རྒྱ་གཞུང་གིས་མགོ་ལོག་པདྨ་རྫོང་གི་ཞི་རྒོལ་གྱི་སྣེ་འཁྲིད་མཁན་ཏཱ་ལའི་རུ་ཚོགས་འབྲེལ་བ་ཡོད་ཚུལ་བཤད་དེ་བརྩད་གཅོད་བྱེད་ཀྱི་འདུག་ཟེར།
རྒྱ་གར་ལྷོ་ཕྱོགས་སེར་བྱེས་བྱ་བྲལ་ཁམས་ཚན་གྱི་གྲྭ་བློ་བཟང་བརྩོན་འགྲུས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་སྟེ། གསུམ་བཅུའི་དུས་དྲན་ཐེངས་ ༥༣ པ་དང་སྟབས་བསྟུན་ཏེ་མགོ་ལོག་ཁུལ་པདྨ་རྫོང་ངྷཱི་མདའ་ཡུལ་ཚོའི་སེར་སྐྱ་མང་ཚོགས་ཀྱིས་དགོང་དྲོའི་ཆུ་ཚོད་ ༦ པ་ནས་མཚན་ ༡༢ བར་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་མར་མེ་མཆོད་འབུལ་དང་ཞི་བའི་ཁྲོམ་སྐོར་བྱས་སྟབས། ཕྱི་ཉིན་པདྨ་རྫོང་གི་ཉེན་རྟོག་མི་སྣ་དང་ཀྲུང་དབྱང་གིས་ཆེད་མངགས་བྱས་པའི་དྲག་ཆས་རུ་དཔུང་ཁག་མཉམ་འབྲེལ་གྱིས་ཡུལ་ཚོར་འབྱོར་དེ་སྐྱ་སེར་གཉིས་ལ་གཅར་རྡུང་དང་དྲག་གནོན་བྱས་ཡོད་པ་མ་ཟད། ཉེ་ལམ་རྒྱ་གཞུང་གིས་སྐབས་དེའི་ལས་འགུལ་གྱི་སྣེ་འཁྲིད་པ་ཏཱ་ལའི་ཁ་བྲལ་ཚོགས་པ་དང་འབྲེལ་བ་ཡོད་ཚུལ་བསྒྲགས་ཏེ་འཚོལ་ཞིབ་དང་། ས་གནས་དེའི་རྩོམ་པ་པོ་ངྷཱི་ལྷ་ལྡན་ལགས་གར་ཡོད་བརྩད་གཅོད་བྱེད་ཀྱི་ཡོད་འདུག
སྐབས་དེར་རྒྱ་ནག་གིས་པདྨ་རྫོང་དུ་ཆེད་མངགས་བྱས་པའི་དྲག་ཆས་དམག་དཔུང་།
སྐྱ་སེར་གཉིས་ཀྱིས་བསྔོ་སྨོན་མཆོད་འབུལ་གནང་བཞིན་པ།
མར་མེ་མཆོད་འབུལ།