མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་དབུ་བཞུགས་ཐོག་སྐུའི་འཁྲུངས་སྐར་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་
ཞོགས་པར་བཞུགས་སྒར་དུ་བོད་གཞུང་དམངས་ཡོངས་ཀྱིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་གནང་ཡོད་ཅིང་། སྐབས་དེར་བཀའ་སྤྱི་གཉིས་ཀྱིས་༧གོང་ས་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱི་གཏམ་བཤད་གནང་མཐར། ༧གོང་ས་མཆོག་གིས་ཀྱང་མི་མང་ལ་བཀའ་སློབ་གནང་ཡོད།

དེ་རིང་ཕྱི་ཚེས་  ༦ ཉིན་བོད་གཞུང་དམངས་གཉིས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་གནང་ཡོད། དེ་རིང་ཞོགས་པའི་ཆུ་ཚོད་ ༧ པའི་ཐོག་བཀའ་བློན་ཁྲི་པའི་དབུས་པའི་གཞུང་ཞབས་ལས་བྱེད་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོའི་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་གིས་ལྷ་རྒྱལ་རིར་སྐུའི་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་དང་། དར་ཆེན་ན་བཟའ་སྒྲོན་འབུལ་དང་ཆབས་ཅིག་ཁྲོ་བོ་རྣམ་གསུམ་དབང་བསྡུས་དང་། བསྟན་སྲུང་དམར་ནག་གཉིས་ཀྱི་སྤྱན་སྔར་རྣམ་གྲྭ་དགེ་འདུན་བཞི་གྲས་རྒྱགས་བརྔན་ལྷ་བསངས་ཕུལ་ཡོད།

ཆུ་ཚོད་ ༩ པའི་ཐོག་ཟློས་གར་ཚོགས་པའི་རྔ་རོལ་དང་། གཞུང་དམངས་གཉིས་དགའ་སྤྲོའི་ཕེབས་བསུའི་ཁྲོད་༸གོང་ས་མཆོག་གཟིམ་ཆུང་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་བཞུགས་ཁྲིར་ཞབས་སོར་བཀོད་ཡོད། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧི་མ་ཅཱལ་མངའ་སྡེའི་བཟོ་ལས་བློན་ཆེན་སྐུ་ཞབས་ཀི་ཤིན་ཀཱ་པོར་( Kishan Kapoor)མཆོག་དང་དཔལ་རྒྱལ་བ་ཀརྨ་པ་མཆོག དེ་བཞིན། དབུས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གཞུང་ཞབས་ལས་བྱེད་ཆེ་ཕྲ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། བཀའ་ཟུར་དང་ཚོགས་པ་སྒྲིག་འཛུགས་ཁག་གི་སྐུ་ཚབ། རྒྱ་གར་གྱི་ས་གནས་དཔོན་རིགས། གཞན། བཞུགས་སྒར་ཉེ་འཁྲིས་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་གྲྭ་ཁག་གི་སློབ་མ་བཅས་མི་གྲངས་ ༥༠༠༠ བརྒལ་བ་འདུ་འཛོམས་བྱུང་འདུག

མཛད་སྒོའི་ཐོག་མར་ཚང་མ་སྐུ་བཞེངས་ཀྱིས་བཀའ་བློན་ཁྲི་པ་མཆོག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྒྲེངས་བ་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་གྱི་རྒྱལ་གླུ་གྱེར་འདོན་གནང་རྗེས། ཁྲིམས་ཞིབ་པ་ཆེ་བ་དང་སྤྱི་འཐུས་ཚོགས་གཙོ། བཀའ་བློན་ཁྲི་པ་བཅས་ནས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། སྐུ་མགྲོན་གཙོ་བོ་ཧི་མ་ཅཱལ་མངའ་སྡེའི་བཟོ་ལས་བློན་ཆེན་མཆོག་ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་ཞུའི་མེ་ཏོག་བཅས་ཕུལ་རྗེས། གཞུང་ཞབས་འདེམ་བསྐོ་ལྷན་ཁང་གི་གྲ་སྒྲིག་ལྟར། བཀའ་ཁྲི་མཆོག་གིས་ཞབས་ལོ་ ༢༥ འཁོར་བའི་བོད་མིའི་སྒྲིག་འཛུགས་ཀྱིོ་ལས་བྱེད་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་བཀའ་ཤག་ངེས་མེད་ཀྱི་དྲུང་ཆེ་ནོར་བུ་དོན་ལྡན། ནང་སྲིད་ཟུང་དྲུང་ཚེ་རིང་རྡོ་རྗེ་བཅས་གསུམ་ལ་ལེགས་སྐྱེས་གསོལ་རས་བསྩལ་སོང་།  


དེའི་རྗེས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོགས་གཙོ། སྐུ་མགྲོན་གཙོ་བོ་སྐུ་ཞབས་ཀི་ཤིན་བཅས་ཀྱིས་རིམ་པ་བཞིན་གཏམ་བཤད་གནང་ཡོད་ལ། མཇུག་ཏུ་༧གོང་ས་མཆོག་གིས་ཀྱང་མི་མང་ལ་གསུང་བཤད་གནང་ཡོད། སྔོན་འགྲོའི་མཛད་རིམ་ཁག་གྲུབ་རྗེས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གཏམ་བཤད་གནང་སྐབས། འདི་ལོར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྔར་ལས་ལྷག་པའི་གཟབ་རྒྱས་སྲུང་གཙི་གནང་དགོས་པའི་རྒྱུ་མཚན་དང་། ༧གོང་ས་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་བར་སྤྱིར་འཛམ་གླིང་ཡོངས་དང་སྒོས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཕྱག་རྗེས་རླབས་ཆེན་བཞག་དང་འཇོག་གནང་མཛད་པའི་ལོ་རྒྱུས་ངོ་སྤྲོད་བཅས་གནང་སོང་།

བཀའ་ཤག་གི་གཏམ་བཤད་ནང་། “ ྋགོང་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་སྤྱི་དང༌། ལྷག་པར་མགོན་པོ་གང་ཉིད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་མཛད་ནས་དུས་ཡུན་རིང་པོར་མ་སོང་བའི་གཉན་འཕྲང་གི་རང་བཞིན་ལྡན་པའི་དུས་སྐབས་འདིར། བསམ་སྦྱོར་གནག་པའི་ཕྱི་ནང་གི་སྡེ་ཚོགས་འགའ་ཤས་ཀྱིས་གོ་སྐབས་བཟུང་སྟེ་ྋགོང་ས་ཆེན་པོའི་བཞེད་དགོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཐོག་གང་ཅིའི་འགལ་རྐྱེན་བར་ཆད་རྩོམ་སྲིད་པས། འབྱུང་འགྱུར་ལོ་ཤས་རིང་རང་ཅག་འབྲེལ་ཡོད་ཚང་མས་དོགས་ཟོན་དང་ཡིད་གཟབ་གནང་གལ་ཤིན་ཏུ་ཆེ། བྱེ་བྲག་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཉུང་ཤས་ཀྱིས་ྋགོང་ས་ཆེན་པོར་གཞི་མེད་མཚན་སྨད་ཞུ་རྒྱུ་དང༌། རྒྱ་ནག་གཞུང་གི་ངན་བྱུས་འོག་ནས་བོད་མི་སྤྱིའི་རྩ་དོན་ལ་གནོད་གཞིའི་ལས་འགུལ་ཁག་ཅིག་སྤེལ་བཞིན་ཡོད་པ་ནི་ཆེས་བློ་ཕམ་འོས་པའི་གནས་ཚུལ་ཞིག་རེད། དེར་བརྟེན་བོད་མི་རྣམས་ནས་དུས་དང་རྣམ་པ་ཀུན་ཏུ་ྋགོང་ས་མཆོག་ལ་རྒྱབ་གཏོད་བྱེད་མཁན་གྱི་ཚོགས་སྒེར་རིགས་དང་ཕ་རོལ་པོའི་ངན་བྱུས་གཡོ་འཕྲུལ་གྱི་མགོ་སྐོར་བསླུ་འཁྲིད་འོག་མ་ཚུད་པའི་སྤྱང་གྲུང་དང་ཡིད་གཟབ་ངེས་པར་གནང་དགོས་པའི་དྲན་སྐུལ་ནན་པོ་ཞུ་རྒྱུ་ཡིན” ཞེས་བཀོད་འདུག

ཁྲི་མཆོག་གིས་མུ་མཐུད་དུ་གསུངས་དོན། “ འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༨ ཉིན་བཀའ་བློན་ཁྲི་པས་ལས་ཁུར་དམ་འབུལ་ཞུས་ཏེ་ལོ་གཅིག་ཧྲིལ་པོར་འཁོར་རྒྱུ་དང༌། ཉིན་དེར་སྐུའི་བླ་གཟའ་ཡང་འཁེལ་ཡོད་སྟབས། བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་མཁན་རྣམས་དང༌། ད་ལྟ་བོད་ནང་མནར་གཅོད་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་སླད། འཛམ་གླིང་ཡུལ་གྲུ་གང་སར་དམིགས་བསལ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུར་འབོད་སྐུལ་གནང་སོང་།  

བཀའ་ཤག་གི་གཏམ་བཤད་མཇུག་ཏུ་བོད་རྒྱའི་གནད་དོན་སྐོར་ལ “ བཀའ་ཤག་གི་ངོས་ནས་ྋགོང་ས་མཆོག་གི་དགོངས་གཞི་ལྟར་མང་གཙོ་དང༌། འཚེ་བ་མེད་པ། དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད། དེར་བརྟེན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་པའི་དབུ་མའི་ལམ་གྱི་སྲིད་ བྱུས་ལ་པེ་ཅིང་ནས་མོས་མཐུན་བྱེད་དགོས་པར་ནན་བརྗོད་བྱ་རྒྱུ་ཡིན། འབྲེལ་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ཐོག ང་ཚོས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བར་བརྩི་བཞིན་ཡོད་ན་ས་གནས་དང་དུས་ཚོད་གང་དུའང་དོན་ཕན་ལྡན་པའི་འབྲེལ་མོལ་བྱ་རྒྱུ་དང༌། དེའི་ཆེད་དུ་དམིགས་བསལ་སྐུ་ཚབ་བསྐོ་འཛུགས་བྱ་རྒྱུ་སོགས་སྐབས་འབྲེལ་ལས་དོན་གང་དགོས་ཞུ་རྒྱུའི་གྲ་སྒྲིག་ཡོད ” ཅེས་གསུངས་བྱུང་།

དེའི་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་གནང་བའི་ནང་། ཉེ་ལམ་གསལ་བསྒྲགས་སྤེལ་བའི་༼བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ༽སྐོར་བཀོད་པའི་ནང་། དེ་རིང་གི་དུས་ཚེས་ཁྱད་པར་ཅན་འདི་ནས་བཟུང་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུ་རྒྱུ་དང་། དེ་ཡང་རྒྱ་གར་ནང་སྐོར་སྐྱོད་ཁག་གསུམ་སྟེ་ལ་དྭགས་སླེ་དང་། ཤིས་ལོངས། ཀོ་ཅི་བཅས་སོ་སོ་ནས་མགོ་འཛུགས་ཀྱིས་རིམ་བཞིན་ལྡི་ལི་བར་དང་། ཕྱི་ཟླ་ ༩ པའི་ཚེས་ ༢ ནས་བྱང་ཨ་རི་དང་། ཡུ་རོབ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཡོད་སའི་ས་ཁུལ་ཁག་ཏུའང་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་རྒྱུ།

བདེན་པའི་མེ་ལྕེ་སྐོར་སྐྱོད་སྐབས་ས་ཁུལ་སོ་སོར་མང་ཚོགས་འདུ་འཛོམས་ཐོག་གཏམ་བཤད་དང་། གསར་འགོད་ལྷན་ཚོགས་ཞུ་སྙན་འབུལ་རྒྱུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ལ་འབུལ་རྒྱུའི་བོད་དོན་ཞུ་སྙན་སྟེང་ས་རྟགས་བསྡུ་རུབ་བྱ་རྒྱུ་སོགས་བྱས་ཏེ། ཕྱི་ཟླ་ ༡༢ ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལས་ཁུངས་དང་། སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་ཁུངས། དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་བཅས་སོ་སོར་བདེན་པའི་མེ་ལྕེ་རེ་རེ་དང། བསྡུ་རུབ་ཟིན་པའི་ས་རྟགས་ཕྱོགས་སྒྲིག་ཞུས་པ་ཁག་རེ་རེ་འབུལ་ལམ་ཞུས་ཏེ་ལས་འགུལ་མཇུག་བསྒྲིལ་ཞུ་རྒྱུ་ཡིན་པས་ས་ཁུལ་སོ་སོར་ལས་འགུལ་སྐབས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚང་མས་མཉམ་རུབ་དང་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་བཅས་གནང་སོང་།

ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་དོན་ཚན་ ༣ ནི། ༡ ༽ ཕྱི་ལོ་ ༡༩༥༩། ༡༩༦༡། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ་དང་། ༢ ༽བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ། ༣ ༽བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ་བཅས་རེད།

གསར་འགོད་པ། དོན་གོ

མཆན། 9

  1. ཅང་མེད། says:
    ལོ་ 11 སྔོན།

    ༸ཁྱེད་ཀྱི་ལངས་ཚོ་རྙེད་པའི་ཉིན་མོ་འདི་ལ་རྟེན་འབྲེལ་གྲངས་མེད་ཞུ།

    Reply
  2. ketaka says:
    ལོ་ 11 སྔོན།

    རིན་ཆེན་རྡུལ་བརྩེགས་ལྷུན་པོའི་འཛིན་མའི་གཞིར།།
    བཅུ་ཕྲག་རིག་པའི་ཉི་གཞོན་བཞུ་བའི་རྒྱུན།།
    ཐུགས་རྗེ་འོད་ཀྱིས་འཛིན་མར་ཡོངས་འཁྱུད་པའི།།
    གངས་ཅན་མགོན་པོ་བསྐལ་བརྒྱར་ཞབས་བརྟན་ཤོག།

    དུས་གསུམ་མཁྱེན་པའི་རང་མདངས་བདུད་རྩི་ཚོགས།།
    སྙིང་རྗེ་དྲོད་ཀྱིས་འོ་མའི་ཐུགས་མཚོ་ལས།།
    མི་འགྱུར་ལྷུན་པོ་རྟག་ཏུ་རྒྱས་པ་ན།།
    འཇིག་རྟེན་སྐྱེ་དགུའི་ཕན་བདེ་དཔལ་དུ་འབར།།

    པད་དཀར་ལྟར་བསྔགས་གངས་རིའི་མགོན་པོ་མཆོག།
    མི་ནུབ་བསྟན་པའི་རྒྱལ་མཚན་དཔལ་གྱུར་བ།།
    སྲིད་གསུམ་རིག་འཛིན་རིག་པའི་གཙུག་གི་ནོར།།
    རྣམ་པར་རྒྱལ་བའི་རྒྱལ་མཚན་རྒྱལ་གྱུར་ཅིག།

    Reply
  3. རྨེའུ་སྦྲ་གསར། says:
    ལོ་ 11 སྔོན།

    ༄།།སྐུ་ཚེ་ཁྲི་ལོ་ཤོག

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 11 སྔོན།

    གསར་འགོད་པས་༸གོང་ས་མཆོག་གི་བཀའ་སློབ་རྩ་བ་ནས་བཀོད་མི་འདུག ཉན་འདོད་ཤིན་ཏུ་ཆེ།
    ༸མགོན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས།།

    Reply
  5. བསྟན་འཇམ། says:
    ལོ་ 11 སྔོན།

    དེ་རིང་རླབས་ཆེན་ཉིན་མ་འདི་འདྲ་ལ་བཀའ་ཤག་གིས་ལས་རིམ་ཚང་མ་གོ་སྒྲིག་བྱས་པ་ཡིན་མོ།འོན་ཀྱང་ཧ་ཅང་སེམས་སྐྱོ་བ་ཞིག་ལ་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་བའི་རྒྱལ་གཅེས་དཔའ་བོ་དེ་དག་གི་ཆེད་དུ་མྱ་ངན་རྣམ་པ་ཙམ་ཡང་མ་བསྟན་པ་དེ་ངོ་མ་བློ་ཕམ་བྱུང་། ད་ངོ་མ་བཀའ་ཤག་འདིས་བོད་དོན་ཞིག་ལས་འདོད་མེད་པར་ཁྲ་ཁྲ་ཟིང་ཟིང་ཁོ་ན་བྱེད་ནས་དུས་ཚོད་བསྐྱལ་ས་རེད།

    Reply
  6. དཀར་མཛེས་བསོད་བུ། says:
    ལོ་ 11 སྔོན།

    ངས་ང་རབས་གྲོང་པའི་ཚབ་བྱེད་ནས་༧གོང་ས་མཆོག་གི་སྐུ་ཡི་འཁྲུངས་སྐབས་ལ་བཀྲ་ཤིས་བདེ་ལེགས།

    Reply
  7. བསྟན་འཛིན་ཤེས་རབ། says:
    ལོ་ 11 སྔོན།

    འཁྲུངས་སྐར་ལ་རོལ་བ།

    ་་་་་་་་་་་་་་་་ འགྲོ་བ་ལྷ་དང་བཅས་པའི་མ་འདྲེས་པའི་མཛའ་བཤེས་ཆེན་པོ། འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་སྐྱབས་དང་དཔུང་གཉེན་དམ་པ། ཁ་བ་གངས་རི་ར་བའི་མེ་ཏོག་གངས་ལ་ཕོག་པའི་ལྷ་སྐལ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨྲས་ན། ༸གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་དོན་བདུན་ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་བཀྲ་ཤིས་པའི་ཉི་མ་བཟང་བོ་ཤར་བར་དགའ་སྟོན་རྟེན་འབྲེལ་གྱི་སྐྱེས་སུ།

    མུན་པའི་འཕྲང་ལམ་རེ་རེ་འོད་ཀྱིས་གཤགས་སོང་།
    འགྲོ་བའི་གདུང་བ་རེ་རེ་བརྩེ་བས་བཅིལ་སོང་།
    གོ་ལའི་ཟུར་ངོས་རེ་རེ་བྱམས་བརྩེས་བསྐྱངས་སོང་།

    བདག་གི་མ་འདྲེས་པའི་མཛའ་བཤེས་ཆེན་པོ།
    སྐལ་ལྡན་འགྲོ་བ་མཐའ་དག་གི་སྐྱབས་དང་དཔུང་གཉེན་དམ་པ།

    ཁྱེད་ཉིད་ཡོད་པས་འཇིག་རྟེན་འདི་ཞི་བདེ་དང་སྤྲོ་བས་བརྟས་ཡོད།
    ཁྱེད་ཉིད་ཡོད་པས་མི་སྡེའི་སྤྱི་ཚོགས་འདིར་གསོན་མདངས་རྒྱས་ཡོད།
    ཁྱེད་ཉིད་ཡོད་པས་ང་རང་གསོན་པ་ལ་དོན་སྙིང་ལྡན་ཡོད།

    སྐྱོ་ངལ་གྱིས་སེམས་པ་གསོད་སྐབས་ཁྱེད་ཀྱི་བརྩེ་འཛུམ་ནི་བདག་གི་དབུགས་དབྱུང་ཡིན།
    རེ་ཆད་ཀྱིས་མིག་མདངས་ཉམས་སྐབས་ཁྱེད་ཀྱི་གསུང་སྐད་ནི་བདག་གི་ཟུངས་བཅུད་ཡིན།
    དཀའ་སྡུག་གི་ལོ་ཟླ་བགྲོད་སྐབས་ཁྱེད་ཀྱི་གཟི་མདངས་ནི་བདག་གི་སྟོབས་ཤུགས་ཡིན།
    འཇིག་རྟེན་གྱི་ཁ་དོག་བརླག་སྐབས་ཁྱེད་ཀྱི་བཞད་གད་ནི་བདག་གི་ཡོད་ཚད་ཡིན།

    དེ་རིང་། བདག་གིས་དམ་བཅའ་ནན་མོ་ཞིག་བགྱིས་ཏེ།
    ལུས་ངག་ཡིད་གསུམ་གྱིས་ཁྱེད་ཀྱི་བཀའ་གསུང་བརྩིའོ། །
    དེ་རིང་། བདག་གིས་རྣམ་ཤེས་ཀྱི་ཕྲ་རགས་ཐམས་ཅད་གཅིག་ཏུ་བསྡུས་ཏེ།
    འགྲོ་འདུག་སྤྱོད་གསུམ་གྱི་འགྱུ་བ་མཐའ་དག་ཁྱེད་ལ་བལྟའོ། །
    དེ་རིང་། བདག་གིས་མི་ཕྱེད་པའི་སྙིམ་པ་ཟབ་མོ་བཅོས་ཏེ།
    ཁྱེད་ཀྱི་བཞེད་དགོངས་ལ་སྟོབས་ནུས་ཡོད་རྒུ་འབུལ་ལོ།

    ༸གོང་ས་མཆོག སྐུ་ཚེ་བརྟན་པར་ཤོག སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ཀ་དག་ཀ་ནས་དག་ཀྱང་སྙིང་རྗེའི་རོལ་གར་དབྱར་གྱི་དུས་སུ་འཁྲུངས། །
    ཁ་བའི་བསིལ་ལྗོངས་ལྷ་སའི་ལྟེ་བར་དགུན་དུས་ཆོས་ཀྱི་དམ་འཇོག་མཛད། །
    གར་ཕེབས་སུ་ཕྲད་དབྱར་དགུན་སྟོན་ཡང་དཔྱིད་ཀྱི་དཔལ་ཡོན་ཡང་ཡང་སྤེལ། །
    ང་ཚོའི་སྙིང་གཅིག་མིག་གཉིས་སྐྱབས་གསུམ་བདེན་བཞི་སྟོན་འབྲས་སྟོན་མཁས་༸སྐུ། །
    དགུང་གྲངས་བརྒྱ་ལྷག་བརྒྱ་དང་བརྒྱད་བརྒལ་བརྒྱ་དང་བཅུ་གསུམ་ལྷག་བརྟན་ཤོག །

    Reply
  9. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 11 སྔོན།

    ༸ཁྱེད་ཀྱི་འཁྲུངས་སྐར་ལ་བཏེགས་པ།

    མཚན་དཔེ་མེ་ཏོག་གི་ལང་ཚོ་སྣུམ་པོ།།
    ས་ཡི་ཡང་ཐོག་ནས་མངོན་པར་བཞད་དུས།།
    འཚོ་བའི་གོ་རིམ་ལ་གནས་ལུགས་བརྡར་བཞིན།།
    ས་སྒང་ཆེན་པོ་དེར་བརྡ་ཞིག་བྱས་ཡོད།།

    རྡོ་བའི་གཤིས་ཀ་དེ་ཕར་ལ་གཡུགས་ནས།།
    དོན་དངོས་ངོ་མ་ཞིག་ཕྱག་ཏུ་མནམས་ནས།།
    ཞལ་རས་དྭངས་མོ་ལ་འཛུམ་དཀར་དགོད་ཀྱིན།།
    རྒྱལ་སྲས་སེམས་དཔའ་ཡི་རིང་ལུགས་བཞེས་ཡོད།།

    འཚོ་བ་ཆུ་ཟླ་ཡི་གནས་ལུགས་གཟིགས་མོད།།
    སྣང་བ་མཐོན་པོ་ཞིག་གནམ་དུ་མ་བཞག།
    མཐའ་བརྒྱད་སྤྲོས་བྲལ་གྱི་གནས་མལ་དེ་ནས།།
    ཐུབ་པ་ཆེན་པོ་དེ་བཞེངས་པ་མིན་ནམ།།

    རྡོག་ཀ་འཇོག་ས་དེར་རྡོ་ཟོར་བརྩིགས་འདུག།
    གནམ་ལ་ལྟ་ས་དེར་དུད་སྤྲིན་འཁྲིགས་འདུག།
    ཁྱེད་ཀྱི་ཕེབས་ལམ་འདི་བདེ་མོ་མིན་པ།།
    ལྷ་སྲུང་མི་དགོས་པར་ཤེས་ཚོད་འདུག་གོ།།

    གངས་རི་དཀར་པོ་འདིའི་ངོ་མདངས་མ་འགྱུར།།
    ཁྱེད་ཐུགས་མཁའ་ཀློང་ལ་སྤྲིན་པ་མ་འཁོར།།
    བྱུང་རིམ་ཀྱོག་པོ་ཞིག་དྲང་བོར་སྲོང་བཞིན།།
    “ཐུབ་པའི་གཞོན་རབས་”ཁྱེད་གཡུལ་ལས་རྒྱལ་འདུག།

    ས་ཡི་རྩེ་ཐོག་གི་རུ་སྡེ་ཆུང་ཆུང་།།
    གྲངས་ཀྱི་རིག་གནས་ཀྱིས་བལྟས་ན་ཆུང་མོད།།
    ཁྱེད་ཀྱི་ཕྱག་མཐིལ་ནས་ཚུར་ལ་བསྐོར་ན།།
    དོན་དུ་ཆུང་ཆུང་ཞིག་མིན་པ་ལོས་ཤེས།།

    ཉི་ཤུའི་སྨག་ཁྲོད་ཀྱི་སྐར་མ་འོད་ཆེན།།
    བྱང་མཐའི་རི་སུལ་ནས་རྡོག་འགོ་སྤོ་དུས།།
    རྡོག་སྣེ་འབབ་ས་དེ་གཟིགས་པ་མིན་ན།།
    བློ་ཁོག་དེ་འདྲ་ཞིག་དཔེ་ལ་མི་སྲིད།།

    ཁྱེད་ཉིད་དེང་ཐོག་གི་ལམ་ཁ་དེ་ནས།།
    མི་ཡི་ཆེན་པོ་ཚོས་རིག་མྱོང་མེད་ལ།།
    བྱིས་པའི་ན་ཚོད་དང་འཛམ་གླིང་བསྡུར་ན།།
    དངོས་དོན་སྨྲ་བ་དག་ཁས་ལེན་ཨེ་སྲིད།།

    ཁ་རྩང་དེ་རིང་གི་འཛམ་གླིང་ཤར་ནུབ།།
    གདོང་གི་ཐལ་བ་ཡང་ཕྱག་གིས་འཕྱི་དུས།།
    ཁྱེད་ཀྱི་བྱམས་བརྩེ་ཡིས་རབ་ཏུ་འཕྲོག་ནས།།
    གུས་འདུད་མཚོན་བྱེད་ལ་གྲངས་ཀ་བོར་སོང་།།

    དབྱངས་ཀྱི་རིག་བྱེད་ལ་ཁ་ཡ་ཡོད་ན།།
    རྩལ་ཁ་འགྲན་ས་ཞིག་འདི་ན་ཡོད་པས།།
    མཚན་གྱི་སྙན་པ་དག་ཡི་གེར་ཕྲིས་དང་།།
    གཏམ་གྱི་དྭངས་མ་ཞིག་མིན་པ་ཨེ་སྲིད།།

    ༢༠༡༢ ༧ ༦ཉིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist