ངྷ་ས་ནས་རྒྱལ་ས་ལྷ་ས་བར་གྱི་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན། བུ་མོ་ལྷ་མོ་སྐྱིད་ལགས་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ནང་སློབ་འཇུག་བྱས་འདུག་ལ།ད་ལྟ་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱང་སྨན་ཁང་ནས་རང་ཁྱིམ་དུ་ལོག་འདུག
ད་ལོའི་གསུམ་བཅུའི་དུས་དྲན་ཐེངས་ང་གསུམ་པའི་ཉིན།བཞུགས་སྒར་ངྷ་ས་ནས་རྒྱལ་ས་ལྷ་ས་བར་ཞི་བའི་གོམ་བགྲོད་གནང་མཁན། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་རང་ལོ་ ༡༨ ཡིན་པའི་གཅུང་མོ་ལྷ་མོ་སྐྱིད་ལགས། དེ་རིང་ཕྱི་ཚེས་ ༦ ཉིན་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་འཇུག་སྡེ་ཚན་གྱིས་སློབ་གྲྭ་དེའི་འཛིན་རིམ་ ༩ དང་། ཁྱིམ་ཚང་ ༡༦ ནང་སློབ་འཇུག་བྱས་ཡོད་པ་དང་། ཁོང་གི་ཨ་མ་སྡོམ་པ་སྐྱིད་ལགས་ཀྱང་སྨན་ཁང་ནས་ཕྱིར་བུད་དེ་རང་ཁྱིམ་དུ་ལོག་འདུག
འདི་གའི་གསར་འགོད་པས་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་སློབ་འཇུག་སྡེ་ཚན་གྱི་འགན་འཛིན་ལེགས་བཤད་ལགས་སུ། བུ་མོ་ལྷ་མོ་སྐྱིད་ལགས་ཀྱི་སློབ་འཇུག་གནས་སྟངས་སྐོར་བཀའ་འདྲི་ཞུས་ལྟར་ན། བུ་མོ་ལྷ་མོ་སྐྱིད་ལགས་ཀྱིས་བོད་སྐྱོད་གོམ་བགྲོད་ཐོག་མར་མགོ་འཛུགས་གནང་སྐབས། སུ་ཇཱ་བོད་ཁྱིམ་གྲྭའི་ནང་སློབ་གྲྭའི་འགྲོ་ལུགས་བཞིན་རྩ་དགོངས་ཞུས་ཡོད་སྟབས། སློབ་གྲྭའི་སྒྲིག་གཞི་ལྟར་ན་རྩ་དགོངས་ཞུས་ཟིན་པ་ཞིག་བསྐྱར་དུ་སློབ་ཞུགས་ཡོང་ཐབས་མེད་ཀྱང་། ལྷ་མོ་སྐྱིད་ལགས་ཀྱིས་རང་གི་གཅེན་པོ་དང་ཨ་མ་གཉིས་དང་མཉམ་དུ་བོད་སྤྱི་བའི་དོན་དུ་ལས་ཀ་བྱས་པའི་རྐྱེན་གྱིས། ཁོ་མོ་བསྐྱར་དུ་སློབ་འཇུག་བྱས་པ་དེ་དམིགས་བསལ་གནས་སྟངས་ཤིག་ཆགས་ཡོད་སྐོར་དང་། མ་གཞི་སློབ་མ་ཚོར་སྐབས་བབ་ཀྱི་ལས་འགན་རེ་ཡོད་སྟབས་སློབ་མའི་དུས་སུ་ཆབ་སྲིད་ལས་འགུལ་ནང་ཞུགས་ན་སློབ་སྦྱོང་ལ་འཐུས་ཤོར་འགྲོ་ཚུལ་དང་། ཐེངས་འདིར་བུ་མོ་ལྷ་མོ་སྐྱིད་ལགས་རྒྱ་བལ་ས་མཚམས་ནས་འགྲོ་ཐུབ་མེད་ཀྱང་། སློབ་མ་ཞིག་ཡིན་པའི་ངོས་ནས་སློབ་སྦྱོང་གོ་སྐབས་ཤོར་ན་འགྲིག་གི་མེད་ཚུལ་སོགས་ངོ་སྤྲོད་གནང་སོང་།
