གཟའ་པ་སངས་ཉིན་རྒྱ་ནག་གཞུང་འབྲེལ་དྲ་རྒྱའི་སྟེང་། ཝང་ལིས་ཅོན་གྱི་ལག་རོགས་དཔོན་རིགས་གཉིས་ལས་གནས་ནས་ཕུད་ཡོད་པ་བསྒྲགས་འདུག
ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་རྒྱ་གཞུང་ཁྲུང་ཆིན་གྲོང་ཁྱེར་སྲིད་གཞུང་གི་དྲ་རྒྱའི་སྟེང་། འདི་ལོ་ཨ་རའི་གཞུང་ཚབ་ནང་བྲོས་བྱོལ་གྱིས་ཕྱིར་རྒྱ་གཞུང་ལ་རྩིས་སྤྲོད་བྱས་པའི་ཝང་ལིས་ཅོན་གྱི་ལག་རོགས་དཔོན་རིགས་གཉིས་ལས་གནས་ནས་ཕུད་པའི་གནས་ཚུལ་སྤེལ་ཡོད་པ་རེད། ཡིན་ནའང་། གནས་ཚུལ་དེའི་ནང་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཚོགས་ཏེ་གཏན་འབེབས་བཟོས་པ་ཞིག་ཡིན་སྐོར་ལས། ལས་གནས་ནས་ཕུད་དགོས་པའི་རྒྱུ་མཚན་གསལ་བོ་བརྗོད་མེད་པ་རེད།
ཝང་ལིས་ཅོན་གྱི་ལག་རོགས་དཔོན་རིགས་དེ་གཉིས་ནི། གྲོང་ཁྱེར་ཉེན་རྟོག་ཁང་གི་དྲག་ཆས་རུ་ཁག་གི་རུ་དཔོན་ལིས་ཡཱང་དང་། ཧི་ཡུས་པའེ་ཉེན་རྟོག་ཁང་གི་མགོ་གཙོ་ཝང་ཕིན་ཧྥེ་གཉིས་ཡིན་པ་དང་། ཁོ་གཉིས་ཝང་ལིས་ཅོན་གྱིས་ཆེད་དུ་ལེའོ་ཉིན་ཏཱ་ལེན་ནས་ཁྲུང་ཆིན་དུ་ལས་སྤོར་བྱས་པ་ཞིག་ཡིན་འདུག ཝང་ཕིན་ཧྥེ་ཡིས་དེ་སྔོན་ཝང་ལིས་ཅོན་ཨ་རའི་གཞུང་ཚབ་ནང་བྲོས་བྱོལ་སྐབས་གསང་བའི་སྒོ་ནས་རླངས་འཁོར་གྲ་སྒྲིག་བྱས་ཡོད་པ་མ་ཟད། རྒྱ་ནག་དབུས་གཞུང་གི་དཔོན་རིགས་རྣམས་ཁྲུང་ཆིན་དུ་ཞིབ་བཤེར་དུ་སླེབས་པའི་སྐབས་ཀྱི་གནས་ཚུལ་ལྐོག་ཉན་བྱས་ཡོད་པར་བརྗོད།
ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཝང་ལིས་ཅོན་གྱིས་ཡིག་ཐོག་ནས་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཀྱི་འཐུས་མིའི་ཁྲོད་ནས་རྩ་དགོངས་ཞུས་ཡོད་ལ། དཔྱད་བརྗོད་པ་དག་གིས་གནས་སྟངས་དེ་ནི་ཝང་ལིས་ཡོན་གྱི་གྱོད་དོན་དེ་ཁྲིམས་ཞིབ་ཀྱི་རིམ་པར་སླེབས་པའི་མངོན་རྟགས་ཤིག་ཡིན་པར་མ་ཟད། ཁོ་ལ་ངོ་ལོག་བྲོས་བྱོལ་བའི་ཉེས་མིང་འོག་ཁྲིམས་ཐག་གཅོད་རྒྱུ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
རྒྱ་གཞུང་གི་བཅའ་ཁྲིམས་ནང་བཀོད་དོན་ལྟར་ན་ངོ་ལོག་བྲོས་བྱོལ་བའི་ཁྲིམས་ཐག་རིང་ཤོས་ནི་ལོ་ ༡༠ ཡིན་འདུག
གསར་འགོད་པ། ཚེ་རིང་རྒྱལ།