རས་ཆུང་པ།
སྐད་བརྡ་རིག་པའི་ཡི་གེའི་ཆོས་ཉིད་ཀྱི་གཞི་སྒྲོམ་དང་ཡི་གེའི་ཐོབ་ཐང་ཁག་ལ་ཞིབ་ཏུ་མ་བརྟགས་པའི་ཀློག་པ་པོ་ཞིག་ལ་མཚོན་ན་ཡིག་ཐོག་ཏུ་ཁྱོད་ཀྱིས་ཞེས་པའི་ཚབ་ཏུ་ཁྱོས་ཞེས་བྲིས་པ་དེ་འདྲེན་བྱེད་ཟུང་གིས་རེག་མ་ཐག ཡིག་ནོར་ཆེན་པོ་ཞིག་ཤོར་འདུག་སྙམ་པའི་ལོག་རྟོག་སྐྱེ་བ་ནི་སོམ་ཉི་མི་དགོས་པ་ཞིག་རེད། ཉེ་བའི་ཟླ་ཤས་གོང་དུ་རང་ཉིད་ལ་ཡང་ཉམས་མྱོང་འདི་འདྲ་ཞིག་བྱུང་མྱོང་ཡོད་དེ་དྲ་ཐོག་ཏུ་མི་ཞིག་གིས་ཁྱོས་ཞེས་བྲིས་པ་མཐོང་དུས། བསམ་བློ་ཙམ་ཡང་མ་བཏང་བར་དེ་ནི་ཡིག་ནོར་ཞིག་རེད་ཅེས་བརྗོད་པ་ཡིན། དེ་ལྟ་ནའང་མི་དེས་ཁྱེད་རང་དེ་ལའང་རྨོངས་འདུག་ཅེས་པ་ལས་ལན་འདེབས་ཅི་ཡང་གནང་མ་བྱུང་།
རྒྱུ་མཚན་ཅི་ཞིག་གིས་ལན་པས་ཡིན་ནམ། ཡོངས་གྲགས་མིན་ཞིང་ཡི་གེའི་ཐོབ་ཐང་དང་མི་འགལ་བའི་ཐ་སྙད་དེ་དག་མཐོང་དུས་ཡིག་ནོར་དངོས་བཞིན་དུ་ནོར་འདུག་སྙམ་པའི་ལོག་རྟོག་སྐྱེ་དོན་ཅི་ཡིན་ནམ། ངས་ཞིབ་ཏུ་བསམ་དུས་དེ་ནི་ང་ཚོས་ཡི་གེའི་ཐོབ་ཐང་ཁག་ལ་ཞིབ་ཏུ་མ་བརྟགས་པར་མིག་སྔར་བཀོལ་སྤྱོད་བྱེད་བཞིན་པའི་ཡིག་རིགས་ཁོ་ན་དག་པ་ལས་གཞན་མ་དག་པར་ལྟ་བའི་བག་ཆགས་དེའི་དབང་ལས་བྱུང་བ་ཞིག་རེད་སྙམ།
གང་ཡིན་ཞེ་ན། ཡི་གེའི་ཐོབ་ཐང་གི་ཆོས་ཉིད་ལ་གཞི་བཅོལ་ཏེ་ཁོས་དང་ཁྱོས་ཞེས་པར་ཞིབ་ཏུ་དཔྱད་པ་བྱེད་དུས་དེ་དག་ནི་ཡིག་ནོར་ཞིག་མིན་པར་དེ་ལྟར་བྲི་རུང་བ་ཡི་གེའི་དོན་གྱི་ཐོབ་ཐང་ཆ་ཚང་ལྡན་པ་ཞིག་རེད་འདུག དཔེར་ན་ང་ཚོས་མིང་ཚབ་ཏུ་སྤྱོད་བཞིན་པའི་ང་དང་ང་ཚོ། ཁོ་དང་ཁོ་ཚོ། ཁྱོད་དང་ཁྱོད་ཚོ། མོ་དང་། དེ་བཞིན་དུ་དེ་དང་འདི་སོགས་ལ་རིམ་པ་བཞིན་དུ་འདི་ལྟར་བསྡུས་ནས་འབྲི་སྲོལ་ཡོད་དེ་ང་ཡིས་ཚབ་ཏུ་ངས་དང་ངོས་ཞེས་དང་། ང་ཚོ་ཡིས་ཚབ་ཏུ་ང་ཚོས་ཞེས་དང་། ཁོ་ཡིས་ཚབ་ཏུ་ཁོས། ཁོ་ཚོ་ཡིས་ཚབ་ཏུ་ཁོ་ཚོས། མོ་ཡིས་ཚབ་ཏུ་མོས། དེ་བཞིན་དུ་དེ་ཡིས་ཚབ་ཏུ་དེས་དང་འདི་ཡིས་ཚབ་ཏུ་འདིས་ཞེས་སོགས་འབྲི་སྲོལ་ཡོད་པ་ལྟར་ཁྱོད་ཀྱིས་ཞེས་པར་ཡང་ཁྱོས་ཞེས་འདི་ལྟར་བསྡུས་ནས་བྲི་ཆོག་སྟེ། དཔེར་ན་ཁྱོད་ཀྱིས་བཤད་ལྟ་བུར་ཁྱོས་བཤད་ཅེས་བྲི་མི་རུང་བ་གཏན་ནས་མིན།
དེ་ལྟ་ནའང་ད་ལྟའི་བར་ཡོངས་གྲགས་རང་བཞིན་གྱི་ཁྱོད་ཀྱིས་ཞེས་པའི་ཚབ་ཏུ་ཁྱོས་ཞེས་མ་བྲིས་པའི་རྒྱུ་མཚན་གང་ཡིན་ནམ། དོན་གྱི་ཐོབ་ཐང་མེད་པ་ཞིག་རེད་དམ། དེ་ཡིན་ན་རྒྱུ་མཚན་ཅིའི་ཕྱིར་མིང་ཚབ་གཞན་རྣམས་ལ་དེ་ལྟར་ཆོག་ལ་འདི་ཁོ་ནར་དེ་ལྟར་མི་ཆོག་པའི་རྒྱུ་མཚན་འཐད་ལྡན་ཅི་ཡང་སྨྲ་རྒྱུ་མི་རྙེད་ལ། རྒྱུ་མཚན་གཞན་ཞིག་ཡོད་པ་དེ་ནི་བརྗོད་བདེའི་ཆ་ནས་ཡོངས་གྲགས་རང་བཞིན་གྱི་དེ་ལྟར་བེད་སྤྱོད་མ་བཏང་བར་འགྲེལ་བཤད་བརྒྱབ་ན་དོན་ལ་གོ་རྒྱུ་ཡོད་པ་ཞིག་རེད་ལ་རྒྱུ་མཚན་དང་ལྡན་པ་ཡི་གེའི་ཐོབ་ཐང་གི་ཆོས་ཉིད་རང་བཞིན་དང་མི་འགལ་བ་ཞིག་ཀྱང་རེད།
