ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཏེ་བོད་མིའི་སྒེར་ལངས་ཐེངས་ང་གསུམ་པའི་ཉིན་ཡུ་རོབ་ལུག་ཛམ་བྷོར་(Luxembourg)རྒྱལ་ཁབ་ཀྱི་རྒྱལ་སའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱལ་གཅེས་ཉེ་ཡངས་ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག རྒྱལ་ཁབ་དེའི་རྒྱལ་སའི་གྲོང་ཁྱེར་དཀྱིལ་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༧༠ ལྷག་མཉམ་ཞུགས་ཐོག་གསུམ་བཅུའི་དུས་དྲན་སྲུང་གཙི་བྱས་ཡོད་འདུག
དུས་དྲན་མཛད་སྒོའི་སྟེང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་བོད་ནང་སྔ་ཕྱིར་རང་ལུས་མེར་བསྲེགས་གཏོང་མཁན་ ༢༦ བྱུང་ཡོད་པ་རྣམས་རེ་རེ་བཞིན་མིང་དང་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་ཞིང་། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་དང་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་དང་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་ཚོགས་གཙོ་གཉིས་ཀྱིས་ཀྱང་རིམ་པ་བཞིན་གཏམ་བཤད་ཐུང་ངུ་རེ་གནང་སྟེ། དེང་སྐབས་རྒྱ་ནག་གི་དྲག་གནོན་འོག་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་དང་། འཛམ་གླིང་ཐོག་གི་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དག་གི་གཞུང་དང་མི་མང་ཚོས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་བཅས་གནང་ཡོད་འདུག