དཀར་མཛེས་རྫོང་ཀ་ར་ཤང་ཤོང་ཀ་སྡེ་པ་ནས་ཡིན་པ། ཕ་ཆོས་ཀྱི་ཉི་མ་དང་མ་ཨ་བསོད་ལྷ་མོ་གཉི་ཀྱི་བུ་མོ་རང་ལོ་ ༡༧ ལ་སོན་པ་འཇིགས་མེད་སྒྲོལ་མས། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༤ ཉིན་བོད་ནང་གི་ཆུ་ཚོད་ ༡༡ ཡོལ་ཙམ་ནང་། དཀར་མཛེས་མཐིལ་གྱི་ཁྲོམ་གཞུང་དུ་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། པཎ་ཆེན་རིན་པོ་ཆེས་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་ཞེས། རྒྱ་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་སྐར་མ་བཞི་ཙམ་བརྒྱབ་པ་དང་ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག
མདོ་སྟོད་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ཀྱིས་གནས་ཚུལ་ཁོ་སྤྲོད་བྱས་པ་ལྟར་ན། བུ་མོ་འཇིགས་མེད་སྒྲོལ་མ་ལ་གཅུང་མོ་གཉིས་ཡོད་འདུག་པ་དང་། མོའི་ཨ་ནེ་བཙུན་མ་བུ་མོ་བཀྲ་དགའ་ ༢༠༠༨ ལོའི་ཞི་རྒོལ་ནང་ཞུགས་ཏེ་ལོ་གཉིས་ལྷག་ཙམ་བཙོན་འཇུག་བྱས་ཡོད་པ་དང་། བཙོན་གྲོལ་ཐོབ་ནས་བཙུན་དགོན་བྲག་དཀར་དགོན་པར་ཞུགས་ཐུབ་མེད་ཀྱང་། མཚམས་བསྡད་ནས་ཡུན་རིང་མ་སོང་བ་ནད་ཀྱིས་མནར་ཡོད་པ་དང་། རྒྱ་ནག་ཏུ་སྨན་བཅོས་ལ་འཁྲིད་སྐབས་ ༢༠༠༨ ལོའི་བཙོན་འཇུག་གི་སྐབས་ཕོག་པའི་ན་ཚ་ཡིན་པ་ངོས་འཛིན་ཐུབ་ཡོད་འདུག ད་ལྟའི་ནང་གཅོང་ཆགས་ཡོད་པའི་ཐོག་ནང་དུ་བཟང་བཙོན་ལྟ་བུས་ས་གནས་སྲིད་གཞུང་ལ་ང་བསྡད་ཡོད། ངས་ནག་ཉེས་བསགས་ཡོད་ཟེར་བ་སོགས་བརྗོད་ནས་ཐོ་འགོད་བྱས་པར་བསྐྱོད་དགོས་ཀྱི་ཡོད་འདུག སྐད་འབོད་བརྒྱབ་པའི་ཉིན་དེར་མོས་ཕ་མ་གཉིས་ལ་ཞིང་ཁའི་ནང་ལས་ཀ་འགྲོ་ཡི་ཡིན་ཞུས་ཏེ་ནང་ནས་ཐོན་ཡོད་པ་དང་། དཀར་མཛེས་མཐིན་དུ་འབྱོར་ནས་སྐད་འབོད་རྒྱག་སྐབས་གཡས་གཡོན་གྱི་མི་མང་པོས་མིག་མཐོང་ལག་ཟིན་བྱུང་ཡོད་འདུག
དེ་ནས་ཕ་ཆོས་ཀྱི་ཉི་མ་ཉེན་རྟོག་པ་ལ་འབྲེལ་བ་བྱས་ཏེ་བུ་མོ་ཐུག་ཐབས་སུ་འབད་རྩོན་བྱས་ཡོད་ཀྱང་ཐུབ་མེད་པ། ཟླ་འདིའི་ཚེས་ ༢༨ ཉིན་བུ་མོ་སྨན་ཁང་དུ་འཁྲིད་རྒྱུ་ཡིན་པའིསྐོར་གོ་ཐོས་བྱུང་ནས། སྨན་ཁང་དང་ཉེ་སར་སོང་ནས་སྒོ་འགྲམ་དུ་སྒུག་ཡོད་པ་དང་། ས་གནས་ཉེན་རྟོག་པས་བུ་མོ་སྨན་ཁང་དུ་འཁྲིད་པའི་ཞོར་ལ་ཕས་མཐོང་ཡོད་པ་ནི། ལག་པ་ལ་རས་དཀྲིས་ཡོད་པ་དང་སྐེད་པ་འགྱིང་འགྱིང་བྱེད་མི་ཐུབ་པ། རྐང་པ་འཐེང་ནས་འགྲོ་ཡི་འདུག་ཅེས་དང་། དེ་བཞིན་ཚེས་ ༢༩ ཉིན་ཕས་བུ་མོ་དངོས་སུ་ཐུག་འདུག་པ་དང་། སྐད་འབོད་རྒྱག་སྐབས་མོ་གཅིག་པོ་ཡིན་པ་དང་བཙོན་ཁང་ནང་དུའང་གཅིག་པོ་རེད་འདུག རོགས་པ་མེད་པས་ཞེད་སྣང་སྐྱེས་ཀྱི་འདུག་ཅེས་རྒྱ་གར་ལྷོ་ཕྱོགས་སེ་ར་བཞུགས་ཡོད་པའི་བུ་མོའི་ཨ་ཁུ་ལ་འགྲེལ་བརྗོད་བྱས་འདུག
རྒྱ་མི་ཆེ་མདོག་ཁ་པོ་དེ་ཚས། བོད་མོ་ཆུང་ཆུང་དེ་འདྲ་འཇུ་བཟུང་བྱས་ན། རགྱ་གཞུང་ངོ་མི་ཚའམ།
ཁོ་མོའི་ཞུམ་མེད་ཀྱི་སྙིང་སྟོབས་ལ་ཡི་རང་ཞུ།
བུ་མོ་ཆུང་ཆུང་བློ་ཁོག་ཆེན་པོ། ཁྱོད་ཀྱི་བསམ་དོན་མྱུར་དུ་འགྲུབ་དང་གང་མགྱོག་༸གོང་ས་མཆོག་གི་གསེར་ཞལ་དངོས་སུ་མཐོང་བའི་སྨོན་འདུན་ཡོད།