གནས་སྟངས་དེའི་ཐོག་བུ་མོ་ལྷ་མོ་སྐྱིད་ལགས་ཀྱིས་བརྗོད་དོན་ལྟར་ན། ཁོ་མོས་བོད་སྐྱོད་ཞི་བའི་གོམ་བགྲོད་མགོ་འཛུགས་སྐབས་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་རྩ་དགོངས་ཞུས་སྐབས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་དངོས་གྲུབ་དབང་འདུས་ལགས་ཀྱིས། ཁོ་མོར་ཞི་བའི་གོམ་བགྲོད་ནང་དཀའ་ངལ་འཕྲད་དེ་སློབ་གྲྭར་ལོག་འདོད་བྱུང་ན། ག་དུས་ཡིན་རུང་སློབ་གྲྭར་ཕྱིར་ལོག་གནང་ན་འགྲིག་གི་ཡོད་སྐོར་གྱི་བཀའ་སློབ་གནང་ཡོད་སྐོར་དང་། གོམ་བགྲོད་ཕྱིར་འཐེན་གནང་རྗེས་ཀྱང་ཐོག་མའི་ཆར་སུ་ཇཱ་བོད་ཁྱིམ་དུ་འགྲོ་རྒྱུའི་བསམ་བློར་འགྱུར་བ་མེད་ཀྱང་། ཁོ་མོའི་ཨ་མའི་ནད་གཞི་དྲག་སྐྱེད་མ་བྱུང་བ་དང་། ཁྱིམ་དུ་ཨ་མར་ལྟ་རྟོག་བྱེད་མཁན་མེད་པ་བཅས་ལ་བརྟེན། མ་འོངས་པར་ཨ་མ་དང་ཐག་ཉེ་ས་ཞིག་ཏུ་སྡོད་རྒྱུ་བྱུང་ན། ཨ་མར་ལྟ་རྟོག་གནང་རྒྱུ་དང་གུང་གསེང་སྐབས་ལས་རོགས་ཐུབ་རྒྱུར་དམིཊ་ཏེ། ཐོག་མའི་ཀུན་སློང་ལ་འགྱུར་བ་ཕྱིན་ཚུལ་གསལ་བཤད་གནང་བྱུང་།
ཁོ་མོར་སློབ་གྲྭ་བརྗེ་བོ་བརྒྱབ་ན་ངྷ་སྟེང་བོད་ཁྱིམ་ནང་སློབ་སྦྱོང་ལ་དཀའ་ངལ་འཕྲད་མིན་སྐོར་དྲིས་པར། “ ང་རང་ཟླ་བ་གསུམ་ཙམ་རིང་འཛིན་གྲྭར་འགྲོ་ཐུབ་མེད་སྟབས་སློབ་སྦྱོང་ཐོག་ཏན་ཏན་འཐུས་ཤོར་ཕྱིན་ཡོད་པ་རེད། ཡིན་ནའང་། ང་རང་གིས་འཐུར་ཤོར་ཕྱིན་པ་རྣམས་གང་ཐུབ་ཀྱིས་ཁ་གསབ་བྱ་འདོད་ཡོད། སྤྱིར་བཏང་ཡིན་ན། ང་རང་མ་འོངས་པར་དབྱིན་ཇིའི་སྐད་ཡིག་ཐོག་འགྲོ་འདོད་ཡོད་པ་མ་ཟད། ཞོར་དུ་ལུས་རྩལ་སློབ་སྦྱོང་ཐོག་འབད་བརྩོན་བྱ་འདོད་ཡོད། ད་ཆར་ང་རང་བོད་ཁྱིམ་བུ་མོའི་རྐང་སྤོལ་རུ་ཁག་གི་རུ་དཔོན་དང་། སུ་ཇཱ་བོད་ཁྱིམ་ལག་སྤོལ་རུ་ཁག་གི་ཚོགས་མི་ཟུར་པ་ཞིག་ཡིན། ལུས་རྩེད་ཀྱི་ཐོག་མདུན་ལམ་ཞིག་རག་ན་བསམ་པ་དེ་ང་རང་གི་དགའ་ཕྱོགས་ཤིག་ཡིན” ཞེས་བརྗོད།
ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་ད་ལྟའི་ཁོ་མོའི་གནས་སྟངས་སྐོར་བརྗོད་དོན་ལྟར་ན། ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ཁོང་མ་སྨད་གཉིས་ཀྱིས་གོམ་བགྲོད་མཚམས་འཇོག་གིས་ཕྱིར་བཞུགས་སྒར་དུ་འབྱོར་མཚམས། ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་བུ་ཚེ་རྡོར་གྱི་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་མཚོན་ཆེད། ངྷ་སར་དུས་ཡུན་ཉིན་ ༧ རིང་ཟས་བཅད་ངོ་རྒོལ་གནང་རྩིས་བྱས་ཀྱང་། བོད་མི་མང་སྤྱི་འཐུས་དང་། མདོ་སྨད་དབུས་རྒྱུན་གཙོས་འབྲེལ་ཡོད་མི་སྣ་ཁག་གིས་ཁོ་མོའི་གཟུགས་པོར་ཉེན་ཁ་ཡོད་ཚུལ་བརྗོད་དེ། མཐར་ཆུ་ཚོད་ ༤༨ ཙམ་ལས་ཟས་བཅད་ངོ་རྒོལ་གནང་མེད་ཚུལ་དང་། གངས་སྐྱིད་སྨན་རྩིས་ཁང་དུ་གཟུགས་པོར་བརྟག་དཔྱད་གཏོང་སྐབས། སྨན་པས་ཁོ་མོའི་གཟུགས་པོ་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་དང་ཁྲག་གིས་འདང་གི་མེད་པ། སྙིང་དང་སྲོག་རླུང་ན་ཚ་ཡོད་སྐོར་སོགས་བརྗོད་སྟབས། བདུན་ཕྲག་གཅིག་རིང་སྨན་བཅོས་བྱས་ཏེ་ད་ཆར་རང་ཁྱིམ་དུ་ལོག་ཡོད་ཀྱང་། ད་དུང་ཁོ་མོའི་ཞི་བའི་འཐབ་རྩོད་ཀྱི་ཆོད་སེམས་ལ་སྔར་བཞིན་འགྱུར་བ་གང་ཡང་མི་འདུག་ལ། བུ་ཚེ་རྡོར་ཕྱིར་ལོག་པའི་དུས་ཤིག་ཤར་ན་ད་དུང་ཞི་བའི་འཐབ་རྩོད་ནང་མཉམ་ཞུགས་གནང་འདོིད་ཡོད་སྐོར་བརྗོད་སོང་།
ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་བརྗོད་དོན། “ སྨན་ཁང་ནས་ཐོན་རྗེས་ང་རང་ཁྱིམ་དུ་སྨན་ཟོས་ནས་བསྡད་ཡོད། ཡིན་ནའང་ད་ལྟའང་ཡར་ལངས་ནས་འགྲོ་སྐབས་མགོ་ཡུར་འཁོར་བ་དང་། སེམས་འཚབ་པ། མ་སྐྱིད་པ་སོགས་ཡོང་གི་འདུག ཕྱི་ཚེས་ ༤ ཉིན་ས་ག་ཟླ་བའི་ཚེས་ ༡༥ ཆགས་ཡོད་སྟབས། གཟུགས་པོ་བདེ་མིན་ལ་ལྟོས་པར་གཙུག་ལག་ཁང་ལ་མཆོད་མཇལ་དུ་ཕྱིན་པ་ཡིན། ལམ་ཁར་ངོ་ཤེས་པ་ཚོས་ང་རང་མཐོང་སྐབས་མ་རིག་མདོག་མདོག་གིས་བྲོས་འགྲོ་ཡི་འདུག དེའི་ནང་རིགས་ཁ་ཤས་ལ་གདོང་ཐུག་རྒྱག་སྐབས་ང་ལ་ཁྱེད་ཚོའི་ལས་འགུལ་དེ་བོད་སྤྱི་བའི་དོན་དུ་རེད། བོད་ལ་བདེན་མཐའ་སེལ་བའི་ཉི་མ་ཞིག་ཡོད་པ་རེད་ཅེས་སློབ་གསོ་རྒྱག་གི་འདུག སྐབས་དེར་ཁོང་ཚོས་ང་ལ་ཐུག་འདོད་མེད་པ་དེ་ག་རེ་ཡིན་ནམ་སྙམ་ནས་སེམས་པ་ཧ་ཅང་སྐྱོ་སོང་ལ། སེམས་སྐྱོ་ནས་ངུས་པ་ཡིན ” ཞེས་བརྗོད་སོང་།
ཚེ་བརྟན་རྡོ་རྗེ་ལགས་ད་ལྟ་བལ་ཡུལ་རྒྱལ་སར་འཛིན་བཟུང་བཙོན་འཇུག་བྱས་ཡོད་སྟབས། ཁོང་གི་སྐོར་གྱི་གནས་ཚུལ་རྒྱུས་ལོན་གསལ་པོ་གནང་ཐབས་མ་བྱུང་ཡང་། ཁོང་གིས་རང་ཉིད་ཀྱི་དུས་བབ་ཟིན་བྲིས་ནང་འཁོད་དོན་ལྟར་ན། ཕྱི་ཟླ་ ༥ ཚེས་ ༢༠ ཉིན་ཚེ་བརྟན་རྡོ་རྗེ་ལགས་བལ་ཡུལ་རྒྱལ་ས་ཀཱ་ཐ་མན་གྲུའི་གྲོང་མཐའི་ཐཱང་ཀོར་ཊི་ས་གནས་སུ་འབྱོར་སྐབས། བལ་དམག་གིས་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་ཅིང་། བཙོན་ཁང་དུ་ས་གནས་ཉེན་རྟོག་པས་ཁོང་རྒྱ་གར་དུ་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་འདུག་ཀྱང་། ཚེ་བརྟན་རྡོ་རྗེ་ལགས་ཀྱིས་རྒྱ་གར་དུ་ཕྱིར་སློག་ན་གོམ་བགྲོད་མུ་མཐུད་གནང་རྒྱུ་ཡིན་ཚུལ་བརྗོད་སྟབས། བལ་དམག་གིས་ཁོང་རྒྱ་གཞུང་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་ཀྱིན་ཡོད་འདུག
གསར་འགོད་པ། དཔལ་ལྡན།
ཉམ་ཆུང་བའི་མི་ཚང་འདི་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན་གང་ཡིན་ཟེར་ན་སྤྱིར་བོད་མི་ཞིག་ཡིན་ཕྱིན་སོ་སོ་ལ་འོས་འགན་ཞིག་ཡོད་པ་ལྡོག་མེད་རེད་ཡིན་ན་ཡང་འོས་འགན་དེ་མངོན་འགྱུར་དང་ལག་ལེན་ལ་ཁེར་ཐུབ་མཁན་ཉུང་ཉུང་རེད་ལྷག་པར་ཏུ་བཙན་བྱོལ་བ་ཞིག་ལ་མཚོན་ན་དེ་འགན་ལན་མེད་བའི་དགོས་མེད་ཀྱི་གནས་སྟངས་ཞིག་ལ་བཞག་ཡོད་ངོས་གནས་ཡིན་གནས་སྟངས་མང་པོ་ཞིག་ལ་ལྟོས་ན་གསལ་པོ་རེད་་་་སྙིང་ཉེ་བའི་བུ་མོ་ཆུང་ཆུང་ལགས་ཁྱེད་ནི་མ་འོངས་གངས་ཅན་པའི་ཨ་མ་ངོ་མ་ཞིག་ཏུ་འགྱུར་བའི་རེ་བ་ཡོད
བོད་ཁྱིམ་ཚང་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཁོ་མོ་ནི་བོད་སྤྱིའི་དོན་དུ་གོམ་བགྲོད་དུ་ཕྱིན་ཙང་བསམ་བློ་གཏོང་དགོས་པ་དང་འོས་པ་ཞིག་རེད་ལ། དེ་བཞིན་སུ་ཇ་སློབ་གྲ་དང་རྡ་སྟེང་སློབ་གྲ་གཉིས་ལ་བསྐྱར་དུ་བཀའ་དྲིན་ཆེ་ཞུ།
བུ་མོ་ལྷ་མོ་སྐྱིད་ཀྱིས་ཀྱང་སློབ་སྦྱོང་ལ་ཧུར་ཐག་གནང་རྒྱུ་རེ་བ་ཡིན།
རྡ་སྟེང་བུ་ཁྱིམ་ལ་ཐུགས་རྗེ་ཆེ། ཞུ་རྒྱུ་ཡིན། ཐུགས་རྗེ་ཆེའི་ཞུའི་རྒྱབ་སྦྱོང་ལ་རྒྱུན་མཚན་འདི་དག་ཡོད་ལྟོས་ཨ་་་་་
བུ་མོ་ལྷ་མོ་སྐྱིད་ནི་རྒྱུན་ལྡན་སློབ་གྲྭའི་ནང་ཆེ་བརྩི་ཆུང་སྐྱོང་གི་བཟང་སྤྱོད་ལྡན་པ་དང་། བོད་ཀྱི་གནའ་བོའི་གཤིས་སྤྱོད་བཟང་པོ་རྒྱུན་འཛིན་དང་དེང་རབས་སློབ་གཞོན་གྱི་སྤུས་བཟང་ཁྱད་ཆོས་ལྡན་པ། མི་རིགས་ལ་རྒྱ་དང་རང་ཉིད་ལ་བློ་སེམས་དཀར་བའི་གྲོགས་མཆེད་དང་ཉེ་འབྲེལ་རྣམས་ཀྱི་བསླབ་བྱ་ལ་ཉན་ཤེས་བརྩི་བཀུར་བྱེད་ཐུབ་པ། ཆུང་ས་ནས་བཤད་ན་ལུས་འཕྲོད་དང་སློབ་གྲོགས་ལ་འབྲེལ་འདྲིས་ཆེ་བའི་རྐང་རྩེད་པོ་ལོ་དང་ལག་རྩེད་པོ་ལོ་རྩེནའང་ཁྱད་རྩལ་འབུལ་དུ་ཐོན་པ། རང་མི་རིགས་ཀྱི་ཆེད་དུ་རང་གིས་བློས་གཏོང་དང་ངལ་རྩོལ་ཆེ་བ་སོགས་ཀྱི་སྤུས་ཚད་འབུར་དུ་ཐོན་པའི་སློབ་མ་ཞིག་རེད།
ཡག་པོ་ཞེ་དྲགས་རེད། ལྷག་པར་དུ་ལྷ་མོ་སྐྱིད་ནི་རང་རིགས་ལ་ལྷག་བསམ་དཀར་ཞིང་ལ་རྒྱ་ཆེ་བའི་ན་གཞོན་ཞིག་ཡིན་པས་ངེས་པར་དུ་སློབ་སྦྱོང་གི་གོ་སྐབས་སྤྲོད་དགོས།།
འདི་ཚོ་འཇོན་པོ་རེད། སོ་སོའི་རེ་འདོད་ལྟར་གྱི་སློབ་གྲྭ་ཞིག་འདེམས་ཐུབ་སོང་བ་རེད། རྡོ་རྗེ་ཚེ་བརྟན་ལ་བལ་ཡུལ་གྱིས་དཀའ་ང་ག་ཚོད་སྤྲད་ཡོང་། ཁོ་རང་ཚོའི་ལྷག་བསམ་དང་བླས་བཏང་བྱས་པ་རེད་མོད། མི་རེ་ཟུང་གིས་སློབ་གསོའི་འོག་ནས་རྒྱ་ནག་གི་དར་དམར་དེ་ཁྱེར་ནས། ལས་འགུལ་ནི་ནུས་མེད་དང་མཐོང་མེད་པ་ཆགས་སོང་།
དེ་ནས་བསམ་ཚུལ་ཞིག་ཡོད། དུས་བབ་དྲ་ཐོག་གི་གསར་འགྱུར་མཇུག་དུས་ཚགས་པར་ཐོག་རྒྱས་པ་ཡོད་སྐོར་བཀོད་འདུག་ཀྱང་། དེ་སྔོན་གྱི་དེ་ཚོ་གྲ་རྒྱས་པ་གང་ཡང་མི་འདུག འདི་ཚགས་པར་ཚོང་ཆེད་དུ་བྲིས་པ་ཡིན་ནམ། ངའི་མཆན་འདི་གཏོང་ཐེངས་གཉིས་པ་ཡིན། ཁ་དང་ཤོས་ངས་མཆན་སྤེལ་ཡང་། ད་དུང་བཀོད་མ་སོང་། འགོད་འོས་མིན་བསྐྱར་དུ་གཟིགས་རོགས།
འགན་འཛིན་རྣམ་པས་ཀླད་རྙིང་མཁྲེགས་འཛིན་གྱི་ར་བ་ལས་བརྒལ་ཏེ་དངོས་ཡོད་གནས་ཚུལ་ལ་བསམ་གཞིག་གནང་བར་ཐུགས་རྗེ་ཆེ། བུ་མོ་ཁྱེད་ཀྱིས་མི་རིགས་དང་རིག་གཞུང་གི་དོན་དུ་གོམ་གང་མདུན་བསྐྱོད་ཀྱིས་འབད་བརྩོན་གནང་རོགས།།
འགན་འཛིན་རྣམ་པས་ཀླད་རྙིང་མཁྲེགས་འཛིན་གྱི་ར་བ་ལས་བརྒལ་ཏེ་དངོས་ཡོད་གནས་ཚུལ་ལ་བསམ་གཞིག་གནང་བར་ཐུགས་རྗེ་ཆེ། །
སུ་ཇའི་སློབ་སྤྱིས་(གོམ་བགྲོད་ནང་དཀའ་ངལ་འཕྲད་དེ་ཕྱིར་ལོག་འདོད་བྱུང་ན་ག་དུས་ཡིན་ཡང་སློབ་གྲྭར་ལོག་འགྲིག་ཚུལ་) དེ་འདྲ་གསུང་བ་སྒྲིག་འགལ་རེད།
དབུ་འཛིན་ལེགས་བཤད་ཀྱིས་སློབ་ཕྲུག་གི་སྐབས་ཆབ་སྲིད་ལས་འགུལ་ནང་མ་ཞུགས་ན་ལེགས་ཚུལ་གསུང་བ་དེར་ཞིབ་ཆ་ཞིག་དགོས་འདུག མཐོ་རིམས་སློམ་མ་དང་ཆེད་སྦྱོང་སློབ་མ་སོགས་གང་ཡིན་ཡང་ཆབ་སྲིད་ལས་འགུལ་ཞུགས་དགོས་པ་འདུག འོན་ཀྱང་ཉིན་མང་རྒྱུན་རང་ངམ་དུས་ཡུན་ངེས་གཏན་མེད་པ་སོགས་སློབ་འཁྲིད་ལ་ཁ་གསབ་དང་རྗེས་སྙེག་ཀྱང་ཟིན་ཐབས་མེད་པའི་ལས་འགུལ་ལ་ཞུགས་མི་ཆོགས་པ་དང། དེ་ལྟར་བྱེད་འདོད་ཚེ་རྩ་དགོང་ཞུ་དགོས་ཤིང། དེ་ནས་སློབ་གྲ་གཞན་པར་སློབ་ཞུགས་བྱེད་པ་ལས་ཁྱབ་ཁུངས་དེ་ག་རང་གི་སློབ་གྲར་ཞུགས་མི་ཆོག་པ་བྱས་ན་བཟང་སྙམས་སོ།།
ཡག་པོ་རེད་་་མ་འོངས་པའི་སོན་རྩ་འདི་ཚོར་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུ་ཧ་ཅང་གི་གལ་ཆེན་རེད་་་་