མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒེར་ངོས་ནས་བདེན་པའི་ཨུ་ཚུཊ་ཐོག་གཅིག་བྱས་ན་ད་དུང་གོ་སྐབས་ཡོད་པ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ ༩ ཉིན་ནས་ཕྱི་ཚེ་ ༡༥ བར། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པ་ཆེ་མཆོག་གིས་ཧྥ་རན་སིར་བོད་ཀྱི་རིས་མེད་སྨོན་ལམ་གྱི་ཚོགས་མགོན་དང་། གྲོས་ཚོགས་གོང་མ་དང་ཕ་རི་སིའི་རྫོང་གྲོང་ ༡༡ ནང་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་བ་སོགས་ཆོས་སྲིད་ཀྱི་མཛད་འཕྲིན་ཁག་ཅིག་བསྐྱངས་ཡོད། འདི་ག་གསར་འགོད་པས་ཕྱི་ཚེས་༡༤ ཉིན་ཆེད་དུ་རིན་པོ་ཆེ་མཆོག་ལ་བོད་ནང་གི་རང་ལུས་མེར་བསྲེགས་དང་། ཀྲུའུ་ཝེ་ཆོན་གྱི་གཏམ་བཤད། ཁོང་གི་མ་འོངས་མཛད་འཆར་བཅས་ཀྱི་ཐད་བཅར་འདྲི་མདོར་བསྡུས་ཤིག་ཞུས་ཡོད། 

བོད་ཀྱི་དུས་བབ།  ཐེངས་འདིའི་ཧྥ་རན་སིའི་ནང་གི་མཛད་འཕྲིན་གཙོ་བོ་གང་དག་ཡིན་ནམ།

ཟམ་གདོང་རིན་པོ་ཆེ།  ད་ཐེངས་འདིར་སུམ་གྱང་རིན་པོ་ཆེ་དང་ལྕམ་སོ་ཧྥེ་ཡ་གཉིས་ཀྱིས་མགྲོན་འབོད་གནང་པ་རེད། ལོ་གཅིག་ལྷག་གི་སྔོན་ནས་སུམ་གྱང་རིན་པོ་ཆེས་ད་ཚང་ལྷུན་གྲུབ་གླིང་བོད་དགོན་གསར་བཞེངས་ཆེད་ཆ་ས་ཉོས་པ་དང་། འཛུགས་སྐྲུན་མགོ་འཛུགས་གནང་ཡོད་པ་རེད། ཁ་སང་ཕྱི་ཚེས་ ༡༤ ཉིན་དངོས་སུ་སྒོ་འབྱེད་གནང་བ་རེད། ཡོང་དོན་གཅིག་དེ་ཡིན། དོན་དག་གཉིས་པ་འདྲ་བོ་དེ། ལྕམ་སོ་ཧྥེ་ཡ་དང་ཁོང་ཚོ་ཁ་ཤས་ཤིག་གིས་༧སྐྱབས་མགོན་རིན་པོ་ཆེའི་འཇིག་རྟེན་སྤྱིའི་འགན་ལེན་ཞེས་པའི་བསླབ་བྱ་དེ་མང་ཚོགས་ནང་ངོ་སྤྲོད་དང་། ཉམས་ལེན་བྱེད་སྟངས་སྐོར་ལ་ཡིག་ཆ་ཞིག་བཟོ་བཞིན་ཡོད་པ་རེད། ད་ཐེངས་ལྷོ་ཨ་ཧྥུ་རི་ཀ་ནས་ཕེབས་པའི་གྷན་ངྷིའི་ལྟ་གྲུབ་ལ་མཁས་པ་ཞིག་དང་། ཨ་རི་ནས་བོད་རིག་པ་བ་སྐུ་ཞབས་རོ་བྷེར་ཐོ་མ། ཧྥ་རན་སི་ནས་ལྕམ་སོ་ཧྥ་ཡ་མོ་རང་། དེའི་སྒང་ལ་ང་རང་བཅས་ང་ཚོས་ཡིག་ཆ་དེའི་མ་ཟིན་ཐུང་ཐུང་ཞིག་འདེབས་རྒྱུ་དེ་ཡིན། མ་ཟིན་དེ་རིང་ཚར་ཐུབ་པ་བྱ་འཆར་ཡོད། ཡོང་དོན་གཙོ་བོ་དེ་གཉིས་ཡིན།

བོད་ཀྱི་དུས་བབ།  རིན་པོ་ཆེ་བཀའ་བློན་ཁྲི་ཟུར་ལ་ཕེབས་ནས་ཟླ་དྲུག་ལྷག་རེད། དེའི་རིང་ལ་ཕྱག་ལས་གཙོ་བོ་ག་རེ་གནང་ཡོད་དམ།

ཟམ་གདོང་རིན་པོ་ཆེ།  དེའི་རིང་ལ་ལས་ཀ་གང་ཡང་བྱས་མེད། ཡར་མར་ལ་འགྲོ་འགྲོ་པ་འདྲ་བོ་རེད། སྔོན་མ་རྒྱ་གར་སྤྱི་ཚོགས་རྒྱ་ཆེན་པོ་དང་དེའི་ནང་འདྲིས་བསྡད་པ་རེད། བཀའ་བློན་ཁྲི་པ་ཡིན་རིང་ལ་ལས་བྲེལ་གྱིས་རྒྱ་གར་གྲོགས་པོ་ཚོ་མཉམ་དུ་རྒྱུན་རིང་པོར་འབྲེལ་འདྲིས་བྱས་ཐུབ་ཡོད་མ་རེད། ན་ནིང་ལས་མཚམས་བཞག་པ་ནས་ངྷ་རམ་ས་ལར་ཡོད་སྐབས་ཀྱི་དུས་ཚོད་ཐུང་ཐུང་དེ་ཚོ་མ་གཏོགས། ཧ་ལམ་ཟླ་བ་རེ་རེ་བཞིན་ཡར་མར་ལ་འགྲོ་བསྡད་པ་འདྲ་བོ་རེད། དམིགས་བསལ་ལས་ཀ་གང་ཡང་བྱས་མེད། 

བོད་ཀྱི་དུས་བབ།  བོད་ནང་མུ་མཐུད་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་དང་འབྱུང་བཞིན་པ་རེད། རིན་པོ་ཆེར་དགོངས་ཚུལ་གང་ཡོད་དམ།

ཟམ་གདོང་རིན་པོ་ཆེ།  སེམས་འཚབ་ཞེ་དྲག་ཡོད། སེམས་འཚབ་ཡོད་དགོས་པའི་རྒྱུ་མཚན་ག་རེ་རེད་ཅེས་ན། ཁོང་རང་ཚོའི་སྙིང་སྟོབས་དང་ཆོད་སེམས་ལ་ཧ་ཅང་གི་རྗེས་སུ་ཡི་རངས་ཞུ་ཡ་རེད། རང་སྲོག་བློས་བཏང་ཟེར་དུས་བློས་གཏོང་ཚང་མའི་ནང་གི་ཆེ་ཤོས་དེ་རེད། ཡིན་ནའང་། དེའི་གྲུབ་འབྲས་གང་འདྲ་ཞིག་ཡོང་གི་རེད། འདིའི་ཐོག་ལ་ང་ཚོར་སེམས་འཚབ་ཞེ་དྲག་ཡོད། རྩ་བའི་བོད་པ་མི་ཉུང་ཉུང་རེད། ཉུང་ཉུང་སྒང་ལ་མི་གཅིག་མེད་པར་ཆགས་ནའང་ཕངས་པོ་ཞེ་དྲག་རེད།

༢༠༡༠ ལོར་ཊི་ནི་ཤེ་ཡའི་ནང་མི་གཅིག་གིས་རང་ལུས་མེར་བསྲེགས་བཏང་བ་རེད། དེ་ལ་བརྟེན་ནས་བྱང་ཨ་ཧྥི་རི་ཀའི་ནང་དང་། དཀྱིལ་ཤར་ཨེ་ཤ་ཡའི་ནང་ལ་ཧ་ལས་པའི་འགྱུར་བ་ཐེབས་པ་རེད། དྲུག་ཅུ་རེ་གྲངས་ནང་ཝེ་ཏི་ནམ་གྱི་དགེ་སློང་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ་རེད། སྐབས་དེར་ཧ་ལམ་འཛམ་བུ་གླིང་འདི་མེར་བསྲེགས་ཐེབས་པ་ལྟ་བུ་བྱུང་བ་རེད། ལོ་བཅོ་བརྒྱད་བཅུ་དགུ་ལྷག་ཕྱིན་པའི་ཝེ་ཏི་མན་གྱི་དམག་འཁྲུག་དེ་མཇུག་སྒྲིལ་བར་མགོ་འཛུགས་ཐུབ་པ་བྱུང་བ་རེད། ད་ལྟ་ང་ཚོ་བོད་པ་མི་ཉི་ཤུ་རྩ་གྲངས་ཤིག་འདི་ལྟར་ཕྱིན་པ་རེད་དེ། ད་དུང་ཡང་གྲུབ་འབྲས་འདི་ཟེར་བ་ཞིག་བྱུང་ཡོད་པ་མ་རེད། གྲུབ་འབྲས་མ་བྱུང་དེ་ཡང་འཛམ་གླིང་སྤྱིའི་གནས་སྟངས་ཀྱི་སྐྱོན་ཞིག་རེད་མ་གཏོགས། མི་སྲོག་ཚང་མ་གཅིག་པ་རེད། དེར་བརྟེན། གྲུབ་འབྲས་ག་རེ་བྱུང་མིན་ལ་ཞེ་དྲག་གི་སེམས་འཚབ་ཡོང་གི་འདུག

ད་ཆ་བོད་པའི་སྤྱི་ཚོགས་ནང་རང་སྲེག་སྐོར་ལ་བསམ་ཚུལ་མང་པོ་བྱུང་བཞིན་པ་རེད། རང་སྲེག་མ་གནང་ན་ཡག་པོ་ཡོད་པའི་བསམ་ཚུལ་དང་། དེ་ག་ནང་བཞིན་རང་སྲེག་མ་གནང་རོགས་ཞེས་གསུངས་ཡོང་གི་ཡོད་པ་རེད། ཡིན་ནའང་། དེ་འདྲ་གསུངས་དུས་སྐབས་ལ་རང་སྲེག་མ་གནང་བར་གཞན་པ་འདི་བྱེད་རོགས་ཞེས་སུ་གང་ལའང་གསུང་རྒྱུ་མི་འདུག དེ་མ་བྱས་པར་འདི་བྱེད་རོགས་ཞེས་བཤད་རྒྱུ་མེད་དུས་སྐབས་ལ། རང་སྲེག་མ་གནང་ཟེར་རྒྱུ་དེ་ཡང་ཁག་པོ་ཞེ་དྲག་རེད། གང་ལྟར། སོ་སོས་སེམས་སྡུག་འདྲ་བྱས་ནས་སྡོད་རྒྱུ་ལས་གཞན་གང་ཡང་མི་འདུག

བོད་ཀྱི་དུས་བབ།  ཀྲུའུ་ཝེ་ཆོན། རིན་པོ་ཆེ་བཀའ་ཁྲི་གནང་རྒྱུན་རིང་བྱུང་བའི་འབྲེལ་མོལ་རིམ་པའི་སྐབས་ཀྱི་རྒྱ་ནག་གི་མི་སྣ་གཙོ་བོ་དེ་རེད། ཁོའི་ཉེ་ཆར་གྱི་གཏམ་བཤད་ཐད་དགོངས་ཚུལ་གང་ཡོད་དམ།

ཟམ་གདོང་རིན་པོ་ཆེ།  དེ་རྒྱ་ནག་སྤྱི་ཡོངས་དང་། ལྷག་པར་གྲངས་ཉུང་མི་རིགས་ལྔ་བཅུ་ལྔ་བཞི་ཡོངས་རྫོགས་ལ་ཧ་ཅང་གི་ཉེན་ཚབས་ཆེ་བའི་གཏམ་བཤད་ཅིག་དང་། རྒྱ་ནག་གི་དབང་འཛིན་པ་ཚོར་ཉེན་ཚབས་ཆེ་བའི་བསམ་ཚུལ་གང་ཡོད་པ་དེ་ཕྱིར་མངོན་ཡོང་བ་ཞིག་རེད་བསམ་གྱི་འདུག ངས་འདི་རྒྱ་ནག་གི་སྲིད་བྱུས་བཟོ་མཁན་མང་པོ་ཞིག་ལ་ཡོད་པའི་བསམ་ཚུལ་ཞིག་ལས། ཀྲུའུ་ཝེ་ཆོན་མི་སྒེར་གཅིག་བུའི་བསམ་ཚུལ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད།

སྐད་ཆ་འདི་དང་པོ་ ༢༠༠༩ ལོར་བྱུང་བ་རེད། ལོ་དེར་ང་ཚོས་ཕར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་སྤྲད་པ་རེད། ཡིག་ཆ་དེ་སྤྲད་ཚར་མ་ཐག་པའི་རྗེས་དེ་ག་རང་ལ་རྒྱ་ནག་གི་ཞིབ་འཇུག་སྡེ་ཚན་ཁང་གི་མཁས་དབང་ཞིག་གིས་མི་རིགས་སྲིད་བྱུས་མེད་པར་བཟོ་དགོས་པ་དང་། རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་གཏོང་དགོས་པའི་སྐོར་གྱི་རྩོམ་ཡིག་རིང་བོ་ཞིག་བྲིས་ནས་བཏོན་པ་རེད། རྩོམ་ཡིག་དེ་བྲིས་པ་ལ་བརྟེན་ནས་ཁོའི་གོ་གནས་ཀྱང་འཕར་ཡོད་པ་རེད། རྩ་བའི་རྩོམ་ཡིག་དེ་ཉམས་ཞིབ་མཁས་དབང་ཞིག་གི་མིང་ཐོག་ནས་བཏོན་ཡོད་ནའང་། དེའི་ནང་དོན་རྒྱ་ནག་གི་དཔོན་རིགས་མང་པོ་ཞིག་གི་བསམ་ཚུལ་དང་མཚུངས་གྱི་ཡོད་པ་རེད། གང་ལྟར། ད་ལྟའི་རྒྱ་ནག་གི་བཅའ་ཁྲིམས་དེ་མུ་མཐུད་ནས་བསྡད་པ་ཡིན་ན། མི་རིགས་ཐོབ་ཐང་རྩོད་མཁན་ཚོའི་ལམ་ཁ་འགོག་མི་ཐུབ་པ་དང་། ག་དུས་ཡིན་ནའང་རྩོད་ཐུབ་པ་ཞིག བརྩད་ཡོང་སྐབས་མིན་ཟེར་ན་རྒྱལ་སྤྱིའི་སྒང་ནས་མ་འགྲིག་པའི་གནས་སྟངས་ཆགས་ཡོང་གི་ཡོད་པ་རེད། དཀའ་ངལ་དེ་འདྲ་ཞིག་གི་འོག་ནས་ཁོ་ཚོར་ཉེན་ཚབས་ཅན་གྱི་བསམ་ཚུལ་དེ་ཡོང་བ་རེད་བསམ་གྱི་འདུག

རྩོམ་ཡིག་དེ་དང་པོ་ཐོན་སྐབས་ང་རང་འཛིན་སྐྱོང་ནང་ལ་ཡོད། སྐབས་དེར་ང་ཚོས་དགག་པ་ཤུགས་ཆེན་པོ་བརྒྱབ་པ་ཡིན། རྒྱ་ནག་རྒྱལ་ཁབ་དེ་མི་རིགས་མཉམ་འདུས་ཀྱི་རྒྱལ་ཁབ་ཅིག་ཡིན་ཟེར་གྱི་ཡོད་པ་རེད། ལོ་རྒྱུས་ལ་ཕྱིར་བལྟས་བྱས་པ་ཡིན་ནའང་། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ནས་རྒྱ་ནག་ལ་མི་རིགས་མཉམ་གནས་ཀྱི་ལོ་རྒྱུས་ཡོད་བསྡད་པ་ཞིག་དང་། ཁོ་ཚོས་ཀྱང་དེ་སྤོབས་པ་ཆེན་པོའི་བཤད་བསྡད་ཡོད་པ་ཞིག ད་ལྟའི་རྒྱ་ནག་དེ་གུང་ཁྲན་རིང་ལུགས་ཡིན་ཟེར་གྱི་ཡོད་པ་རེད། གལ་སྲིད་གུང་ཁྲན་རིང་ལུགས་ལ་ཡིད་ཆེས་བྱེད་ཀྱི་ཡོད་ན། དེའི་གཞུང་ལུགས་ནང་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་རྩ་ཆེན་པོར་བརྩི་ཡི་ཡོད་པ་རེད། མི་རིགས་གཉའ་གནོན་གུང་ཁྲན་རིང་ལུགས་ཀྱིས་འགལ་ཟླ་ཆེན་པོར་བརྩིས་པའམ། ད་ལྟ་ཡིན་ནའང་མི་རིགས་གཉའ་གནོན་དེ་ཡང་དག་པ་མ་ཡིན་པ་ཞིག་ཏུ་བརྩི་བཞིན་ཡོད་པ་རེད། ད་ལྟ་གུང་ཁྲན་རིང་ལུགས་ཀྱི་གཞི་རྩའི་ལྟ་གྲུབ་ཁག་ལ་འགྱུར་བ་བཏང་ནས་མི་རིགས་ཀྱི་ཐོབ་ཐང་མེད་པར་བཟོ་བའི་ལས་འགུལ་རྩོམ་བཞིན་པ་དེ། འཛམ་གླིང་སྤྱིའི་ལུགས་སྲོལ་དང་མི་མཐུན་པ། གུང་ཁྲན་གྱི་རིག་པའི་གཞུང་ལུགས་དང་མི་མཐུན་པ། རྒྱ་ནག་གི་གནས་བབ་རང་བཞིན་དང་མི་མཐུན་པ་སོགས། རིག་པའི་གཞུང་ལུགས་ཀྱི་ཐོག་ནས་གནས་ལུགས་རྒྱུ་མཚན་གང་མང་བཤད་ནས་དགག་རྒྱག་ལན་འདེབས་བྱས་པ་རེད། དེ་རྗེས་ལ་དེ་འདྲའི་རྩོམ་ཡིག་སོགས་གང་ཡང་ཐོན་མ་སོང་།

ད་ལྟ་ཡང་བསྐྱར་ཁོ་ཚོས་དེའི་སྐོར་ཤུགས་ཆེན་པོས་གླེང་ཡོང་གི་ཡོད་པ་རེད། གཅིག་བྱས་ན་འཐུས་མི་ཚོགས་ཆེན་ནང་ལའང་གླེང་སྲིད་པ་རེད། གང་ལྟར། མི་རིགས་ཀྱི་གནས་བབ་ཆ་ཚང་རྡོག་རོལ་རྩིས་མེད་ལ་བཏང་ནས། ཡོངས་རྫོགས་ལུང་ཚན་དང་ལེགས་བྱང་གཅིག་ནང་ཟླ་སྒྲིལ་གཏོང་རྒྱུ་དེ་ཁོ་ཚོའི་དམིགས་ཡུལ་ལྟེ་བ་དེ་རེད་བསམ་གྱི་འདུག ཁོ་ཚོའི་དམིགས་ཡུལ་དེ་ང་ཚོས་ནམ་རྒྱུན་བཤད་བསྡད་ཡོད་པའི་ལེགས་བྱང་རྩ་གཏོར་ཟེར་བ་དེ་རེད། ཁོ་ཚོས་མི་རིགས་ངོས་འཛིན་དེ་ཆིག་སྒྲིལ་གྱི་ཉེན་ཁར་བརྩི་བཞིན་ཡོད་པ་རེད། མི་རིགས་ཀྱི་ལེགས་བྱང་རྩ་གཏོར་མ་བཏང་བར་མི་རིགས་ཀྱི་ངོས་འཛིན་མེད་པར་བཟོ་ཐབས་ཡོང་མི་སྲིད་ལྟ་བུ་རེད། དེར་བརྟེན། ངས་གཏམ་བཤད་དེ་ཉེན་ཚབས་ཅན་གྱི་གཏམ་བཤད་ཅིག་དང་། བོད་པ་གཅིག་བུ་མ་ཡིན་པར། གྲངས་ཉུང་མི་རིགས་ལྔ་བཅུ་ལྔ་བཞི་ཡོངས་རྫོགས་ལ་ཉེན་ཚབས་ཅན་གྱི་གཏམ་བཤད་ཅིག་རེད་ཟེར་གྱི་ཡོད། 

བོད་ཀྱི་དུས་བབ།  ཛ་དྲག་གི་དུས་སྐབས་འདིར། བསྐྱར་དུ་བདེན་པའི་ཨུ་ཚུགས་ཀྱི་ཐབས་ལམ་ལ་ཐུགས་བསམ་བཞེས་ཀྱི་ཡོད་དམ།

 ཟམ་གདོང་རིན་པ་ཆེ། བདེན་པའི་ཨུ་ཚུགས་སྐོར་ལ་ངའི་བསམ་ཚུལ་གང་ཡིན་པ་དེ་ཡིག་ཐོག་ལ་བཀོད་ཡོད་པ་རེད། དེའི་ནང་དོན་ལྟར་སྐད་ཆ་ཡང་མང་པོ་བཤད་ཚར་ཡོད་པ་རེད། དེ་མ་གཏོགས། ད་ལྟ་ང་རང་དངོས་སུ་ལས་འགུལ་ནང་ཞུགས་ནས་མང་ཚོགས་ལ་མགོ་ཁྲིད་པའི་དུས་ཚོད་དེ་ཡོལ་ཚར་བ་རེད། བདེན་པའི་ཨུ་ཚུགས་ནང་ལས་འགུལ་གོ་སྒྲིག་དང་སྐུལ་སློང་ཀྱི་སྐོར་ཡོད་པ་རེད། དེ་བཞིན་གང་ཟག་སྒེར་གྱི་བདེན་པའི་ཨུ་ཚུགས་སོགས་ཀྱང་ཡོད་པ་རེད། དཔེར་ན། ང་རང་སྒེར་གྱི་བདེན་པའི་ཨུ་ཚུགས་ལྟ་བུ་རེད། དེ་འདྲ་ཡིན་དུས་གཅིག་བྱས་ན་ད་དུང་གོ་སྐབས་ཡོད་པ་རེད། དེ་མ་གཏོགས། མང་ཚོགས་ཀྱི་ལས་འགུལ་ལ་མགོ་ཁྲིད་པའི་དུས་ཚོད་དེ་ད་ཡོལ་ཚར་བ་རེད།

བོད་ཀྱི་དུས་བབ།  རིན་པོ་ཆེས་མ་འོངས་པར་མཛད་འཕྲིན་གཙོ་བོ་ག་རེ་གནང་འཆར་ཡོད་དམ།

ཟམ་གདོང་རིན་པོ་ཆེ།  དམིགས་བསལ་འཆར་གཞི་གང་ཡང་མེད། ང་རང་ལ་སྡོད་ཁང་ཞིག་ཡོད་པ་རེད། སྔོན་མ་དེར་བསྡད་ནས་ཉམས་ཞིབ་དང་རྩོམ་བྲིས་གང་ཐུབ་བྱེད་བསམ་པ་ཡིན། ད་ལྟ་ཕོ་བྲང་ཉེ་འགྲམ་ལ་སྤོས་ཡོད་དུས་༧སྐྱབས་མགོན་རིན་པོ་ཆེའི་མདུན་ནས་ཞབས་ཞུ་དང་། སྐུ་སྒེར་ཡིག་ཚང་ལ་ཕྱག་རོགས་ཞུ་དགོས་པ་ག་རེ་ཡོད་ན་ཞབས་ཞུ་དང་ཕྱག་རོགས་ཞུ་རྒྱུ་ལས། དམིགས་བསལ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་དོན་སྒང་ལ་འགྲོ་རྒྱུའི་བསམ་བློ་གང་ཡང་མེད། ཆབ་སྲིད་དང་སྤྱི་ཚོགས་ལས་དོན་ནང་ལོ་མང་པོ་རིང་ཕྱིན་པ་རེད། ད་ལོ་ཡང་གང་འཚམ་སླེབས་ཡོད་དུས་ཁུག་ཁྱོག་ཅིག་ནས་ཁུ་སིམ་པོར་བསྡད་ན་བསམ་གྱི་ཡོད།

བོད་ཀྱི་དུས་བབ།  འདིའི་གོ་དོན། ད་ནས་བཟུང་རིན་པོ་ཆེ་སྲིད་དོན་ལྡིང་ཆ་ནས་རྦད་དེ་ཕྱིར་འབུད་གནང་རྒྱུ་དེ་ཡིན་ནམ།

ཟམ་གདོང་རིན་པོ་ཆེ།  དེ་ག་རང་ཡིན། དེ་གསལ་བོ་ཞེ་དྲག་ཡིན། དེ་ལ་རྒྱུ་མཚན་ཡོད། མི་རབས་བརྗེ་བོ་བརྒྱབ་ནས་འགྲོ་དགོས་ཀྱི་ཡོད་པ་རེད། མི་རབས་གསར་པ་ཚོས་འགན་ལེན་དགོས་ཀྱི་ཡོད་པ་རེད། ག་དུས་ཡིན་ནའང་མི་རབས་རྙིང་བ་ཚོས་བཟུང་བསྡད་པ་ཡིན་ན་གསར་པ་ཚོར་གོ་སྐབས་རག་གི་ཡོད་པ་མ་རེད། མི་རབས་སོ་སོར་བསམ་བློ་གཏོང་སྟངས་མི་འདྲ་བ་རེ་ཡོད་པ་རེད། མི་རབས་སོ་སོར་ལས་ཀ་བྱེད་སྟངས་མི་འདྲ་བ་རེ་ཡོད་པ་རེད། མི་རབས་སོ་སོར་གལ་གནད་ཆེ་ཆུང་རྩི་སྟངས་མི་འདྲ་བ་རེ་ཡོད་པ་རེད། དེར་བརྟེན། དེ་ཚོ་ཚང་མར་གོ་སྐབས་རག་དགོས་ཀྱི་ཡོད་པ་རེད། དམངས་གཙོའི་གོ་དོན་གཙོ་བོ་ཡང་གདམ་ཀ་འདྲ་མིན་གང་ཡོད་པ་དང་། བསམ་ཚུལ་འདྲ་མིན་གང་ཡོད་པ་ཚང་མར་གཅིག་མཚུངས་ཀྱི་གོ་སྐབས་རག་རྒྱུ་དེ་རེད། འོས་བསྡུ་ལྟ་བུ་ལ་ཆ་བཞག་ནའང་། ལོ་བཞི་དང་ལྔ་ལྟ་བུའི་མཚམས་འཛིན་གྱི་ཡོད་པ་རེད། བཀའ་བློན་ཁྲི་པ་ཡིན་ནའང་། ལོ་ལྔ་ཚན་གཉིས་རྗེས་ནས་ཡང་བསྐྱར་ཡོང་ཆོག་གི་ཡོད་པ་མ་རེད། ཁྲིམས་བཟོ་འདི་ཚོའི་རྒྱབ་ལྗོངས་དེ་ལོ་བཞི་ལྔ་རེའི་མཚམས་ནས་འགྱུར་བ་ཞིག་དང་། བརྗེ་བོ་ཞིག་བརྒྱབ་ནས་གསར་གཏོད་ཅིག་བྱུང་ན་བསམ་གྱི་ཡོད་པ་རེད། དེར་བརྟེན། སོ་སོས་ལས་ཀ་བྱས་པའི་རིང་ལ་ཧུར་ཐག་རྦད་ཐག་བྱས། ལས་རྒྱུན་རྫོགས་འགྲོ་དུས་ཚང་མ་གསར་པ་ཚོར་རྩིས་སྤྲོད་དགོས་པ་མ་གཏོགས། མུ་མཐུད་ནས་གསར་རྙིང་བསྲེས་བསྡད་པ་ཡིན་ན་དགོས་པ་གང་ཡང་ཡོད་པ་མ་རེད།

གསར་འགོད་པ། ཟླ་བ་ཚེ་རིང་།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད ༽

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 10

  1. བསྟན་འཛིན་བརྩོན་འགྲུས། says:
    ལོ་ 14 སྔོན།

    ལྷག་བསམ་དང་ཤེས་ཡོན་གྱིས་ཕྱུག་པའི་བཀའ་ཁྲི་ཟུར་པ་མཆོག་གིས་བོད་བསྟན་སྲིད་ཀྱི་ཆེད་དུ་ལོ་མང་རིང་ཕྱག་ལས་གནང་པར་བཀའ་དྲིན་རྗེས་དྲན་ཞུ། ད་ལྟ་ཁོང་གི་ཕྱག་ལས་གཙོ་བོ་གཅིག་གི་མཇུག་སྐྱོང་རྒྱུ་ཡོད་པ་ནི། བོད་ཁྱིམ་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སྲིད་བྱུས་རེད། འདི་ནི་རང་མི་རིགས་ཀྱི་སོན་རྩ་རྣམས་ལ་བོད་མི་རིགས་འདི་འཛམ་གླིང་སྒང་སྐལ་བའི་བར་དུ་གནས་ཐུབ་པར་བྱེད་རྒྱུའི་འགན་གཙང་མ་ཁུར་ཐུབ་པའི་ཆེད་དུ་ཡིན། དེའི་ཆེད་དུ་བོད་ནང་གི་སློབ་མ་ཚོས་འབད་བརྩོན་ག་འདྲ་གནང་གི་ཡོད་མེད་ཉིན་རེ་དང་ལོ་རེའི་གསར་འགྱུར་ནང་ནས་ཤེས། ཡིན་ནའང་བོད་ཁྱིམ་སློབ་གྲྭའི་དགེ་སློབ་ལས་བྱེད་རྣམས་ཀྱིས་འབད་བརྩོན་ག་འདྲ་གནང་གི་ཡོད་དམ། སྔར་ཐོན་པའི་སློབ་མ་རྣམས་བོད་ཡིག་དང་བོད་པའི་རིག་གཞུང་སྒང་ནས་ཞབས་འདྲེན་ཞུ་མཁན་ལས། རང་མགོ་ཐོན་པའི་སློབ་མ་སྲ་ཐག་ཐག་ཅིག་ཉིན་མོའི་སྐར་མ་ཡིན། འདི་ལྟར་བྱས་ནས་ལོ་མང་པོ་སོང་ན་བོད་པའི་མ་འོང་སོན་རྩ་རྣམས་བོད་པའི་རིག་གཞུང་རྩ་གཏོར་གཏོང་མཁན་གྱི་གཤེད་མར་ཆགས་པ་མ་རེད་དམ། དྲ་གྲོགས་ཚོ།

    Reply
  2. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    བོད་ཀྱི་དུས་བབས་གསར་འགོད་པ་སྐུ་ཞབས་ཟླ་བ་ཚེ་རིང་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་དུ་༼སྒེར་ངོས་ནས་བདེན་པའི་ཨུ་ཚུཊ་ཐོག་གཅིག་བྱས་ན་ད་དུང་གོ་སྐབས་ཡོད་པ་རེད།༽ཞེས་བའི་སྐད་ཆ་འདི་འདྲ་ཞིག་འདྲི་བརྩད་བྱེད་ཐབས་བྱུང་བ་ཤིན་ཏུ་ནས་གལ་ཆེན་རེད། རྒྱུ་མཚན་ལམ་དབུ་མའི་དགོངས་དོན་སྒྲུབ་བྱེད་འཚེ་མེད་ཞུ་བ་ལབ་རུང་། བོད་རྒྱ་ཞི་མོལ་བྱེད་རྒྱུ་ཁོ་ན་གཙིགས་ཆེན་བྱེད་ཀྱིན་པ་འདི་རེད། བོད་པའི་རྩ་དོན་ལ་དམིགས་ཡུལ་གང་བཟུང་ནའང་འཐབ་རྩོད་ཀྱི་ཆ་ནས་བདེན་པའི་ཨུ་ཚུགས་ལས་གཞན་ཅི་ཞིག་བྱེད་རྒྱུ་ཡིན་ནམ། ད་བར་དུ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལམ་དབུ་མའི་དགོངས་དོན་བཀྲ་ཤིས་ལོ་ལེགས་ངང་འགྲུབ་ཆེད། བོད་རྒྱ་ཞི་མོལ་སུན་རེག་བར་དུ་བྱས་བ་རེད་དེ། མཐར་ཐུག་ཟམ་གདོང་བླ་མ་མཆོག་གི་ཁ་གཏད་བློ་མཐུན་ཀྲུའུ་ལྦེ་ཆོན་ཀྱིས་མི་རིགས་རང་སྐྱོངས་ཞེས་བའི་མདུན་ལམ་རྦད་དེ་སྒོ་བརྒྱབ་ནས། འཛམ་གླིང་ཟླུམ་པོ་འདིའི་གྲུ་ཟུར་རེ་རེ་ལ་བསྐྱལ་ཚར་བ་རེད།
    མ་གཞི་ནས་ཟམ་གདོང་བླ་མ་མཆོག་ལ་ཆ་མཚོན་ན་མི་ཚེ་གང་བོར་བདེན་པའི་ཨུ་ཚུགས་ཀྱི་ཐབས་ལམ་འདི་གལ་ཆེན་དོན་ཆེན་ལ་བརྩི་མཁན་ལྷད་མེད་དེ་རེད། ལོ་ན་བགྲེས་བོ་འདི་འདྲ་ཞིག་སླེབས་རུང་ད་དུང་བདེན་པའི་ཨུ་ཚུགས་ཀྱི་ཐབས་ལམ་ལ་ཡིད་ཆེས་དང་རེ་བ་བརླག་མེད་ཚུལ་འདིས་ཡིད་སེམས་འཕྲོག་འགྲོ་བ་ཞིག་རེད། གལ་སྲིད་བོད་མི་མང་གིས་ད་ལྟ་ཡིན་རུང་རིན་པོ་ཆེ་ཁོང་གི་ཡིད་ཆེས་ལ་གུས་བརྩི་གང་མང་རེ་བྱེད་ཐུབ་སོང་ན། ནམ་ཡིན་རུང་རིན་པོ་ཆེ་ཁོང་བོད་མི་རིགས་ཀྱི་དོན་དུ་བདེན་པའི་ཨུ་ཚུགས་མཐར་བསྐྱེལ་མཁན་དེ་ཡིན་པ་ཐེ་ཚོམ་ཡོད་བ་མ་རེད། ཕྲན་ལ་བསམ་ཚུལ་འདི་འདྲ་ཞིག་ཡོད་ཐོག ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་དཔའ་ཁས་ལེན་སྒོས་མུ་མཐུད་ནས་རིན་པོ་ཆེ་ཁོང་ལ་བཀའ་འདྲི་ཞིག་བྱེད་རྩིས་འདུག་ན། ཤར་ཁུག་ལགས་སྐུ་མཁྱེན་གང་ཐུབ་ཀྱིས་རིན་པོ་ཆེ་མཆོག་གི་དགོངས་ཚུལ་ངོ་མ་རྩད་གཅོད་རྒྱུ་གལ་ཆེན་རེད། དེ་མ་གཏོགས་རྒྱ་ནག་གི་རྩ་ཁྲིམས་ལ་ད་བར་བསྟུན་མཁས་བྱས་ནས་གྲོས་མོལ་བྱས་ཡོད་བ་རེད། འབྲས་བུ་འདྲ་ཐོན་མ་སོང་ང་། གསལ་བོ་བྱས་ན་རང་སྐྱོངས་རྩ་ཁྲིམས་འདི་རྨང་ནས་གཏོར་དགོས་ཚུལ་ཁ་གསལ་བོ་བྱས་སོང་ང་། བར་འདི་ན་ནག་འདེད་བྱེད་རྒྱུ་ཞིག་འདུག་གམ། དེ་ལས་གླིང་ཚ་མ་བུ་གསུམ་གྱི་སྙིང་སྟོབས་རིམ་པ་ལ་སྐད་ཆ་རེ་བྲིས་ན་མི་ཡག་གམ།

    Reply
  3. ཤར་མདའ། says:
    ལོ་ 14 སྔོན།

    བཀུར་འོས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་ལན་གནང་པ་ཡང་གཏེང་ཟབས་རེད།  མ་ཟད་རིན་པོ་ཆེ་མཚོན་ན་བོད་མི་རིགས་ཀྱི་ཆབ་དཔལ་རིགས་གསུམ་གང་ལ་ཡིན་ནཡང་བཀའ་དྲིན་ཆེན་པོ་རེད།  བཙན་བྱོལ་བོད་མིའི་དབུས་སྒྲིག་འཛུགས་ལྟ་བུ་ཡང་༧སྐྱབས་མགོན་རིན་པོ་ཆེའི་དགོངས་ལྟར་ཁོང་གི་ཤར་སྐྱོད་གནང་ནས་འདི་འདྲ་རླབས་ཆེན་གྱི་སྒྲིག་འཛུགས་ཞིག་ཆགས་ཡོད་པ་འདི་ཡང་ཁོང་གི་བཀའ་དྲིན་ཡིན་པ་ཤེས་པའི་ཐོགས་མུ་མཐུད་ཤར་སྐྱོད་བྱེད་ཀྱི་གལ་ཆེན་རེད།    ད་དུང་ཡང་དམ་པ་ཁོང་ལ་མ་འོངས་ལམ་བསྟོན་གྱི་ཕྱོགས་ལ་བཀའ་དྲིན་གནང་རྒྱུ་དང་ལམ་བསྟོན་ཞུ་རྒྱུ་གལ་ཆེན་རེད་བོད་རྒྱལ་ལོ།

    Reply
  4. ནད་པ says:
    ལོ་ 14 སྔོན།

    ་་་་་་་་་ད་ལྟ་ང་རང་དངོས་སུ་ལས་འགུལ་ནང་ཞུགས་ནས་མང་ཚོགས་ལ་མགོ་ཁྲིད་པའི་དུས་ཚོད་དེ་ཡོལ་ཚར་བ་རེད། ་་་་་

    ལྷན་རྒྱས་ཚོ་བགྲེས་ཡོལ་དུ་ཕེབས་ཏེ་སྐུ་ངལ་གསོས་ནས་སྐུ་བཞུགས་ལྷོད་ལྷོད་གནང་རོགས་ཞུ།

    ཚེ་སྲོག་ཀྱི་མེ་ལྕེ་དེ་མུ་མཐུད་དེ་འབར་ངེས་རེད། ནམ་ཞིག་མེ་རང་ཤི་དང་དུ་བ་རང་ཡལ་དུ་འགྲོ་དུས་་་་་་་་

    Reply
  5. ཁམས་པ། says:
    ལོ་ 14 སྔོན།

    ལན་བཏབ་པ་ཡང་ཧ་ཅང་ལེགས། ཁོང་བོད་ལའང་བཀའ་དྲིན་ཆེ། དེས་ན་ཐུགས་རྗེ་ཆེ་ཞུ།

    Reply
  6. གླག་སྨྱོན། says:
    ལོ་ 14 སྔོན།

    ཟམ་གདོང་བླ་རྒན་འདི་ལས་སླ་བོ་མི་འདུག་ཡ།

    Reply
  7. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ཟླ་བ་ཚེ་རིང་གིས་ངའི་དྲི་བ་རྣམས་དྲིས་ཚར་འདུག རིན་པོ་ཆེ་ཚུར་འཁོར་མཚམས་མེར་བསྲེགས་དང་ཀྲུའུ་ཡི་རྩོམ་ཡིག་ཐད་བཀའ་འདྲི་ཞིག་ཞུ་དགོས་བསམས་ནས་ལས་འཆར་སྒྲིག་བཞིན་པ་ཡིན་ནའང་། ད་དྲིས་ཚར་འདུག

    ཡིན་ནའང་། ཟླ་བས་དུས་ཚོད་ཡོལ་ཟིན་པ་ཟེར་བའི་དོན་དག་གང་ཡིན་དྲིས་མི་འདུག་པ་དང་། གཞན་རྒྱ་ནག་གི་རྩ་ཁྲིམས་ནག་འདེད་བྱ་རྒྱུ་སོགས་བསམ་ཚུལ་འདུག་ཅེས་ཀྱང་དྲིས་མི་འདུག་པས་དེ་ལ་དགོངས་ཚུལ་ག་རེ་ཡོད་མེད་ཉན་འདོད་བྱུང་བས་ངས་ཁ་སྐོང་དེ་བྱ་ངེས་ཡིན།

    Reply
  8. ཤིང་ལོ། says:
    ལོ་ 14 སྔོན།

    ཁོང་གི་གསུངས་ཚུལ་ཉམ་ཆུང་ནའང། དངོས་དོན་ཧ་ཅང་རྣོ་ལ། བདེན་པའི་ཨུ་ཚུགས་དེ་མི་སྒེར་རང་གི་ལག་ཆ་ཙམ་ལས་བོད་སྤྱི་འབངས་ཡོངས་ཀྱི་སྐལ་བ་ཞིག་མིན་ས་རེད། ད་ནང་ཆོས་ཀྱིས་ཟིན་པའི་དགོངས་པ་ཉར་ནས་སྐུ་ཚེ་མཐའ་འཁྱོལ་ཡོང་བའི་གསོལ་བ་འདེབས་རྒྱུ་དེ་རེད།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སྤྱི་མི་རིན་པོ་ཆེའི་༸སྐུ་ཚེ་ཡུན་བརྟན་ཤོག །

    Reply
  10. མཁར་རྔ་། says:
    ལོ་ 14 སྔོན།

    བཀའ་སློབ་ཉུང་ཡང་ཅི་འདྲའི་གཏིང་ཟབས་གནང་མི་འདུག་གམ།

    རིན་པོ་ཆེའི་སྐུ་དྲིན་ལྷག་ཏུ་ཡིད་ནས་བརྗེད་ཐབས་མི་འདུག

    ཁྱེད་སྐུ་ཡུན་གནས་ཡོང་བའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese