མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚད་མཐོའི་ཞི་རྒོལ་གྱི་མེ་ལྕེ་ཞལ་ཆེམས།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

ས་འོད།

 

དང་པོ། མེ་ལྕེ་ཞལ་ཆེམས་ཀྱི་འབྱུང་རྐྱེན་དང་དགོས་དོན།

 

༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེིན་མོའི་སྔ་རྗེས་སུ་བོད་མིའི་ཞི་རྒོལ་གྱི་རྣམ་པ་གསར་བ་ཞིག་གི་མགོ་བརྩམས་པ་སྟེ། རང་ལུས་མེ་རུ་བསྒྲོན་ཏེ་བསྟན་སྲིད་ཉམས་ཆག་གི་གནས་ལས་སྲུང་ཐབས་མཛད་ཅིང་། བདག་པོས་གཞན་གཅེས་ཀྱི་ཚད་མཐོའི་ཞི་རྒོལ་གྱི་མེ་ལྕེ་དྲག་ཏུ་འབར་ཞིང་རྒྱུན་འབར་གྱི་ཕྱོགས་སུ་བསྐྱོད་དགོས་བྱུང་། དེ་ཡང་མི་ལོ་དྲུག་ཅུའི་རིང་རྒྱ་ནག་དམར་གཞུང་གིས་ཐལ་སྤྱོད་ཅན་གྱི་སྲིད་ཇུས་འོག་ལུས་ལ་མནར་སྤྱོད་ཙམ་དུ་མ་ཟད། སེམས་སུ་ལྷན་སྐྱེས་སུ་མཆིས་པའི་བོད་ཀྱི་སྲོལ་རྒྱུན་བསམ་བློ་དང་ནང་ཆོས་ཀྱི་བླ་སློབ་འབྲེལ་བ། སྐད་ཡིག་རིག་གཞུང་གི་ངོ་བོ་དང་། ཁོར་ཡུག བེད་སྤྱོད་བྱས་ཏེ། གཅིག་སྡུད་རིང་ལུགས་པའམ་དྲག་སྤྱོད་རིང་ལུགས་དང་མི་མཐུན་པས་ན། དེ་རྒྱུ་མཚན་དུ་བཟུང་སྟེ་མཐའ་གཅིག་ཏུ་ཁ་བྲལ་རིང་ལུགས་པ་དང་གསར་བརྗེ་ངོ་ལོག་པའི་ཉེས་མིང་འོག་ཚད་ལས་འདས་པའི་མནར་གཅོད་རྒྱུད་མར་བཏང་དང་གཏོང་བཞིན་ཡོད་པ་རེད། དེར་བརྟེན། བོད་མི་རྣམས་ཀྱིས་མི་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་བོད་རྒྱལ་ཁབ་དང་མི་རིགས་རིག་གཞུང་བཅས་ཀྱི་ཆེད་དུ་རང་སྲོག་གི་འགྲོ་གྲོན་ནི་ཕོ་ཟད་མོ་ཐུག་དང་། མོ་ཟད་མདང་སྐྱེས་བྱིས་པར་ཐུག་པའི་བར་བློས་གཏོང་མི་བྱེད་ཐབས་མེད་བྱུང་ཞིང་། དེ་ལྟར་བཏང་དང་གཏོང་བར་ནམ་ཡང་ཞུམ་པ་སྐྱེས་མྱོང་མེད། དཔའ་ངར་ཞུམ་མེད་ཀྱི་རྒྱལ་གཅེས་པ་ཚོས་“རྔ་ཇི་ལྟར་རྡུང་ན་འཆམ་དེ་ལྟར་འཁྲབས་”ཏེ་དྲག་སྤྱོད་ཚད་ལས་འདས་པའི་ཁ་གཏད་དུ་རང་ལུས་མེ་ལ་བསྲེགས་ཏེ་ཚད་མཐོའི་ཞི་རྒོལ་གནང་དགོས་བྱུང་བ་ཡིན།

 

ང་ཚོས་སངས་རྒྱས་ཀྱི་མདོ་རུ་གསལ་བའི་དེད་དཔོན་སྙིང་རྗེ་ཆེན་པོའི་མཛད་པ་དང་དཔེ་སྦྱོར་བྱས་ཏེ། བོད་མིའི་རང་ལུས་མཆོད་མེར་ཕུལ་བའི་རྒྱུ་རྐྱེན་སོགས་ལ་བལྟས་པ་ཡིན་ན། མཆོད་མེའི་ངོ་བོ་ནི་ནང་བསྟན་ཆོས་ལུགས་དང་ཡོངས་སུ་མཐུན་པར་མ་ཟད། དགོས་དོན་ཡང་ནང་བསྟན་གྱི་སྙིང་བོ་ཞི་བདེ་དང་གཞན་ཕན་ལ་ཐུག་པར་ངོ་འཕྲོད་པ་ཡིན། དེ་ཡང་དེད་དཔོན་སྙིང་རྗེ་ཅན་ཀྱིས་ཚོང་མི་ལྔ་བརྒྱའི་མགོ་དཔོན་གནང་སྟེ་ཚོང་ལ་ཕྱིན། ཚོང་རྫས་གྱ་ནོམ་པ་བྱུང་ནས་ཕྱིར་འཁོར་མཚམས་ཚོང་མིའི་གྲས་པ་ཞིག་གི་རྫས་རྣམས་བདག་འདོད་ཀྱིས་གཞན་གསོད་པར་བརྩམ་པ་ན། དེད་དཔོན་དེས་མི་ལྔ་བརྒྱ་འཆི་བ་ལས་ཐར་ཕྱིར་སྒེར་སེམས་ཅན་གྱི་མི་ངན་དེ་བསད་ཅིང་། ཁོང་གིས་དེ་ལྟར་བསད་པས་འཇིག་རྟེན་སྤྱིའི་ལུགས་དང་མི་འགལ་བར་མ་ཟད། ནང་བསྟན་ཆོས་ལུགས་ལྟར་ནའང་གཞན་གྱི་ཕན་བསམ་བློ་མངོན་འགྱུར་བྱུང་བ་ཞིག་ཡིན། རྒྱུ་མཚན་ནི་ཁོང་གི་མཛད་བབ་དང་གཞན་ཕན་གྱི་བསམ་བློ་བཅས་ནི་ནང་བསྟན་ཆོས་ལུགས་ཀྱི་བསྟན་བཅོས་རྣམས་སུ་བྱང་ཆུབ་སེམས་དཔའི་བློ་སྟོབས་ལ་ངོས་འཛིན་བྱས་ཡོད། དེ་མཚུངས་སུ་རྒྱ་བོད་དུང་ཕྱུར་མང་བོའི་རང་དབང་གི་ཕྱིར་དུ་རང་ལུས་མེ་རུ་བསྲེགས་པའི་བོད་ཀྱི་དཔའ་རྒོད་ཕོ་མོ་རྣམས་ཀྱིས་དེད་དཔོན་སྙིང་རྗེ་ཆེན་པོའི་མཛད་པ་དང་མཐུན་པར་མཛད་པ་ལ། འཚེ་བའི་ལས་དང་ནང་བསྟན་ཆོས་ལུགས་དང་མི་མཐུན་ཚུལ་བསྒྲགས་པ་ནི་རྒྱུས་མེད་ཀྱི་རྒྱུས་གཏམ་ལས་མ་འདས་སོ།། ནོར་རྫས་བདག་འདོད་ཀྱི་མི་དེ་ནི་དམར་གཞུང་གི་མགོ་གཙོ་རྣམས་དང་མཚུངས་ཤིང་། མི་ལྔ་བརྒྱ་ཡང་རྒྱ་བོད་མི་མང་དང་དཔེ་དོན་འགྲིགས། ཡུལ་གྱི་ཆ་ནས་ཚོང་མི་ལྔ་བརྒྱ་རྒྱ་མཚོའི་དཀྱིལ་དུ་མཆིས་པའི་སྐབས་ཡིན་ལ། རྒྱ་བོད་མི་མང་ཡང་འཇིགས་སུ་རུང་བའི་དམར་དམག་གི་མེ་མདའི་སོ་ཁས་ཕྱི་ནང་བར་གསུམ་བསྐོར་བའི་དཀྱིལ་དུ་གནས་པས་གཡོ་འགུལ་མི་ནུས་པ་དང་ཀུན་ནས་མཚུངས།

 

དུས་ཀྱི་ཆ་ནས་དུས་རབས་ཉེར་གཅིག་ནང་འཛམ་གླིང་མི་མང་མང་གཙོའི་ལམ་ལུགས་སྟེང་རང་དབང་ཡོངས་སུ་རྫོགས་པའི་དེང་རབས་ཀྱི་དུས་སྐབས་མངོན་གྱུར་བྱུང་ཡོད་ཀྱང་རྒྱ་བོད་མི་མང་དྲག་སྤྱོད་སྲིད་གཞུང་གི་མེ་འདའི་འོག་མཆིས་པས་དེད་དཔོན་ལྟ་བུའི་བོད་མི་སྙིང་སྟོབས་ཅན་རྣམས་ཀྱིས་རང་སྲོག་བློས་གཏོང་གི་ལས་འགུལ་འདི་དག་མཚམས་མ་ཆད་པར་བརྩམས་དགོས་བྱུང་བ་ཞིག་ཡིན་འདུག ཚད་མཐོའི་ཞི་རྒོལ་གྱི་མེ་ལྕེ་མཆེད་ཟིན་པ་ནས་ད་ལྟ་ཡང་ད་དུང་དྲག་སྤྱོད་སྲིད་གཞུང་གིས་བཙན་གནོན་སྒོས་གཏུམ་དྲག་གི་སྤྱོད་པ་མཚམས་འཇོག་མ་བྱས་པ་ཡིན་ན། བཙན་པོའི་བུ་རྒྱུད་རྣམས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་མེ་ལྕེའི་ཞི་རྒོལ་མུ་མཐུད་དུ་གནང་ངེས་པ་ཡིན་ཏེ། རྒྱུ་མཚན་ནི། ཇི་སྲིད་བོད་ཀྱི་རང་དབང་དང་ཆོས་རིག་སྐད་ཡིག་བཅས་རང་སོར་མ་ཆུད་པ་དེ་སྲིད་དུ་“ཆོས་ཀྱི་དོན་དུ་སྲོག་གཏོང་བ”ལ་སོམ་ཉི་དང་འཇིགས་སྣང་མེད་པ་ཡིན་འདུག ད་དུང་ནང་བསྟན་ཆོས་ལུགས་སུ་རང་བདེ་གཞན་ལ་གཏོང་བ་དང་གཞན་གྱི་སྡུག་བསྔལ་སེལ་བའི་ཆེད་དུ“མེ་ནང་བསྐལ་བ་རྒྱ་མཚོར་གནས་དགོས་ཀྱང་། སྙིང་རྗེས་མི་སྐྱེ་”བར་སློབ་སྟོན་གནང་ཡོད་པས་ན། ནང་བསྟན་ཉམས་སུ་ལེན་པའི་བོད་མི་ཚོར་མཚོན་ན། རྒྱ་ནག་དུང་ཕྱུར་བཅུ་གསུམ་དང་བོད་མི་ས་ཡ་དྲུག་གི་གཞི་རྩའི་རང་དབང་ཕྱིར་དུས་ནམ་ཡང་ཞུམ་པ་མེད་ཅིང་། གཞན་ཕན་ལྷག་བསམ་གྱིས་ལྷོད་པ་མེད་པའི་སྒོ་ནས་རང་ལུས་ཚ་ཞིང་བསྲེགས་པའི་དབྱིངས་སུ་བསྟིམས་ཟིན་པ་དེ་ལྟར། མ་འོངས་པར་ཡང་བསྟིམ་ངེས་པར་ཐེ་ཚོམ་མེད་པ་ཞིག་ཡིན། དཔེར་ན། ཉེ་བའི་ཉིན་ཤས་སྔོན་འཛམ་ཐང་བཙན་པོའི་དཔའ་སྲས་ཆོས་འཕགས་དང་བསོད་ནམས་གཉིས་ཀྱིས་“སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་བདེ་སྐྱིད། ལྷག་པར་དུ་བོད་ཀྱི་རང་དབང་ཆེད་དུ་རང་སྲོག་མེ་རུ་སྒྲོན་པ་”ཡིན་པའི་ཞལ་ཆེམས་བསྩལ་བས་ཤེས་པ་བཞིན་ནོ།།

 

དེ་ལྟ་མོད་དེ། འགྲོ་མི་ཐམས་ཅད་ཚོར་བཅས་ཡིན་པ་དང་། ཚོར་འདུའི་མྱོང་ཚུལ་མཚུངས་པའི་ཆ་ནས་དམར་གཞུང་གི་མིག་སྔ་ན་དམར་ལྷོག་ལྷོག་ཏུ་འབར་བ་ནི་ཤ་ཁྲག་གི་ལུས་ཕུང་ཞིག་ལས། རྩ་ཕུང་མེ་རུ་བསྒྱུར་བའི་ཁ་དོག་ཙམ་ག་ལ་ཡིན། ཡིན་ཡང་དྲག་སྤྱོད་སྲིད་གཞུང་གིས་རྩ་སྐྱ་མེ་ལ་ཤོར་བའི་གནས་བབ་ཙམ་ལས་མཐོང་སྣང་དུ་འཇོག་གི་མེད་པའི་ཁར། ད་དུང་དྲག་སྤྱོད་ཡིན་ཚུལ་དང་ཕྱིའི་ཁ་བྲལ་རིང་ལུགས་པས་ངན་སྐུལ་བྱས་ཚུལ་གྱིས་རང་སྐྱོན་གཞན་འགེབ་བྱེད་ཀྱིན་པ་ནི་ཇི་འདྲའི་སྐྱི་ཡ་བ་ཞིག་རེད་ཨང་། འུ་ཅག་གི་མེ་ལྕེའི་དགོས་དོན་གྱི་ཆ་ནས་ངོ་བོ་དང་འགྲུབ་ཐབས་ལ་བསམ་ན། ཡིད་སྐྱོ་བ་ཞིག་ལ་འབར་ཟིན་པའི་བོད་ཀྱི་མེ་ལྕེ་ཡི་ཕུང་བོ་དག་ནི་བར་སྣང་སྟོང་བའི་དབྱིངས་སུ་ཡལ། ཤུལ་ཏུ་ལུས་པའི་བོད་མི་ས་ཡ་དྲུག་གིས་མིག་མཆུ་རྒྱ་མཚོའི་རླབས་རླངས་དང་འགྲོགས་ཏེ་ཡལ་ཟིན་པའི་མེ་ལྕེ་ཡི་རྗེས་སུ་ཐོར། བཙན་བྱོལ་གཞུང་མང་ཡོངས་ཀྱིས “རང་གི་རིགས་ལ་ཞེན་པ་དཀར་བོའི་མདངས”སྙིང་ཁུང་རིས་པའི་སྟེང་ནས་མངོན་པར་བྱས་ཏེ་མཚམས་འཇོག་དང་དམར་ལུགས་པའི་དྲག་སྤྱོད་ཞི་བསྒྱུར་གནང་བཞེད་ཀྱི་ཐབས་ཤེས་རྒྱུད་མར་གནང་གིན་ཡོད་པ་དེ་ལྟར་ཡང་། བོད་ཀྱི་དཔྱད་བརྗོད་པ་འགས་ནི“རང་ཤ་སྟེར་ལ་གུས་པར་བྱས་”པའི་དཔའ་རྒོད་རྣམས་ཀྱི་མེ་ལྕེའི་གྲུབ་འབྲས་གནས་སྐབས་སུ་“སྣང་དུ་མི་རུང་”བའི་ཕྱིར་ན། རང་གཞན་གཉིས་ཕན་གྱི་དབུ་མའི་གྲོས་མོལ་གྱི་སྒོ་མོ་ཕྱེས་དང་འབྱེད་བཞིན་པའི་ལངས་ཕྱོགས་འདི་ནས། འཛམ་གླིང་དུས་འགྱུར་གྱི་ཚ་རླབས་ལ་རྒྱང་ལྟ་བྱེད་དགོས་པར་བརྗོད་ཀྱི་ཡོད།

 

དེ་ཡང་དཀྱིལ་ཤར་ཨ་རབ་ཀྱི་སྒེར་གཅོད་པ་རྣམས་ལྔ་ལམ་དུ་བརྫངས་པའི་མང་གཙོའི་འགུལ་སྐྱོད་དང་འབར་མའི་འགྱུར་ལྡོག་གི་ངོ་བོ་ལྟར་ལྡོག་ཏུ་མེད་ཅིང་མངོན་པར་མི་གསལ་ལ། ངོས་འཛིན་མི་ནུས་པའི་ཚ་རླབས་མེ་ལྟར་འབར་བའི་ནང་ཁུལ་འཐབ་རྩོད་ཀྱི་འབར་རྫས་ནི་དྲག་སྤྱོད་སྲིད་གཞུང་གི་མིག་སྔར་འཕྱུར་བ་ལ་མངོན་དུ་ཕྱོགས་ཟིན་པར་དགོངས་པ་ཡིན་སྲིད་མོད། དེ་ཡང་མེ་ལྕེའི་དགོས་དོན་གྱི་དོན་གནད་དང་ཉེ་བའི་བཤད་ཕྱོགས་ཤིག་ཡིན་པར་མི་སེམས་ཏེ། དམར་པོ་མེ་རུ་གྱུར་ཟིན་པའི་བཙན་པོའི་དཔའ་རྒྱུད་ཚོའི་ཞལ་ཆེམས་སུ་ངེས་གསལ་བྱུང་བ་ནི། ཁོང་ཚོས་རང་ཉིད་དམར་བོ་མེ་རུ་བསྒྱུར་བའི་སྐབས་སུ་༸གོང་ས་མཆོག་གི་གསེར་ཞལ་རིན་པོ་ཆེ་ཕོ་བྲང་ཆེན་པོ་པོ་ཏ་ལའི་ཁྲི་འཕང་མཐོན་པོའི་སྟེང་དུ་མཇལ་བའི་སྐལ་བ་མེད་པར་“རྒྱལ་ངན་གཞན་གྱིས་གཙེས་”པའི་འོག་ནས་འཚོ་བ་ལས་འཆི་བ་དགའ་ལ། འཆི་བ་ཡང་༸མགོན་པོ་གང་གི་གསེར་ཞལ་མི་རབས་རྗེས་མ་རྣམས་ཀྱིས་མཇལ་བའི་ཕྱིར་དུ་ཡིན་པར་བརྗོད་པས་སོ།། དེ་ཡང་ཇི་འདྲའི་ཚིག་ཉུང་ལ་དོན་ཀུན་འདུས་པ་ཞིག་རེད་ཨང་༸གོང་ས་སྐྱབས་མགོན་ཆེན་པོ་རྣམ་འདྲེན་བཞི་བའི་ཞལ་སྐྱིན་གང་ཉིད་རང་ཡུལ་བོད་དུ་ཞབས་སོར་འཁོད་པ་ཡིན་ན། ཇི་ལྟར་ཉིད་བྱེད་དབང་བོ་གླིང་བཞིར་བགྲོད་པའི་ཚེ་ན་འཛམ་གླིང་སྣང་བར་བྱེད་པའི་འོད་ཟེར་ཀུན་ནས་འཕྲོ་བ་དང་བཅས་པ་ལྟར། བོད་མི་རྣམས་ཀྱི་ལོ་ངོ་དྲུག་ཅུའི་རིང་གི་བཙན་གནོན་དང་དྲག་སྤྱོད་ཀྱི་འོག་ནས་“ཡུན་རིང་སྙིང་ལ་བརྣགས་པའི་འདོད་དོན་”འགྲུབ་པའི་ཕྱིར་རོ།།

 

གཉིས་པ།  མེ་ལྕེ་ཞལ་ཆེམས་ཀྱི་འབོད་བསྐུལ།

 

ལར་རྒྱ་བོད་གཉིས་ཀྱི་ལོ་རྒྱུས་ཁྲོད་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་༸གོང་ས་སྔ་མ་རྣམས་ཀྱིས་དུས་རབས་མང་བོར་འཚེ་མེད་ཞི་བདེས་རྒྱ་བོད་སོག་གསུམ་བུ་བསྐྱངས་པར་གསལ་བ་དང་ལྷག་པར་དུ་༸གོང་ས་རྣམ་འདྲེན་བཅུ་བཞི་བའི་སྙིང་རྗེའི་འོད་དཀར་གྱིས་འཛམ་གླིང་སྐྱེས་འགྲོ་ཀུན་“སྲིད་ལམ་དུད་པར་འཁྱམས་པ་ངལ་གསོ་”བསྩལ་ཐོབ་མཛད་ཀྱང་། བོད་མི་ས་ཡ་དྲུག་གི་“བདེ་བླག་རྩ་བ་དྲིན་ཆེན་བླ་མ”་སྟེ། བྱམས་བརྩེའི་མ་ཡུམ་གཅིག་བུ་དང་ཡུན་རིང་ཁ་ཁར་བཏང་བས་མགོན་པོ་གང་ཉིད་དྲན་པའི་འབོད་སྐུལ་དམར་པོ་མེ་ལྕེ་ཡི་རྣམ་པའི་སྒོ་ནས་བསྟན་པས་སོ།། དེ་ཡང་ང་ཚོས་དྲང་འཁྱོག་གང་ཡིན་དངོས་ཡོད་གནས་སྟངས་ལ་གཏུགས་ནས་བཤད་དགོས་པས་ན། སྙིགས་དུས་ཀྱི་སེམས་དཔའ་ཆེན་པོ་སྤྲུལ་སྐུ་བསོད་བྷ་ལགས་ཀྱི་མེ་ལྕེ་ཞམ་ཆེམས་སུ་“ད་ང་རང་གི་མི་སྒེར་གྱི་དབང་གིས་འདི་ལྟ་བུའི་ལས་བགྱིས་པ་མ་ཡིན་ལ། འདོད་དང་བསྙེན་བཀུར་གྱི་དབང་གིས་ཡང་འདི་ལྟ་བུ་བྱས་པ་མ་ཡིན། རང་གི་བསམ་པ་རྣམ་པར་དག་པའི་སྒོ་ནས་རང་གི་ཚེ་འདི་སྙིང་སྟོབས་ཆེན་པོས་སྟག་མོ་ལ་ལུས་ཡོངས་སུ་བཏང་བ་ལྟར་བཏང་བ་ཡིན། དེ་བཞིན་དུ་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་ཀྱང་དེ་བཞིན་སྲོག་བཏང་བ་ཡིན་མོད། ལག་ལེན་གྱི་ཐོག་ནས་ཞེ་སྡང་ལྟ་བུའི་ངང་ནས་གཤེགས་སོང་བ་ཡིན་པས་ཐར་ལམ་བགྲོད་ཐུབ་མིན་དཀའ་མོ་རེད།

 

དེར་བརྟེན་དེ་དག་གི་ལམ་སྣ་འདྲེན་པའི་དེད་དཔོན་དང་། འདི་ལྟ་བུའི་མཆོད་པ་ཕུལ་བའི་དགེ་བའི་མཐུ་ལ་བརྟེན་ནས་མ་འོངས་པར་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་སངས་རྒྱས་ཀྱི་སར་བགྲོད་པའི་སྨོན་འདུན་དང་། རྒྱལ་ཁབ་ཕྱི་ནང་གི་བླ་སྤྲུལ་ཡོངས་ཀྱི་སྐུ་ཚེ་བརྟན་པ་དང་། ཁྱད་པར་དུ་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་ཏེ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག་ཏུ་བཞུགས་པའི་སྨོན་འདུན་དུ།།”འཚེ་མེད་ཞི་བའི་ངོ་རྒོལ་གྱི་རྩེ་མོར་སོན་པའི་ལས་འགུལ་གསར་བའམ། ཡང་ན་བྱེད་ཐབས་གཞན་ཟད་ཀྱི་ལས་འགུལ་སྟེ། ཡ་ཆད་ཅིང་འུ་ལ་ཐུག་པའི་ཞི་རྒོལ་གྱི་འབོད་བསྐུལ་ཞུ་བ་ལྟ་བུའོ།། དེས་ན་གཞན་ལ་འཚེ་བ་ནི་ལྟ་ཅི་གཞན་གྱི་རང་དབང་དང་གཞི་རྩའི་ཐོབ་ཐང་གི་ཆེད་དང་། བོད་མི་རྣམས་ཀྱི་ཆོས་དད་རང་དབང་སྟེ། བོད་མི་རྣམས་གང་ལ་དད་མོས་ཡོད་ན་དེར་དད་པ་དང་གུས་བཀུར། ཞལ་མཇལ་གསུང་ཞུས་མི་ཆོག་པར་མ་ཟད། མཚན་སྨོད་དང་སྒྲོ་སྐུར་ཡིད་ཀྱིས་མི་བཟོད་པ་བྱ་དགོས་པའི་མུན་པ་མུན་ནག་གི་བཙོན་ཁང་ལས་རྒྱལ་བའི་ཕྱིར་དུ། རང་ལུས་མེ་ལ་བསྟིམས་ནས་འབོད་བསྐུལ་ཞུས་པ་ནི་ཡོ་གཟུར་མེད་པ་ཞིག་གོ། གལ་སྲིད་གཞན་ལ་འཚེ་བའི་སྒོ་ནས་རང་གི་མངོན་འདོད་སྒྲུབ་པ་ཡིན་ན་ཞི་བདེ་དང་ནང་བསྟན་ལ་མི་རུང་བ་དེའི་ཕྱིར་ན། སེམས་དཔའ་ཆེན་པོ་འདི་དག་གིས“རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ།།”རུ་དམིགས་ཏེ། གཞན་གྱི་ཞི་བདེ་དང་རང་དབང་གི་ཕྱིར་དུ་རང་གཞན་ཕན་ཚུན་བརྗེ་བ་སྟེ། “ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས།། སྦྱིན་པར་བྱེད་པས་སྦྱིན་པ་རྫོགས།། ཆགས་བཅས་ཡན་ལག་བཅད་ཀྱང་ནི།། མི་འཁྲུགས་བཟོད་དང་ཚུལ་ཁྲིམས་ཀྱི།།”ཕ་རོལ་དུ་ཕྱིན་པའི་སྤྱོད་པ་ལ་བསླབ་ཅིང་སློབས་པའི་འབོད་བསྐུལ་གནང་བའོ།།

 

མདོར་ན། གཞན་ཕན་གྱི་གནས་ཚད་མཐོན་པོར་བསྙེགས་པའི་མེ་ལྕེའི་འབོད་སྐུལ་གྱིས་འདྲེན་ངེས་པ་ནི། དྲག་སྤྱོད་པའི་དཀྱིལ་དུ་དཀྱིལ་ཤར་ཨ་རབ་ཀྱི་སྒེར་གཅོད་མགོ་གཏིང་བརྗེ་བ་ལྟ་བུའི་མེ་དཔུང་འབར་རྒྱུ་དེ་ཡིན་ལ། མི་འགྱིང་བར་ང་ཚོས་ངང་སྒུག་བྱེད་འོས་པ་ཡང་དམར་ལུགས་མགོ་གཙོ་རྣམས་ཀྱིས་རྒྱ་བོད་མི་མང་གི་མདུན་དུ་ནག་ཉེས་ངོས་ལེན་བྱེད་ཚུལ་ཀྱི་ལྟད་མོར་བལྟ་རྒྱུ་དེ་ཡིན་པར་བརྗོད་པ་ལྟར་རམ། དེ་བས་ཀྱང་མེ་ལྕེའི་འབོད་སྒྲའི་བསྟན་དོན་གྱི་ཟུར་ཆ་གཅིག་སྟེ། བོད་མི་རང་ངོས་ནས་སོ་སོའི་ཆོས་དང་རིག་གཞུང་། སྲོལ་རྒྱུན་བཅས་རང་ཉིད་གང་དུ་གནས་པ་ཡིན་ནའང་། དེ་དག་གི་སྣ་སྣེ་རེའི་ངོ་ཚབ་བྱེད་ནུས་པ་ཞིག་ཅི་ནས་ཀྱང་རང་དབང་མ་ཐོབ་པར་དུ་བྱེད་དགོས་པའི་ཁར། མི་རབས་རྗེས་མ་རྣམས་ལ་རྡོ་ལག་རྒྱུད་ཀྱི་ཚུལ་དུ་འཕྲོད་དགོས་པའི་དྲན་བསྐུལ་བྱས་ཡོད། གལ་ཏེ་དེ་ལྟར་མ་བྱུང་བ་ཡིན་ན་མེ་ལྕེ་ཞལ་ཆེམས་ཀྱི་འབྱུང་རྐྱེན་དང་། དགོས་དོན། འབོད་སྐུལ་བཅས་ཀྱི་དོན་གནད་མ་འགྲུབ་པ་ཡིན་ནོ།། དེས་ན་འུ་ཅག་གི་མེ་ལྕེའི་འབོད་བསྐུལ་གྱིས་གསལ་འདེབས་བྱས་པའི་འོས་འགན་སྙིང་དུ་བཅིངས་ཏེ། ཁ་ཙམ་ཚིག་ཙམ་མ་ཡིན་པར། མཁས་མདོག་འཇོན་མདོག་མ་སྟོན་པར། ཕྱོགས་དང་རིས་སུ་མ་བཅད་པར་བཤེགས་ཟིན་པའི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ཀྱི་ཤུལ་བཞག་གི་ཞལ་ཆེམས་ལག་ལེན་ཏུ་བསྟར་རྒྱུ་ནི་མེ་ལྕེའི་འབོད་སྐུལ་དང་འབོད་བསྐུལ་གྱི་གནད་དོན་དེ་ཡིན་ནོ།།

 

གསམ་པ། མེ་ལྕེའི་སྔ་རྗེས་སུ་རྒྱ་གཞུང་གི་དྲིལ་བསྒྲགས།

 

ལར་རྒྱ་ནག་དམར་གཞུང་གི་དྲིལ་བསྒྲགས་ཀྱི་ངོ་བོ་ལ་རིགས་གཉིས་མཆིས་ཤིང་། གཅིག་ནི་དམར་ལུགས་པའི་བཟུང་བ་ནས་གསར་བརྗེ་དང་འཛུགས་བསྐྲུན་སོགས་ཀྱི་ཐད་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་སྐོར་དང་། གཉིས་པ་ནི་རང་སྐྱོན་གཞན་འགེབ་ཀྱི་དྲིལ་བསྒྲགས་སྐོར་རེད། རིགས་གཉིས་སུ་འདུ་བའི་དྲིལ་བསྒྲགས་ནི་“ཧམ་པ་རི་འདྲ་ཞིག་བཤད་ན་ཁེ་བབ་གཡག་འདྲ་ཞིག་བྱུང་”པའི་དཔེ་ལྟར། སྒེར་གཅོད་པའི་སྲིད་དབང་བརྟན་ཆེད་ཡིན། མི་ལོ་དྲུག་ཅུ་སོང་མཚམས་ནས་དམར་ལུགས་པའི་དྲིལ་བསྒྲགས་ལྟར་འཛུགས་བསྐྲུན་སོགས་ཀྱི་ཐད་ཡར་རྒྱས་ཀྱི་རྨང་གཞིར་བལྟས་པ་ཡིན་ན། དུས་རབས་དང་མཐུན་པའི་སློབ་གསོས་མཚོན་མི་མང་གི་རྨང་གཞིའི་ཤེས་ཡོན་ནས་ཆེད་ལས་པའི་རིགས་ཅན་རྣམས་སྐྱེད་སྲིང་ཚད་ལྡན་བྱུང་མིན་ཤེས་ཐུབ་ལ། དེ་ལས་དེ་དག་གིས་གསར་སྐྲུན་བྱས་པའི་ཕྱིའི་འཛུགས་སྐྲུན་གྱི་རྨང་གཞི་བརྟན་པོ་བྱུང་ཡོད་མེད་ཀྱང་རྗེས་སུ་འགྲོ་ལྡོག་གི་ཚུལ་གྱིས་ཤེས་ནུས་པ་ཞིག་ཡིན། སྤྱིར་བཏང་དང་དམིགས་བསམ་གྱི་ཤེས་ཡོན་ཚད་གཞི་ཚད་ལྡན་བྱུང་བ་ཡིན་ན་དེའི་འབྲས་བུར་གྱུར་པའི་ཡར་རྒྱས་དང་འཛུགས་སྐྲུན་བརྟན་ཚད་ཀྱིས་དུས་རབས་གསར་བའི་རྗེས་ཟིན་པ་ཡིན། ང་ཚོས་དམར་ལུགས་པའི་དྲིལ་བསྒྲགས་ཀྱི་ཡར་རྒྱས་འཛུགས་སྐྲུན་ཐད་ཕྱིར་དྲན་ཞིག་བྱས་ཏེ་བསྒྲགས་ཚོད་དང་གནས་ཚོད་མཐུན་མིན་བལྟ་བ་ཡིན་ན། རྒྱ་གཞུང་གི་དྲིལ་བསྒྲགས་ཀྱི་བརྗོད་དོན་སྟོང་བར་རྟོགས་ནུས་པ་ཡིན།

 

ལར་འཛམ་གླིང་གང་སར་རང་བྱུང་གི་འབྱུང་བ་ཆེན་པོས་བཟོ་བསྐྲུན་དང་ཡར་རྒྱས་ལ་ཚོད་ལྟ་བྱ་སྲོལ་མཆིས་པ་ལྟར། ༢༠༠༨ ལོར་ཐོལ་གྱིས་སླེབས་པའི་ཁྲིན་ཏུའུའི་ས་ཡོམ་གྱིས་གུང་ཁྲན་དམར་གཞུང་གི་འཛུགས་བསྐྲུན་ཡར་རྒྱས་སུ་རློམ་པར་ཚོད་ལྟ་ཐེངས་གཅིག་བྱས་པ་རེད། ཐེངས་འདིའི་ཚོད་ལྟ་ལས་མི་མང་ཁྲི་སྟོང་མང་བོའི་ཤི་སྐྱོན་འཚབ་ཆེན་བྱུང་བས་དམར་གཞུང་གི་གང་བཤད་གང་བྱས་ཐམས་ཅད་མི་མང་གི་ཆེད་དུ་བྱས་པ་མ་ཡིན་པ་གསལ་བོར་བསྟན་པ་རེད། དེ་མཚུངས་སུ་ཡུལ་ཤུལ་ས་ཡོམ་ཞིག་གསོའི་ཁང་བརྩེགས་འགྲུབ་མ་ཐག་རྒྱུ་མེད་རྐྱེན་མེད་དུ་ཞིག་འཐོར་གྱིས་ལས་མི་ལྔ་ཙམ་ཤི་རྐྱེན་བྱུང་བས་དམར་གཞུང་གིས་འཛུགས་བསྐྲུན་ལ་ཞེ་སྣང་གིས་ཅི་བྱ་གཏོལ་བྲལ་དུ་གྱུར་ཅིང་། བོད་མི་རྣམས་ལོ་ངོ་གཉིས་ཀྱི་རྗེས་སུའང་སྔར་གྱི་ས་ཡོམ་བྱུང་མ་ཐག་པའི་གནས་སྟངས་འོག་ཡོད་པ་དཔར་རིས་ལས་ཤེས་ཐུབ། གོང་དུ་བཀོད་པའི་དོན་རྐྱེན་དག་གིས་གསལ་བཤད་བྱས་པ་ལྟར་ན་ཀྲུང་གོ་གསར་བའི་ཡར་རྒྱས་དང་འཛུགས་བསྐྲུན་གྱི་རྨང་གཞི་ལ་སྤྱི་སྡོམ་རྒྱག་ཐུབ་པ་ཞིག་ཆགས་ཡོད་པར་མ་ཟད། དམར་གཞུང་གིས་རྟག་ཏུ་བསྒྲགས་དང་སྒྲོག་བཞིན་པའི་ཡར་རྒྱས་དང་། འཛུགས་བསྐྲུན་ནི་དོན་དངོས་སུ་ཕྱི་ཤུན་ཙམ་ཏུ་གྲུབ་པར་ངོ་སྤྲོད་བྱས་པ་ཞིག་ཡིན་འདུག

 

མེ་ཆུའི་འགལ་ཟླ་བཞིན་དུ་བདེན་རྫུན་གཉིས་གཞི་གཅིག་ཏུ་གྲུབ་ཐབས་མེད་པར་བརྟེན་དམར་གཞུང་གིས་ཇི་ཙམ་གྱིས་རྫུན་སྒྲོག་ཤུགས་ཆེར་བྱས་པ་ཡིན་ན། དངོས་ཡོད་གནས་ཚུལ་རྣམས་བཀག་ཀྱང་མི་ཁོག་པར་ཁ་གཏད་དུ་ལངས་པ་ཡང་འགལ་ཟླའི་ཆོས་ཉིད་ཅིག་ཆགས་པས་ཡིན། དེར་བརྟེན། དམར་ལུགས་པའི་སྲིད་ཇུས་དང་དངོས་ཡོད་གནས་ཚུལ་གཉིས་མདུང་རྩེ་ཁ་སྤྲོད་ཀྱི་རྣམ་པར་ངང་གིས་འཕེལ་ཏེ། བདེན་ལུགས་ཅན་གྱི་མི་གཅིག་དམར་གསོད་བྱས་པ་ཡིན་ན་གཞན་ཞིག་ཀྱང་ངང་གིས་གསོད་དགོས་པའི་དོན་དངོས་ཀྱི་འབྲེལ་ཐེག་མཚམས་ཆད་མེད་པར་བརྟེན། གཅིག་ སྟེང་ཉིས་བརྩིགས་ཀྱི་དྲག་སྤྱོད་ཚད་ལས་འདས་པ་མི་བྱ་ཐབས་མེད་བྱུང་བ་ཡིན་འདུག་ལ། དེ་དང་ཆབས་ཅིག་གཅིག་སྟེང་ཉིས་བརྩིགས་ཀྱི་རྫུན་སྒྲོག་ཀྱང་སྣ་ཚོགས་བྱ་དགོས་བྱུང་བ་རེད། དེ་ཡང་རྫུན་གྱི་མུར་རྫུན་དང་དྲག་སྤྱོད་ཀྱི་མུར་དྲག་སྤྱོད་ལ་མི་བརྟེན་ཐབས་མེད་ཀྱི་གནད་ཐུག་ས་ནི་རྒྱ་གཞུང་གི་སྲིད་ཇུས་རྙིང་ཧྲིལ་ཅན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ། བཙན་གནོན་དང་དྲག་སྤྱོད་ཀྱི་སྒོ་ནས་གསར་བརྗེ་དང་བརྟན་ལྷིང་། འཆམ་མཐུན། སྲུང་སྐྱོབས། འཕྲོད་བསྟེན། སློབ་གསོ་བཅས་ཡར་རྒྱས་བཏང་དང་གཏོང་འདོད་ཀྱི་སྒེར་སེམས་དེས་ལེན་པ་ཡིན་ནོ།། དེའི་དབང་གིས་རིག་གསར་གྱི་སྐྱོ་གར་སླར་ཡང་འཁྲབ་དགོས་བྱུང་པ་སྟེ། དཔེར་ན། བོད་ཡུལ་དབུས་སུ“གུང་ཁྲན་དམར་ལུགས་མེད་ན། ཀྲུང་གོ་གསར་བ་མེད་”ཅེས་བཙན་དབང་གིས་བསྒྲགས་དགོས་ཀྱི་ཁྲིམས་བཟོས་པ་ལྟ་བུའོ།། དོན་ལ་ནི། སྒེར་གཅོད་རིང་ལུགས་མེད་ན། ཀྲུང་གོའི་མུན་ནག་མེད་ཅིང་། གུང་ཁྲན་དམར་ལུགས་མེད་ན། དྲག་སྤྱོད་ལམ་ལུགས་མེད་དོ།། ཅེས་སྒྲོག་པ་ཡིན་ན་དོན་དངོས་དང་མཐུན་པ་ཞིག་ཅི་ལ་མིན། དེ་བས་“ང་ཚོ་བོད་ཀྱི་ལུང་བར།། ནོར་བུ་མེད་ཅེས་མ་ཟེར།། རྒྱལ་བ་ཡིད་བཞིན་ནོར་བུ།། ནོར་བུ་མིན་ན་ཅི་རེད།།”ཅེས་དབྱངས་སྙན་ངག་ལ་གྱེར་སྲོལ་ཡོད་པ་ནི་ཇི་འདྲའི་ཞི་བདེའི་ཚོར་བ་སྦྱིན་ནུས་པ་ཞིག་རེད་ཨང་།

 

བོད་ཀྱི་རིག་གཞུང་དང་འབྲེལ་བའི་སྲོལ་རྒྱུན་དུ་ནོར་བུ་འོད་འབར་ཞེས་པ་གཟུགས་ཅན་སྣང་བྱེད་དུ་འདོད་ཀྱི་ཡོད་ལ། ནོར་བུས་གཟུགས་སྣང་བར་བྱེད་པ་བཞིན་དུ་༸གོང་ས་སྐྱབས་མགོན་བཅུ་བཞི་བ་ཆེན་མོས་བླང་དོར་གྱི་རྣམ་གཞག་གསལ་བར་སྟོན་པ་སྤྱིའི་ཆ་ནས་དང་། བྱེ་བྲག་ཏུ་དུས་རབས་དང་མཐུན་པའི་དམངས་གཙོ་བཅོས་བསྒྱུར་གྱི་སློབ་སྟོན་དང་ཕྱག་ལེན་དུ་མཛད་པའི་སྒོ་ནས་དཔེ་དོན་མཚུངས་སྦྱར་གྱིས་གླུ་རུ་ལེན་སྲོལ་མཆིས་པ་ཡིན་ནོ།། དཔར་རིས་ཀྱི་ལམ་ནས་ཀྱང་རིག་གསར་གོ་ཆད་སླར་ཡང་སྤེལ་བའི་མཚོན་བྱེད་ནི། མོའོ་སོགས་ཀྱི་དཔར་ཁྱིམ་དང་དགོན་པར་གཤམ་དགོས་པའི་བཙན་དབང་བཏང་སྟེ་བོད་མི་རྣམས་ཀྱིས་མི་འདོད་བཞིན་ཏུ་འགེལ་དགོས་བྱུང་འདུག ད་ལྟའི་དུས་རབས་དང་མཐུན་པར་མཛད་པའི་ཞི་བདེ་ཀུན་ཕན་གྱི་གཏེར་བདག་༸གོང་ས་ཡིད་བཞིན་ནོར་བུའི་འཕྲིན་ལས་བཀག་ནས་རྒྱ་བོད་མི་མང་དུང་ཕྱུར་གསུམ་ལྷག་དམར་གསོད་བྱེད་མཁན་གྱི་ལག་དམར་མོའོ་སོགས་ཀྱི་དཔར་བཙན་བསྒྲིགས་བྱེད་བཅུག་གི་ཡོད་འདུག་པས། རྒྱ་བོད་ཀྱི་ལུགས་སྲོལ་ལ་༸སངས་རྒྱས་དང་༸གོང་ས་མཆོག་གི་སྐུ་དཔར་གཤམ་ཏེ་མཆོད་འབུལ་བྱེད་པ་ནི།“ཁྱོད་ཀྱིས་ཇི་སྙད་བཀའ་བསྩལ་བ།། རྟེན་འབྲེལ་ཉིད་ལ་བརྩམས་ཏེ་འཇུག། དེ་ཡང་མྱ་ངན་འདའ་ཕྱིར་ཏེ།། ཞི་འགྱུར་མི་མཛད་ཁྱོད་ལ་མེད”པའི་ཕྱིར་ན། ཞི་བ་དང་ཕན་བདེའི་མཛད་འཕྲིན་རྗེས་དྲན་བྱེད་ཆེད་ཡིན་མོད། མོའོ་སོགས་ཀྱི་དཔར་གཤམ་ནས་མིའི་ཤ་ཁྲག་རི་ལྟར་སྤུང་བ་རྗེས་དྲན་བྱེད་དགོས་པ་ལས་གཞན་དུ་ཅི། དེས་ན་དམར་ལུགས་སྒེར་གཅོད་པས་བོད་དང་རྒྱ་ནག་སྐམ་ས་ཆེན་པོར་མུན་ནག་གི་འཇིག་རྟེན་བསྐྲུན་པ་སེལ་ཕྱིར་གཅེས་སྲོག་དམར་པོ་སྣང་བྱེད་ཀྱི་མེ་རུ་སྤར་བ་ནི་ཐེ་ཚོམ་མེད་པ་ཞིག་གོ།

 

མདོར་ན་རང་སྲོག་མེར་བསྲེགས་ཀྱི་ལས་འགུལ་༸གོང་ས་མཆོག་དང་བཙན་བྱོལ་གཞུང་མང་གང་རུང་གིས་བསྐུལ་བའམ་ཡང་ན་དྲག་སྤྱོད་པའི་ཉེས་མིང་འོག་སླར་ཡང་དམར་གསོད་ཀྱི་དུས་རབས་ཤིག་བསྐྲུན་འདོད་པ་ཡིན་དུ་སྲིད་མོད། བོད་མི་ས་ཡ་དྲུག་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འཛོམས་པའི་ཁར། དམངས་གཙོའི་ལམ་ལུགས་ཀྱི་དབུ་འབྱེད་ཟིན་པ་ཡིན་པའི་ཕྱིར་ན། དེ་ལ་སྒྲོ་སྐུར་དང་རྫུན་སྒྲོག་སྣ་ཚོགས་ཀྱིས་རྒྱ་ནག་མི་མང་རྨོངས་སུ་འཇུག་ནུས་སུ་ཆུགས་ཀྱང་། དམར་གཞུང་གི་སྲིད་ཇུས་དང་། ཁྲིམས་ལུགས། སློབ་གསོ། དཔལ་འབྱོར་སོགས་ཡོད་ཚད་དྲག་སྤྱོད་ལ་བརྟེན་པ་ཞིག་ཡིན་པས་ན། བཙོན་ཁང་ལྟ་བུའི་རྒྱལ་ཁབ་འདི་ལས་ཐཪ་ན་བསམ་སྟེ། དབུལ་ཕྱུགས་དབྱེ་མེད་ཀྱི་རྒྱ་ནག་མི་མང་རྣམས་ར་ལུག་བཤའ་རྭ་ནས་འབྲོ་བ་བཞིན་རང་སྲོག་འབེན་ལ་བཙུགས་ནས་ཕྱི་རྒྱལ་ཏུ་ཐཪ་ཐབས་བྱེད་ཀྱི་ཡོད། དེ་ཡང་མཁའ་ལམ་དང་མཚོ་ལམ་སོགས་འགྲོ་ལམ་ཡོད་མེད་ལ་མ་བལྟས་པར་ཐབས་ཤེས་སྣ་ཚོགས་སྤྱད་དེ་འབྲོས་དང་འབྲོ་བཞིན་ཡོད་པ་རེད། ད་གཟོད་དེ་དག་ཀྱང་༸གོང་ས་མཆོག་དང་བོད་ཀྱི་སྲིད་སྐྱོང་བ་དབུ་ལས་ཀྱིས་བརྒྱུད་བསྐུལ་བྱས་པ་ཞིག་རེད་ཅེས་དྲིལ་བསྒྲགས་དགོས་རྒྱུར་འདུག་པས་སྒེར་གཅོད་སྨྱོ་འབག་ཅན་གྱི་བསྒྲགས་གཏམ་ལ་ཆ་འཇོག་ཅི་ཡོད་དེ་མེད་དོ།།

 

འབྲེལ་ཡོད་གསར་འགྱུར།

Tibetan Children at China’s Colonial Boarding School in Nagchu area, Tibet
Mobile App

རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་པའི་ནང་དོན་ཅན་ཡོད་མེད་ཞིབ་བཤེར་གཏན་འགོག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་པར། ༢༠༢༥།༥།༢༩
Mobile App

བལ་ཡུལ་ནང་རྒྱ་གཞུང་གི་དྲིལ་བསྒྲགས་གློག་བརྙན་སྟོན་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
U.S. Secretary of State Marco Rubio testifies at a House Foreign Affairs Committee hearing on U.S. President Donald Trump's State Department budget request for the Department of State, on Capitol Hill in Washington, D.C., U.S., May 21, 2025. REUTERS/Elizabeth Frantz/File Photo  Purchase licensing Right
Mobile App

ཨ་རིས་རྒྱ་རིགས་སློབ་མ་རྣམས་ཀྱི་ཐོངས་མཆན་ཕྱིར་བསྡུ་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༨
Mobile App

བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་འཚོགས།

༢༠༢༥/༠༥/༢༨
རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ཐེངས་ ༣༠ པ་འཚོག་ལ་ཉེ། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༨
Mobile App

འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཁྲོད་རུ་ཁག་བཅུ་དྲུག་གིས་མཉམ་ཞུགས་གནང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀེལ་གྷེ་རི་ (Calgary) ་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༥།༢༤ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རང་དབང་ལུང་པའི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་བྱ་དགོས་སྐོར་གསུངས།

༢༠༢༥/༠༥/༢༨

མཆན། 2

  1. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ཚར་གཅིག་བཀླགས་ཡིན། དོན་དངོས་དང་མཐུན་པ། རྒྱུ་མཚན་ཡོད་པ་ཞིག་མཐོང་། དག་ཆ་ཁ་ཤས་ཤིག་ནོར་འདུག ང་ཡང་དག་ཆ་མང་པོ་ནོར་སྡད་མཁན་ཡིན། ཁྱེད་ཀྱི་བསམ་ཚུལ་འདི་ཡིག་རིགས་གཞན་ལ་བསྒྱུར་ཐུབ་ན་ཡག་པོ་འདུག།

    Reply
  2. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    གོང་གི་རྩོམ་ཡིག་དེ་ས་འོད་ཀྱི་དངོས་ནས་ཡག་པོ་བྲིས་འདུག་ལ་ཐེངས་ཁ་ཤས་བཀླགས་ཡིན་ ཐུགས་རྗེ་ཆེ་ཟེར་གྱི་ཡིན མུ་འཐུད་ནས་དེ་འདྲའི་རིགས་སྤེལ་ཐུབ་ན་ཡག་པོ་འདུག་སྙམ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese