མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལུགས་སྨན་ཁང་ ༥༥ ནང་སྨན་པའི་སློབ་སྦྱོང་ཐོན་མཁན་ ༦ འདུག

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp


བཙན་བྱོལ་སྤྱི་ཚོགས་
ཀྱི་འཕྲོད་བསྟེན་གནས་བབ་དང་འགོས་ནད་རིགས་ཀྱི་ཐོག  དབུད་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ལ་བཅར་འདྲི་ཞུས་ཡོད།

དྲི་བ། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་འོག་སྨན་ཁང་ག་ཚོད་ཡོད་པ་དང་། དེ་དག་ས་གནས་གང་དག་ཏུ་ཡོད་མེད་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། སྤྱིར་འཕྲོད་བསྟེན་ལས་ཁུངས་ནི་ ༡༩༨༡ ལོར་བཙུགས་ཤིང་། ༡༩༨༣ ལོར་འཕྲོད་བསྟེན་དྲུང་ཆེ་ཐོག་མ་དང་།  ༡༩༨༨ ལོར་འཕྲོད་བསྟེན་བཀའ་བློན་ཐོག་མ་བཅས་གསར་བསྐོ་གནང་བ་རེད། ད་ལྟ་ང་རང་འཕྲོད་བསྟེན་བཀའ་བློན་བཅུ་བ་དེ་ཆགས་ཡོད། ད་ལྟ་འཕྲོད་བསྟེན་ལས་ཁུངས་ཀྱི་ཐད་ཀའི་ལྟ་སྐྱོང་འོག་ཡོད་པའི་སྨན་ཁང་ཁག་ ༥༥ ཡོད་པའི་ནང་ནས། བལ་ཡུལ་ནང་སྨན་ཁང་ ༡༢ དང་དེ་འཕྲོས་ཚང་མ་རྒྱ་གར་ནང་ཡོད། སྨན་ཁང་དེ་དག་ནང་ལྷོ་ཕྱོགས་སྨན་ཁང་ ༤ དང་། བདེ་སྐྱིད་གླིང་། ཨོ་རུ་ས་བཅས་སུ་སྨན་ཁང་ཆེ་བ་ ༧ དང་། ལྡི་ལི་དང་བྷེ་རེ། ལ་དྭགས་བཅས་སུ་སྨན་ཁང་འབྲིང་བ་ ༤ ཡོད། དེ་འཕྲོས་རྣམས་སྨན་ཁང་ཆུང་བ་ཡིན་ལ། གཞན་བདེ་སྐྱིད་གླིང་དུ་དམིགས་བསལ་དབང་བོ་སྐྱོན་ཅན་ལ་ལྟ་སྐྱོང་ཆེད་མངོན་དགའ་སློབ་གྲྭ་བཙུགས་ཡོད། དེའི་སྒང་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་བོད་ཀྱི་སྨན་རྩིས་ཁང་ཡོད་པ་རེད། སྨན་རྩིས་ཁང་ཁྱབ་ཁོངས་སུ་ཡན་ལག་སྨན་ཁང་ ༥༥ འདུག དེ་ལྟར། འཕྲོད་བསྟེན་ལས་ཁུངས་དང་སྨན་རྩིས་ཁང་། བདེ་ལེགས་སྨན་ཁང་བཅས་མཉམ་རུབ་ཐོག་རྒྱ་བོད་འབྲུག་གསུམ་ནང་གི་བཙན་བྱོལ་བོད་མིའི་འཕྲོད་བསྟེན་ལྟ་སྐྱོང་ཚང་མར་འགན་བཞེས་ཀྱིན་ཡོད། 

 

དྲི་བ། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་ཁག་ཏུ་སྨན་པ་དང་སྨན་ཞབས་ག་ཚོད་ཅིག་ཡོད་པ་རེད།

ལན། འཕྲོད་བསྟེན་ལས་བྱེད་ ༣༠༠ ཙམ་ཡོད་པའི་ནང་ཕྱི་ལུགས་སྨན་པ་ ༧ ཡོད་པ་དང་། ལྷོ་ཕྱོགས་སྨན་ཁང་ ༤ ནང་སྨན་པ་རེ་དང་། མན་བྷར་ཌིར་སྨན་པ་གཅིག  བདེ་སྐྱིད་གླིང་ལ་སྨན་པ་གཅིག འཕྲོད་བསྟེན་ལས་ཁུངས་ནང་སྨན་པ་གཅིག་བཅས་གོ་སྒྲིག་གནང་ཡོད། ས་གནས་སྨན་ཁང་ཚང་མར་འཕྲོད་ལས་པ་དང་། སྨན་ཞབས། ཁྲག་དང་ལུད་པ་བརྟག་དཔྱད་བྱེད་མཁན། གློག་པར་རྒྱག་མཁན་ཆ་ཚང་ཟུར་དུ་ཡོད་པ་རེད། དེ་བཞིན། སྨན་ཁང་ཆུང་བ་རེའི་ནང་འཕྲོད་ལས་པ་ ༢ ནས་ ༤ བར་ཡོད། ད་ལྟའི་བར་ཐོ་གཞུང་ནང་ཡོད་པའི་ཕྱི་ལུགས་སྨན་པ་ཐོན་པ་ ༨༠ ཙམ་འདུག སྔོན་ཆད་སྨན་པ་འཐོན་མཁན་མང་ཆེ་བས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་སུ་ཕྱག་ལས་གནང་འདུག ཕྱིས་སུ་རིམ་པས་ཕྱག་ལས་གནང་མཁན་ཉུང་དུ་ཕྱིན་འདུག 

 

དྲི་བ། བོད་པའི་གཞིས་ཆགས་ཁག་གི་སྨན་ཁང་ནང་སྨན་པ་མ་འདང་བའི་དཀའ་ངལ་སེལ་ཐབས་སུ། བཀའ་ཤག་གསར་བའི་ངོས་ནས་ཐབས་ཤེས་ག་རེ་གནང་འཆར་ཡོད།

ལན། སྨན་པས་འདང་གི་མེད་པའི་དཀའ་ངལ་དེ་སྔོན་མ་ནས་ཡོད་པ་དང་། བོད་མིའི་འཕྲོད་བསྟེན་ཐད་ཀྱི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཡོད། བཀའ་ཤག་གསར་བའི་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྨན་པ་མང་དུ་གཏོང་བ་དང་། སྨན་པ་རྣམས་སྨན་ཁང་སོ་སོའི་ནང་གནས་ཐུབ་ཆེད་ཞིབ་འཇུག་གནང་སྟེ་འཆར་གཞི་མང་པོ་ཞིག་བང་རིམ་སྒྲིག་གི་ཡོད། སྤྱིར་སྨན་པ་ཉུང་དྲགས་པའི་དཀའ་ངལ་སེལ་ཐབས་སུ་ཤེས་རིག་ལས་ཁུངས་བརྒྱུད་དེ་ཧི་མ་ཅལ་ནང་སྨན་པ་སློབ་ས་མིག་ ༢ དང་། རཱ་རྗི་སི་ཐན་ནང་ས་མིག་ ༡ བཅས་བོད་པའི་སློབ་ཕྲུག་ཚོར་ལོ་ལྟར་སྨན་པར་སློབ་སྦྱོང་གི་ས་མིག་ ༣ རེ་རག་གི་ཡོད་པ་རེད།

 

དྲི་བ། སྨན་པའི་སློབ་སྦྱོང་ཐོན་རྗེས་བོད་པའི་སྤྱི་ཚོཊ་ནང་ཕྱག་ལས་གནང་མཁན་ཉུང་ཉུང་ཡིན་པའི་ཐོག་ཐབས་ཤེས་གནང་འཆར་ཡོད་དམ།

ལན། སྨན་པའི་སློབ་སྦྱོང་གནང་མཁན་སློབ་ཕྲུག་རྣམས་སློབ་སྦྱོང་ཐོན་རྗེས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་ལོ་གསུམ་རིང་ཕྱག་ལས་གནང་དགོས་པའི་གན་རྒྱ་ཞིག་སྔོན་མ་ནས་འཇོག་གི་ཡོད་པ་རེད།  དེ་ཡང་འཕྲོད་བསྟེན་ལས་ཁུངས་གཅིག་པུ་མ་ཡིན་པར་ཤེས་རིག་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཆགས་ཡོད་སྟབས།  གན་རྒྱ་དེའི་ནུས་པ་ཆེ་རུ་བཏང་སྟེ་ད་ལོ་གན་རྒྱ་གསར་བ་ཞིག་བཟོ་རྒྱུར་འཆར་གཞི་སྒྲིག་གི་ཡོད། འཆར་གཞི་དེའི་ནང་སྨན་པའི་སློབ་སྦྱོང་གནང་མཁན་ཚོས་འཕྲོད་བསྟེན་ལས་ཁུངས་དང་མཉམ་དུ་རྗེས་མ་གཞི་རིམ་སྨན་པའི་སློབ་སྦྱོང་ཐོན་རྗེས། འཕྲོད་བསྟེན་ཁྱབ་ཁོངས་སུ་ཕྱག་ལས་གནང་རྒྱུའི་ཁས་ལེན་གན་རྒྱ་འཇོག་དགོས་པ་དང་། གན་རྒྱ་དེ་མ་བཞག་པའི་སྔོན་ལ་ཤེས་རིག་ལས་ཁུངས་ཀྱིས་སྨན་པའི་སློབ་སྦྱོང་གནང་མཁན་དོ་བདག་ཚོར་ས་མིག་དང་སློབ་ཡོན་གནང་རྒྱུ་དང་། ཡང་སྨན་པའི་སློབ་སྦྱོང་ཐོན་རྗེས་གན་རྒྱ་རྩིས་མེད་གཏོང་མཁན་ཚོས་ཧིན་སྒོར་འབུམ་ ༢༠ ཚུར་སློག་དགོས་པ་མ་ཟད། མ་འོངས་པར་སྐྱབས་བཅོལ་ལག་དེབ་ (RC) བསྐྱར་དུ་དེབ་སྐྱེལ་དང་། དེབ་སེར་བོ་ (IC) བཟོ་བ་བཅས་ཀྱི་ཐད། བཀའ་ཤག་གིས་རྒྱབ་གཉེར་མི་གནང་རྒྱུ་བྱས་ཡོད་པ་རེད།

 

དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་ཊེ་བྷེ་ན་ཚ་ཅུང་མང་པོ་ཡོང་གི་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། བོད་པའི་སྤྱི་ཚོགས་ནང་ཊེ་བྷེ་ནད་གཞིའི་དཀའ་ངལ་ཏོག་ཙམ་ཆེན་པོ་རེད། ལྷག་པར་དུ་ཊེ་བྷེ་ན་མཁན་མང་ཆེ་བ་གཞོན་སྐྱེས་ཆགས་འདུག དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་ས་ཆ་ཆུང་ཆུང་ནང་མི་མང་པོ་མཉམ་དུ་བསྡད་ཡོད་དུས། འགོས་ཁྱབ་འགྲོ་བ་ལས་སླ་བོ་ཡོད་པ་རེད། གཉིས་ནས་དོ་སྣང་མ་གནང་པར་ལྷོད་ཡངས་ཤོར་བ་རེད། གསུམ་ནས་ང་ཚོ་རྒྱ་གར་ལུང་པའི་ནང་བསྡད་ཡོད་པ་དང་། རྒྱ་གར་ནི་འཛམ་གླིང་སྒང་ཊེ་བྷེ་ན་ཚ་མང་ཤོས་དེ་ཆགས་ཡོད་དུས། ཊེ་བྷེ་ན་ཚ་འགོས་ཁྱབ་ཀྱི་ཉེན་ཁ་ཆེན་པོ་ཡོད་པ་རེད། བཞི་ནས་བོད་པ་མང་པོ་ཞིག་ལོ་ལྟར་ཕྱི་ལོགས་ལ་ཚོང་རྒྱག་གི་འགྲོ་དགོས་དུས། གྱོན་ཆས་འཚོང་སའི་ས་ཆ་དེ་དག་གཙང་མ་མིན་པ་དང་། ཉིན་གང་པོ་དཀའ་ལས་བརྒྱབ་སྟེ་དུས་ཚོད་ལྟར་ཟ་མ་རག་གི་མེད་པ། གཉིད་ཆག་པ་དང་ངལ་གསོ་ཡག་པོ་མ་རག་པ་བཅས་ཀྱིས་གཟུགས་པོ་སྐྱོ་བོ་ཆགས་སྐབས་ཊེ་བྷེ་ན་ཚའི་ནུས་པ་ཆེ་རུ་ཕྱིན་ཏེ་ནད་རྟགས་ཕྱིར་ཐོན་ཡོང་གི་ཡོད་པ་བཅས་རེད།

 

དྲི་བ། ད་ལྟའི་ཆར་བཙན་བྱོལ་སྤྱི་ཚོགས་ནང་གཉན་ནད་རེག་དུག་གི་ན་ཚའི་གནས་སྟངས་ག་འདྲ་འདུག 

ལན། སྤྱིར་བཏང་གཉན་ནད་རེག་དུག་ནད་གཞི་བོད་པའི་སྤྱི་ཚོགས་ནང་ཤུགས་ཆེན་པོ་མ་རེད། ཡིན་ནའང་། རེག་དུག་ན་ཚ་མང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་སྟབས། ད་དུང་གོ་རྟོགས་ཡར་རྒྱས་གཏོང་དགོས་ས་མང་པོ་འདུག བོད་མི་མང་ཆེ་བ་ས་ཆ་གཅིག་ལ་བསྡད་མེད་པར། ཕྱི་ལོགས་ལ་ཚོང་རྒྱག་ཏུ་འགྲོ་བ་དང་སློབ་ཆེན་དུ་སྐྱོད་པ་སོགས་ས་ཆ་གང་སར་འགྲོ་བཞིན་ཡོད་པ་རེད། ཕྱི་ལོགས་ལ་རྒྱུན་རིང་པོར་ལས་ཀར་འགྲོ་མཁན་ཚོར་ཉེན་ཁ་ཆེན་པོ་ཡོད། དཔེར་ན། རྒྱ་གར་སྤྱི་ཚོགས་ནང་ལ་དོལ་སྐྱེལ་རླངས་འཁོར་ཀྱི་ཁ་ལོ་བ་རྣམས་ས་ཆ་སོ་སོར་སྐོར་བ་བརྒྱབ་ནས་འགྲོ་བཞིན་ཡོད་དུས།  ལམ་ཁར་བུད་མེད་འདྲ་མིན་དང་མཉམ་དུ་བསྡད་དེ་རེག་དུག་འགོས་ཁྱབ་མང་པོ་ཡོང་གི་ཡོད་པ་རེད། འཕྲོད་བསྟེན་ལས་ཁུངས་ཀྱིས་རེག་དུག་འགོས་ནད་ཐད་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད།

 

དྲི་བ། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ཊེ་བྷེ་དང་གཉན་ནད་རེག་དུག་སྔོན་འགོག་ཆེད། ལས་གཞི་གང་དག་སྤེལ་གྱིན་ཡོད་དམ།

ལན། ནམ་རྒྱུན་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ས་གནས་སོ་སོར་བཀའ་ཁྱབ་ཐོག ལོ་ལྟར་འཛམ་གླིང་ཌེ་བྷེ་ཉིན་མོ་དང་རག་དུག་ཉིན་མོ་སྲུང་བརྩི་བྱས་ཏེ། ལོ་ལྟར་ས་གནས་མང་ཚོགས་དང་དགོན་སྡེ། སློབ་གྲྭ་ཁག་བཅས་སུ་ཊེ་བྷེའི་སྐོར་ལ་གོ་རྟོགས་བཞིན་ཡོད་པ་ལྟར།  དེའི་ཐོག་ལ་ད་དུང་མི་མཐུད་ནས་ལས་གཞི་རྒྱ་སྐྱེད་གཏོང་ཐབས་དང་།  མ་འོངས་པར་བྷིང་ལོར་དང་ལྡི་ལི། ཝ་ར་ཎ་སི་སོགས་མཐོ་སློབ་ཁག་ནང་འགྲོ་མཁན་སློབ་ཕྲུག་ཚོར་ཡང་གོ་རྟོགས་ལས་གཞི་སྤེལ་ཐུབ་རྒྱུར་ཐབས་ཤེས་གནང་གི་ཡོད། ད་ལོར་མཚོན་ན་དམིགས་བསལ་གཉན་ནད་རེག་དུག་སྐོར་ལ་གོ་རྟོགས་སྤེལ་ཆེད་གློག་བརྙན་ཞིག་བཟོ་རྒྱུའི་འཆར་གཞི་ཡོད།

 

དྲི་བ། བལ་ཡུལ་དང་འབྲུག་ནང་གནས་སྡོད་བོད་མི་ཚོའི་འཕྲོད་བསྟེན་སྨན་བཅོས་ཐད་ལྟ་སྐྱོང་གང་འདྲ་གནང་གི་ཡོད་དམ།

ལན། བལ་ཡུལ་ནང་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འཆར་གཞིར་བཟུང་ལྟ་སྐྱོང་གནང་བཞིན་ཡོད་པ་རེད། ད་ལྟ་བལ་ཡུལ་ནང་སྨན་ཁང་གྲངས་འབོར་དེ་མང་དུ་གཏོང་རྒྱུའི་འཆར་གཞི་ཞིག་སྒྲིག་བསྡད་ཡོད། འབྲུག་ནང་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་ཁང་དེ་འདྲ་ཡོད་པ་མ་རེད། དེ་བཞིན། སྨན་བཅོས་ལྟ་སྐྱོང་ལས་གཞི་དེའང་འབྲུག་དང་བལ་ཡུལ་ནང་སྤེལ་ཐུབ་ཀྱི་མེད་སྟབས།  བལ་འབྲུག་གཉིས་ནང་སྔོན་མ་ཛ་དྲག་སྨན་བཅོས་ལྟ་སྐྱོང་མར་གནང་བཞིན་པ་དེ་སྔར་སོར་གནས་བསྡད་ཡོད་ལ།  དབང་བོ་སྐྱོན་ཅན་རྣམས་ལ་འཚོ་སྣོན་གནང་རྒྱུའི་རིགས་ཀྱང་འཕྲོད་བསྟེན་ལས་ཁུངས་ནས་མུ་མཐུད་དུ་གནང་གི་ཡོད་པ་རེད། སྤྱིར་འབྲུག་ནང་སྔོན་མ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ཐད་ཀར་སྨན་བཅོས་ལྟ་སྐྱོང་གནང་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ནའང་། འབྲུག་གཞུང་གི་སྨན་ཁང་གང་ལ་ཕེབས་པ་ཡིན་ནའང་། སྨན་རིན་དང་སྨན་བཅོས་འགྲོ་སོང་ཆ་ཚང་རིན་མེད་ཐོག་གནང་གི་ཡོད་པ་རེད། གལ་སྲིད། འབྲུག་ནང་གི་བོད་མི་སྐྱབས་བཅོལ་རྣམས་ཛ་དྲག་སྨན་བཅོས་ཐོག་རྒྱ་གར་ནང་འགྲོ་དགོས་བྱུང་བ་ཡིན་ན། ང་ཚོར་ཡར་ཞུས་ཚེ་གང་ལ་གང་འཚམ་བརྒྱ་ཆ་མར་ཆག་ཡང་གནང་གི་ཡོད་པ་རེད།

 

དྲི་བ། ཉེ་སྔོན་ཕྱི་ཟླ་ ༤ ནས་མགོ་འཛུགས་བྱས་པའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་མི་ག་ཚོད་ཅིག་སླེབས་འདུག

ལན། ད་ལྟའི་ཆར་ལས་བྱེད་དང་ཉམ་ཐག་ཚང་མ་བརྩིས་ན་ཚོགས་མི་ ༨༠༠༠ ཙམ་འདུག འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་མི་གང་མང་མཉམ་ཞུགས་ཡོང་རྒྱུར་འབད་བརྩོན་གནང་པ་རེད། གོ་རྟོགས་སྤེལ་ཆེད་ས་གནས་སོ་སོར་ཐེངས་གཉིས་གསུམ་ལ་བསྐྱོད་ཡོད། ཡིན་ནའང་། ད་དུང་མི་མང་གི་སེམས་ནང་དོགས་པ་རྣམ་རྟོག་མང་པོ་ཡོད་པའི་རྣམ་པ་ཞིག་འདུག ལས་གཞི་དེ་ད་ལོ་གསར་དུ་སྤེལ་བ་ཡིན་སྟབས། མང་པོ་ཞིག་གིས་འཕྲོད་བསྟེན་ཉེན་སྲུང་གི་འགྲོ་སྟངས་ཡག་པོ་ཤེས་ཀྱི་ཡོད་པ་མ་རེད། ཕྱོགས་གཞན་ཞིག་ནས་ད་ལྟའི་བར་ཛ་དྲག་སྨན་བཅོས་མཐུན་འགྱུར་སོགས་གཞུང་ནས་རྟག་པར་མར་གནང་བསྡད་ཡོད་སྟབས། སོ་སོ་སྒེར་ངོས་ནས་འགྲོ་སོང་བཏང་སྟེ་འཕྲོད་བསྟེན་ཐོག་བསམ་བློ་གཏོང་རྒྱུའི་གོམས་གཤིས་མེད་པས་རེད།

 

དྲི་བ། ད་ལྟའི་ཆར་གཞུང་ངོས་ནས་ཛ་དྲག་སྨན་བཅོས་མཐུན་འགྱུར་སྤྲོད་མཚམས་བཞག་ཡོད་པ་དང་། སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་གཞུགས་མཁན་ཉུང་བ་བཅས་ལ་བརྟེན་མང་ཚོགས་ལ་སྨན་བཅོས་ལྟ་སྐྱོང་ཐད་དཀའ་ངལ་འཕྲད་སྲིད་དམ།

ལན། སྐབས་མཚམས་དེ་འདྲར་དཀའ་ངལ་ཕྲན་བུ་ཡོང་སྲིད་པ་རེད། ཡིན་ནའང་། ང་ཚོས་སྔོན་མ་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞི་འདིའི་ནང་། མི་མང་ཚང་མ་མཉམ་ཞུགས་གནང་ཐུབ་པའི་ཆ་རྐྱེན་སྦྱར་ཡོད་པ་རེད། དཔེ་མཚོན་ཙམ་ཞུས་ན། འཕྲོད་བསྟེན་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་། དང་པོ། ལས་བྱེད། གཉིས་པ། ཉམ་ཐག་དང་ཆབ་སྲིད་བཙོན་པ། གསུམ་པ། ཉམ་ཐག་དང་ཕྱུག་པོ་གང་ཡང་མ་ཡིན་པའི་དཀྱུས་མ། བཞི་བ།  འབྱོར་ལྡན། ལྔ་པ། ཚོགས་སྡེ་ཁག་དང་དགོན་སྡེ་ཁག སློབ་ཆེན། རྒན་གསོ་ཁང་སོགས་སུ་མི་གཉིས་གསུམ་མཉམ་དུ་ཚོགས་པ་བཟོས་ཐོག་མཉམ་ཞུགས་གནང་མཁན་བཅས་ཚོགས་མིའི་དབྱེ་བ་རིམ་པ་ ༥ ལ་བགར་ཡོད་པ་རེད།  རིམ་པ་དང་པོ་དང་གཉིས་པའི་སྨན་བཅོས་ལྟ་སྐྱོང་གི་བསྡུ་དངུལ་ཆ་ཚང་ཆག་ཡང་གཏོང་གི་ཡོད་པ་རེད། རིམ་པ་གསུམ་པས་བསྡུ་དངུལ་བརྒྱ་ ༥༥ སོ་སོ་རང་ཉིད་དང་། བརྒྱ་ཆ་ ༤༥ འཕྲོད་བསྟེན་ལས་ཁུངས་ཀྱིས་སྤྲོད་བཞིན་ཡོད་པ་རེད། རིམ་པ་བཞི་བས་བསྡུ་དངུལ་ཆ་ཚང་སོ་སོས་སྤྲོད་དགོས་པ་སོགས།  ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་ལ་དཔགས་ཏེ་སྨན་བཅོས་ལྟ་སྐྱོང་ལས་གཞི་བཙུགས་པ་རེད། སྔོན་མ་ཛ་དྲག་སྨན་བཅོས་ཡོད་པའི་སྐབས་སུ། ཛ་དྲག་སྨན་བཅོས་ཀྱིས་མི་མང་ལ་ཞེ་དྲག་ཕན་ཐོག་ཐུབ་ཀྱི་ཡོད་པ་མ་རེད། དངུལ་རྣམས་མར་མི་མང་ཚང་མར་བགོ་འགྲེམས་གནང་དགོས་དུས་དོ་བདག་སོ་སོར་དངུལ་བརྒྱ་ཆ་ཉུང་ཉུང་ཞིག་མ་གཏོགས་རག་མི་ཐུབ་ལ།  ད་ལྟའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་དམིགས་ཡུལ་ནི། འཕྲོད་བསྟེན་ལས་ཁུངས་དང་མི་མང་གཉིས་ཆར་བརྡབ་གསིག་མ་ཡོང་བའི་ཐོག་ནས། གལ་སྲིད་མི་ཞིག་ལ་སྨན་རིན་འབུམ་གཅིག་ཤོར་བ་ཡིན་ནའང་། དེ་ཆ་ཚང་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཐོག་ནས་རག་གི་ཡོད་ལ།  སོ་སོས་བསྡུ་དངུལ་ཉུང་ཉུང་ཞིག་མ་གཏོགས་བསྡུ་དགོས་ཀྱི་ཡོད་པ་མ་རེད། ནད་པ་དང་རྒན་རྒོན་དབྱེ་བ་མེད་པར་མཉམ་ཞུགས་གནང་ཆོག་གི་ཡོད་སྟབས་མི་མང་ལ་ཁེ་ཕན་ཆེན་པོ་ཡོད་པ་རེད། ད་ལོ་ང་ཚོའི་དམིགས་ཡུལ་ནང་བཞིན་མཉམ་ཞུགས་གནང་མཁན་མང་པོ་བྱུང་མ་སོང་སྟེ།  ལོ་རྗེས་མར་ཚོགས་མི་ལྡབ་གཉིས་གསུམ་མང་དུ་འགྲོ་རྒྱུར་རེ་བ་ཡོད།

 

དྲི་བ། གཏན་སློབ་ཁག་ནང་སློབ་ཕྲུག་རྣམས་ལ་སྨན་བཅོས་མཐུན་རྐྱེན་ཡག་པོ་མི་འདུག  དེའི་ཐད་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་དགོངས་པ་ག་རེ་བཞེས་ཀྱིན་ཡོད།

ལན། གཏན་སློབ་ཁག་གི་སློབ་ཕྲུག་རྣམས་སོ་སོའི་ནང་མི་དང་མཉམ་དུ་སྨན་བཅོས་ལྟ་སྐྱོང་ནང་འཛུལ་ཞུགས་གནང་བ་ཞིག་ཡིན་ན། འཕྲོད་བསྟེན་སྨན་བཅོས་ཀྱི་དཀའ་ངལ་དེ་ཕལ་ཆེར་སེལ་འགྲོ་བ་ཞིག་རེད། སོ་སོའི་ནང་མིའི་གྲས་སུ་བུ་ཕྲུག་ ༢ ནས་ ༣  སློབ་གྲྭར་ཡོད་ཚེ།  སློབ་གྲྭའི་ནང་བྱིས་པར་ཛ་དྲག་ན་ཚ་བྱུང་སྐབས། སྨན་བཅོས་ལྟ་སྐྱོང་ལས་གཞི་བརྒྱུད་དེ་དངུལ་ཆ་ཚང་མར་གནང་གི་རེད། གཞན་གཏན་སློབ་ཁག་ནང་ནམ་རྒྱུན་སྨན་ཙག་ཙིག་ཟ་རྒྱུའི་ཐད་ལོ་རེར་རྒྱ་གར་གཞུང་གིས་སྨན་དོད་ཧིན་སྒོར་ ༢༠༠༠ ལྷག་སྤྲོད་ཀྱིན་ཡོད་པ་རེད། 

 

དྲི་བ། ད་ལྟའི་བཀའ་ཤག་གསར་པའི་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས། གསར་གཏོད་རང་བཞིན་གྱི་ལས་གཞི་ག་རེ་གནང་འཆར་ཡོད།

ལན། སྨན་བཅོས་ལྟ་སྐྱོང་ལས་གཞིའི་འཆར་གཞི་དེ་བཀའ་ཤག་རྙིང་པའི་སྐབས་ནས་གནང་བ་རེད། འདི་ལོའི་ཕྱི་ཟླ་ ༤ ནས་བཀའ་ཤག་གསར་བས་ལས་གཞི་དེ་མགོ་འཛུགས་ལག་བསྟར་བྱས་ཡོད། འདི་ནི་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་གསར་གཏོད་ཀྱི་རང་བཞིན་ཞིག་ལ་བརྩི་བཞིན་ཡོད་ལ།  མ་འོངས་པར་བོད་མིའི་འཕྲོད་བསྟེན་གནས་ཐབས་ཐད་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་མེད་ཐབས་མེད་པ་ཞིག་ཆགས་བསྡད་འདུག  དེའི་ཐད་བཀའ་ཤག་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་གི་ཡོད་ལ། མི་མང་གི་ངོས་ནས་ཀྱང་མཉམ་ཞུགས་གང་ཐུབ་གནང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། དེ་མིན་གཞན། འཕྲོད་བསྟེན་སློབ་གསོའི་ལས་གཞིར་ཤུགས་རྒྱག་དགོས་ཀྱི་འདུག  སྤྱིར་བཏང་གསར་གཏོད་ཅེས་སྔར་ཡོད་རྙིང་པ་ཚང་མ་མེད་པ་བཟོས་ཏེ་གསར་བ་བཟོ་རྒྱུ་ཡིན་ཟེར་གྱི་ཡོད་པ་མ་རེད། སྔོན་མ་བཟོས་བཞག་ཡོད་པའི་རྙིང་བ་རྣམས་ཀྱི་ལེགས་ཆ་སོར་བཞག་ཐོག   དེའི་ཐོག་ཏོག་ཙམ་སྣོན་པ་བརྒྱབ་སྟེ་གོ་རྟོགས་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུར་འབད་བརྩོན་བྱེད་དགོས་ཀྱི་འདུག  སྨན་པ་གསོ་སྐྱོང་བྱེད་རྒྱུ་དང་སྨན་པ་རྣམས་བོད་པའི་སྤྱི་ཚོགས་ནང་གནས་ཐུབ་རྒྱུ། དེ་བཞིན་ས་གནས་ལས་བྱེད་ཙམ་མ་ཡིན་པར། འཕྲོད་བསྟེན་ལས་ཁུངས་རང་གི་ལས་བྱེད་ཚོར་ཡང་འཕྲོད་བསྟེན་དང་འབྲེལ་བའི་ཐོག་སྦྱོང་བརྡར་ཕུལ་རྒྱུའི་བསམ་བློ་བཏང་སྟེ།  གང་ཐུབ་ཅི་ཐུབ་ཀྱིས་འཆར་གཞི་བང་རིམ་སྒྲིག་གི་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

བོད་ཀྱི་དུས་བབ་ཚགས་པར་སྤྱིའི་འཐོན་ཐེངས་ ༥༦༠ ལས་འདིར་བཀོད།

 

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༨ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༩ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༠ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།

མཆན། 6

  1. དྲང་སྲོང་། says:
    ལོ་ 13 སྔོན།

    བཙན་བྱོལ་བོད་ཀྱི་འཕྲོད་བསྟེན་ལས་ཁུངས་ནི་ཕྱི་ལུགས་དང་འབྲེལ་བའི་བོད་མིའི་འཕྲོད་ལས་ཞབས་ཞུའི་ལས་དོན་གྲུབ་མཁན་གྱི་ཚོགས་སྡེ་ཞིག་ཡིན་པ་ལས། བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་ལས་དོན་འགན་ཁུར་མཁན་དང་དེ་ཐད་ལྟ་རྟོགས་མཁན་གྱི་ཚོགས་སྡེ་ཞིག་མིན་པ་ནི་འདས་པ་དང་ལྷག་པར་བཀའ་ཤག་གསར་བའི་གནང་ཕྱོགས་ལས་གསལ་པོ་མཁྱེན་ངེས་རེད། སྨན་རྩིས་ཁང་སོགས་བོད་ཀྱི་གསོ་བ་རིག་པར་འགན་ཁུར་མཁན་ཚོས་མུ་མཐུད་བཀའ་ཤག་གསར་པར་རེ་བ་རྒྱལ་ལོས་མེད། གལ་སྲིད་རིག་གཞུང་ཞིག་ཡར་རྒྱས་གཏོང་དགོས་བསམ་ན་རིག་གཞུང་དེའི་རྩ་བའི་སྒྲོམ་གཞི་དང་བརྒྱུད་རིམ་ཤེས་དགོས་པ་མ་ཟད་མ་མཐར་ཡང་དེ་ལ་ཡིད་ཆེས་བརྒྱ་ཆ་དྲུག་བཅུ་དགོས་པ་ཡིན། རྟག་པར་༸རྒྱལ་བ་རིན་པོ་ཆེ་བཀའ་ལུང་འདྲེན་པ་ལས་རང་ཉིད་ལ་དོན་དམ་པའི་ཡིད་ཆེས་མེད་ན་ནམ་ཡང་དེ་དོན་དང་དམིགས་ཡུལ་འགྲུབ་མི་ཐུབ། བཀའ་ཤག་གསར་པར་མཚོན་ན་རང་གི་སྲོལ་རྒྱུན་རིག་གཞུང་ལ་རྒྱུས་མངའ་ཡོད་མཁན་ཧ་ལམ་མེད་ཅེས་བཤད་ཆོག ལྷག་པར་གང་ཟག་སྒེར་ལ་འགྲིག་མ་འགྲིག་བྱུང་ན་སྤྱི་པའི་དོན་ལ་བསམ་བློ་གཏོང་བའི་གུ་ཡངས་ཀྱི་སྲིད་ཇུས་ནི་ཉག་ཕྲ། ད་ག་ལེར་ག་ལེར་ཟམ་གདོང་བླ་མས་ཉམས་གསོ་དང་སྲོལ་གཏོད་གནང་བ་དག་ཀྱང་ལོ་ཤས་ནང་མཇུག་སྒྲིལ་རྒྱུ་རེད། གངས་ཅན་སྐྱིད་ཤོངས་ནས་བོད་ཡིག་གི་གཟུགས་བརྙན་རིམ་པར་བརླག་རྒྱུ་རེད། དེ་ཟུར་ཟ་མིན། ལོ་མང་དཔྱད་ཞིབ་དང་བྱ་ར་བྱས་པའི་གླེང་མོལ་ཡིན། ཧཱུྃ།

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    Dawai Shonu ཁྱེད་ལ་བོད་པའི་ཞག་རྩི་མི་འདུག་ལ། མིག་ཡ་གཅིག་ཕལ་ཆེར་ལོང་བ་ཡིན་པ་འདྲ་རྒྱུ་མཚན་དང་བརྗོད་གཞིར་གོ་བ་མི་ལོན་ན་དེ་ལྷག་བཤད་མེད་པ་འདྲ།

    Reply
  3. Dawai Shonu says:
    ལོ་ 13 སྔོན།

    ཡར་ཀླུང་ལྷ་རྗེ་ལགས། ཁྱེད་རང་ཡར་ཀླུང་གི་ལྷ་རྗེ་ཡིན་ཡང་གཞན་ལ་གང་བྱུང་འཁང་ར་གཏོང་མི་ཉན། གཞུང་གི་བྱ་བ་བཟང་པོ་ལ་བསྔགས་བརྗོད་དང་འཐུས་ཤོར་ལ་སྐྱོན་སྟོན་དགོས། དེ་མིན་ཁྱེ་རང་སྒེར་གྱི་སེམས་ནད་དེ་བཏོན་པར་གཞན་ལ་ཁ་བརྡུང་གཏོང་ན་མི་འགྲིགས ཕྱི་ལུགས་སྨན་པ་ཞིག་ཆགས་པ་ལ་དཀའ་ལས་མང་པོ་རྒྱག་དགོས་པ་རེད། དང་པོ་འཛིན་རིམ་བཅུ་གཉིས་ལ་བརྒྱ་ཆ་ཐོ་པོ་ལོན་དགོས། དེ་ནས་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་ཕྲུག་འབུམ་ཕྲག་མཉམ་དུ་འགྲན་བསྡུར་གྱིས་སྨན་པའི་རྐུབ་བཏེགས་རག་ཐབས་བྱེད་དགོས། དཀའ་ལས་དེ་འདྲ་རྒྱབས་ནས་ལག་འཁྱེར་ཐོབ་དུས་དོན་མེད་ཆུ་ཟོས་སུ་སུས་གཏོང་ངམ། སྨན་རྩིས་ཁང་གི་ཨམ་རྗེ་ཚོ་ནི་ཕྱི་ལ་འགྲོ་ནས་རང་འགོ་ཐོན་ཁག་པོ་རེད། བྱས་ཙང་སྨན་རྩིས་ཁང་ནང་མ་བསྡད་རང་བསྡད་རེད། ཁོང་ཚོས་སྤྱི་ཚོགས་ལ་ལས་དོན་བྱེད་པ་ནི་བོད་སྨན་སྐད་གྲགས་ཡོང་ཆེད་ཁྱབ་བརྡལ་ཆེ་རུ་གཏོང་བའི་ཆེད་དུ་རེད།

    Reply
  4. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    བསེ་རུ་ལགས་སུ། ཁྱེད་ནས་འཕྲོད་བཀའ་ལ་གཟོན་གནང་དོན་དགོས་མེད་ལ། ཕྲན་སྨན་པའི་ཐོག་རྒྱུས་མངའ་གང་ཡང་མེད་རུང་སྤྱི་ཚོགས་ཀྱིས་འཕྲོད་བསྟེན་ཐོག་དོ་སྣང་བྱ་མཁན་ཞིག་ཡིན། དེས་འདྲིས་ན་ཅི་ཕན། དོན་དངོས་གནས་སྟངས་དཔྱད་ཞིབ་བྱས་ནས་སྤྱི་ཚོགས་ནང་དངོས་ཡོད་གནས་ཚུལ་གསལ་བཤད་དང་། རྟོགས་ཞིབ་བྱོས། མི་བདེན་ཚེ་སྨན་རྩིས་ཁང་གི་དྲ་བརྒྱ་དང། བོད་ལུགས་སྨན་པ་ཚོར་འདྲིས།

    Reply
  5. བསེ་རུ། says:
    ལོ་ 13 སྔོན།

    ཡར་ཀླུང་ལྷ་རྗེ་ལགས་ཁྱེད་ལ་ཐུག་ཁག་མི་འདུག་ལ། འཕྲོད་བསྟེན་བཀའ་བློན་ལགས་སུའང་ཐུག་ཁག་མི་འདུག
    མདོར་ན། ཡོད་ཚད་དུས་གཅིག་དུ་གསུངས་དགོས་པའི་ངེས་པའང་མེད་ལ། མཛད་རྗེས་དང་འབྲས་བུར་བསྔགས་བརྗོད་གནང་མེད་པ་དེ་ཡང་སྣང་མེད་རྒྱ་ཡན་དུ་བཏང་གནང་བ་ཞིག་ཡིན་གྱི་མ་རེད།

    སྐུ་ཉིད་ཀྱིས་སྨན་རྩིས་ཀྱི་ཁང་གིས་ད་བར་ཞབས་ཞུ་སྒྲུབ་པའི་ལོ་རྒྱུས་དང་། རིག་གཞུང་རྒྱུན་འཛིན་གྱི་མཛད་རྗེས། སྤྱི་ཚོགས་ཀྱི་ཞབས་འདེགས་ཞུ་སྟངས་སྐོར་སོགས་མདོར་བཤད་གནང་བ་དེ་ཡང་བདག་ལྟ་བུའི་རིགས་ལ་ཕན་ངེས་པས། བཀའ་དྲིན་ཆེ། ལྷ་རྗེ་ལགས།

    Reply
  6. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    གཟིགས་དང་། བཙན་བྱོལ་བོད་མིའི་སྒྲིག་ཚུགས་ནས་ཁ་ནས་རིག་གཞུང་གཅེས་སྐྱོང་བྱ་དགོས་ཞེས་ཁ་གདང་ཚད་བརྗོད་བཞིན་ཡོད་ལ། རྒྱ་མིས་རིག་གཞུང་རྩ་མེད་གཏོང་གི་ཡོད་པ་དེ་བས་ད་བར་མི་ལོ་ལྷ་བཅུ་ལྔ་གསུམ་ལྷག་ཙམ་བཤད་ནས་འདུག་ཡོད། དོན་དངོས་བཙན་བྱོལ་སྤྱི་ཚོགས་ནང་སྨན་རྩིས་ཁྱབ་ཁོངས་སྨན་ཁང་ཁག་ནས་ཡོད་པའི་སྨན་པ་དེ་དག་ཉིན་མཚན་མེད་པར་བོད་མིའི་འཕྲོད་བསྟེན་ཞབས་ཞུའི་ཐོག་འདས་པའི་མི་ལོ་ལྔ་བཅུ་ལྷག་ཞབས་ཞུ་སྒྲུབ་བཞིན་ཡོད་པ། མ་ཟད་ལོ་རེར་ནང་སྨན་རྩིས་ཁང་ནས་རྒན་རྒོན་དང་། ཉམ་ཐག་ནད་པར་འཕྲོད་བསྟེན་བལྟ་རྟོགས་ཆེད་དངུལ་སྒོར་འབུམ་བརྒྱ་དང་དགུ་བཅུ་ལྷག་གཏོང་ཡོད་དེ་དག་འཕྲོད་བཀའ་མཆོག་ནས་མ་ཤེས་པ་གང་ནས་ཡིན་། རྒྱུ་མཚན་ནི་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ནི་འཕྲོད་བསྟེན་བཀའ་བློན་ཁོང་རང་རེད། ད་བར་བཙན་བྱོལ་སྒྲིག་འཛུགས་ནས་བོད་ལུགས་གསོ་རིག་པར་མཐོང་དང་ཆ་འཇོག་གི་སྲིད་བྱུས་བཟོས་མེད་ལ་དེར་ལག་ལེན་བྱ་མཁན་སྨན་པར་ཆེ་མཐོང་མེད་པ་ནི་གོང་གི་འདྲི་ལན་ལས་གསལ་པོར་འཁོད་འདུག་ལ་བོད་པའི་ཐུན་མིན་གསོ་བ་རིག་པའི་གཞུང་ལུགས་ཆེན་མོ་དེར་མཐོང་ཆུང་དང་ཁྱད་བཟོད་བྱས་པ་ཞིག་མ་ཡིན་ནམ་གཟུ་བོའི་བློ་ཡི་གཟིགས། ང་ཚོས་རྒྱ་མི་དང་བོད་ནང་ཡོད་པའི་བོད་ལུགས་སྨན་པ་ཚོར་ག་རེ་བརྗོད་དགོས་སམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese