མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསམ་གཞིག་བརྒྱ་ཕྲག་གིས་མས་སྣེ་ནས།

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

                        ____རང་ཉིད་ཀྱི་དྲུང་དུ་བྲིས་པ།               གངས་ཟླ།
 

ནང་དོན་གནད་བསྡུས།    ནང་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རོབ་བཤད་དང་། དེ་དག་ལས་འཕྲོས་ཏེ་དེང་གི་དགོན་སྡེ་དག་གི་ཡོན་ཐལ་ཅན་གྱི་འཚོ་བ་སྒྲུབ་སྟངས། བསམ་བློ་མ་སྨིན་པའི་ལས་སྣེ་དག་གིས་མཛུབ་མོ་གར་བསྟན་ཤར་གྱི་དཔེ་ལུགས་སློབ་གསོ་ལ་སུན་འབྱིན་དང་། དོན་དངོས་ཀྱི་སློབ་གསོ་ནི་གང་འདྲ་ཞིག་ཡིན་མིན་སོགས་ཀྱི་སྐོར་ནས་བྲིས་ཏེ་མཇུག་གྲུབ་པར་བྱས་ཡོད།

གཅིག

བསམ་གཞིག་བརྒྱ་ཕྲག་གི་མས་སྣེ་ནས་ངས་རང་ཉིད་ཀྱི་དྲུང་དུ་སྐད་ཆ་འདི་འདྲ་ཞིག་བཤད་རྒྱུར་སེམས་ཐག་བཅད་པ་ཡིན། སྐད་ཆ་འདི་མཁས་མང་བྱེ་བར་བགྲོ་ནས་རྙེད་པ་ཞིག་མིན་ལ། གཞུང་ལུགས་མང་པོར་ཁྲུན་ཐག་ཆོད་པས་བཤད་པ་དེ་བས་ག་ལ་ཡིན། དེའི་ཕྱིར་ན། སྐད་ཆ་འདི་ལ་གཞུང་ལུགས་བརྒྱ་ཕྲག་གིས་རྒྱབ་དཔུང་ཡོད་མེད་དང་། རིགས་པ་སྟོང་ཕྲག་གིས་ཕུ་འདེད་བྱེད་ས་ཡོད་མེད་ཀྱི་ཁ་ཚོད་གང་ཡང་བདག་གིས་མི་ཆོད། འོན་ཀྱང་། གཞུང་ལུགས་ཆེན་པོ་དེ་དག་གི་དཀའ་གནད་ཀྱི་མདུད་རྒྱ་མ་ཁྲོལ་ཀྱང་མི་ལོ་བཅུ་ཕྲག་ཟིན་མིན་ཙམ་ལ་དེ་དག་གི་ཁྲོད་ནས་ལྷག་སོང་མཁན་ཞིག་ཡིན་པས། འཚོ་བའི་མྱོང་རྟོགས་ཀྱི་ངོས་ན་གཞུང་ལུགས་དེ་དག་གིས་བཞག་པའི་སློབ་གསོ་ཞིག་ བདག་ལ་མེད་མི་སྲིད་པར་འདོད། བདག་གིས་ཕྱོགས་རེ་བ་ཞིག་མྱོང་ཡོད་པའི་སློབ་གསོ་དེ་ནི་མི་ལོ་སྟོང་ཕྲག་གཉིས་ དང་ལྔ་བརྒྱའི་ཡར་སྔོན་ཞིག་ལ་རྒྱ་གར་ཤྭཀྱའི་རིགས་སུ་འཁྲུངས་བའི་དགེ་སྦྱོང་ཞིག་གིས་བཞག་པའི་སློབ་གསོའི་རིག་གནས་ཤིག་ཡིན་ལ། རིག་གནས་འདི་ནི་དགེ་སྦྱོང་ཁོང་གིས་མྱོང་རྟོགས་དམར་ཁྲིད་ཅིག་ཡིན་པ་ལས། རིག་སྐམ་གནམ་ལ་འཕྱར་ནས་བསྒྲིགས་པ་ཞིག་མིན་པས། ང་ནི་ཁ་ཞེ་གཉིས་མེད་ཀྱིས་དགེ་སྦྱོང་ཁོང་ལ་དད་པ་ཡོད་མཁན་ཞིག་ཡིན། ཁོང་གི་སློབ་གསོའི་བརྒྱུད་རིམ་ཁྲོད་དུ་གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་སོགས་སུ་དབྱེ་བ་གནང་ཡོད་ལ། གཞི་བདེན་པ་གཉིས་ཞེས་པ་ནི་ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་འདི་གཉིས་ཡིན་ལ། འདི་ལ་གཞི་བདེན་པ་གཉིས་ཞེས་པའི་དོན་ནི་གཞི་ཤེས་པར་བྱ་བའི་གནས་ལ་དབྱེ་ན་འདི་གཉིས་སུ་གྲངས་ངེས་སོ་ཞེས་པའི་དོན་ཡིན་ཏེ། ལང་ཀར་གཤེགས་པའི་མདོ་ལས། ཀུན་རྫོབ་དང་ནི་དོན་དམ་སྟེ།། རྒྱུ་ལས་སྐྱེ་བ་གསུམ་པ་མེད།། ཅེས་དང་། ཡབ་སྲས་མཇལ་བའི་མདོ་ལས། དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དན་པའི་བདེན་པ་གཉིས་ཐུགས་སུ་ཆུད་དེ་ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་ཟད་དོ། ཞེས་གསུངས་ཡོད། ཡབ་སྲས་མཇལ་བའི་མདོ་ཞེས་པ་དེ་ནི་དགེ་སྦྱོང་ཁོང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ལོ་མང་ཕྱིན་པའི་རྗེས་ཤིག་ལ་རང་གི་ཕ་དང་མཇལ་སྐབས་བཀའ་མོལ་གནང་བའི་སྐོར་ཞིག་ཡིན་ལ། གོང་གི་མདོ་ཚིག་དེ་ནི་ཕ་ཡིས་དྲི་བ་བྱས་པའི་ལན་དུ་གནང་བ་ཞིག་ཡིན། བདེན་པ་ཞེས་པའི་དོན་ནི། དེ་ཡང་ཇི་སྐད་དུ། འཕགས་པ་ཐོག་མེད་ཞབས་ཀྱིས། སྨྲས་པ་བསྟན་པ་དང་མི་མཐུན་པ་མེད་པའི་མཚན་ཉིད་ཀྱི་དོན་དང་། དེ་མཐོང་ན་རྣམ་པར་དག་པའི་རྒྱུར་འགྱུར་བའི་དོན་ནི་བདེན་པའི་དོན་ནོ། ཞེས་གང་སྨྲས་པ་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་བསྟན་པ་རིན་པོ་ཆེའི་དགོངས་དོན་དང་མི་མཐུན་པ་མེད་པ། དེ་མཐོང་ན་རྣམ་པར་དག་པའི་ལམ་གྱི་རྒྱུར་འགྱུར་བས་ན་བདེན་པའི་དོན་དུ་གསུངས་ཡོད་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས།། མེད་པར་ཡང་དག་ཁང་པ་ཡི།། སྟེང་དུ་འཛེག་པར་བྱ་བ་ནི།། མཁས་ལ་རུང་བ་མ་ཡིན་ནོ།། ཞེས་ཆོས་རྣམས་ཀྱི་ཡང་དག་པའི་གནས་ལུགས་ལ་མཁས་པར་བྱེད་པ་ལ། ཐོག་མར་ཆོས་མངོན་པའི་སྡེ་སྣོད་དག་དུ་གསུངས་པ་བཞིན་ཀུན་རྫོབ་པའི་ཆོས་རྣམས་ཀྱི་རྣམ་གཞག་ལ་མཁས་པར་བྱེད་དགོས་པའི་དོན་དུ། དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ཆ་ནས་བདེན་གཉིས་ཀྱི་རྣམ་གཞག་གཏན་ལ་ཕབས་ཡོད་ལ། དེ་འདྲ་བའི་བདེན་པ་གཉིས་ལ་མི་རྨོངས་བར་མ་བྱས་ན་ཆོས་རྣམས་ཀྱི་གནས་ལུགས་རྟོགས་ཚུལ་མེད་པའི་དོན་དུ་རྒྱལ་བ་རང་ཉིད་ཀྱིས་ཀྱང་། ཀཱཏྱ་ཡ་ནར་གདམས་པའི་མདོ་ལས། འཇིག་རྟེན་འདི་ཕལ་ཆེར་ཡོད་པ་ཉིད་དང་མེད་པ་ཉིད་ལ་མངོན་པར་ཞེན་ཏེ། ཞེས་དེའི་དབང་གིས་མི་འདོད་བཞིན་དུ་སྡུག་བསྔལ་མང་པོ་མྱོང་བར་གསུངས་ཡོད། དེས་ན་རྒྱལ་བ་རང་ཉིད་ཀྱི་བསྒྲུབ་བྱ་ནི་རྗེས་འཇུག་གདུལ་བྱ་རྣམས་ཀྱི་ངོར་བདེན་གཉིས་ཀྱི་རྣམ་གཞག་གཏན་ལ་ཕབ་རྒྱུ་དེ་ཡིན་པར་གྲུབ།  

ལམ་ཐབས་ཤེས་གཉིས།

དེ་ལྟར་གཞི་བདེན་གཉིས་ཀྱི་རྣམ་གཞག་ལེགས་པར་ངེས་པ་ལ། དེ་རྟོགས་པའི་ལམ་ཐབས་ཤེས་གཉིས་ཀྱི་ཉམས་ལེན་བསླབ་པ་གསུམ་ལ་བློ་སྦྱོང་དགོས་པ་དང་། དེ་འདྲ་བའི་ལམ་བསླབ་པ་གསུམ་ལ་བརྟེན་ནས་རྗེས་འཇུག་གདུལ་བྱ་རྣམས་རིགས་དང་དབང་པོའི་ཁྱད་པར་གྱིས་འགའ་ཞིག་ནི་ཐེག་པ་ཆེན་པོའི་ལམ་དུ་བགྲོད་པ་དང་། འགའ་ཞིག་ནི་ཐེག་པ་ཆུང་ངུའི་ལམ་དུ་བགྲོད་པ་ཡིན། དེ་འདྲ་བའི་ལམ་གྱི་བགྲོད་པའི་གནས་སྐབས་ན། སྤང་བླང་གི་རྣམ་གཞག་ངེས་དགོས་པ་ནི་རྩ་བའི་གནད་དུ་གོ་དགོས་པས། རྒྱལ་བ་རང་ཉིད་ཀྱིས། སྤང་བྱ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པར་རྒྱ་བོད་ཀྱི་པཎ་གྲུབ་དག་གིས་བཞེད་པ་ཡིན་ལ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དེ་ཡང་ཚུར་བསྡུས་ན་གསུང་རབ་ཡན་ལག་བཅུ་གཉིས་སུ་འདུ་ཞིང་། དེའང་བསྡུས་ན་སྡེ་སྣོད་གསུམ་དུ་འདུ་བ་ཡིན་ལ། སྡེ་སྣོད་རིན་པོ་ཆེ་གསུམ་གྱི་བརྗོད་བྱ་དག་ཀྱང་ཚུར་བསྡུས་ན་བསླབ་པ་གསུམ་དུ་འདུ་བ་ཡིན། དང་པོ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི། དེ་ཡང་ཇི་སྐད་དུ། མདོ་ལས། ལུས་ལ་ཡོངས་སུ་གདུང་མེད་པ།། ཚུལ་ཁྲིམས་ཡང་དག་བླང་བ་བདེ།། གཉིད་ལོག་པས་ན་བདེ་བ་སྟེ།། སད་པ་ན་ཡང་བདེ་བར་འགྱུར།། ཞེས་དང་། ཀླུ་སྒྲུབ་ཞབས་ཀྱིས། བཤེས་པའི་སྤྲིངས་ཡིག་ཏུ། ཁྱོད་ཀྱིས་ཚུལ་ཁྲིམས་མ་ཉམས་དམོད་མི་དམའ།། མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད།། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ།། ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས།། ཞེས་གཞི་ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་སྐྱེས་པ་དང་། ཏིང་ངེ་འཛིན་ལ་བརྟེན་ནས་ཤེས་རབ་སྐྱེས་པ་ཡིན་པས་ན་ཚུལ་ཁྲིམས་ནི་ཡོན་ཏན་ཀུན་གྱི་གཞི་རྟེན་དུ་ལེགས་པར་གསུངས་པ་ཡིན་ནོ།། དེ་ལ་དབྱེ་ན། སོ་ཐར་གྱི་ཚུལ་ཁྲིམས་དང་། བྱང་སེམས་ཀྱི་ཚུལ་ཁྲིམས། གསང་བ་སྔགས་ཀྱི་ཚུལ་ཁྲིམས་སོགས་ཡོད་ལ། དེ་དག་ལའང་ངོ་བོའི་སྒོ་ནས་དང་། རྟེན་གྱི་སྒོ་ནས་སོགས་དབྱེ་བ་གྲངས་ལས་འདས་པ་ཞིག་ཡོད་མོད། བདག་གིས་འདིར་དེ་དག་གི་དབྱེ་བ་དང་འགྲེལ་བཤད་སོགས་གཙོར་འདོན་བྱ་རྒྱུ་མིན་པར། རྣམ་གཞག་དེ་དག་གིས་དོན་དངོས་གང་ཞིག་བརྗོད་གཞིར་བླངས་ཡོད་པ་དང་། དོན་གྱི་འབབ་ས་དངོས་དེ་གང་ཞིག་ཡིན་དགོས་པ་སོགས་ཀྱི་སྤྱི་ཁོག་རོབ་བཤད་དང་། དེ་དག་གི་ལམ་ནས་རང་རེའི་སེར་མོ་བའི་ཚོགས་སྡེ་སྤྱིའི་འགྲོ་སྟངས་ལ་ཅུང་ཙམ་བལྟ་འདོད་པ་དེ་ཡིན།

འབྲས་བུ་སྐུ་གཉིས།

སྤྱིར་འབྲས་བུ་ལ་སྐུ་བཞི་དང་། སྐུ་གསུམ། སྐུ་གཉིས་སོགས་སུ་དབྱེ་བ་ཡོད་ལ། སྐུ་བཞི་ནི་མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་།། དེ་བཞིན་གཞན་པ་སྤྲུལ་བ་ནི།། ཆོས་སྐུ་མཛད་པ་དང་བཅས་པ།། རྣམ་པ་བཞིར་ནི་ཡང་དག་བརྗོད།། ཅེས་ངོ་བོ་ཉིད་སྐུ་དང་། ཡེ་ཤེས་ཆོས་སྐུ། ལོངས་སྤྱོད་རྫོགས་སྐུ། སྤྲུལ་སྐུ་དང་བཞིར་གསུངས་ལ། དེ་བཞི་ལས་ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་གཉིས་གཅིག་ཏུ་བསྡུས་ནས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ། སྐུ་གསུམ་དུ་བྱེད་པའང་ཡོད་ལ། ཡང་ཀླུ་སྒྲུབ་ཞབས་ཀྱིས། དབུ་མ་རིན་ཆེན་ཕྲེང་བར། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདི།། བསོད་ནམས་ཚོགས་ལས་བྱུང་བ་སྟེ།། ཆོས་ཀྱི་སྐུ་ནི་མདོར་བསྡུས་ན།། རྒྱལ་བོ་ཡེ་ཤེས་ཚོགས་ལས་འཁྲུངས།། ཞེས་རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་སྟེ། སྐུ་གཉིས་སུ་གསུངས། དེ་ཡང་ངོ་བོ་ཉིད་སྐུ་ནི་གང་འདྲ་ཞིག་ཏུ་འཇོག་ཅེ་ན། དག་པ་གཉིས་ལྡན་གྱི་དབྱངས་མཐར་ཐུག་ཅིག་ཏུ་འཇོག་ལ། དག་པ་གཉིས་ལྡན་ཅེས་པ་ནི་གློ་བུར་རྣམ་པར་དག་པའི་དབྱངས་མཐར་ཐུག་དང་། རང་བཞིན་རྣམ་པར་དག་པའི་དབྱངས་མཐར་ཐུག་སྟེ་འདི་གཉིས་སུ་གསུངས་ལ། དེ་ཡང་དང་པོ་གློ་བུར་རྣམ་དག་གི་ཆར་གྱུར་བའི་དབྱངས་མངོན་དུ་བྱེད་སྟངས་ནི། བྱང་སེམས་ས་བཅུ་བ་པའི་རྒྱུན་མཐའི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་སྒྲིབ་ཟད་པར་སྤོང་ཞིང་། དེ་འདྲ་བའི་སྤངས་ཆ་སྟེ་བར་ཆད་མེད་ལམ་དེས་དྲངས་པའི་རྣམ་གྲོལ་ལམ་ཐོབ་པ་ན། སྒྲིབ་གཉིས་གློ་བུར་བའི་དྲི་མ་མཐའ་དག་སྤངས་པའི་སྤངས་པ་ཐོབ་པ་ནི་གློ་བུར་རྣམ་དག་གི་ཆར་གྱུར་པའི་དབྱངས་མཐར་ཐུག་དང་། སྔོན་ཐ་མལ་བའི་གནས་སྐབས་ཀྱི་སེམས་ཀྱི་སྟེང་གི་ཆོས་ཉིད་ནི་རང་བཞིན་གནས་རིགས་སུ་འཇོག་ལ། དེ་འདྲ་བའི་ཆོས་ཉིད་དེ་ཉིད་ཀྱི་ངོས་སྐལ་གྱི་སྒྲིབ་པ་སོགས་ལས་རིམ་བཞིན་གྲོལ་དེ་གནས་འགྱུར་མཐར་ཕྱིན་པ་ན། དེ་ནི་སངས་རྒྱས་ཀྱི་ཐུགས་རྣམ་མཁྱེན་གྱི་སྟེང་གི་ཆོས་ཉིད་ཀྱི་ངོ་བོར་སོང་བས་རང་བཞིན་རྣམ་དག་གི་ཆར་གྱུར་པའི་དབྱངས་མཐར་ཐུག་ཏུ་གསུངས། ད་ནི་འདི་དག་རེ་རེ་བཞིན་དུ་བཤད་རྒྱུ་ནི་བདག་ལྟ་བུའི་གཞུང་ལུགས་ཆེན་མོ་དག་གི་སྐོར་ལ་བློ་རྒྱ་ཁབ་མིག་ལས་དོག་པ་ཞིག་གིས་ཅི་ཡང་རྔོ་མི་ཐོགས་པས། སྤྱི་ཁོག་རོབ་བཤད་ཀྱི་ངལ་བ་འདི་ནས་མཚམས་འཇོག་གི་ཡིན།

གཉིས།

ད་ནི་ད་ལྟའི་དགོན་སྡེ་དག་གི་འཚོ་བ་སྒྲུབ་སྟངས་དང་སློབ་གཉེར་གྱི་ཁ་ཕྱོགས། བསམ་བློའི་རྨང་འཛུགས་སྟངས་སོགས་ཀྱི་ཐད་ནས་འཛམ་གླིང་རང་བཞིན་གྱི་འཚོ་བ་སྒྲུབ་སྟངས་དང་སློབ་གཉེར་བྱེད་སྟངས། བསམ་བློའི་རྨང་འཛུགས་སྟངས་སོགས་ལ་བསྒྱུར་དགོས་པའི་དོན་དངོས་དག་རང་ནུས་ཡོད་ཚད་ཀྱིས་གསེད་འདོན་བྱ་རྒྱུ་ཡིན། མི་རིགས་ཤིག་ལ་མཚོན་ན། ཁྱོད་ནམ་ཡང་གཞན་བརྟེན་ཁོ་ནས་འཚོ་མི་ཐུབ་པ་ནི་ཤིན་ཏུ་གསལ་ལ། ལྷག་དོན་དུ་དེང་གི་ཚན་རིག་པ་དག་གིས་དངོས་དོན་གྱི་བདེན་པ་མང་པོ་ཞིག་ར་སྤྲོད་བྱས་འོང་དུས། ང་ཚོས་འཚོ་བ་རོལ་སྟངས་ནི་ཆེས་ཤིན་ཏུ་བསམ་བློ་གུ་དོག་པོའི་འཚོ་ཐབས་ཤིག་ཡིན་པས། གོ་ལ་གཅིག་གྱུར་གྱི་དེང་གི་སྐབས་སུ་འཚོ་ཐབས་དེའི་རིགས་ཀྱིས་ནི་ཁུངས་ཅི་ཡང་མི་ཕེར་བ་ཡིན། སྤྱིར་ང་ཚོས་ནང་ཆོས་ནི་འཚོ་བ་སྒྲུབ་བྱེད་ཙམ་དུ་བཀོལ་ན་ནི་གཏན་དུ་ནོར་ཚར་བ་རེད། ང་ཚོ་ཆོས་ཉམས་ལེན་མཁན་ཡིན་ཞེས་མིང་སྙན་པོ་ཞིག་ཁ་ལ་འཁྱེར་ནས་ཤར་ནུབ་གང་སར་སྒོར་མོ་སློང་དུ་འགྲོ་བ་ནི་ཧ་ཅང་མི་འོས་པ་ཞིག་རེད་ལ། དམ་པའི་ཆོས་འདུལ་བ་དང་ཡང་གཏན་མི་མཐུན་པ་ཞིག་རེད། སྤྱིར་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་བསྟན་པའི་སྦྱིན་བདག་གཙོ་ཆེ་བར་གསུངས་མོད། དེ་ནི་དེང་གི་འུ་ཅག་གི་དགོན་སྡེ་ཁག་གི་ཕྱག་ལེན་དུ་ཡོད་པའི་སྦྱིན་བདག་འཚོལ་སྟངས་དེ་འདྲ་ཞིག་རྩ་བ་ནས་ཡིན་མི་སྲིད་ལ། ཞིབ་ཏུ་བསམ་ན་ཡུལ་གྱི་ཁྲིམས་ཚུན་ཆད་དུ་ཡང་འགལ་བ་ལྟག་སྤྲོད་དུ་སོང་ཡོད་པ་ཞིག་བཅོམ་ལྡན་འདས་ཀྱིས་གསུངས་མི་སྲིད་པས། བཅོམ་ལྡན་འདས་ཀྱི་རྗེས་འཇུག་རྣམས་ལ་ཡང་གནད་དོན་འདི་འདྲ་ནི་གཏན་ནས་ཡོང་མི་ཆོག་པ་དང་མི་འོས་པ་ཞིག་ཡིན་ནོ། དེང་སང་དགོན་སྡེ་ཆེ་གྲས་དག་གིས་ཀྱང་དགེ་བཤེས་ཡིན་མིན་ཅི་རིགས་དང་། ལག་རྟགས་བདེན་རྫུན་ཅི་རིགས་ཤིག་ཐབས་སྣ་ཚོགས་ཀྱིས་བཟོས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ང་དགོན་པ་ཅིག་འདྲ་ཞིག་གི་ཆེད་དུ་ཡོང་བ་ཡིན་ཉུག་འདྲ་ཞིག་གི་ཆེ་དུ་ཡོང་བ་ཡིན་སོགས་བཤད་ནས་སྒོར་མོ་འཚོལ་ཐབས་བྱེད་ཀྱིན་ཡོད་ལ། ལྷག་དོན་དུ་མི་ཅུང་འབྱོར་བ་ཅན་ཞིག་ལ་ཐུག་ན་སྒོར་མོའི་ཆེད་དུ་ལས་ཀྱི་རྣམ་འགྱུར་སོགས་ཀྱང་གཞན་ཞིག་ཏུ་བསྒྱུར་ནས་ཁ་ཡག་ངོ་དགའ་བྱེད་ཀྱིན་ཡོད་པ་དང་། དེའི་སྟེང་དུ་རྫུན་སྣ་ཚོགས་བཤད་པ། སྒོར་མོ་ཞིག་རེགས་སོང་ན་ཆོལ་ཁ་དང་ཆོས་ལུགས་སོགས་གང་ལ་ཡང་མི་བསམ་པར་དེ་ཡིས་ཆོག་པར་འདོད་མཁན་ཤིན་ཏུ་མང་བ་ནི་མངོན་གསལ་ཡིན་ལ། ད་དུང་འབྱོར་ལྡན་ཕྱུགས་པོ་ཞིག་སླེབས་སོང་ན། དེ་དག་གི་མདུན་དུ་ཧ་ཅང་གི་ཚད་མཐོ་བའི་འཁྲབ་སྟོན་གང་འདྲ་ཞིག་བྱེད་ཀི་ཡོད། རྗེའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས་སྔོན་དགེ་བཤེས་པོ་ཏོ་བས་རང་གི་མཆོད་བཤམས་ཀྱི་ནང་དུ་ཐལ་བ་བཏབ་ནས་བཞུགས་པར་རྒྱ་གར་ནས་ཇོ་བོ་རྗེའི་མངོན་ཤེས་ཀྱིས་གཟིགས་ཏེ་དེ་རིང་ཁ་བའི་ལྗོངས་ཀྱི་ཚོགས་བསག་པ་ཀུན་གྱི་མཆོག་ནི་དགེ་བཤེས་པོ་ཏོ་བས་རང་གི་མཆོད་བཤམས་ཏུ་ཐལ་བ་བཏབ་པ་དེ་རེད་ཅེས་གསུངས་པའི་སྐོར་མ་མཐོང་ཁུལ་བྱེད་རྒྱུ་ག་ལ་ཡོད། གཟིགས་པ་རྒྱང་རིང་མངའ་གང་གིས་ཀྱང་། ཁྱེད་ཚོ་སྒྱུ་ཞིག་རིག་ན་ཤ་རིལ་བ་ལ་འབུ་འཁོར་བ་བཞིན་བྱས་ན་ཡག་པོ་ཁྱོན་ནས་ཡོད་པ་མ་རེད་ཅེས་ནན་ཏན་དུ་གསུངས་དགོས་བྱུང་ཡོད་པ་ཡང་གནད་དོན་རྩ་བ་དེ་འདྲ་ཞིག་ལ་ཐུག་ཡོད་པ་རེད། ཡང་རེ་ཟུང་གིས་གྲྭ་ཆས་མང་པོ་མཐོང་མྱོང་མེད་པའི་ཡུལ་གྲུ་ཁག་གི་ནང་དུ་གྲྭ་ཆས་ཀྱིས་འཆམ་ལྭ་བྱས་ཏེ་སྒོར་མོ་འཚོལ་ཀྱིན་ཡོད་པ་རེད། དངོས་གནས་བསམ་བློ་ཞིབ་མོ་ཞིག་ཐོངས་དང་། སྔོན་གངས་ཅན་བླ་མ་ཟེར་བའི་དོལ་རྒྱལ་བསྟེན་མཁན་དེས་གྲྭ་ཆས་གྱོན་ནས་གར་སྟེགས་ཏུ་བྲོ་འཁྲབ་པ་རེད་ཟེར་ནས་རང་རེའི་སྤྱི་ཚོགས་ཀྱི་མཐོ་དམན་ཀུན་ཏུ་འུར་གང་འདྲ་ཞིག་བསླངས་སོང་། གངས་ཅན་བླ་མས་ཇི་ཞིག་བྱས་ཀྱང་མི་སྒེར་ཞིག་ཡང་ན་ཚོགས་སྡེ་ཆུང་ཆུང་ཞིག་སྟེ་དོལ་རྒྱལ་ཚོགས་པ་ལྟ་བུ་ཞིག་གི་ནོར་འཁྲུལ་དུ་བརྩི་གི་རེད། དགོན་པ་གཞུང་གི་ངོས་ནས་དེ་ལྟར་བྱས་ན་ད་ང་ཚོས་སུ་ཞིག་ལ་ལེ་བརྡ་བྱེད་དགོས་པ་རེད། ང་ཚོར་དཔལ་འབྱོར་གྱི་ཐོན་ཁུངས་དེ་འདྲའི་ཨུ་ཐུག་ཐབས་ཟད་ཅིག་ལས་མེད་སོང་བ་རེད་དམ། གཏན་ནས་མ་རེད། ཡིན་ལུགས་ཚུལ་མཐུན་གྱིས་ཚོང་ལས་ཀྱི་བྱ་བར་ཞུགས་ན་ཅིའི་ཕྱིར་ན་མ་ཆོག་པ་རེད། བཅོན་ལྡན་འདས་ཀྱིས་གནང་བ་མེད་པ་རེད་དམ་ཟེར་ན་མ་རེད། གནང་བ་ཡོད་པ་རེད། ཡིན་རྒྱུ་ནི་དཀའ་ལས་རྒྱག་མ་ཐུབ་པའམ་ཡང་ན་བསམ་བློའི་ནང་དེ་འདྲའི་ཐབས་ལམ་ཞིག་མ་འཁོར་བ་ཙམ་ལས་གཞན་རྒྱུ་མཚན་ཞིག་བཙལ་རྒྱུ་མི་འདུག དོན་ངོ་མ་ནི་ང་ཚོ་ཆོས་བཙོང་ནས་རིན་ཟ་མཁན་ཞིག་ལས་ཆོས་འཛིན་སྐྱོང་སྤེལ་གསུམ་གྱི་འགན་ཕྲག་ཏུ་ལེན་མཁན་ཞིག་མ་རེད། སྔོན་ནཱ་ལེནྡྲས་མགོན་པོ་ཀླུ་སྒྲུབ་ཀྱིས་དགེ་འདུན་པར་ལོག་འཚོ་དྲངས་བར་བཤད་ནས་གནས་ནས་དབྱུངས་རབས་ཀྱི་ལོ་རྒྱུས་ཡོད་པ་རེད། དེ་ནི་དངོས་གནས་ལོག་འཚོ་ཡིན་མིན་མི་ཤེས་ཏེ། དེང་གི་འུ་ཅག་གི་འཚོ་བ་འདི་ལྟ་བུ་ནི་དངོས་གནས་ལོག་འཚོ་ཟེར་བའི་ཉེས་པ་ཅན་ཞིག་ཡོད་ན་དེ་ཡིན་པ་ལས་འོས་མེད་པ་ལྟ་བུ་ཞིག་རེད། ཡང་དེང་གི་དགོན་སྡེ་ཁག་གི་བསམ་བློའི་ཁ་ཕྱོགས་ལ་བལྟས་ན། དགེ་བསྐོས་ཀྱིས་མཛུབ་མོ་གར་བསྟན་ཤར་ཟེར་བའི་དཔེ་ལུགས་རྙིང་པ་དེ་ད་དུང་འདོར་ཐུབ་ཡོད་པ་མ་རེད། ལས་སྣེ་ལ་གནས་ལུགས་བཤད་མི་ཆོག་པའི་ཚད་ན་ད་དུང་ལྷག་བསྡད་ཡོད་པ་རེད། ཚོགས་ཀྱི་སྒྲིག་ལམ་ཚུན་ཆད་ནས་དབང་འཛིན་པ་རེ་ཟུང་གིས་བསྒྱུར་ཆོག་ཆོག་དང་། འཕྲི་སྣོན་སོགས་བྱེད་ཆོག་ཆོག་ཏུ་བསམ་བསྡད་ཡོད་པ་རེད། དོན་དངོས་འདི་ལ་བསམ་ཞིབ་ཅིག་བྱས་ན། ཕྱོགས་གཅིག་ནས་གྲྭ་མང་གི་བསམ་བློ་སྨིན་མ་ཐུབ་པའི་རྟགས་ཤིག་རེད་ལ། ཕྱོགས་གཅིག་ནས་ལས་སྣེ་མང་དག་ཅིག་གིས་སྤྱིའི་འཛམ་གླིང་གི་འཕེལ་རྒྱས་དང་བསམ་བློའི་ཁ་ཕྱོགས་ལ་ལྟ་མ་ཤེས་པར་བླུན་པོ་གཡག་སྣ་ཁུ་ཚུར་གྱི་དཔེ་ལུགས་སྐྱོང་རྒྱུ་མང་དྲག་པས་རེད། མང་པོ་ཞིག་གིས་དགོན་སྡེ་ལ་དགོན་སྡེའི་ལམ་ལུགས་ལས་དེང་གི་འཛམ་གླིང་རང་བཞིན་ཀྱི་འཕེལ་རྒྱས་ཀྱི་བསམ་བློ་ལ་ཡིད་སྨོན་བྱ་རྒྱུ་མེད་པར་སྨྲ་བ་ནི་ཅི་ཡང་མ་ཤེས་པའི་བླུན་རྟགས་ཁོ་ནར་ཟད་ལ། ཁོང་ཅག་གིས་དགོན་སྡེ་ལ་དགོན་སྡེའི་ལམ་ལུགས་ཟེར་བའི་སྐོར་ནི་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་སོགས་ལ་གོ་རྒྱུ་མིན་པར་གཙོ་བོ་མཚན་སྙན་གྲགས། ད་དུང་དགོན་སྡེ་དང་དགོན་སྡེའི་བར་གྱི་ལ་རྒྱ། གྲུབ་མཐའ་དང་གྲུབ་མཐའི་བར་གྱི་ལངས་ཕྱོགས། དེ་དག་གི་ཆེད་དུ་གཏོ་འདོན་ལུགས་ཀྱི་ཆོ་ག་སྣ་ཚོགས་པ། འདི་དག་ནི་དངོས་གནས་རྒྱལ་བའི་བསྟན་པ་རྒྱས་བྱེད་ཅིག་རེད་དམ། ཉམས་བྱེད་ཅིག་རེད། རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་སྤྱི་ཚོགས་ཀྱི་འཕོ་འགྱུར་སོགས་དོན་དངོས་མང་པོ་ཞིག་ལ་ཐུགས་གཞིག་ལེགས་པར་མཛད་མཐར། ཞལ་ཆེམས་ཀྱི་ཚུལ་དུ་ཁོང་གི་རྗེས་འཇུག་སློབ་མ་རྣམས་ལ་དམ་པའི་ཆོས་འདུལ་བ་རང་མཐུན་ཞེས་པ་དེ་གསུངས་པ་མ་ཡིན་ནམ། ངོ་མ་བསམ་བློ་ཞིབ་མོ་ཞིག་བཏང་ན། གནའ་བོའི་སྐུ་དྲག་གི་ལམ་ལུགས་རྙིང་པ་དེ་དག་གཞུང་གི་ངོས་ནས་རྒྱང་ཕུད་བཏང་ཚར་ན་ཡང་། དེང་གི་དགོན་སྡེ་མང་པོ་ཞིག་གིས་རིན་པོ་ཆེ་ཞིག་རྙེད་སོང་བ་ལྟ་བུ་ཞིག་བྱས་ནས། གཏན་ནས་འདོར་ཐུབ་ཀྱི་ཡོད་པ་མ་རེད། དེང་གི་འཛམ་གླིང་ན་མིའི་རིགས་ཀྱི་སློབ་གསོ་ཟེར་ནས་གོ་ལ་གཅིག་གྱུར་གྱི་ཁ་གཡང་སྒྲོག་གིན་གང་འཚམས་ཤིག་ལག་ལེན་དུ་ཡང་གཞོལ་ཐུབ་ཀྱི་ཡོད་པ་རེད། ང་ཚོས་ད་དུང་རྟ་ལ་ལྕག་གིས་བཏུལ་ནས་ཐུལ་སོང་ན། རྟ་ལ་སློབ་གསོ་ཐེབ་མི་ཟེར་བ་དང་། མི་ལ་ལྕག་གིས་བྲབས་ནས་ནུས་མེད་དུ་བཟོས་པ་མི་ལ་སློབ་གསོ་ཐེབ་སོང་བ་མིན་པའི་གནས་ལུགས་ཙམ་ཡང་ཤེས་ཀྱི་ཡོད་པ་མ་རེད། ཅི་ཞིག་ལ་སློབ་གསོ་ཟེར་བ་རེད། སློབ་གསོའི་གོ་དོན་ཤེས་མཁན་ག་ཚོད་ཡོད། ལས་སྣེ་ང་ཡིན་ཟེར་མཁན་དག་གིས་ཁ་ནང་དུ་ཕྱོགས་ནས་འདིའི་སྐོར་ལ་བསམ་བློ་ཞིག་བཏང་མྱོང་ཨེ་ཡོད། ངའི་གྲོགས་པོ་ཞིག་གིས་འུ་ཚོར་སློབ་མཁན་མང་པ་ལས་གསོ་མཁན་ཉུང་བ་རེད་ཟེར་ནས་བཤད་མྱོང་ཡོད། དེ་ནི་ངོ་མ་ལེགས་བཤད་རྨ་མེད་པ་ཞིག་རེད། གསོ་མཁན་ཉུང་ན་སློབ་མཁན་རྐྱང་གིས་ཅི་ཞིག་འོང་གི་རེད། འདི་ནི་ཆོས་འཇིག་རྟེ་གང་ནས་བལྟས་ཀྱང་ནོར་འཁྲུལ་ཁོ་ན་ལས་རྒྱལ་ཁ་ཞིག་གཏན་ནས་མ་རེད། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གཞན་དབང་ཡོངས་གྲུབ་བདེན་གྲུབ་དང་། ཀུན་བཏགས་ཆོས་རྣམས་བདེན་མེད་དུ་གསུངས་དགོས་པའི་རྒྱུ་མཚན་གང་ལ་ཐུག་པ་རེད། གདུལ་བྱ་བྲི་བའི་རིགས་ལམ་འདི་སློབ་གསོ་ཡང་དག་པ་ཞིག་ཨེ་རེད། རེད། ཡང་དག་པ་ཞིག་རེད། སློབ་གསོ་ཟེར་བ་དེ་ནི་ནང་སེམས་ལ་དཔུང་འཇུག་བྱས་ནས་བྱ་བ་ནོར་འཁྲུལ་ཅན་གང་ཞིག་བྱུང་ཡང་ནང་སེམས་ཀྱི་གཡོ་ཕྱོགས་ཤིག་ལས་བྱུང་བར་ངོས་ཟིན་དུ་འཇུག་རྒྱུ་དང་། དེ་གང་ལས་བྱུང་བའི་སེམས་ལ་བཟོ་བཅོས་གཏོང་བྱེད་ཅིག་ལ་སློབ་གསོ་ཟེར་བ་རེད། འདི་འདྲའི་སློབ་གསོ་ནི་དུས་ཡུན་ག་ཚོད་ཅིག་ཕྱིན་ཀྱང་གཏན་དུ་ཞིག་པ་མེད་པས། འདི་ལ་དུས་ནམ་ཡང་དུས་ཀྱིས་བསྐལ་བའི་སློབ་གསོ་ཞིག་ཏུ་གཞལ་ཡང་མི་སྲིད་པ་རེད། སློབ་གསོ་ཡིས་མི་ལ་ཁུངས་ཁྲོ་སློང་གི་ཨེ་རེད། ང་རྒྱལ་དང་ཕྲག་དོག་སོགས་རང་གཞན་སུ་ལ་ཡང་ཕན་ལས་གནོད་ཆེ་བའི་དོན་རྩ་དག་སློང་གི་ཨེ་རེད། གཏན་ནས་སློང་གི་མ་རེད། དེ་དག་གི་ལྡོག་ཕྱོགས་ཁོ་ནར་ཡོད་པ་རེད། དེ་དག་སློང་བྱེད་ཅིག་ལ་སློབ་གསོ་ཟེར་བ་ཨེ་རེད། གཏན་ནས་ཟེར་བ་མ་རེད།

མཇུག་གི་སྐད་ཆ་ཐུང་ངུ།

བསྟན་པ་ལ་སྙིང་ནས་ཤ་ཚ་མཁན་ཞིག་ཡིན་ན། དོན་དུ་ནི་སེམས་ཅན་ལ་ཤ་སྙིང་ནས་ཤ་ཚ་བ་ཡིན་པས། ང་ཚོ་སུ་ལ་ཡང་བསམ་ཚུལ་དང་སྤྱོད་ཚུལ་སོགས་ཀྱི་ཐད་ནས་མི་མཐུན་པ་མང་ན་ཡང་ཕན་ཚུན་ལ་གནག་སེམས་མེད་པར་དོན་དངོས་གང་ཞིག་ཡིན་ཀྱང་བགྲོ་གླེང་གི་སྟེང་ནས་གོམ་པ་སྤོ་རྒྱུ་ནི་གནད་དོན་ངོ་མ་ཞིག་རེད། མཁས་དབང་དགེ་ཆོས་མཆོག་གིས། དེས་ན་རིགས་མཐུན་སྐྱེ་བོས་མགྲིན་གཅིག་ཏུ།། བསྒྲགས་པའི་ངར་སྐད་ཁོ་ན་མི་ཉན་པར།། སྐབས་སུ་བདེན་པའི་རྒྱུ་མཚན་དཔང་བཅོལ་ནས།། གཟུ་བོའི་དྲང་ལམ་ཙམ་ཡང་སྨྲ་བར་མཛོད།། ཅེས་རེ་སྐུལ་དང་བཅས་རེ་ཞིག་མཇུག་གྲུབ་པར་བྱས་སོ།།                      

༢༠༡༢ ལོའི་ཟླ་བ་ ༤ ཚེས་ ༣༠ ཉིན་རྫོགས་པར་བྲིས།

 

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 5

  1. གངས་ཟླ། says:
    ལོ་ 14 སྔོན།

    དེ་རིང་གྲོགས་པོ་ཞིག་གི་ཁ་པར་བརྒྱུད་ནས་གནས་ཚུལ་གོ་བ་ལྟར་ན། གྲྭ་ས་ན་ཐོབ་ཁོངས་རྩོད་ཀྱིན་འདུག་ཟེར། མིའི་རང་དབང་ལ་རྡོག་རོལ་གཏོང་གི་འདུག་ཟེར། ངོ་མ་སེམས་སྐྱོ་ནི་ཞིག་རེད། ཞིབ་མོ་ཞིག་བཤད་ཡོང་དུས་ངོ་མ་མིའི་རང་དབང་ལ་རྡོག་རོལ་རང་ཡིན་འདུག སེར་བྱེས་དགེ་བསྐོས་ཀྱིས་ཕྱོགས་སུ་ལྷུང་བའི་སྐད་ཆ་ཞེ་མེར་བ་རྐྱང་བཤད་སོང་ཟེར། ངས་དེ་རིང་ནས་བཟུང་ཞིབ་འཇུག་བྱེད་ཀི་ཡིན། དོན་དངོས་དམར་རྗེན་དུ་ཅིག་འབྲི་མ་ཐུབ་ན་ང་བུ་མིན་པའི་རྟགས་ཡིན། སྤྱིར་ངས་དེང་སྐབས་གནས་མཆོག་རྡ་ས་ན་བོད་ཀྱི་ལོ་རྒྱུས་རིག་པར་སློབ་སྦྱོང་བྱེད་ཀྱིན་ཡོད། འོན་ཀྱང་། དུས་ཚོད་ཅིག་དམིགས་ཀྱིས་བཞག་ནས་ཐོབ་ཁོངས་ཀྱི་རྩོད་ཉོག་འདི་ལ་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱས་ནས། ཆོས་མིན་ཆོས་ཀྱི་དྲེད་པོ་འགའ་ཞིག་གི་རང་གཤིས་དམར་རྗེན་དུ་ཅིག་མ་བྲིས་ན། ངས་སྙུག་གི་བཟུང་ནས་མི་ལོ་བཅུ་ཕྲག་ཡས་མས་ཞིག་སོང་ཡོད་པ་དེ་དོན་མེད་ཡིན་པའི་རྟགས་ཡིན།

    Reply
  2. རོ་ལངས། says:
    ལོ་ 14 སྔོན།

    གནས་ལུགས་ལ་གདོང་གཏད་དེ་ད་དུང་འདི་འདྲ་གང་མང་གླེང་ཐུབ་པའི་སྨོན་འདུན་ཞུ་གི་ཡོད།

    Reply
  3. གངས་ཟླ། says:
    ལོ་ 14 སྔོན།

    གསོད་ནམས་རྒྱ་མཚོ་ལགས་ཀྱིས་བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ། གང་ཞིག་བཤད་ཀྱང་། ང་ཚོ་ཚང་མའི་འགན་འཁྲི་ཡིན་པའི་འདུ་ཤེས་ཀྱི་སྟེང་ནས། ཚང་མས་གླེང་དགོས། ངས་ནི་དེང་སང་དགོན་སྡེ་དག་ལ་སྐྱོན་ཆེན་པོ་གསུམ་མཐོང་གི་ཡོད། གཅིག་ནས་འཚོ་བ་གཉེར་སྟངས། གཉིས་ནས་སློབ་གསོའི་ཁ་ཕྱོགས་སྟངས། གསུམ་ནས་སྒྲིག་ལམ་སོགས་ཀྱི་ཐད་ནས་རེད། བསོད་ནམས་རྒྱ་མཚོ་ལགས་ཀྱིས་གཤད་ཡོད་པ་དག་ནི་དགོན་སྡེ་ཁག་ལ་མཚོན་ན། ཡར་རྒྱས་ཀྱི་རྣམ་པ་ཙམ་ལ་ངོས་བཟུང་ན་ད་ལོས་ཆོག་མོད། དེ་ནི་ངོ་མ་ཞིབ་ཏུ་བསམ་བློ་ཞིག་བཏང་ན། ངོ་མ་ཡར་རྒྱས་ཀྱི་རྣམ་པ་ཙམ་རང་ཡིན། དོན་གནད་འདི་དག་གི་གསེང་ན་ས་འོག་དར་ཐག་གི་དཔེ་ལྟ་བུའི་ལུགས་སྲོལ་ཡོད་པས། ཕྱི་གསལ་ནང་གསལ་གྱི་བདེན་པ་ཞིག་ད་དུང་རྙེད་ཐུབ་གྱི་ཡོད་པ་མ་རེད།

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    གངས་ཟླས་གསུང་ལ་རྒྱབ་སྐྱོར་ལོས་ཞུ། བདག་ལའང་བསམ་ཚུལ་དེ་དང་འདྲ་བོ་སྔར་ནས་ཡོད། ཡིན་ནའང་ཁྱེདཀྱིས་སྤྱི་ཁོག་རོབ་བཤད་གནང་གི་ཡིན་གསུང་པ་ལྟར། དེ་ལས་རྒྱས་བཤད་གནང་མི་འདུག། གྲྭ་ས་ཁག་ལྟ་བུ་ཡིན་ན་ཁམ་ཚན་སོ་སོ་ནས་འཐུས་མི་རེ་རེ་དགོན་པའི་ལས་སྣེ་ཚོགས་འདུའི་ཐོག་ཏུ་མཉམ་ཞུགས་ཆོག་པའི་ཐོབ་ཐང་ཡོད། ཕྱག་མཛོད་ཁང་ནས་ཐག་གཅོད་བྱེད་པའི་གནད་དོན་ལ་ཁམ་ཚན་སོ་སོའི་ཁམ་ཚན་རྒན་གྱི་མང་མོས་མོས་མཐུན་མ་བྱུང་ན་སླར་ཡང་ཚོགས་འདུའི་སྐོང་སྟེ་གྲོས་འདུར་གནང་དགོས་ཀྱི་ཡོད།  གནས་ཚུལ་ཁ་ཤས་མཁན་པོ་དང་དགེ་བསྐོས་ཕྱག་མཛོད་ཁང་ཁག་སོ་སོ་ནས་ཐག་གཅོད་བཞིན་ཡོད་ནའང་། གནས་ཚུལ་ཆེ་ཁག་ལ་སྒེར་སྤྱོད་རིང་ལུགས་གཏན་ནས་བྱེད་ས་མེད། མཁན་པོ་དང་དགེ་བསྐོས་ཕྱག་མཛོད་སོགས་ཀྱི་ལས་གནས་བསྐོ་བཞག་བྱེད་སྟངས་ནི་དམངས་གཙོ་སྤྱིའི་སྲོལ་ལྟར་འོས་འདུ་བརྒྱུད་བཞིན་ཡོད། ད་རུང་ཡང་དུས་རབས་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་ ལྟོས་ཏེ་ཡར་རྒྱས་ཀྱི་གོམ་པ་མདུན་སྐྱོད་དལ་དྲགས་པའི་སྐྱོན་ཆ་ལྡན་ཡོད། ངས་བཤད་རྒྱུ་ནི་རྒྱ་གར་ནང་ཡོད་པའི་གདན་ས་ཁག་གི་སྐོར་ཡིན་ཀྱང་དགོན་ཁག་གཞན་ནང་ཁྱེད་ཀྱིས་གསུང་ལྟར་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་ལ་འགྱུར་བ་མ་ཐེབས་པའི་བོད་ཕྱི་ནང་གི་དགོན་ཁག་མང་ངོ་། འཚོ་བ་གཞན་རྟེན་མི་རུང་ཟེར་བ་དེ་བདེན་ཡང་། དེ་ནི་གྲྭ་བཙུན་གཅིག་པུ་མ་ཡིན་པར་ངེད་ཅག་བཙན་བྱོལ་གཞུང་དང་མི་དམངས་གཅིག་རེད། ད་དུང་གྲྭ་བཙུན་ཚོས་ཆོས་བཙོང་གིན་ཡོད་ན་འདྲ་ཆོས་སྤེལ་གྱིན་ཡོད་ན་འདྲ། གང་ལྟར་གྲྭ་བཙུན་དང་དགེ་བཤེས་བླ་མ་སོགས་ཀྱིས་སློབ་གྲྭ་དང་ཚོགས་སྡེ་ཁག་ཕལ་ཆེར་སྦྱིན་བདག་གམ་རོགས་སྐྱོར་རྒྱུན་མཐུད་དུ་གནང་མུས་རེད། དགོན་སྡེ་ཁག་ལ་འགྲོན་ཁང་དང་ཚོང་ཁང་ཟ་ཁང་གཏན་ནས་མེད་པ་མིན་པ་མ་ཟད་ལྷོ་ཕྱོགས་དགོན་ཁག་ལ་ཞིང་ཁ་དང་མ་ཧེ་ཡང་ཡོད། 

    Reply
  5. གངས་ཟླ། says:
    ལོ་ 14 སྔོན།

    དེང་སང་ཚོགས་འཚོགས་རྒྱུ་མང་ན་ཡག་པོ་མེད་རབས་བཤད་ན། གནས་དབྱུངས་གཏོང་གི་ཡིན་ཞེས་འཇིགས་སྐུལ་བྱེད་ཀྱིན་འདུག་ཟེར། དེ་ནི་ངོ་མ་དགོས་རྒྱུ་ཞིག་མ་རེད། ཞབས་བརྟན་སྐུ་རིམ་བྱས་ནས་སུ་ཞིག་སངས་རྒྱས་མྱོང་ཡོད་པ་མ་རེད། དོན་གནད་གང་ཞིག་ལ་ཐུག་ཀྱང་ཞབས་བརྟན་དང་སྐུ་རིམ་ཟེར་ནས་འུར་འུར་ཟང་ཟེང་བྱེད་རྒྱུ་འདི་ཡག་རྟགས་ཤིག་གཏན་ནས་མ་རེད། འདི་དེང་ཐོག་ཁུངས་གང་ནས་ཡོང་བ་ཡིན་མིན་དཔྱད་པ་ཞིག་བྱས་ན། དེ་ནི་སྔོན་བོན་ལུགས་ཀྱི་ཆོས་བྱེད་སྟངས་ཤིག་ཡིན་པ་རེད། ང་ཚོའི་བཙན་པོ་རིམ་བྱོན་གྱི་སྐབས་སུ་རྒྱལ་བོ་སུ་ཞིག་ཡིན་ཀྱང་སྐུ་གཤེན་ཟེར་བ་ཞིག་འཇོག་སྲོལ་ཡོད་པ་དང་། དེ་ནི་དེང་གི་སྐད་དོད་དུ་ཨ་མཆོད་ཟེར་བ་དེ་རེད་འདུག་ལ། རྒྱལ་བོའི་སྐུ་ཚེ་ལ་བར་ཆད་སོགས་མི་འབྱུང་བའི་ཆེད་དུ་རྒྱལ་པོའི་ཕོ་བྲང་དུ་སྐུ་རིམ་ཟེར་ནས་ཅིག་བཏོན་ནས་བསྡད་ཡོད་པ་ཞིག་ཡིན་པས། འདི་ནང་པའི་ཆོས་ཀྱི་བྱེད་སྒོ་ཞིག་མིན། ཡང་དེང་གི་ནང་པ་ཡིན་ཟེར་མཁན་གྱི་གཡུང་དྲུང་བོན་ནི་དེ་དུས་ཀྱི་བོན་དང་མི་འདྲ་བར་ཁོང་ཅག་གིས་བཤད། གང་ལྟར་སྔར་གྱི་བཙན་པོའི་ཕོ་བྲང་ནང་གི་སྐུ་གཤེན་ནམ་ཨ་མཆོད་ནི། རིམ་པས། དུས་དང་སྤྱི་ཚོགས་ཀྱི་འགྱུར་བ་མང་པོ་ཞིག་ལ་བརྟེན་སྲོང་བཙན་སྒམ་པོའི་སྐབས་ཐོག་ཡས་མས་ཤིག་ནས་བཙན་པོའི་ཕོ་བྲང་ནང་གི་དབང་ཆ་ཕལ་ཆེར་སྐུ་གཤེན་ནམ་ཨ་མཆོད་ཀྱིས་བཟུང་ཡོད་པར་ལོ་རྒྱུས་ཀྱི་ཕྱོགས་ངོས་གང་ནས་བལྟས་ཀྱང་དངོས་བདེན་ཡིན་ལ། ཕྱིས་སུ་སྐུ་དྲག་མི་དྲག་གི་ཁྱོམ་དུ་དར་བ་དང་། དེ་ནས་དམངས་ཁྲོད་དང་དགོན་པ་སོགས། རང་རེའི་སྤྱི་ཚོགས་ཀྱི་མཐོ་དམའ་ཀུན་ལ་ཁྱབ་པ་ཞིག་ཡིན་འདུག བཅོམ་ལྡན་འདས་ཀྱིས་གདུལ་བྱ་བྲི་བའི་རིམ་པའི་ཁྲོད་དུ་དེ་འདྲ་ཞིག་དགོས་པ་མ་མཁྱེན་པ་རེད་དམ་ཡང་ན་མ་དགོས་པ་རེད། དགེ་བཤེས་ཡིན་ཟེར་མཁན་ཚོས་འདི་མ་རེད་འདོད་ན་ལན་གནང་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese