མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅང་ཀྲོན་ཆོན། བོད་རྒྱ་སྤུན་ཟླས་ནམ་ཡང་ཁྱེད་རང་བརྗེད་མི་སྲིད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཆིས་ཅཱ་ཊིན།  (མེལ་བྷོན། )གྱིས་བརྩམས། ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།

 

༡

ལོ་འགའི་སྔོན། དགའ་བསུ་ཆེས་ཆེར་ཐོབ་པའི་ཨོ་སི་ཁའི་རྟགས་མ་ཐོབ་པའི་གློག་བརྙན《རྐུས་ཉན་རྩོད་རྙོག》ནང་གི་མི་སྣ་གཙོ་བོ་ནི་འཇར་མན་ཤར་མའི་གསང་བའི་ལས་ཁུངས་ཀྱི་མིང་ལ་ཝའི་སི་ལའེ་ཟེར་བའི་མྱུལ་མ་ཞིག་རེད། ཁོ་བོས་ཉིན་རྒྱུན་རྒྱལ་གཅེས་འཁྲབ་གཞུང་རྩོམ་པ་པོ་ཏའེ་ལེ་མན་ལ་མྱུལ་ཞིབ་བྱེད་ཀྱིན་ཡོད། མ་བསམ་ས་ནས་མི་དྲི་མི་བྲོ་ཞིང་གདུག་རྩུབ་ཆེ་མདོག་ལྡན་པའི་ཝའི་སི་ལའེ་ཡིས་གསང་བའི་ལས་ཁུངས་ཀྱིས་ཏའེ་ལེ་མན་འཇུ་བཟུང་བྱེད་རྩིས་ཀྱི་གོ་རིམ་ཁྲོད་དུ་འཁྲབ་གཞུང་རྩོམ་པ་པོའི་མི་ཚེ་ལོ་རྒྱུས་ཀྱི་བདེན་པ་དང་ལྷད་མེད་འཚོ་བའི་རང་གཤིས་ཀྱི་འགུག་ཤུགས་ལ་བརྟེན་ནས་ལམ་ནོར་ལྡོག་ཤེས་ཀྱིས་དབང་ཆ་གཅིག་སྡུད་ལམ་ལུགས་ཀྱི་ཚེ་གཡོག་ནས་རང་ཉིད་ཀྱི་མདུན་ལམ་དོར་ནས་ལྐོག་ཏུ་རྩོམ་པ་པོ་ཁོང་མྱུར་སྐྱོབ་ལ་ཞུགས་པའི་མིང་གཞུང་མེད་པའི་དཔའ་བོ་ཞིག་ཏུ་གྱུར་ཡོད།

གློག་བརྙན་ལྟ་མཁན་ལྷན་རྒྱས་ནས་ཝའི་སི་ལའེ་ལགས་གདོན་འདྲེ་ནས་ལྷའི་ཕོ་ཉར་གྱུར་ཞིང་། དམྱལ་ཁམས་ནས་ལྷ་ཡུལ་ལ་གཤེགས་པར་ཚད་མཐོ་བའི་གདེངས་འཇོག་གནང་ཡོད། འདིའི་ཁྲོད་དུ་འཁྲབ་སྟོན་པའི་ཕུལ་བྱུང་གི་འཁྲབ་རྩལ་འདུ་མོད། དུས་ཚོད་གཉིས་ལྷག་གི་དུས་ཡུན་ཁྲོད་ལྟ་མཁན་ལྷན་རྒྱས་བཟོད་བསྲན་དཀའ་བའི་དྲག་རྩུབ་གནས་སྟངས་ཀྱི་གཏིང་རུམ་ནས་སྐད་ཅིག་ཉིད་ལ་སྤྲོ་བའི་ཀློང་དུ་དྲངས་ཤིང་། དགའ་སྐྱིད་གཉིས་འཛོམས་ཀྱི་བག་ཕེབས་པའི་དྲོད་ཁོལ་འོག་ཞུགས་ཐུབ་ཡོད། དོན་ལ་འགྲོ་བ་མིས་མཐོང་འདོད་པ་ནི་མི་གཤིས་ཀྱི་བསྐྱར་ལོག་དང་ཀུན་སྤྱོད་ལ་རྒྱལ་ཁ་ཐོབ་པའི་རྣམ་པ་ཡིན། དེ་བས། ཡུའུ་ཀོ་ལགས་ཀྱིས་གསུངས་པའི“རྩ་དོན་ཡོད་ཚད་ལས་ཀུན་སྤྱོད་རྩ་དོན་མཆོག”ཅེས་པའི་གསལ་འགྲེལ་གྱི་བདེན་དཔང་དུ་གྱུར་ཡོད།

དཔྱད་བརྗོད་ལ་ལས་གློག་བརྙན་མཇུག་བསྡུ་སྟངས་ཀྱི་གོ་སྒྲིག་ནི་རྩོམ་པ་པོའི་ཞེ་འདོད་ལྟར་ཡོང་ཡོིད་ཅིང་། ཁོང་གིས་གློག་བརྙན་འདིར“འོད་སྟོང་འབར་བའི་རྔ་མ་ཞིག་བཏགས”པར་བཤད། དབང་དྲག་ལྡན་པའི་འཇར་མན་ཤར་མའི་གསང་བའི་ལས་ཁུངས་ཀྱི་མགོ་གཙོས“རྩ་བ་ཉིད་ནས་མི་འདི་འདྲ་ཞིག་མེད”ཅེས་བཤད་འདུག  ཕྱོགས་མ་འདྲ་བའི་ལྟ་བ་འདི་དག་ལས་བསྟན་དོན། ཝའི་སི་ལའེ་དངོས་ཡོད་འཚོ་བའི་ཁྲོད་གསོན་ཐབས་མེད་པ་དེ་ཡིན་པས། ཕུགས་བསམ་དང་དངོས་ཡོད་ཀྱི་བར་ཐག་ནི་གནམ་ས་ལྟ་བུ་རེད།

སྟབས་ལེགས་ནས་འཇིག་རྟེན་འདི་གདུག་རྩུབ་ཀྱི་དབང་དུ་གྱུར་ཏེ་མི་རྣམས་གསོན་ཐབས་བྲལ་བའི་དུས་ལ་སླེབས་མེད། འཇིག་རྟེན་འདིར་སྙིང་ཉེ་བའི་ཝའི་སི་ལའེ་བྱོན་མྱོང་ཡོད། གཅིག་བྱས་ན་གྲངས་འབོར་ཉུང་ཉུང་ཞིག་ཡིན་ཤས་ཆེ། འོན་ཀྱང་། གཏན་ནས་བྱོན་མྱོང་མེད་པ་ཞིག་མིན་ལ། ཉུང་མཐར་རྒྱ་ནག་གི་གྲོང་ཁྱེར་ཁྲོན་ཆིན་དང་ང་རང་གི་འཚོ་བའི་ཁྲོད་ནས་བྱུང་མྱོང་། ཁོང་ནི་ངས་བྲིས་པའི《རང་དབང་ལྷ་མོའི་མིག་ཆུ》ཞེས་པའི་ལེའུ་ ༢༣ “ཤོག་ལྷེ་གཅིག་གིས་བཏེགས་པའི་དྲི་བ”ཞེས་པར་གླེང་བའི་མིང་མེད་པའི་མི་དེ་ཡིན་ལ། ཁོང་གིས་རང་ཉིད་ཀྱི་ཉེན་ཁར་མི་འཛེམ་པར་ང་རང་ལ་ཁོང་གི་ཨ་ཅེ་ཡི་གདོང་རིས་ངོ་མ་དེ་ཕྱི་ལ་བརྟོལ་ཡོད། ངས་ཁོང་ལ་ཉེན་རྟོག་མི་སྣས་གདུག་སྦྱོང་བཏང་མི་ཡོང་ངམ་སྙམ་ནས་ད་ལྟའི་བར་དངོས་མིང་ཤི་གསང་རོ་གསང་བྱས་ཡོད།

ད་ལྟ་ལོ་ངོ་ ༣༥ འདས་སོང་། ཁོང་ཧ་ལམ་དགུང་ལོ་ ༨༠ སླེབས་གྲབས་ཡོད། ལོ་ཟླས་མི་ལ་གུ་ཡངས་གཏོང་མི་སྲིད་པས། ང་ཚོ་ཚང་མ་ལོ་ན་གཞོན་གཞོན་ཞིག་མིན་ཞིང་། དུས་ཚོད་ཀྱིས་སྒུག་ཁོམ་སྟེར་གྱི་མི་འདུག མི་འདིའི་དངོས་མིང་བོད་རྒྱའི་མི་རེ་ངོ་རེ་ཡིས་བརྗེད་མི་འོས་པ་ཞིག་ཡིན་ལ། རང་ཉིད་ཀྱིས་ཕམ་ཁ་ཁུར་ནས་བདེན་དོན་ལ་རྒྱབ་སྐྱོར་གནང་བའི་ལོ་རྒྱུས་འཛམ་གླིང་ཧྲིལ་བོར་བསྒྲགས་འོས་པ་ཞིག་ཡིན། ཚང་མས་ཁོང་ལ་ཤེས་སུ་འཇུག་འོས་པ་ནི་ཁོང་གི་ལོ་རྒྱུས་ནི་ཇི་འདྲའི་གཟི་བརྗིད་ལྡན་ཞིང་ཕལ་བ་ལས་འགོང་བ་ཞིག་རེད་ཨང་། ཡང་ཅིག་བཤད་ན། རྒྱ་ནག་ནས་བཟོས་པའི་དཔའ་བོ་ཝའི་སི་ལའེ་ཁོང་གི་སྤོབས་སྟོབས་ཀྱིས་ང་ཚོ་ཚང་མར་འབད་པ་ལྷུར་ལེན་གནང་ཕྱོགས་ཀྱི་ལམ་ཁ་ཞིག་བསྟན་ཡོད། ཁོང་གི་དངོས་མིང་ལ་ཅང་ཀྲོན་ཆོན་དུ་འབོད་ཅིང་།  ཁྲོན་ཆིན་སྤྱི་བདེ་ལས་ཁུངས་ཀྱི་གསང་འབྲེལ་བ་ཅང་ཀྲོན་མའེ་ཡི་ཕ་གཅིག་མ་གཅིག་གི་གཅུང་བོ་རེད།

 

༢

མདུན་གྱི་གཡོན་ནས། ཅང་ཀྲོན་ཆོན། ཅང་ཀྲོན་ཊི། རྒྱབ་ཀྱི་གཡོན་ནས། ཅང་ཞའོ་མའེ། ཅང་ཀྲོན་མའེ།

ཅང་ཀྲོན་མའེ་ལ་གཅུང་བོ་གཉིས་ཡོད་ཅིང་། ཆེ་བ་ནི་ཅང་ཀྲོན་ཊི་དང་ཆུང་བ་ནི་ཅང་ཀྲོན་ཆོན་ཡིན།

ཕྱི་ལོ་ ༡༩༧༥ ལོའི་དཔྱིད་མགོའི་ཉིན་ཞིག་ལ་ཅང་ཀྲོན་ཆོན་ལགས་ངས་ལས་ཀ་ལས་སའི་སྲང་མདོའི་བཟོ་གྲྭར་སླེབས་ནས་ང་རང་བཙལ་ཞིང་། ང་རང་གཅིག་པུར་སྐད་ཆ་བཤད་དགོས་ཟེར། ང་རང་གིས་ཐེ་ཚོམ་ཅུང་ཟོས་རྗེས་དགོངས་པ་ཞུས་ནས་ཁོང་དང་མཉམ་དུ་ཁྲོན་ཆིན་གྲོང་ཁྱེར་གྱི་བཅིངས་འགྲོལ་རྟགས་ཅན་གྱི་མཐའ་ཁོར་ཏུ་དུས་ཚོད་གསུམ་ལྷག་ལ་སྐད་ཆ་བཤད་པ་ཡིན། སྐབས་དེར་ཅང་ཀྲོན་ཆོན་གྱིས་གསུངས་ཚད་ང་རང་ལ་མཚོན་ན་སྒྲུང་གཏམ་ཞིག་དང་གློག་བརྙན་ཞིག་རེད་ལ། དངོས་ཡོད་འཚོ་བ་ལས་བརྒལ་ཞིང་། ངའི་ཤེས་ཚད་དང་བར་ཐག་ཆེས་རིང་བས། ཡིད་ཆེས་དཀའ་བ་ཞིག་རེད།

དཀྱིལ་སྙིང་ཕབ་བཤུས། སང་ཉིན། ང་རང་ཁྲོན་ཆིན་དང་ཁ་གྱེས་རྩིས་ཡིན། མདང་དགོང་ང་རང་ལ་གཉིད་ཁྱོན་ནས་ཡོང་མ་སོང་ལ། བློ་རྩེའང་ཉིས་འགལ་རེད། ཕྱོགས་གཅིག་ནི་རང་ཉིད་ཀྱི་ཨ་ཅེ་རེད་ལ། ཕ་གཅིག་མ་གཅིག་ཡིན་པའི་ཁར། ང་རང་དཀའ་ངལ་ལ་འཕྲད་དུས་རོགས་སྐྱོར་གནང་མྱོང་། ཕྱོགས་གཞན་ཞིག་ནི་རང་ཉིད་ཀྱི་གྲོགས་པོ་བཟང་བོ་རེད་ལ། ང་རང་དང་མཚུངས་པར་བཙོན་ཁང་ནས་ཕྱི་ལ་ཡོང་མཁན་ཞིག་རེད། གལ་ཏེ་ངས་མུ་མཐུད་དུ་རང་ཉིད་ཀྱི་ཨ་ཅེ་གསང་རོགས་བྱས་ནས་ལས་གནས་ངོ་མ་མ་བཤད་པ་ཡིན་ན། སྤྱི་ཚོགས་འདིའི་ནང་ཁྱོད་རང་ལ་བཤད་མཁན་གྱི་མི་གཉིས་པ་ཞིག་ཡོད་མི་སྲིད་པར་ཡིད་ཆེས་ཡོད། མི་སུ་གང་གིས་ཀྱང་ཁྱོད་རང་སྲུང་སྐྱོབ་བྱེད་སླད་ཉེན་ཁར་མཆོངས་མི་སྲིད་ལ། ཁྱོད་རང་མུ་མཐུད་ནས་མགོ་བསྐོར་འོག་ཚུད་དེ་བཙོན་ཁང་ནང་ཐེངས་གཉིས་པར་འགྲོ་རྒྱུ་ལས་ལྷག་མེད། ཅཱ་ཊིན་ལགས། ཁྱོད་རང་གི་ལང་ཚོ་ལོ་བཅུའི་བཙོན་ཁང་གི་འཚོ་བས་ཆུད་ཟོས་བཏང་ཡོད་པས། ངས་དངོས་གནས་ཁྱོད་རང་ཡང་བསྐྱར་བཙོན་ཁང་དུ་ཚུད་དུ་འཇོག་འདུན་བྱུང་མ་སོང་། དེ་བས། ངས་ཁྱོད་རང་བཙལ་རྒྱུ་ཐག་བཅད་པ་ཡིན་ལ། དོན་དངོས་ཆ་ཚང་བཤད་འདོད་པ་དེ་ཡིན།

ངས་ཁྱོད་རང་ལ་བཤད་འདོད་པ་ནི། ཅང་ཀྲོན་མའེ་སྟེ། ངའི་ཨ་ཅེ། ཁྱོད་ཀྱི་གྲོགས་མོ་བཟང་བོ། ཁོ་མོ་ལོ་རབས་ ༥༠ ནས་ཁྲོན་ཆིན་སྤྱི་བདེ་ལས་ཁུངས་ཀྱི་གསང་འབྲེལ་བ་བྱས་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་ཅང་ཀྲོན་མའེ་དང་ཁྲོན་ཆིན་གྱི་སློབ་གྲྭ་ཆེན་མོ་བ་ཚའེ་ཏའོ་ཝེ་གཉིས་འཁྲིག་སྤྱོིད་ལ་ཞུགས་ཀྱིན་པ་དངོས་སུ་འཇུས་རྗེས། ཅང་ཀྲོན་མའེ་ཡིས་རང་མཚང་སྦས་སླད་སྤྱི་བདེ་ལས་ཁུངས་ཀྱི་གསང་འབྲེལ་བ་བྱེད་རྒྱུའི་ལམ་ཁ་གདམ་པ་རེད། ……ཅང་ཀྲོན་མའེ་ཡིས་སློབ་གྲོགས་ཝང་བུན་ཡུན་དང་དགའ་རོགས་ཀྲིན་ཁུག་གཉིས་གོ་མིན་ཏང་གི་གསང་ཉུལ་བ་ཡིན་པ་ཡར་གཏུགས་ཀྱིས་ཁྲོན་ཆིན་ཁྲའོ་ཐེན་སྒོ་ཆེན་ནས་སྲོག་ཐོག་ལ་བཏང་བ་རེད་ལ། ཁོང་གཉིས་ཤི་ཁའང་སུས་ལྐོག་བཙོང་བྱས་པ་ཤེས་མེད། …… ཅང་ཀྲོན་མའེ་ཡིས་ཧོང་ཀོང་གི་སྐྱེས་མ་ཞིག་བཙོན་ཁང་དུ་འཇུག་མྱོང་ལ། ད་དུང་བུ་མོ་སློབ་གྲྭ་ཆེན་མོ་བ་ཞིག་ཀྱང་བཙོན་ཁང་དུ་འཇུག་མྱོང་། དེ་ནི་ཁྱོད་རང་སྟེ། ཆིས་ཅཱ་ཊིན་རེད། ……

 

མདུན་གྱི་གཡོན་ནས། ཅང་ཞའོ་མའེ། ཅང་ཀྲོན་མའེ། ཆིས་ཅཱ་ཊིན།

རྒྱབ་ཀྱི་གཡོན་ནས། ཅང་ཀྲོན་ཆོན། ཅང་ཀྲོན་ཊི།

ཨ་ཅེ་ལགས་ཀྱིས་སྤྱི་བདེ་ལས་ཁུངས་ལ་ལས་ཀ་བྱས་པར་བྱས་རྗེས་ཆེ་བས། ཁོ་མོའི་གཅུང་བོ་གཉིས་སམ། ཀྲོན་ཊི་དང་ང་རང་གཉིས་ལ་སྤྱི་བདེ་ལས་རིགས་སུ་ལས་ཀ་གཉེར་རྒྱུའི་སྐལ་བ་བྱུང་སོང་། ཀྲོན་ཊི་ཐོག་མར་ཁྲོན་ཆིན་དང་དེ་ནས་པེ་ཅིན་རྡོ་སོལ་ལྷན་ཁང་གི་ཉེན་རྟོགས་སྡེ་ཚན་དུ་ལས་གནས་རེག ང་རང་ཁྲོན་ཆིན་ནས་ཉེན་རྟོགས་པ་དང་རྗེས་ལ་མགོ་བའི་གྲས་ཀྱི་ལས་ཀ་རེག་པ་དང་། དེའི་རྗེས་ལ་གཡག་རྔའི་སྤྱི་བདེ་ལས་ཁུངས་ཀྱི་འགོ་གཙོའི་ལས་ཚབ་པ་བྱས། ང་ཚོ་ལོ་ན་གཞོན་ཞིང་ལས་ཀར་ཧུར་ཐག་ཆེ་བས། དཔོན་གཡང་རང་འཁོར་ལྟ་བུ་རེད།

 

ཅང་ཀྲོན་ཆོན་ལགས་ཉེན་རྟོགས་པ་གནང་སྐབས་རྒྱལ་ནང་དུ་ལོག་པའི་རྒྱ་རིགས་སྤུན་ཟླར་བརྫུས་པ།

ཐེངས་འདིར་ང་རང་བཙོན་ཁང་ནས་ཕྱི་ལ་ཐོན་རྗེས།  ཨ་ཅེ་ལགས་ལ་ཁྲོན་ཆིན་དུ་ལྟ་རུ་ཡོང་བ་ཡིན། གཅེན་པོ་ཀྲོན་ཊི་ཡང་ཆེད་དུ་པེ་ཅིན་ནས་ལོ་ ༡༤ ངོ་མ་ཐུག་པའི་གཅུང་བོར་ལྟ་རུ་བསླེབས་སོང་། ང་རང་དང་ཀྲོན་ཊི་གཉིས་ཀྱི་བསམ་ཡིད་ལས་འདས་པ་ཞིག་ལ་སྔར་ཉེས་པ་ཕོག་མཁན་གྱི་བུ་མོ་སློབ་གྲྭ་ཆེན་མོ་བ་དེའང་འདིར་འདུག ཨ་ཅེ་ལགས་ཀྱིས་མུ་མཐུད་དུ་གསང་འབྲེལ་བའི་བྱ་བ་བསྒྲུབས་ཀྱིན་པར་མ་ཟད། དམིགས་འབེན་ཆིས་ཅཱ་ཊིན་ཁྱོད་རང་ལ་གཏད་འདུག་པས། ངེད་སྤུན་གཉིས་ཀྱིས་ཨ་ཅེ་ལགས་ལ་དེ་འདྲ་མ་གནང་རོགས་ཞེས་ཞུ་བ་བྱས་པ་ཡིན། ཡིན་ནའང་། ཨ་ཅེ་ལགས་ཀྱིས་ཁར་ཉན་མ་སོང་བའི་ཁར། ཁོ་མོས་རྒྱལ་ཁབ་ཀྱི་ཆེད་དུ་བྱས་རྗེས་བཞག་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཟི་བརྗིད་ལྡན་པ་བྱ་བ་གཉེར་རྒྱུ་ཡིན་ལ། “མུ་མཐུད་དུ་མིང་མེད་དཔའ་བོ་བྱེད་རྒྱུ་ཡིན་ཟེར། ”

…… 

དོན་ངོ་མར་ཕྱི་ལོ་ ༡༠༧༢ ལོའི་ཟླ་ ༩ ནི་ང་རང་བཙོན་ཁང་ནས་ཕྱི་ལ་ཐོན་པའི་ལོ་གཉིས་པ་ཡིན་ལ། ཅང་ཀྲོན་མའེ་ང་རང་གི་ཁྱིམ་ཚང་དུ་སླེབས་སོང་ལ། ངས་ཁོ་མོ་ནི་འདམ་འབག་དག་ཤུལ་དུ་ལྷག་པའི་གསེར་ལྟ་བུའི་གྲོགས་མོར་བཀུར་བཞིན་པར་མ་ཟད། གྲོགས་མོའི་མཛའ་བརྩེ་ལ་གཅེས་སྲུང་གིས་རང་ཉིད་ནི་ཅང་ཚང་གི་ནང་མི་ཞིག་ལ་ལྟ་བཞིན་ཡོད་པས། ཁོ་མོར་ཅི་ཡང་གསང་སྦས་བྱེད་ཀྱིན་མེད། དེ་ནས་བརྩིས་པའི་ལོ་གཅིག་དང་ཕྱེད་ཀའི་རྗེས་ཀྱི་དེ་རིང་། ཅང་ཀྲོན་ཆོན་ལགས་ཀྱིས་དུས་ཚོད་གསུམ་ལྷག་ལ་གསུངས་པའི་བརྩམས་སྒྲུང་ངམ། གློག་བརྙན་དེས་ང་རང་ཉེན་ཁར་ལྷུང་སྐབས་སྐྱོབ་པ་རེད་ལ། སྲོག་སྐྱོབ་ཀྱི་བཀའ་དྲིན་ཡང་འདུས་ཡོད།

 

༣ 

པར་དང་པོ། ཅང་ཀྲོན་ཊིན་སྤྱི་བདེ་ལས་ཁུངས་ཀྱི་མགོ་གཙོའི་ལས་ཚབ་མ་གནང་བའི་ཡར་སྔོན་དང་། པར་གཉིས་པ། བཙོན་ཁང་ནས་ལོ་ ༡༤  སྡུག་སྦྱོང་མྱོང་མཐར་ཕྱི་ལ་ཐོན་པའི་ཅང་ཀྲོན་ཆོན།

 

ཅང་ཀྲོན་ཆོན་ལགས་ཕྱི་ལོ་ ༡༩༥༨ ལོར་བོད་ལྗོངས་སུ་མངགས་ནས་དྲག་འདུལ་ལ་ཞུགས་ཡོད་ཅིང་། སྐབས་དེར་ཁོང་དགུང་ལོ་ ༢༣ རེད། ཁོང་གིས་ངོ་ལོག་ཇག་པའི་མགོ་བ་གཉིས་ལྐོག་གློད་བྱས་ཡོད་པར་མ་ཟད།  ས་གནས་སུ་ངལ་རྩོལ་སློབ་གསོ་གཏོང་བཞིན་པའི་རུ་ཁག་གཅིག་རང་ཡུལ་ལ་མངགས་པས། ཁོང་ལ་གསར་བརྗེ་ངོ་ལོག་པའི་ཉེས་མིང་འོག་ལོ་ ༡༥ ཁྲིམས་ཆད་ཕོག་ཅིང་། ལོ་གཅིག་སྔ་སྣུར་གྱིས་ལོ་ ༡༤ རིང་བཙོན་ལ་ཚུད་རྗེས་ཕྱི་ལ་ཐོན་པ་རེད། གསར་བརྗེ་ངོ་ལོག་པའི་ཉེས་པས་ཅང་ཀྲོན་ཆོན་ལགས་ཀྱི་གཡག་རྔའི་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་ལས་ཚབ་ཀྱི་མདུན་ལམ་བརླག་ཡོད་པའི་ཁར། དམར་ཤོག་ཚོགས་མི་ཡིན་པའི་ལྕམ་མོས་ཀྱང་སྦྲུམ་མའི་ལུས་པོ་ཁུར་བཞིན་ཁོང་བསྐྱུར་ནས་དམར་ཤོག་ཚོགས་པའི་རྗེས་སུ་འབྲངས་འདུག ཅང་ཀྲོན་ཆོན་གྱིས་རྒྱལ་ཁབ་ཀྱི་གསང་བ་མང་བོ་ཤེས་ཡོད་པས། ཁོང་དང་ཀྲིག་ཨིན་ལེ་ཡི་གལ་གནད་ཆེ་བའི་དྲུང་ཆེ་སོགས་རྒྱ་ནག་དམར་ཤོག་གཞུང་གི་མཐོ་རིམ་དཔོན་རིགས་ཁག་མཉམ་དུ་བཙོན་ཁང་གཅིག་ལ་བཅུག་ཡོད་པས། ཧུའུ་ཧྥུན་ནམ་ཀྲང་ཀོང་ཉིན་འཇུག་སའི་བཙོན་ཁང་དང་ཐག་རིང་བོ་མི་འདུག

ཅང་ཀྲོན་ཆོན་གྱི་ས་བདག་གི་ཞྭ་མོ་གཡོགས་པའི་ཨ་མ་ལགས་ཀྱིས་བུ་མ་མཐོང་བར་ཚེ་ལས་འདས་འདུག་ལ། ཁོང་གི་ལྕམ་མོ་ཟུར་བས་བཙས་པའི་བུ་ཆུང་ཡང་ལོ་གསུམ་མ་ལོན་པར་གྲོངས་འདུག་པས། ཕ་བུ་མཇལ་བའི་གོ་སྐབས་ནམ་ཡང་ལྷག་ཡོད་པ་མ་རེད། དེ་བས། ཅང་ཀྲོན་ཆོན་ལགས་ཁྱིམ་མེད་བདག་མེད་དུ་གྱུར་བས། ཐེངས་འདིར་བཙོན་ཁང་ནས་གློད་རྗེས། ཁྲོན་ཆིན་ལ་ཡོང་ནས་ཨ་ཅེ་ལགས་ལ་སྐྱབས་བཅོལ་གྱི་བསམ་འདུན་བཅིངས་ཡོད་པ་རེད།

མ་བསམ་ས་ནས་ཅང་ཀྲོན་མའེ་ཡིས་ཁྱིམ་ཐོར་ཁ་གཡར་ནས་གདོན་འདྲེ་ཡིས་འཚེ་བ་ཐེབས་པའི་མིའང་གདོན་འདྲེ་དང་མཉམ་རུབ་བྱེད་དགོས་པར་གནོན་ཤུགས་སྤྲད་ནས་མོ་དང་མཚུངས་པར་ཅང་ཀྲོན་ཆོན་ཡང་ཁྲོན་ཆིན་སྤྱི་བདེ་ལས་ཁུངས་ཀྱི་གསང་འབྲེལ་བ་བྱེད་དུ་འཇོག་བསམ་འདུག་ལ། ཅང་ཀྲོན་མའེ་ཡི་བསམ་པར་ཅང་ཀྲོན་ཆོན་ནི་སྤྱི་བདེ་བྱ་བར་ཉམས་མྱོང་ཡོད་པའི་ཁར། སྤྱང་གྲུང་ལྡན་མཁན་ཞིག་ཀྱང་ཡིན་པ་དང་བཙོན་ལ་བསྡད་པ་གང་ཐད་ནས་ཉེས་ཅན་པས་ཡིད་ཆེས་བྱེད་སླ་ལ། ཉམས་མྱོང་ཡང་ཕུན་སུམ་ཚོགས་པ་ཡོད། དེ་ལྟར་དཔལ་འབྱོར་གྱི་ཐད་ནས་རང་མགོ་ཐོན་པ་དང་ཁོ་མོའི་ཁུར་བོར་མི་འགྱུར་བ་དང་ཆབ་སྲིད་ཀྱི་ཐད་ནས་རང་ཉིད་དང་བུ་མོར་བཀྲ་མི་ཤིས་པ་འབྱུང་མི་སྲིད་པས། རྡོ་བ་གཅིག་གིས་བྱ་ཕོ་གཉིས་གསོད་པའི་དཔེ་རུ་འགྱུར་འདུག་ལ། དེ་འདྲའི་དོན་དག་མི་བསྒྲུབ་ཅི་ཞིག་སྒྲུབ་ལྟ་བུར་སྣང་ཡོད་འདུག

ཆབ་སྲིད་དང་དཔལ་འབྱོར་གཉིས་ཐད་ཀྱི་བཟང་རྐྱེན་ནི་ཅང་ཀྲོན་མའེ་ཡི་འདས་པའི་བྱུང་བའང་ཡིན་པས། མ་འོངས་པར་གསང་འབྲེལ་བྱེད་པའི་སྙིང་སྟོབས་ནི་དངུལ་དངོས་ཀྱི་གཞི་རྟེན་ཡང་རེད། ཁོ་མོར་ངལ་སྣང་རྩ་བ་ནས་འབྱུང་གི་མེད་པའི་ཁར། མི་གཞན་ཡང་རང་ཉིད་དང་མཚུངས་པར་བསམ་འདུག

སུ་ཞིག་གིས་བཤད་ཐུབ་བམ། འཇིག་རྟེན་འདིར་དངུལ་དངོས་ཀྱི་རྗེས་སུ་མི་འབྲངས་པར་བདེན་དོན་གཙིགས་སུ་བཀུར་མཁན་གྱི་མིའང་ཡོད་པར་མ་ཟད། མི་དེ་ནི་གཞན་མ་ཡིན་པར་ཁོ་མོའི་མདུན་དུ་ཡོིད་པའི་རང་ཉིད་ཀྱི་གཅུང་བོ་ཅང་ཀྲོན་ཆོན་རེད། ཅང་ཀྲོན་མའེ་ཡིས་གཅུང་བོ་ཁྲིད་ནས་ཁྲོན་ཆིན་སྤྱི་བདེ་ལས་ཁུངས་ཀྱི་མགོ་བའི་རྩར་བཅར་ཞིང་། བསམ་པའི་ནང་དུ་དོན་ཆེན་གྱི་ཕྱེད་ཀ་འགྲུབ་ཤག་གི་ཚོད་རྩིས་བརྒྱབ་འདུག

ཉིན་དེར་ཅང་ཀྲོན་ཆོན་གྱིས་འདས་པའི་དུས་སུ་ཨ་མས་བཟོས་པའི་ལྭ་བ་དེ་གྱོན་ཞིང་། རང་ཉིད་ལ་གསལ་འདེབས་ཀྱིས་ཅིས་ཀྱང་ཨ་མ་བརྗེད་མི་རུང་། དེ་མཚུངས་སུ་སྐར་བརྒྱད་ཅན་གྱི་ཐ་མག་སྒམ་གང་ཨམ་ཕྲག་ནང་བཅུག་ནས་སྤྱི་བདེ་ལས་ཁུངས་ཀྱི་རྒྱས་སྤྲོས་ཆེ་བའི་ཐ་མག་སོགས་ལ་མི་རེག་པའི་དམ་བཅའ་ཡིད་ལ་བཅངས་ཡོད་པས། ཨ་ཅེ་དང་སྤྱི་བདེ་མགོ་བས་འཇམ་དྲག་མཉམ་སྤྱོད་ཀྱི་མདུན་ནས་བླུན་ཉམས་དང་འོན་པའི་བཟོ་ལྟ་བཏོད་ནས་སྤྱི་ཚོགས་ལ་ཁ་གྱེས་ནས་ཡུན་རིང་འགོར་ཡོད་པས། ཇི་ལྟར་བཤད་ཀྱང་ལས་ཀ་དེ་ལས་པའི་ནུས་པ་མེད་ཚུལ་ལབ་སྟེ་དང་ལེན་བྱས་མི་འདུག

དེའི་རྗེས་ནས་ཅང་ཀྲོན་ཆོན་གྱིས་ང་རང་ལ་བཤད་དོན། ཕྱི་ལོ་ ༡༩༥༧ ལོའི་ཡར་སྔོན་ཁོ་རང་གིས་རྒྱ་ནག་དམར་ཤོག་ཚོགས་པར་བརྩི་བཀུར་ཐ་གཅིག་ཏུ་བྱེད་ཀྱིན་པའི་ཁར། གུང་ཁྲན་རིང་ལུགས་ཀྱི་ལས་དོན་ཐད་ལུས་སྲོག་ལོངས་སྤྱོད་འབུལ་ཐུབ་ཀྱི་ཡོད། ཡིན་ནའང་། ༥༧ ལོའི་རྗེས་ནས་རང་ཉིད་མགོ་བསྐོར་འོག་ཚུད་ཟིན་པ་ངོས་ཟིན་སོང་། ཁོས་མུ་མཐུད་དུ་བཤད་དོན། དེ་རིང་གི་ཅང་ཀྲོན་ཆོན་ནི་མི་གཞན་ཞིག་སྟེ། དམར་ཤོག་ཚོགས་པར་ལས་ཀ་རྐང་གཅིག་ལས་མི་སྲིད། འདི་ནི་ཅང་ཀྲོན་ཆོན་བོད་བདེ་འཇགས་གཏོང་དུ་མངགས་ཀྱང“ངོ་ལོག་པ”གློད་ཅིང་ངལ་རྩོལ་བཅོས་བསྒྱུར་རུ་ཁག་གཏོར་དོན་ལ་ཐུག་ཡོད་པ་རེད།  ཡང་ཅིག་བཤད་ན། རང་ཉིད་ཀྱི་ཨ་ཅེ་ཡིན་ཡང་ཁྱིམ་ཐོར་ཁ་གཡར་ནས་བསླུ་བསམ་འཁོར་ཡང་བསྒུལ་ཐུབ་མེད་དོན་ལའང་ཐུག་ཡོད་པ་རེད།

སྤྱི་བདེ་ལས་ཁུངས་ནས་ཕྱིར་ནང་ལ་ལོག་རྗེས། ཨ་ཅེ་དང་གཅུང་བོའི་འགལ་བ་ཛ་དྲག་གི་ཕྱོགས་སུ་འཕེལ་མགོ་བརྩམས་འདུག ཅང་ཀྲོན་ཆོན་ལགས་ཀྱིས་ཅང་ཀྲོན་མའེ་ལ་བརྗེད་མི་རུང་བ་ནི་ཨ་མ་ལགས་ས་བདག་གི་གྲལ་དུ་བཅད་ཅིང་། བཅིངས་འགྲོལ་བྱས་མ་ཐག་ནས་ཞིང་བ་ཚོར་འཐབ་རྩོད་བྱེད་དུ་བཅུག་ནས་སྡོད་བཟོད་མེད་པར་བོད་ནང་དུ་སྦས་སྐུང་བྱེད་དགོས་ཐུག་པ་དང་། དེའི་རྗེས་ཀྱི་རིག་གསར་སྐབས་སུ་ཡིག་ཆེན་ཉལ་ཁྲི་དང་འབྲས་སྒམ་སོགས་ཀྱི་སྟེང་དུ་སྦྱར་ནས་ལོ་ན་བདུན་ཅུ་སོན་པའི་ལོ་ལོན་ཞིག་གཞི་རིམ་དུ་བསྐྱལ་ནས་ཤི་ལམ་ལ་བཅུག་ཡོད་པ་རེད། ཁྱོད་རང་གི་བུ་མོའི་ཨ་ཕ་ལགས་ཀྱང་ཤིན་ཅང་ལ་རྒྱང་འཕུད་བཏང་ནས་ངལ་རྩོལ་བཅོས་བསྒྱུར་བྱེད་ཀྱིན་པ་དང་། ཁྱོད་ཀྱི་གཅུང་བོར་གསར་བརྗེ་ངོ་ལོག་པའི་ཉེས་པ་བཅད་ནས་ལོ་ ༡༤ ཁྲིམས་ལ་སྦྱར་བས་ཁྱིམ་གཞི་སྟོང་ཟིན་པས། ཁྱོད་རང་ནི་གསར་བརྗེ་ངོ་ལོག་པའི་ནང་མི་ཡིན་བཞིན་དུ་གདུག་རྩུབ་དཔུང་ཁག་ལ་རོགས་འདེགས་བྱེད་མི་འོས་པ་ཞིག་རེད། ད་དུང་ཅང་ཀྲོན་ཆོན་གྱིས་ཨ་ཅེ་ནི་བླ་རུལ་བ་རེད་ཅེས་སྡིགས་དམོད་ཀྱང་བྱས་ཤིང་། ཀའོ་ཨེར་ཅི་ཡི་བརྩམས་ཆོས《བླ་རུལ་བ》ཞེས་པ་མདུན་ཅོག་སྟེང་དུ་བཤམས་པར་མ་ཟད། ཁྱོད་རང་གིས་མི་རྩིས་སྤྲོད་ཀྱི་ཟ་མ་ཟ་བཞིན་པས། ཆིས་ཅཱ་ཊིན་ལྟ་བུའི་སློབ་མ་ཞིག་ཀྱང་སྤྱི་བདེ་རྩིས་སྤྲོད་བྱས་ཡོད་ལ། མི་གཤིས་ཟེར་བ་ཞིག་ཁྱོན་ནས་མི་འདུག

དེ་ལྟར་ཅང་ཀྲོན་མའེ་རླུང་དྲག་ཏུ་ལངས་ནས་གཅུང་བོར་ཁྱིམ་ཐོ་ལེན་རོགས་བྱས་ཡོད་པ་མ་རེད། སྐབས་དེར་ཁྱིམ་ཐོ་མེད་ན་གྲོང་ཁྱེར་ནང་དུ་འཚོ་བ་རོལ་ཐབས་མེད་པས། ཅང་ཀྲོན་ཆོན་གྱིས་ལས་ཀ་ལས་ཆོག་གི་མེད་ལ། ལས་ཀ་ལས་མ་ཆོག་ན་འཚོ་རྟེན་ཡོང་ཁུངས་ཆད་པ་རེད། ཡིན་ནའང་། ཨ་ཅེ་དང་ཁྱི་སྤྱང་མཉམ་འབྲེལ་བྱེད་འདུན་རྩ་བ་ནས་མེད་པས། ཁྲོན་ཆིན་དང་ཁ་གྱེས་དགོས་ཐུག་པ་རེད། ཁ་གྱེས་ཁར། ཅང་ཀྲོན་ཆོན་ལ་ངའི་གཅུང་བོས་སྐུད་ལྭ་ཞིག་སྤྲད་པ་དང་། ཅང་གིས་ད་དུང་རྩིས་འདང་ཤིན་ཏུ་ཆེ་བའི་པར་ཆས་ཀྱང་རིན་གོང་ཕྱེད་བཅག་གིས་རྒྱ་སྒོར་ ༡༠༠ བརྗེ་ཡོད་འདུག སྐབས་དེར་ཅང་ཀྲོན་ཆོན་སྤྲང་བོ་རང་དུ་གྱུར་ཡོད་པ་རེད།

རྩོམ་པ་པོ་ཡའོ་ཀོས་གསུངས་དོན། འཇིག་རྟེན་འདིར་མི་ཁག་ཅིག་མུན་ནག་གི་མདུན་དུ་ཕྱི་བསྣུར་བྱེད་ཀྱིན་ཡོད། འདི་ནི་ཅང་ཀྲོན་མའེ་ལྟ་བུར་དམིགས་ཡོད་པ་ཞིག་རེད། ཅང་ཀྲོན་ཆོན་གྱིས་ང་རང་ལ་བཤད་རྒྱུར། ཡུན་ནན་གྱི་ཚ་བའི་ལུང་བར་བྱ་རིགས་ཤིག་ཡོད་ཅིང་། ནམ་རྒྱུན་མོ་ཊའི་མདུན་ངོས་ཀྱི་ཤེལ་སྒོར་བརྡབས་ནས་འཆི་བཞིན་ཡོད་ལ། བྱ་རིགས་དེས་དེ་ནི་ཉི་མར་འཁྲུལ་བས་རེད། དེ་བས། བྱ་རིགས་དེར་ཉི་མའི་བྱ་ཞེས་འབོད། ཅང་ཀྲོན་ཆོན་གྱིས་མཐུད་ནས་གསུངས་དོན། “བྱ་རིགས་ཀྱིས་ཀྱང་འོད་སྣང་སླད་དུ་རང་སྲོག་དོར་ཐུབ་ན། མི་ནི་བཤད་མ་དགོས་པ་ཞིག་རེད། ”ཅང་ཀྲོན་ཆོན་ནི་དངོས་གནས་ཉི་མའི་བྱ་ཞིག་རེད།

 

༤

ཅང་ཀྲོན་ཆོན་ལགས་ཁྲོན་ཆིན་དང་ཁ་གྱེས་རྗེས། ཕྱིར་ཐེངས་གཅིག་ཡོང་མྱོང་ལ། སྐབས་དེར་ངའི་གྲོགས་པོ་ཞིག་གི་ནང་དུ་སྡོད་དུ་བཅུག་པ་ཡིན། གྲོགས་པོ་དེས་བཤད་ན། མཚན་མོར་དེར་ཅང་ཀྲོན་ཆོན་ལ་གཉིད་ཁྱོན་ནས་ཡོང་མ་སོང་། ཞེད་སྣང་གི་ཀློང་དུ་ཚུད་འདུག གྲགས་འགུལ་ཅུང་ཙམ་ཡོད་ན་ལམ་སང་གཡས་ལྟ་གཡོན་ལྟ་བྱེད་ཀྱིན་འདུག

ཐེངས་དེར་ཁ་གྱེས་སྐབས། ཅང་ཀྲོན་ཆོན་གྱིས་ང་རང་ལ་ཁ་བྱང་ཞིག་སྤྲད་འདུག་ལ། སེམས་ལ་བཟུང་རྗེས་མེད་པ་བཟོ་རོགས་ཞེས་བསྐུལ་འདུག དེར་མཚུངས་སུ་ཁྱོད་ཀྱིས་དེང་ཕྱིན་མི་འདི་བརྒྱུད་ནས་ངའི་གནས་ཚུལ་ཤེས་ཐུབ་ཟེར། མི་དེ་ནི་ཁྲོམ་འདུས(རྒྱས་ཁྲིན་ཏུ་འབོད)གྲོང་མཐའ་ན་ཡོད་པའི་ཞིང་བ་ཞིག་རེད།

ལོ་གསུམ་གྱི་རྗེས་ནས་ངས་ཅང་ཀྲོན་ཆོན་ལགས་བརྩད་གཅོད་སླད། ཁྲོམ་འདུས་ལ་སོང་ནས་མི་དེ་བཙལ་བ་ཡིན། ཁོ་བོས་བཤད་ན་ཅང་ཀྲོན་ཆོན་ཡང་བསྐྱར་བཙོན་ལ་ཚུད་ནས་ལོ་ ༥ ཁྲིམས་ཐག་བཅད་འདུག ཞིབ་ཆ་མ་ངེས་ཀྱང་སྐབས་དེར་ཁོང་གིས་སྤྱི་བདེ་ཡི་བྱེད་ཐབས་སྤྱད་ནས་དངུལ་བཙལ་བར་བརྟེན་ནས་ཉེས་དོན་ཁྲིམས་ཆད་ཕོག་པ་ཞིག་རེད། ལོ་ ༥ འདི་ཅང་ཀྲོན་མའེ་ལ་མཚོན་ན་ལག་སྐྱེས་བཟང་བོ་ཞིག་ཅིས་མ་ཡིན། 

ཅང་ཀྲོན་ཆོན་ལགས་ནི་སྤྱང་གྲུང་ཅན་ཞིག་ཡིན་པར་མ་ཟད། དགའ་ཕྱོགས་རྒྱ་ཆེ་ཞིང་། རྩོམ་རིག་ལ་དད་འདུན་ཡོད་མཁན་ཞིག་ཡིན་པས། གང་ཞིག་ནས་རེག་པ་སུས་ཤེས། 《ཐང་རྒྱལ་རབས་ཀྱི་སྙན་ཚིག་སུམ་བརྒྱ་མ》བློ་ལ་བཤར་ཐུབ་ཀྱི་འདུག་ལ། ཁོ་རང་ཁྲོན་ཆིན་དུ་ཡོད་སྐབས། དེའི་ཁྲོད་ཀྱི་སྙན་རྩོམ་ཁག་ཅིག་ཕབ་བཤུས་ཀྱིས་ང་རང་ལ་སྤྲད་མྱོང་། ཡིག་གཟུགས་ཡག་ཅིང་། ད་དུང་ང་རང་ལ་འབོལ་རྩོམ་ཁ་ཤས་ཀྱང་བྲིས་མྱོང་། ཡིད་སྐྱོ་བ་ཞིག་ལ་ང་རང་དེའི་ཐད་ནས་བླུན་པོ་བླུན་ནག་ཅིག་ཡིན་པས། ཁོ་རང་དང་མཉམ་རོལ་བྱེད་ཐབས་མི་འདུག དེའི་མ་ཚད་ཅང་ཀྲོན་ཆོན་འགྱིག་རྩེ་བར་ཤིན་ཏུ་དགའ་ཞིང་། གཉིད་ཁོངས་ནས་ཀྱང་འགྱིག་རྩེ་ནས་རྒྱལ་ཁ་ལེན་ཐུབ་མཁན་ཞིག་ཡིན། ཡིད་ཕམ་པ་ཞིག་ལ་ལོ་ན་ ༢༣ ནས་ཁོང་གི་རང་དབང་ཤོར་ཡོད་པས། མི་ཚེ་ཡི་མདུན་ལྗོངས་རྒྱ་བསྐྱེད་ཐུབ་མེད་ལ། ལྷན་སྐྱེས་ཀྱི་ཤེས་རབ་ཀྱང་ཆུད་ཟོས་སུ་ལྷག་སོང་།

༡༩༨༤ ལོར་ཅང་ཀྲོན་ཆོན་བཙོན་ཁང་ནས་ཐེངས་གཉིས་པ་ཕྱི་ལ་གློད་འདུག སྤྱི་བདེ་ལས་བྱེད་ཡིན་པའི་གྲོགས་པོ་རྙིང་བ་ཞིག་གིས་རོགས་བསྐྱོར་འོག་ཅང་ཀྲོན་ཆོན་གྱིས་རྫས་འགྱུར་རིག་པ་དང་ཆང་བསྙལ་རིག་པར་རང་སྦྱོང་བྱས་པས། མ་འགྱངས་པར་ཅང་ཀྲོན་ཆོན་ལ་སྐད་གྲགས་ཆགས་ཡོད་པར་མ་ཟད། ལག་རྩལ་ལ་རྒྱལ་ཁབ་རིམ་པའི་གསེར་གྱི་རྟགས་མའང་ཐོབ་པས། ཝོའུ་ཧན་གྲོང་ཁྱེར་གྱི་ཆང་གི་བཟོ་གྲྭ་ཞིག་ཏུ་སྤྱི་ཁྱབ་ལག་རྩལ་པ་གནང་འདུག

གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁར་རྒྱག་ཐུབ།

༡༩༨༥ལོའི་དབྱར་གནང་སྐབས། ངས་བུ་མོ་ཁྲིད་ནས་ཀོང་ཀྲིག་ཏུ་ཡོད་པའི་ཕ་རྒན་གྱི་གྲོགས་པོ་རྙིང་བ་ཞིག་ལ་ལྟ་རུ་ཕྱིན་པ་ཡིན། ཕྱིར་ལོག་སྐབས། ཝོའུ་ཧན་ནས་ཅང་ཀྲོན་ཆོན་ལ་ལྟ་རུ་སོང་བ་ཡིན། ཅང་ཀྲོན་ཆོན་ལགས་ལ་བཙོན་ཁང་གི་འཚོ་བས་ལོ་ ༢༠ ལྷག་ལ་མནར་གཅོད་བཏང་ཡོད་པའི་ཁར། ཨ་ཅེ་ལགས་ཀྱིས་རྒྱང་འཕུད་བཏང་བ་དང་འཁྱམ་ཉུལ་གྱི་འཚོ་བར་ཞུགས་ཡོད། མ་གཞི་ལོ་ན་ ༢༣ སྐབས་བཙོན་ལ་ཚུད་པའི་ལང་ཚོའི་གཟི་དཔལ་འབར་བའི་ཕོ་རྒོད་འདི་རྒྱ་ནག་དང་རཱ་ཤི་ཡས་མཉམ་རུབ་ཀྱིས་བཟོས་པའི་གློག་བརྙན《རླུང་ཤར་ཕྱོགས་ནས་གཡུགས་བྱུང》ཟེར་བའི་ནང་གི་མདོ་འཛིན་པ་ཀྲང་ཧའེ་དང་འདྲ་བོ་ཡོད།  ཡིན་ནའང་། སྐབས་དེར་ལོ་ན་ ༥༠ བརྒལ་མ་ཐག་ཡིན་མོད་རྒས་ཉམས་ཤར་འདུག་ཅིང་། ཚོར་བས་ཟིན་མི་ཐུབ་པའི་མགོ་འདར་བྱུང་འདུག

ང་རང་གློག་བརྙན་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། རང་ཁྱིམ་དུ་རྒྱ་ཡིག་དང་དབྱིན་ཡིག་ལ་རང་སྦྱོང་བྱེད་འདུན་ཡོད་ནའང་། འཚོ་བས་དབང་གིས་གོ་སྐབས་དེ་འཛིན་ཐུབ་ཀྱི་མི་འདུག ཅང་ཀྲོན་ཆོན་ལགས་ཀྱིས་འཕྲིན་ཡིག་བཏང་ནས“ཁྱོད་རང་ལ་ཕུགས་བསམ་དེ་ཡོད་ན། ངས་རོགས་སྐྱོར་གནང་ཆོག ”དེ་ནི་བསྐྱིན་པ་མི་དགོས་པའི་རོགས་བསྐྱོར་ཡིན་པས། ངས་མི་ཚེ་འདིར་ཅང་ཀྲོན་ཆོན་གྱི་བཀའ་དྲིན་གཞལ་ཐུབ་མེད་པས། ངོས་ལེན་བྱེད་མ་ཕོད།

 

༥

༡༩༨༧ ལོར་ང་རང་ཕྱི་རྒྱལ་ལ་མ་སླེབས་གོང་། གོ་ཐོས་སུ་ཅང་ཀྲོན་ཆོན་དང་དཀར་མཛེས་ནས་ལས་འཁྱུར་ངལ་གསོ་བྱས་པའི་བུད་མེད་ཅིག་གཉེན་སྒྲིག་བྱས་འདུག  ང་རང་ཨོ་སི་ཁྲི་ལི་ཡར་སླེབས་རྗེས། ཅང་ཀྲོན་ཆོན་ལ་འབྲེལ་བ་རྦད་དེ་ཆད་སོང་། ལོ་འདི་དག་རིང་། ངས་ཕྱིར་རྒྱ་ནག་ལ་བསྐྱོད་ཀྱིན་པའི་གྲོགས་པོ་གཉིས་ལ་རེ་བཅོལ་གྱིས་བརྩད་གཅོད་བྱེད་དུ་བཅུག་པ་དང་། ཐོག་མར་ཅང་ཀྲོན་ཊི་བརྙེད་པ་ཡིན་ན། གཅུང་བོ་བརྙེད་བདེ་ཆགས་ཡོད་སྙམ། འོན་ཀྱང་། པེ་ཅིན་རྡོ་སོལ་ལྷན་ཁང་གི་ལས་འཁྱུར་ངལ་གསོ་བའི་མིང་ཐོའི་ཁྲོད་དུ་ཅང་ཀྲོན་ཊི་ཞེས་པའི་མིང་དེ་མི་འདུག གཅིག་བྱས་ན་ཁོ་བོ་གྲོངས་ཟིན་པ་འདྲ། 

སྐབས་འདིར་སླེབས་སྐབས། ཤོག་བྱའི་སྐུད་ཐག་ཆད་སོང་། ཅང་ཀྲོན་ཆོན་ཡ། ཁྱེད་རང་གང་དུ་ཡོད་དམ། ངས་ཚང་མར་རེ་བསྐུལ་ཞུ་ཡག་ནི་ཐབས་བརྒྱ་ཇུས་སྟོང་གིས་ང་ཚོ་ཐུན་མོང་གི་གྲོགས་པོ་ཅང་ཀྲོན་ཆོན་ལགས་བརྙེད་ཐབས་གནང་རོགས། 

མི་ཞིག་གི་མི་གཤིས་ཁྲོད་དུ་ཆེས་རླབས་ཆེ་བ་ནི་ཅི་ཞིག་ཡིན་ནམ། 

རང་ཉིད་ཀྱི་ཁེ་དབང་དོར་ནས་གཞན་སྐྱོབ་རྒྱུ་དེ་རེད་ལ། དེ་ལ་གཞན་ལས་རང་ལ་ཁེ་ཕན་སྤུ་ཉག་ཙམ་ཡང་མེད་མོད། དེ་ལྟར་རྒྱུན་སྐྱོང་གིས་མིང་གྲགས་སོགས་སྐྱག་ལུད་བཞིན་དོར་ཐུབ་མཁན་ཞིག་སྟེ། དཀའ་ངལ་ཁྲི་ཕྲག་ལ་མགོ་བོ་མི་བསྒུར་ཞིང་བློ་འགྱོད་མི་བྱེད་ལ། ལྷག་བསམ་དང་དྲང་བདེན་གྱི་བསམ་བློར་འགྱུར་བ་མེད། དེ་ནི་ཅང་ཀྲོན་ཆོན་ལགས་ཡིན།

འཇིག་རྟེན་འདིར་མི་འདི་འདྲ་ཞིག་གིས་ལས་ཀ་འདི་འདྲ་ཞིག་ལས་ཡོད་པས། ང་ཚོ་འཚོ་སྡོད་བྱེད་ཀྱིན་པར་དོན་སྙིང་བསྐྲུན་ཐུབ་ཡོད། དུས་རབས་ཕྱེད་ཀ་ཞིག་འདས་ཟིན་པས། ལོ་ཟླ་བཞུད་སོང་། དུས་ཚོད་འགྱངས་སོང་། ང་ཚོའི་དྲན་ཤེས་མག་མོག་ཏུ་གཏོང་སྲིད་ལ། ང་ཚོའི་སེམས་ཚོར་ལ་གྲང་ཤ་བསྒོ་སྲིད། ང་ཚོས་མི་ལ་ལ་ཞིག་དང་དོན་དག་ཁ་ཤས་ཤིག་བརྗེད་ཆོག ཡིན་ནའང་། ཅང་ཀྲོན་ཆོན་ལགས་རྩ་བ་ཉིད་ནས་བརྗེད་མི་ཆོག རྒྱུ་མཚན་ནི་མི་འདིས་བོད་ལ་ལྷག་བསམ་ཕུལ་ཡོད་ལ། རྒྱ་ནག་ལ་མིག་དཔེ་བསྐྲུན་ཡོད།

དུས་རབས་ཕྱེད་ཀའི་ཡར་སྔོན། ཅང་ཀྲོན་ཆོན་ལགས་ཀྱིས་ལྐོག་གློད་གནང་བའི་ཇག་པའི་མགོ་གཙོ་ཟེར་བ་དང་། ངལ་རྩོལ་བཅོས་བསྒྱུར་ར་བ་ནས་ཁྱིམ་ལ་ལོག་པའམ། ཕྱི་ལ་བྲོས་པའི་བོད་མི་དང་རྒྱ་མི། ཡང་ན། རྒྱ་མི་དང་བོད་མི། ཕོའམ་མོ། ལོ་ན་རྒས་ཟིན་པའམ། གྲོངས་ཟིན་པ། སུ་ཞིག་ཡིན་ནའང་བུ་རབས་ཚ་བརྒྱུད་ཡོད་ངེས་པས། དེ་རིང་ངྷ་རམ་སཱ་ལ་ན་ཡོད་པའམ། ཡང་ན་བོད་ནང་ངམ་ཕྱི་རྒྱལ་གང་དུ་ཡོད་ནའང་། གཞན་གྱི་རང་དབང་སླད་དུ་རང་ཉིད་ཀྱི་རང་དབང་གཏོང་ཕོད་ཅིང་། གཞན་འོད་སྣང་གི་འོག་ཏུ་འཚོ་སླད་རང་ཉིད་ཀྱི་མི་ཚེ་གཅིག་མུན་ནག་ལ་བསྟིམས་ཕོད་པའི་ཅང་ཀྲོན་ཆོན་ལགས་ག་དུས་ཀྱང་མ་བརྗེད་རོགས།

ང་ཚོས་ཅང་ཀྲོན་ཆོན་ལགས་ཀྱི་མིང་བྱང་བོད་རྒྱའི་ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་བརྐོ་འོས་ལ། དྲང་བདེན་གྱི་དཔལ་འབར་རྡོ་རིང་མདུན་དུ་བསྒྲོན་འོས། ང་ཚོས་ཅང་ཀྲོན་ཆོན་ལགས་ཀྱི་བོད་རྒྱ་འདྲ་མཉམ་གྱི་བསམ་བློ་དང་ཐུན་མོང་གིས་སྡུག་བསྔལ་གྱི་འབྱུང་ཁུངས་སམ། གཅིག་སྡུད་ལམ་ལུགས་ལ་ངོ་རྒོལ་བྱེད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་འོས་ཤིང་།  ཁྲིམས་བཟོའི་དམངས་གཙོ་མངོན་འགྱུར་ཡོང་བར་ཧུར་ཐག་བྱེད་འོས།

 

བསྒྱུར་མཆན།

 

༡ རྩོམ་ཡིག་འདི་ནི་ཨོ་སི་ཁྲི་ལི་ཡ་དང་ཤར་ཨེ་ཤི་ཡའི་དོན་གཅོད་ལས་ཁུངས་ཀྱིས་གྲོང་ཁྱེར་མེལ་བྷོན་དུ་བསྡུ་བསྐོང་གནང་བའི་བོད་རྒྱའི་རིག་གཞུང་བརྗེས་རེས་ཚོགས་འདུའི་སྐབས་ཀྱི་སྐུ་མགྲོན་གཙོ་བོའི་གཏམ་བཤད་རེད་ལ། ད་ལྟ་རྩོམ་ཡིག་འདི་ཧོང་ཀོང་གི་རྒྱ་ཡིག་དུས་དེབ《སྒོ་དབྱེ》སྟེང་བཏོན་ཡོད་པ་རེད།

 

༢ ཆིས་ཅཱ་ཊིན།  ཨོ་སི་ཁྲི་ལི་ཡར་བཞུགས་པའི་གྲགས་ཆེན་རྒྱ་རིགས་སྐྱེས་མ་རྩོམ་པ་པོ་ཞིག་དང་། སྲིད་དོན་བཙོན་མ་ཟུར་བ་ཞིག་ཡིན།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༠ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 3

  1. རིན་ཆེན་གྲགས་པ། says:
    ལོ་ 14 སྔོན།

    སྐུ་ཞབས་ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར་བ་ཧ་ཅང་ཡག་པོ་འདུག
    མུ་མཐུད་དུ་ཡིན་ད།

    Reply
  2. ཀླུ་སྨྱོན། says:
    ལོ་ 14 སྔོན།

    བཀླགས་ཟིན། སྙན་མོ་ཞེ་དྲགས་བྱུང་། དངོས་སྒྲུང་བཅོས་སྒྲུང་གང་ཞིག་ཡིན་ཡང་དོན་དངོས་དང་ཧ་ཅང་འཚམ།

    Reply
  3. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    སྐུ་ཞབས་གནམ་ལོ་ཡག་གིས་རྩོམ་ཡིག་རིན་ཐང་ཅན་འདི་བོད་སྒྱུར་གནང་བར་ཐུགས་རྗེ་ཆེ་ཞུ། དེ་བཞིན་ཧོང་ཀོང་སྒོ་དབྱེ་དུས་དེབ་སྟེང་བཀོད་པའི་རྩོམ་ཡིག་འདིའི་མ་རྩོམ་དེས་རྒྱ་རིགས་འབུམ་ཕྲག་མང་པོའི་སེམས་ལ་དྲང་བདེན་ཞེས་པའི་ས་བོན་ཞིག་འཇོག་ཐུབ་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese