བ་བཅས་ལ་བརྟེན་ཏེ། གྲྭ་བ་མང་པོ་དགོན་པ་ནས་ཐོན་པ་དང་སྐྱ་སར་བབས་པ་བཅས་ཀྱིས་ད་ཆར་དགོན་པ་ཁག་རྩ་སྟོང་དུ་འགྲོ་བཞིན་ཡོད་འདུག
འདི་གའི་གསར་འགོད་པས་ཉེ་ཆར་བོད་ནས་གསར་དུ་འབྱོར་ཞིང་ད་ལྟ་བཞུགས་སྒར་དབུས་སྣེ་ལེན་ཁང་དུ་བཞུགས་པའི་ཆབ་མདོ་སྨར་ཁམས་བྲག་དམར་དགོན་པའི་གྲྭ་ནོར་བུ་ལགས་བརྒྱུད་རྒྱུས་ལོན་བྱུང་བ་ལྟར་ན། ཁམས་ཆབ་མདོ་ས་ཁུལ་སྨར་ཁམས་བྲག་དམར་དགོན་པར་མཚོན་ན། དེ་སྔོན་གྲྭ་བ་ ༣༠ ཙམ་ཡོད་ཅིང་དེ་དག་ཁྲོད་རྒྱ་གཞུང་གིས་ངོས་ལེན་ཐོབ་ཐང་ལག་འཁྱེར་སྤྲད་ཡོད་པ་ ༨ ལས་མེད་པ་དང་། དེ་ནི་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སུ་ས་གནས་ཀྱི་དཔོན་རིགས་དང་ཉེན་རྟོག་མི་སྣ་ཡོང་སྟེ། ༸གོང་ས་མཆོག་གི་སྐུ་པར་ཕྱིར་བསྡུ་བྱས་ཤིང་། དེའི་ཚབ་དུ་རྒྱ་ནག་གི་མགོ་ཁྲིད་ཚོའི་པར་འཇོག་དགོས་པའི་བཙན་བཀའ་བཏང་བ་དང་། གྲྭ་བ་མང་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་དཔེ་དེབ་བཀྲམས་ཏེ་གཞུང་གི་ལས་བྱེད་མི་སྣ་ཁག་བགོས་ཀྱིས་ཟླ་རེར་ཐེངས་གསུམ་ཙམ་ལ་ཆབ་སྲིད་སློབ་གསོ་དང་ཁ་བྲལ་ལ་ངོ་རྒོལ་གྱི་བྱ་འགུལ་སྤེལ་བ། ལྷག་པར་དུ་སྔར་འབའ་ཆོས་སྡེ་དགོན་དང་བསླབ་པ་སློབ་གཉེར་གྱི་འབྲེལ་བ་ཡོད་པའི་སྔར་སྲོལ་ལ་བཀག་སྡོམ་བྱས་ཤིང་། གཞུང་གི་ངོས་ལེན་ཡོད་པའི་གྲྭ་བ་ལས་གཞན་པའི་གྲྭ་བ་ཚང་མ་ཕྱིར་འཕུད་བྱས་སྟབས། ད་ལྟའི་ཆར་ས་གནས་གཞན་དུ་བྲོས་བྱོལ་དང་སྐྱ་སར་བབ་པ་སོགས་ཀྱིས་དགོན་སྡེ་སྟོང་ལ་ཉེ་བའི་གནས་སུ་གྱར་ཡོད་འདུག
༢༠༠༥ ལོ་ནས་བཟུང་རྒྱ་གཞུང་གིས་གཞག་རུ་གྲོང་དང་ལྷམ་མདོ་གྲོང་། སྨར་ཁམས་གྲོང་སོགས་སུ་མི་མང་ལ་འདོད་མོས་ཡོད་མེད་ལ་མ་ལྟོས་པར། ས་གནས་མགོ་ཁྲིད་དང་འབྲེལ་བ་ཡོད་པའི་ཁྱིམ་ཚང་ཁག་ལ་རྒྱ་སྐོར་ ༤ རེ་དང་། དེ་མིན་གྱི་ཁྱིམ་ཚང་ཁག་ལ་རྒྱ་སྒོར་ཁྲི་ ༡ རེ་སྤྲད་དེ། དེ་སྔོན་གྱི་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་སྡོད་ཁང་ཡོངས་གཏོར་བཅོམ་བཏང་རྗེས་སྡོད་ཁང་གསར་རྒྱག་བྱས་ཏེ། མི་ཚང་རེ་རེའི་ཁང་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་བྱེད་བཅུག་ཡོད་འདུག
༢༠༠༥ ལོའི་མཇུག་ཙམ་ལ་སྨར་ཁམས་རྫོང་གཙང་ཞོལ་ཞང་རྟ་རི་གྲོང་ཚོའི་གནས་རི་གསེར་དངུལ་གཡས་འཁྱིལ་ཟེར་བའི་རི་འདབས་སུ། རྒྱ་རིགས་ཅཱ་ཀྲོང་ཟེར་བ་ཞིག་གིས་ལས་བཟོ་བ་བརྒྱ་ཕྲག་འགའ་འཁྲིད་ཡོང་སྟེ། མུ་ཟིའི་སྐྱུར་ཁུ་ཞེས་པའི་དུག་རྫས་ཤིག་དབོར་འདྲེན་གྱིས་རི་འདབས་སུ་ཆུ་རྫིང་ ༢༡ ཙམ་བཟོས་ཏེ། བྲག་རྡོ་བཙོ་སྦྱང་གིས་གསེར་དངུལ་ཟངས་ལྕགས་ལས་སྣོན་བྱས་ཡོད་འདུག རྗེས་སུ་ཆར་བ་བབས་ཏེ་ཆུ་རྫིང་དེ་དག་གི་ཁ་ཤོར་ཏེ་རྫས་འགྱུར་གྱི་དུག་ཆུ་རི་འདབས་ཀྱི་རྒྱུག་ཆུར་འདྲེས་ཏེ། རྒྱུག་ཆུའི་ནང་གི་ཉ་རིགས་རྩ་སྟོང་དུ་ཕྱིན་ཡོད་པ་མ་ཟད། ཉེ་འཁོར་གྱི་རི་སྐྱེས་སྲོག་ཆགས་དང་གྲོང་ཚོ་ཁག་གི་ཕྱུགས་ཟོག་སྟོང་ཕྲག་མང་པོ་ཤི་བ་དང་། ས་གནས་མང་ཚོགས་ཚོར་ཡང་ནད་རིགས་སྣ་ཚོགས་བྱུང་སྟེ་སྨན་ཁང་དུ་འགྲོ་དགོས་བྱུང་ཡོད་འདུག
སྐབས་དེར་གྲོང་སྡེ་ཁག་གི་མི་སྣ་སྐོར་ཞིག་གཏེར་ཁུངས་དེའི་མགོ་འཁྲིད་ལ་ཐུག་འཕྲད་ཀྱིས་གཏེར་ཁ་སྔོག་འདོན་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས་ཀྱང་ཉན་འཇོག་མ་བྱས་སྟབས། གྲོང་ཚོ་ཡོངས་ཀྱི་མི་སྣ་འཛོམས་ཏེ་ལོ་གཅིག་ལྷག་རིང་ས་གནས་སྲིད་གཞུང་ནས་བོད་རང་སྐྱོང་ལྗོངས་བར་ངོ་བཅར་གྱིས་སྙན་ཞུ་ཕུལ་ཡང་། གཏེར་ཁ་སྔོག་འདོན་པ་དང་སྲིད་གཞུང་ལག་འབྲེལ་བྱས་ཡོད་སྟབས་གྲུབ་འབྲས་སོན་མེད་པ་དང་། ༢༠༠༩ ལོར་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་སྐབས། ཆབ་མདོ་ས་ཁུལ་ནས་ལས་བྱེད་པ་ ༥༠༠ དང་དམག་མི་ ༥༠༠ ཙམ་འབྱོར་ཏེ “ཆབ་མདོ་ཁུལ་གྱི་ས་ཆ་ཡོངས་རྫོགས་རྒྱལ་ཁབ་ཀྱི་ས་ཡིན་པ་དང་བོད་ཀྱི་ས་གནས་སུ་ལས་ཀ་ཅི་ཞིག་བྱེད་མིན་ང་ཚོ་གུང་ཁྲན་ཏང་གི་ལག་པར་ཡོད” ཅེས་སོགས་བཤད་ཡོད་པ་མ་ཟད། རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་པའི་ཉེས་འཛུགས་འོག་བོད་མི་ ༣༠ ལྷག་འཛིན་བཟུང་། གཞན་མང་པོ་ཞིག་ལ་གཅར་རྡུང་བྱས་ཡོད་འདུག སྐབས་དེར་ས་གནས་ཀྱི་གྲྭ་པ་ཁག་ཅིག་རྒྱ་ནག་པེ་ཅིན་ལ་ཞུ་གཏུག་ཏུ་ཕྱིན་ཡོད་ཀྱང་། ཁ་པར་བརྒྱུད་བཀག་འགོག་བྱས་ཡོད་པ་དང་། ལྷ་སར་ཡོད་པའི་སྨར་ཁམས་ཀྱི་ཚོང་བ་ཁག་ཅིག་ཆབ་མདོར་བཙོན་འཇུག་དང་སྨར་ཁམས་ནས་ཞུ་གཏུག་ཏུ་ཕྱིན་པའི་བོད་མི་ཁག་ཅིག་ལྷ་སར་བཙོན་འཇུག་བྱས་འདུག
༢༠༡༠ ལོར་བོད་མི་ཚོས་ཉིན་མཚན་གཉིས་ཀར་གཏེར་ཁ་སྔོག་ཡུལ་དུ་བསྡད་དེ་ངོ་རྒོལ་བྱས་སྐབས། ས་གནས་འབྲེལ་ཡོད་ཚན་པས་གཏེར་ཁ་སྔོག་འདོན་དེ་མི་མང་གི་ཆེད་ཡིན་ཚུལ་དང་། མི་མང་གིས་གཏེར་ཁ་སྔོག་བཅུག་པ་ཡིན་ན། ས་གནས་མི་མང་ལ་ལམ་ཁ་དང་ཟམ་པ་རྒྱག་རྒྱུ། ཆུ་དང་གློག་འཐེན་རྒྱུ་ཡིན་ཚུལ་སོགས་བཤད་ཀྱང་། མི་མང་གིས་མོས་མཐུན་མ་བྱས་པར། གཏེར་ཁ་སྔོག་འདོན་མཚམས་འཇོག་དང་དུག་ཆུའི་རྫིང་བུ་དེ་དག་གཙང་བཟོ་མ་བྱས་ཚེ་མི་མང་བརྒྱ་ཕྲག་མང་པོས་མཉམ་དུ་རང་ཤི་རྒྱག་རྒྱུ་ཡིན་ཞེས་བཤད་སྐབས། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་པདྨ་འཕྲིན་ལས་ཟེར་བ་དེས་ཆུ་རྫིང་དེ་དག་དུག་ཡིན་པར་ངོས་ལེན་མ་བྱས་སྟབས། རྟ་ར་གྲོང་ཚོའི་རང་ལོ་ ༦༠ ཡས་མས་ཡིན་པའི་རྒན་པོ་ཞིག་གིས་ཆུ་རྫིང་ནང་གི་ཆུ་འཐུང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག སྐབས་དེར་གོང་རིམ་ནས་དུག་ཆུ་ཡིན་པ་ངོས་ལེན་དང་གཏེར་ཁ་སྔོག་འདོན་མཚམས་འཇོག་བྱ་རྒྱུའི་ཁས་ལེན་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་དང་ས་གནས་མགོ་ཁྲིད་བར་ཡིག་ཆ་བཟོས་ཏེ་མཚན་རྟགས་བརྒྱབ་ཡོད་ཀྱང་། ཉེ་ཆར་སླར་ཡང་གཏེར་ཁ་སྔོག་འདོན་བྱ་རྒྱུ་ཡིན་པའི་སྐོར་གྱི་སྐད་ཆ་ཞིག་ཡོང་གི་ཡོད་འདུག
སྨར་ཁམས་རྫོང་ནི། བོད་རང་སྐྱོང་ལྗོངས་ཆབ་མདོ་ཁུལ་འོག་ཏུ་ཡོད་ཅིང་། ཉེ་བའི་ལོ་འགའི་རིང་རྒྱ་གཞུང་གིས། སྨར་ཁམས་གཙང་ཞོལ་ཞང་རྟ་རི་གྲོང་ཚོའི་གནས་རི་གསེར་དངུལ་གཡས་འཁྱིལ་གཏེར་ཁུངས་ནས་ཉིན་རེར་རྒྱ་སྒོར་ཁྲི་ ༣༠༠ ཡས་མས་ཀྱི་གཏེར་ཁ་སྔོག་འདོན་དབོར་འདྲེན་བྱས་ཡོད་འདུག
གསར་འགོད་པ། དོན་གོ
མི་མང་གི་ནུས་པ་མཉམ་དུ་སྒྲིལ་ནས་ངོ་རྒོལ་དང་ཁ་འཐད་ལོང་ན།
ཏན་ཏན་ཕན་ཐོག་ཡོང་ངེས་རེད།
མ་གཏོགས་་་་གཞན་ཁག་པོ་ཡིན།