དེ་བས་ན་ཁྱོད་ཀྱིས་ཞེས་པའི་ཚབ་ཏུ་ཁྱོས་ཞེས་བྲིས་པ་དེ་ཡི་གེའི་དོན་གྱི་ཐོབ་ཐང་ཆ་ཚང་ལྡན་པ་ཞིག་ཡིན་པས་དེ་ལྟར་བྲིས་པར་ནོར་འཁྲུལ་གྱི་ཆ་ཅུང་ཟད་ཀྱང་མེད་ལ། བརྗོད་པ་ཅུང་མི་བདེ་བའི་རྒྱུ་མཚན་གྱིས་ཀྱང་ཡིག་ནོར་དུ་བརྩི་མི་རུང་སྟེ་གཞན་དུ་ན་བརྡ་རྙིང་ཇི་སྙེད་ཅིག་ཡོད་པ་དེ་དག་མང་ཆེ་བ་ཡིག་ནོར་དུ་རང་བཞིན་གྱིས་ཐལ་འགྲོ་བས་མི་འདོད་བཞིན་དུ་ཉེས་པའི་སྐྱོན་གྱིས་སྒོ་ཀུན་ནས་རེག་པར་འགྱུར་རོ།། གནད་དོན་འདི་ཚོར་བསམ་སྐབས་ངས་དྲ་ཐོག་ཏུ་དེ་ལྟར་འབྲི་མཁན་དེར་ཡིག་ནོར་མིན་པའི་བདེན་ཁ་མི་སྟེར་ཀ་མེད་བྱུང་།
གནད་དོན་འདི་དང་གཅིག་མཚུངས་ཤིག་བྱུང་བ་ནི་ངའི་ངོ་ཤེས་ཤིག་གིས་ཁྱོས་ཞེས་པ་དེ་ཁ་སྐད་ལས་ཡིག་སྐད་མིན་པར་ངོས་འཛིན་བྱེད་པ་དེ་རེད། སྐབས་དེ་དུས་ངས་ཁྱོས་དང་ཁོས་དང་ཞེས་སོགས་བྲིས་པ་དེ་དག་ནི་ཁ་སྐད་མིན་པར་ཡིག་སྐད་དངོས་ཤིག་ཡིན་ཚུལ་ཡི་གེའི་ཐོབ་ཐང་གི་ཆོས་ཉིད་དང་བསྟུན་ནས་འགྲེལ་བརྗོད་བྱས་ཤིང་། ད་ལྟའི་བར་ཡོངས་གྲགས་རང་བཞིན་གྱི་བཀོལ་སྤྱོད་དེ་ཙམ་བྱས་མེད་པའི་རྒྱུ་མཚན་ནི་བརྗོད་པ་བདེ་མིན་གྱི་དབང་གིས་ཡིན་པ་ལས་དེ་ལྟར་བྲི་མི་རུང་བའི་ཆ་ནས་མིན་ཚུལ་བརྗོད་པས་ཁོས་ཀྱང་གནད་དོན་དེའི་གསང་གནད་དེ་རྟོགས་པ་ལྟར་ངོས་ལེན་བྱས།
གནད་དོན་དེ་བས་ན་ཡི་གེའི་ཐོབ་ཐང་ཞེས་པ་ནི་མིའི་རིགས་ཀྱི་ངག་གི་བརྗོད་པར་བདེ་མིན་གྱི་དབང་གིས་གནས་སྐབས་བཀོལ་སྤྱོད་བྱས་མིན་ཅི་རིགས་ལས་གཞི་རྩའི་ཡི་གེ་རང་ཉིད་ཀྱི་གྲུབ་ཆའི་ཆ་ནས་དང་། ནང་དོན་སྟོན་སྟངས་གང་གི་ཆ་ནས་ཡིན་རུང་རང་ཉིད་འཇུག་ཡུལ་དེ་དང་དེར་འཇུག་པ་དང་དོན་སྟོན་པའི་རང་དབང་དང་བདག་དབང་ཆ་ཚང་ཡོད་པ་ཞིག་ལ་གོ་བས་ན་ཡོངས་གྲགས་བཀོལ་སྤྱོད་མ་བྱས་པ་རྒྱུ་མཚན་དུ་བྱས་ཏེ་དོན་གྱི་ཐོབ་ཐང་ཡོད་པའི་ཡིག་རིགས་དག་ནོར་འཁྲུལ་དུ་ལྟ་མི་རུང་བར་སེམས་སོ།།
གཞན་ཡང་དེ་དང་མཚུངས་པར་ཡི་གེའི་ཐོབ་ཐང་ལྡན་ཀྱང་དངོས་སུ་བཀོལ་སྤྱོད་བྱས་དང་མ་བྱས་ཅི་རིགས་ཤིག་ཡོད་རུང་འདིར་དཔེ་མཚོན་གཞན་ཞིག་གི་ཐོག་ནས་ཟུར་ཙམ་བརྗོད་ན། ཡི་གེའི་གྲངས་གནས་ཀྱི་སྐབས་སུ་དཔེར་ན་ཉིས་བརྒྱ། ཉིས་སྟོང་། ཉིས་ཁྲི། ཉིས་འབུམ་ཞེས་འབྲི་སྲོལ་ཡོད་པ་ལྟར་ཉི་ཤུ་ལ་ཡང་ཉིས་ཤུ་ཞེས་བྲི་རུང་བ་དོན་གྱི་ཡི་གེའི་ཐོབ་ཐང་ཆ་ཚང་ལྡན་ཡོད། འོན་ཀྱང་ཉིས་ཤུ་ཞེས་བྲིས་ན་བརྗོད་པ་ཅུང་མི་བདེ་བས་ཉི་ཤུ་ཞེས་ཡོངས་གྲགས་རང་བཞིན་གྱི་བཀོལ་སྤྱོད་དེ་ལྟར་བྱེད་པ་ལས་དོན་གྱི་ཆ་ནས་ཉིས་ཤུ་ཞེས་བྲིས་ཀྱང་ནོར་འཁྲུལ་གྱི་ཆ་ཅུང་ཟད་ཀྱང་མེད་དོ།།
དེ་ལྟ་ནའང་ཉིས་ཤུ་ཞེས་བྲིས་པ་ཞིག་མིག་ལམ་དུ་ཤར་ཚེ་ཁྱོས་ཞེས་པ་དེ་ཐོག་མར་མཐོང་དུས་ང་དང་འདྲ་བའི་མང་པོ་ཞིག་རི་བོང་ཅལ་འདྲོགས་བཞིན་དུ་འུར་འདྲོགས་ཀྱི་གནས་སུ་གྱར་བ་བཞིན་དུ་ཆགས་ངེས་པ་ནི་གདོན་མི་ཟ་བ་ཞིག་རེད། འོན་ཀྱང་དོན་དངོས་ཡི་གེའི་ཐོབ་ཐང་ལ་དཔྱད་ན་ཉིས་ཤུ་ཞེས་བྲིས་པ་དེར་དོགས་འདྲོགས་དགོས་དོན་ཅུང་ཟད་ཀྱང་མེད་ལ། བརྗོད་བདེའི་ཆ་ནས་ཞིབ་ཏུ་བརྟགས་ཀྱང་ཉིས་ཁྲི་ཞེས་པ་དེ་བརྗོད་བདེ་ལ་ཉིས་ཤུ་ཞེས་པ་དེ་བརྗོད་པ་མི་བདེ་བའི་རྒྱུ་མཚན་ཅུང་ཟད་ཀྱང་མེད་པའི་ཕྱིར་ན་ཉིས་ཁྲི་ཞེས་བཀོལ་སྤྱོད་ཆོག་ལ་ཉིས་ཤུ་ཞེས་པ་དེ་བཀོལ་སྤྱོད་མི་ཆོག་པ་གཏན་ནས་མེད།
གཞན་ཡང་དེ་དང་མཚུངས་པར་ཉི་ཞེས་པ་དེ་གྲངས་གནས་གཉིས་ལའང་འཇུག་པ་ཡོད་པའི་རྒྱུ་མཚན་གྱིས་ཉི་ཤུ་དང་ཉི་ཁྲི་ཞེས་འབྲི་སྲོལ་ཡོད་ལ། ནང་དོན་སྟོན་སྟངས་ཀྱི་ཆ་ནས་ཀྱང་ཉིས་ཤུ་ཞེས་བྲིས་པ་དང་ཉི་ཤུ་ཞེས་བྲིས་པ་གཉིས་ལ་ཁྱད་པར་མེད་པ་ནི་ཉིས་ཁྲི་ཞེས་བྲིས་པ་དང་། ཉི་ཁྲི་ཞེས་གང་ཞིག་བྲིས་ཀྱང་ནང་དོན་སྟོན་སྟངས་ལ་ཁྱད་པར་མེད་སྟབས་དེ་གཉིས་གདམ་ངའི་ཐོག་ནས་ཡོངས་གྲགས་རང་བཞིན་གྱི་བཀོལ་སྤྱོད་བྱེད་བཞིན་པ་ལྟར་རེད།
གནད་དོན་དེ་བས་ན་ཉིས་ཁྲི་དང་ཉི་ཁྲི་ཞེས་པ་གཉིས་ལ་བརྗོད་པ་བདེ་མིན་ཅུང་ཟད་ཀྱི་ཁྱད་པར་ལས་དོན་སྟོན་ཚུལ་གྱི་ཆ་ནས་འགལ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་ན་ཉི་བརྒྱ་དང་ཉིས་བརྒྱ། ཉི་སྟོང་དང་ཉིས་སྟོང་། ཉི་འབུམ་དང་ཉིས་འབུམ་ལ་ཡང་བརྗོད་པ་བདེ་མིན་ལས་ནང་དོན་གྱི་ཆ་ནས་འགལ་བ་ཅུང་ཟད་ཀྱང་མེད་པ་དེ་ཡང་ཡི་གེའི་ཐོབ་ཐང་ཉིད་ཡིན་པའི་ཕྱིར་རོ།།
འོན་ཀྱང་ཡི་གེའི་ཐོབ་ཐང་དང་ནང་དོན་སྟོན་སྟངས་ཀྱི་ཆ་ནས་ཁྱད་པར་ཅུང་ཟད་ཀྱང་མེད་རུང་བརྗོད་པ་བདེ་མིན་ལས་སྔ་མ་ལས་ཕྱི་མ་དེ་དག་བེད་སྤྱོད་བཏང་བ་མང་བ་བྱུང་ཡོད་པ་ལས། ཡི་གེའི་ཐོབ་ཐང་དང་ལྡན་པ་དེ་དག་བཀོལ་སྤྱོད་བྱས་ན་ནོར་འཁྲུལ་གྱི་ཆ་ཅུང་ཟད་ཀྱང་མེད་ལ་དོན་སྟོན་སྟངས་ལའང་ཁྱད་པར་ཅུང་ཟད་ཀྱང་མེད་པ་ནི་ཉིས་ཁྲི་དང་ཉི་ཁྲི་ཞེས་པ་ལས་ཤེས་པར་འགྱུར་རོ།།
གཞན་ཡང་དེ་དང་མཚུངས་པར་ལྡན་དང་ཅན། མཁན་རྣམས་ནི་ཡི་གེའི་གྲུབ་ཚུལ་མི་འདྲ་བ་ལས་བོད་ཀྱི་སྐད་བརྡ་རིག་པའི་གཞི་སྒྲོམ་ནང་མིང་ཚིག་འདི་དག་གིས་གང་ཞིག་གང་ལ་ཡོད་པ་ཙམ་སྟོན་པའི་དོན་ལ་འཇུག་པ་མཚུངས་པས། གོང་ཞུས་དང་འདྲ་བར་འདི་ཚོ་གསུམ་ལ་ཡང་བརྗོད་པ་བདེ་མིན་ལས་གཅིག་འཇུག་སར་གཅིག་ཤོས་འཇུག་པའི་ཡི་གེ་ཐོབ་ཐང་ཆ་ཚང་ལྡན་ཡོད།
དེ་བས་ན་གལ་ཏེ་མིང་ཚིག་འདི་དག་མི་ཞིག་ཡིན་པའི་དབང་དུ་བཏང་ན་ཁྱོད་ཀྱིས་འདི་དག་ལ་ཡོད་པའི་ཐོབ་ཐང་རང་བཞིན་དེར་ཐག་གཅོད་གཙང་མ་ཞིག་ཇི་ལྟར་བྱེད་དམ། ཐོབ་ཤོར་མེད་པའི་ཐག་གཅོད་གཙང་མའི་བརྒྱུད་ལམ་ཞིག་ཡོད་པ་དེ་ནི་བརྗོད་པ་བདེ་ན་གཅིག་འཇུག་སར་གཅིག་ཤོས་འཇུག་ཆོག་པའི་རང་དབང་དང་ཐོབ་ཐང་ཡོད་ཅེས་པ་ཉིད་ལས་ཐག་ཆོད་པའི་ལན་འདེབས་གཞན་ཞིག་རྙེད་པར་དཀའོ།།
དེ་བས་ན་ཤེས་ལྡན་ཞེས་པའི་ཚབ་ཏུ་ཤེས་མཁན་དང་། ཤེས་ཅན་ཞེས་འཇུག་ལ། དེ་བཞིན་དུ་བློ་ལྡན་ཞེས་པར་བློ་ཅན་དང་བློ་མཁན། ཞེས་སོགས་གཅིག་འཇུག་སར་གཅིག་ཤོས་དེ་འཇུག་པའི་ཐོབ་ཐང་ཆ་ཚང་ལྡན་ཡོད། འོན་ཀྱང་བརྗོད་པ་བདེ་པོ་མེད་སྟབས་ཤེས་ལྡན་གྱི་ཚབ་ཏུ་ཤེས་མཁན་བྲིས་ན་དོན་ལ་ནོར་འཁྲུལ་གྱི་ཆ་མ་འདྲེས་ཀྱང་ངག་ནས་བརྗོད་དུས་མི་བདེ་བས་འབྲི་སྲོལ་དེ་ཙམ་མེད། དེ་བཞིན་དུ་བློ་ལྡན་ཞེས་པར་ཡང་དེ་དང་མཚུངས་པར་བློ་མཁན་ཞེས་བྲིས་ན་བརྗོད་པ་མི་བདེ་པས་འབྲི་སྲོལ་མེད་པ་ཙམ་ལས་ཡི་གེ་ཐོབ་ཐང་མེད་པ་ཞིག་མིན་ནོ།།
གསང་གནད་འདི་ཚོ་ནི་སྐད་ཀྱི་འགྱུར་བའི་ཆོས་ཉིད་དང་བསྟུན་ནས་བརྗོད་བདེ་ན་བེད་སྤྱོད་གཏོང་དགོས་ལ། དེ་ལྟར་བེད་སྤྱོད་གཏོང་ཆོག་པའི་ཡི་གེའི་ཐོབ་ཐང་ཆ་ཚང་ལྡན་པ་ཞིག་ཀྱང་རེད། དེ་ལྟར་བཀོལ་སྤྱོད་བྱས་པ་དེས་སྐད་བརྡ་རིག་པའི་གཞི་སྒྲོམ་ལ་གནོད་སྐྱོན་ཅུང་ཟད་ཙམ་ཡང་མི་འགྲོ་བའི་ཐོག་གཞི་སྒྲོམ་འདི་ཉིད་ཡི་གེའི་ཐོབ་ཐང་དང་མཐུན་པའི་སྒོ་ནས་བཀོལ་སྤྱོད་ཀྱི་ཁྱོན་རྒྱ་ཇེ་ཆེར་གྱུར་ཏེ་འཐུས་སྒོ་ཚང་བའི་ཆ་རྐྱེན་དུ་འགྱུར་ངེས་པ་ནི་གདོན་མི་ཟ་ཞིག་རེད།
དེ་ལས་ལྡོག་སྟེ་བོད་ཀྱི་སྐད་བརྡ་རིག་པའི་གཞི་སྒྲོམ་གྱི་ལམ་ལུགས་དང་རྩ་འགལ་དུ་གྱུར་བའི་ཁ་སྐད་རང་བཞིན་གྱི་ཕྲད་གསར་བཙན་སྦྱོར་བྱེད་པ་དེ་དག་ནི་ཡི་གེའི་ཐོབ་ཐང་མི་ལྡན་པ་ཞིག་རེད་ལ། དེས་བོད་ཀྱི་སྐད་བརྡ་རིག་པའི་ད་ཡོད་གཞི་སྒྲོམ་འདི་སྒྲོམ་གཞི་གཞན་ཞིག་གི་ངོ་བོར་བསྒྱུར་བའི་རྐྱེན་བྱེད་པས་ན་དེ་ནི་གཟབ་དགོས་པའི་གནས་ཉིད་དོ།།
གོང་གི་མིང་ཚབ་ཕལ་ཆེར་བ་ལ་རྗེས་འཇུག་མཐའ་རྟེན་མེད་པས་ཨི་ལྡན་གྱི་ཕྲད་བསྡུས་ཀྱང་ནོར་འགལ་མེད་མོད། ཁྱོད་ལྟ་བུའི་མིང་ཚབ་འདིའི་རིགས་ལ་ནི་རྣམ་པ་ཐམས་ཅད་དུ་མིང་ཚབ་གཞན་རྣམས་དང་མཚུངས་པར་ཐོབ་ཐང་སོགས་ཀྱིས་ཇི་ཙམ་འགྲེལ་ཁུལ་བྱས་ཀྱང་། རྣམ་པ་ཐམས་ཅད་དུ་བདེན་ཁ་སྟེར་རྒྱུ་ཞིག་ཡིན་དང་མིན་མཁས་པ་ཚོའི་དཔྱད་གཞིའི་གནས་ཡིན་པ་ལས་རས་ཆུང་ཁྱེད་ལྟ་བུ་ཞིག་གིས་རལ་གྲི་རྣམ་འཕྱར་གྱི་ཚུལ་གྱིས་ཐག་གཅོད་བྱེད་ཆོག་ཆོག་ཅིག་མེད་པར་སེམས། ད་དུང་ཁོང་ལྟ་བུའི་མིང་ཚབ་ལའང་ཇི་ལྟར་འགྲེལ།
སྤྱིར་བཏང་བརྟག་དཔྱད་མ་བྱས་པར་གང་བྱུང་བྲིས་འདུག་སྙམ་ལ། ལྷག་པར་ཧམ་པའི་ཞད་ཀྱང་ཅུང་ཙམ་འདྲེས་འདུག་པའི་སྣང་ཚུལ་རྒྱུན་མར་སྤྲོད་ཀྱིན་འདུག ཁྱེད་ཀྱིས་ཉི་ཁྲི་དང་ཉིས་ཁྲི་ལ་དོན་སྟོན་སྟངས་ཀྱི་ཁྱད་པར་ཅུང་ཟད་ཀྱང་མེད་ཟེར་བ་ནི། རྣམ་པར་འཁྱམ་པའི་གནས་སྟེ། ཉིས་ཁྲི་ཞེས་མི་སུ་འདྲ་ཞིག་ལ་སྨྲས་ཀྱང་། གྲངས་གནས་ཉིད་ལ་གོ་བ་ལས་དེ་ལས་གཞན་པའི་ཆོས་ཤིག་ལ་མི་གོ་བ་བླུན་པོས་ཀྱང་ཤེས་པའི་གནས་ཉིད་དོ།།
དེ་བཞིན་ཉི་ཁྲི་ནི་དེ་ལྟར་མ་ཡིན་པར་ཐད་ཀར་སངས་རྒྱས་ཀྱི་གསུང་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ནང་ཚན་འབྲིང་བ་ལ་གོ་བ་ནི། ཡོངས་སུ་གྲགས་ཤིང་གྲུབ་པ་ཉིད་དོ། འདི་ལྟ་བའི་ཁྱད་པར་ཆུང་ཆུང་ཞིག་ལ་ཡང་དང་བསྐྱར་གྱིས་འགྲེལ་བཤད་རྒྱག་པ་ནི། ངལ་བའི་རྒྱུ་དང་། ཡིན་སྣག་ཚ་གྲོན་པའི་རྒྱུ་མ་རེད་དམ།
ཁྱོས་ཞེས་པ་དེའང་དེ་སྔ་ཡོངས་གྲགས་སུ་བེད་སྤྱོད་བཞིན་མེད་ཀྱང་རང་ཉིད་ཀྱིས་ཧ་གོ་བ་ནས་ཚད་ལྡན་དང་ཕུལ་བྱུང་ཡང་དག་ཡིན་པར་བསྒྲུབས་འདུག་ཀྱང་། དོན་དངོས་གནས་བཤད་ན། ཁྲོམ་ནང་གི་སྦལ་བས་དེ་ཙམ་མི་མཐོང་བ་བཞིན་ཁྱོད་རང་གིས་མ་མཐོང་བ་ལས་ཨ་མདོ་བའི་རྩོམ་པ་པོ་དང་ཡིག་རྨོངས་པ་དག་གི་བསྟན་བཅོས་ཁྲོད་དང་ངག་ཐོག་གང་སར་ཁྱོད་ཀྱིས་ཞེས་པའི་ཚབ་ལ་ཁྱོས་ཞེས་འབྲི་བཞིན་པ་ཕ་རིའི་ཐང་གསལ་རེད། ད་དུང་ཁྱོད་ཀྱི་ཞེས་པའི་ཚབ་ལའང་ཁྱོའི་ཞེས་འབྲི་བའང་མང་པོ་ཡོད་པ་རེད། དེ་ནི་ཁྱོས་གསལ་བོ་བཟོས་བཞག་པ་ཞིག་མ་ཡིན་པར་སྔོན་མ་ནས་གསལ་གསལ་ཐིང་ཐིང་ཡོད་པ་ཞིག་རེད་ལགས།།
རས་པ་ལགས་ཀྱིས་བཤད་ན་”ཁྱོད་ཀྱིས་ཞེས་པའི་ཚབ་ཏུ་ཁྱོས་ཞེས་བྲིས་པ་དེ་”སོགས་གསུང་ཚུལ་ལ་བལྟས་ན་ཚིག་འབྲུ་དེ་དག་ཚབ་ཚིག་ལ་ངོས་བཟུང་བ་འདྲ་མོད། དེ་དག་ནི་བསྡུས་ཚིག་ལས་ཚབ་ཚིག་མ་རེད། འོན་ཀྱང་ཁྱེད་ཀྱིས་དཔྱད་པ་དེ་དག་ལ་དགའ་གུས་ཚད་ལས་འདས། ཁ་དྲོ།
རྒན་རས་ཆུང་པ་ལགས། ཁྱེས་སྤེལ་བའི་བརྗོད་བྱ་གསར་པའི་རྩོམ་ཡིག་ནང་གང་ཙམ་དཔྱད་པ་མཛད་འདུག་ལ་དྲྭ་གྲོགས་མང་པོས་བགྲོ་གླེང་ཡང་ལྷུག་པོ་གནང་སོང་བས་ཐུགས་རྗེ་ཆེ།།
རེ་སྐུལ་ཞུ་རྒྱུ་ཡོད་པ་ནི། ཁྱེའི་རྩོམ་ཡིག་གི་མཐའ་མཇུག་ཏུ། ༼དེ་ལས་ལྡོག་སྟེ་བོད་ཀྱི་སྐད་བརྡ་རིག་པའི་གཞི་སྒྲོམ་གྱི་ལམ་ལུགས་དང་རྩ་འགལ་དུ་གྱུར་བའི་ཁ་སྐད་རང་བཞིན་གྱི་ཕྲད་གསར་བཙན་སྦྱོར་བྱེད་པ་དེ་དག་ནི་ཡི་གེའི་ཐོབ་ཐང་མི་ལྡན་པ་ཞིག་རེད་ལ། དེས་བོད་ཀྱི་སྐད་བརྡ་རིག་པའི་ད་ཡོད་གཞི་སྒྲོམ་འདི་སྒྲོམ་གཞི་གཞན་ཞིག་གི་ངོ་བོར་བསྒྱུར་བའི་རྐྱེན་བྱེད་པས་ན་དེ་ནི་གཟབ་དགོས་པའི་གནས་ཉིད་དོ།།༽ གསུངས་པའི་བཙན་སྦྱོར་བྱས་པའི་ཕྲད་གསར་དག་གི་སྐོར་ལ་ཅུང་ཟད་ཅིག་གསུང་བར་གསོལ།།
““`ང་ཡིས་ཚབ་ཏུ་ངས་དང་ངོས་ཞེས་དང་། ང་ཚོ་ཡིས་ཚབ་ཏུ་ང་ཚོས་ཞེས་དང་། ཁོ་ཡིས་ཚབ་ཏུ་ཁོས། ཁོ་ཚོ་ཡིས་ཚབ་ཏུ་ཁོ་ཚོས། མོ་ཡིས་ཚབ་ཏུ་མོས““
འདི་དག་ནི་མིང་ཚབ་མ་ཡིན་པར་བྱེད་སྒྲ་བསྡུས་པ་ཞིག་ཡིན་འདུག་པས་གོང་གི་ཚེ་རིང་རྡོ་རྗེས་བྲིས་པ་བཞིན་ལྟར་དུ་སྣང་ངོ།།
བརྗོད་གཞི་འདི་རིགས་ཧ་ཅང་ལེགས་པོ་འདུག་པས་མུ་མཐུད་ན་ལེགས།
ཐུགས་རྗེ་ཆེ་རས་ཆུང་ལགས།
སྔོན་གྱི་ཡི་གེ་དག་ཀློགས། དེང་གི་འབྲི་སྟངས་དག་སོམས། དེ་ནས་བརྡ་སྤྲོད་ཀྱི་ཆུ་རྫིང་ནང་རྐྱལ་རྒྱོབས། རས་ཆུང་བས་གླེང་ཙམ་བསླངས་འདུག དགའ་ཡོད།
མདོ་མཛངས་བླུན་བུ་མོ་རྡོ་རྗེའི་ལེའུའི་ཤོག་གྲངས་༥༠ཡི་ཡིག་ཕྲེང་༤པར།
་་་། ༼ཁྱོས་༽ཀྱང་རྒྱལ་པོ་ལ་དེ་བཞིན་༼གསོལ་༽ནས་རྒྱལ་པོས་མག་པ་ལ་འདི་སྐད་ཅེས་མ་ཟེར་བར་མྱུར་དུ་སོང་ལ་ཕྱིར་མྱུར་དུ་མི་གནང་བར་སྣོམས་ཤིགཅེས་བཀའ་རྩལ་ཏོ། ༼མག་པས་༽ཀྱང་༼གསོལ་བ༽། རྒྱལ་པོ་ཆེན་པོ། ་་་་ཞེས་སོགས་སོ།
འདི་ནི། ཁྱོད་ཀྱིས་ཚབ་ལ་ཁྱོས་ཞེས་བྲིས་ན་མི་འཐད་པའི་ཁུངས་ཡིན་ལགས།
༼མཆན་སྔོན་མ་དེར་ཡིག་ནོར་འགའ་འདུག་པ་བཅོས་ནས་བསྐྱར་དུ་བཀོད་པ་ཡིན་པས་དུས་བབ་དྲ་བ་ནས་བརྗེས་རོགས་གནང་།༽
རས་ཆུང་པ་ལགས།
ཡི་གེའི་ཐོབ་ཐང་དང་ཡི་གེའི་སྡེབ་སྦྱོར་གཉིས་རྣམ་པ་ཐམས་ཅད་དུ་ནི་ཉ་ཉུང་མཉམ་བསྲེས་བྱ་མི་རུང་ངོ་།། སློབ་དཔོན་ཐོན་མི་མཆོག་གིས་བོད་ཡིག་གི་སྡེབ་སྦྱོར་ལེགས་པར་མཛད་ནས་ལུང་སྟོན་པ་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པར་གཏན་འཁེལ་ཟིན་པ་ལས་རྣམ་དབྱེ་དང་ཚིག་ཕྲད་རྣམས་ནི་གང་ལ་གང་འཐོབ་པ་ལྟར་སྦྱོར་དགོས་པས་འདི་ལ་ཡི་གེའི་ཐོབ་ཐང་ཟེར་ན་འགྲིག་པ་དང་། དེ་ལ་རྟགས་མཚུངས་འདྲེན་པ་ཅུང་ཤས་ཆེ། དེ་མིན་པའི་སྡེབ་སྦྱོར་གཞན་དག་ནི་བརྗོད་བདེར་འདྲེན་པ་དང། སྒྲ་མཚུངས་འདྲེན་པ་དང་། གནས་མཚུངས་འདྲེན་པ་སོགས་ཡོད།
ད་ནི་སྐབས་སུ་བབས་པ་ཅུང་ཟད་བརྗོད་ན། ཁྱོད་ཀྱིས་ལ་ཁྱོས་ཟེར་བ་འདི་དང་། ང་ཡིས་ལ་ངས་དང་། ང་ཚོ་ཡིས་ལ་ང་ཚོས། མོ་ཡིས་ལ་མོས། འདི་ཡིས་ལ་འདིས། དེ་ཡིས་ལ་དེས་ཞེས་པ་ལ་ཁྱད་པར་ཡོད་དེ། རྣམ་དབྱེ་གསུམ་པ་བྱེད་སྒྲའི་ཕྲད་ནི། གིས་ཀྱིས་གྱིས་འིས་ཡིས་ལྔ་བོ་ཡིན་ལ། སྦྱོར་ཚུལ་ན་མ་ར་ལ་གྱིས།། ད་བ་ས་ཀྱིས་ག་ང་གིས།། འ་དང་མཐའ་མེད་འིས་དང་ཡིས།། ཞེས་པས་སོ།། ཁྱོད་ལྟར་ན་བྱེད་སྒྲའི་ཕྲད་འིས་སྦྱར་བ་སྟེ། ང་ཚོའིས། དེའིས། ནམ་མཁའའིས། མདའའིས། ཞེས་པ་སོགས་ནི་བརྗོད་བདེར་བྱས་པའི་དབང་གིས་རིམ་པར། ང་ཚོས། དེས། མདས། ཞེས་བྲིས་པར་བསམ་ཡོད་ཤས་ཆེ། དེ་དང་ཉ་ཉུང་མཉམ་བསྲེས་བྱས་ཏེ། ཁྱོད་ཀྱིས་ལ་ཁྱོས། བདག་གིས་ལ་བདས། གང་གིས་ལ་གས། རྒན་གྱིས་ལ་རྒས། ལ་སོགས་བྱེད་པ་འདི་ནི་བཞད་གད་ཀྱི་གནས་ལས་མ་འདས་སོ།། དེ་ལྟར་ཡིན་དགོས་ན་བྱེད་སྒྲའི་ཕྲད་ལ་ཐོབ་ཐང་མི་དགོས་པར་སོང་བས། ང་ཚོ་ཀྱིས། དེ་གྱིས། ང་ཀྱིས། རྒན་ཡིས། མདའ་གྱིས། ལ་སོགས་བརྗོད་བདེར་བྱས་ནས། ང་ཚོས་དང་དེས་དང་ངས་དང་རྒས་དང་མདས་སོགས་སྦྱོར་དགོས་པ་མ་མཁྱེན་ཨང་། ངས་བསམ་ན་ཁྱོད་ཀྱིས་བྱེད་སྒྲའི་ཕྲད་འིས་ཡིད་ལ་མ་འཁོར་བ་འདྲ། ཚེག་བར་བསྡུས་པའི་ཚེ་ན་ཕྲད་འིས་ཞེས་པའི་འི་བསྡུས་ནས་ས་གཅིག་པོ་འབྲི་དགོས་པ་དང་། ཚེག་བར་ཕྱེ་ན་ཡིས་ཞེས་འབྲི་དགོས་པ་མཁྱེན་པར་མཛོད་ཅིག
ཁྱོད་ཀྱིས་ལ་ཁྱོས་བྲིས་པ་ཤིན་ཏུ་ནོར་བ་ཡིན་ཏེ། ཁྱོས་རང་གི་བཟའ་ཟླར་ལབ་པ་ཟེར་བ་དེའི་དོན་མ་རྟོགས་པའི་རང་རྟགས་བསྟན་པ་རེད།
རས་ཆུང་པས་དཔྱད་བརྗོད་ཡག་པོ་གནང་འདུག མུ་མཐུད་དཔྱད་བརྗོད་གནང་རྒྱུའི་རེ་བསྐུལ་ཐུགས་རྗེ་ཆེ། ཡིན་ནའི་ཤེས་ལྡན་ཞེས་པའི་ཚབ་ཏུ་ཤེས་མཁན་དང་། ཤེས་ཅན་ཞེས་འཇུག་ལ། དེ་བཞིན་དུ་བློ་ལྡན་ཞེས་པར་བློ་ཅན་དང་བློ་མཁན། ཞེས་སོགས་གཅིག་འཇུག་སར་གཅིག་ཤོས་དེ་འཇུག་པའི་ཐོབ་ཐང་ཆ་ཚང་ལྡན་ཡོད། གསུངས་པར་ཐོབ་ཐང་ཡོད་རུང་དེ་ལྟར་བེད་སྤྱོད་བྱས་ཚེ་བརྗོད་དོན་ཐོག་འགྱུར་བ་འགྲོ་མེད་དམ་སྙམ། མུ་མཐུད་དཔྱད་རྒྱུ་ཡོད།
རེད། གྲོགས་རས་པས་བློ་གསལ་གནང་འདུག སྤྱི་ལྡོག་ནས་ཀྱང་ཡོད་དང་ལྡན་ཟེར་བ་ལ་ཁྱད་པར་ཡོད་པ་རེད། ལྡན་ཟེར་དུས་ཁྱད་གཞི་ཞིག་ལ་ཁྱད་ཆོས་ཤིག་ཡོད་མེད་ལ་སྦྱོར་དགོས་པ་ལས་ཆོས་རང་ལྡོག་མ་གཅིག་ལ་སྦྱོར་མི་འོས། དཔེར་ན། བུམ་པ་ལྡན་པ་རེད་ཟེར་ན་གོ་རྒྱུ་མེད་ལ། བུམ་པ་ཡོད་པ་རེད་ཟེར་ན་གོ་རྒྱུ་ཡོད་པ་དང་དོན་དངོས་གཉིས་ཀ་རེད། དེ་བཞིན་ཁྱད་གཞི་གཅིག་གི་སྟེང་ལ་ཁྱད་ཆོས་ཤིག་ཡོད་མེད་ལ་སྦྱར་ནའང་ཡོད་སྦྱོར་ས་ཆ་ཚང་ལ་ལྡན་དང་མཁན་སྦྱར་ན་མི་འགྲིག དཔེར་ན། ང་ལ་ཁ་སྤུ་ཡོད་ཟེར་འོས་ཀྱང་ང་ལ་ཁ་སྤུ་ལྡན་དང་ཁ་སྤུ་མཁན་ཞེས་སུ་སྦྱོར་འོས་མེད། སྐད་བརྡ་རིག་པ་ལ་སྤྱི་འགྲོས་ཤིག་ལོས་ཡོད་མོད། བོད་ཁ་བ་ཅན་གྱི་བརྡ་སྤྲོད་ལའང་སྤྱི་འགྲོས་ཤིག་ཡོད་པས། སྐད་བརྡ་རིག་པས་བོད་ཀྱི་བརྡ་སྤྲོད་པའི་ནང་སྲིད་ལ་ཐེ་ཇུས་བྱས་མ་ཆོག ཧ་ཧ་ཧ་་
ཡང་ང་ཚོས་གཏོང་ཟེར་བ་དང་བརྒྱབ་ཟེར་བའི་བྱ་ཚིག་ཁ་ཤས་བརྒྱ་གོ་གཅིག་ཆོད་ལྟར་བེད་སྤྱོད་བྱེད་པ་བཞིན་ལྡན་དང་མཁན་ཡང་ཨུ་ཚུགས་བྱས་ན་ལོས་ཆོག་མོད། དེ་ནི་བོད་ཀྱི་བརྡ་སྤྲོད་དང་མཐུན་མིན་བཤད་དཀའ།
ཁྱོས་ཞེས་པ་ནི་ཟས་ལྷག་གི་བརྡ་རྙིང་དང་། ཁྱོ་ཡིས་ཞེས་པའི་བྱེད་སྒྲ་བསྡུས་པ་ཡིན་པར་དག་གསར་དུ་བཤད།
དེ་བཞིན་དུ་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ལ་མཁས་པ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་བགྲེས་པོ་ཞིག་གིས་མཚོ་སྔོན་བརྙན་འཕྲིན་ཁང་དུ་སུ་ཏུའི་འགྲེལ་ཆེན་བཤད་ཁྲིད་གནང་བཞིན་པ་ཁོང་གིས་ལྡན་པ་དང་ཡོད་པ་ལ་ཁྱད་པར་ཡོད་ཚུལ་གསུངས་ཤིང་། དཔེ་ནི་མདུན་ཅོག་འདི་ལ་རྐང་བ་བཞི་ཡོད་ཟེར་བ་ལས་ལྡན་མི་ཟེར་བ་དང་། ཚོས་གཞི་གསུམ་ལྡན་གྱི་མདུན་ཅོག་ཟེར་བ་ལས་ཚོས་གཞི་གསུམ་ཡོད་ཀྱི་མདུན་ཅོག་ཟེར་ན་མི་བདེ་ཟེར་བ་འདྲ་ཞིག་གསུངས་སོང་ངོ་།
ཡག་བྱུུང་ཞུ་རྒྱུ་ཡིན། རས་ཆུང་དང་། རྡོ་རྗེ་རིན་ཆེན། བསེ་རུ་སོགས་ཀྱིས་རང་ཁུར་ཞིག་བླངས་ནས་བོད་ཀྱི་སྐད་ཡིག་གི་མ་དག་རྒྱུན་འབྱམས་སུ་འགྲོ་བཞིན་པ་རྣམས་དག་ཐེར་བྱེད་པ་བཞིན་ཡོད་པ་ཚང་མས་ཁུར་སེམས་མཉམ་སྐྱེད་ཐུབ་ན། བོད་ཀྱི་སྐད་ཡིག་གི་སྲོག་རྩ་མི་ཆད་པར་ཕན་ཐོགས་ཡོང་རྒྱུ་རེད།
ང་ཚོའི་བོད་ཀྱི་སྐད་ཡིག་འདི་ཐོག་མར་བཟོ་དུས་བོད་པའི་སྐད་ཀྱི་རང་བཞིན་ལ་ཕར་བསྟུན་ནས་བཟོས་པ་ལས་བོད་སྐད་དང་འབྲེལ་བ་མེད་པའི་ཡི་གེའི་ཐོབ་ཐང་ཞིག་ཨེ་ཡོད་ན་བསམས། བརྗོད་ན་བརྗོད་མི་བདེ་བ་དང་། ཀློག་ན་ཀློག་མི་བདེ་བ་ཞིག་བྲིས་ཏེ། ཐོབ་ཐང་ཡིན་ཞེས་ཇི་ཙམ་བཤད་ཁུལ་བྱས་ཀྱང་སྣ་ཇི་ལྟར་འཐེན་ཀྱང་ཁ་ནང་མི་འབྱོར་ཟེར་བའི་དཔེ་རེད། ཉི་ཤུ་ལ་ཉིས་ཤུ་ཞེས་བྲིས་པ་ཡིག་ནོར་དུ་བགྲང་མི་རིགས་ན། བཅོ་ལྔ་ལ་བཅུ་ལྔ་དང་། བཅོ་བརྒྱད་ལ་བཅུ་བརྒྱད་སོགས་སུ་བྲིས་ན་ཡིག་ནོར་དུ་བགྲང་མི་རིགས་པ་ལོས་འགྱུར། དེ་ལྟར་ན་བཅོ་ལྔ་ནི་གྲངས་ཀྱི་བཅོ་ལྔ་དང་བཅུ་ལྔ་ནི་བཅུ་ཚན་ལྔ་ལ་གོ་བས་འགྱུར་བས་དེ་གཉིས་མི་འཛོལ་ཆེད་ལོ་ཙྭ་བ་རྣམ་པས་གཏན་འབེབས་བྱས་པ་ཅོ་མ་འདྲི་རོགས། དེའི་སྐོར་ལ་ཡིག་བཤད་མཁས་པའི་ཁ་རྒྱན་སོགས་ལ་ཞིབ་ཀློག་མ་ལྕོགས་ན་ཡང་བམ་ཀློག་ཅིག་བྱོས་དང་། དེའི་རྗེས་ཐོབ་ཐང་སྐོར་གླེང་ན་རན་པོ་རེད།།
མདོ་དོན་ནི།
མིག་སྔར་******དྲིས་ལན་ཉི་བརྒྱ་པ་ཞེས་ཉིས་བརྒྱའི་ཚབ་ཏུ་ཉི་བརྒྱ་ཞེས་བྲིས་འདུག་པ་ལ། དེ་ཉིད་དག་པར་སྟོན་བྱེད་”ཐོབ་ཐང་”འདི་མ་གླེང་ཐབས་མེད་བྱུང་བ་འདྲ།
གཏི་མུག་དུག་གིས་བཏུམས་པའི་མུན་པ་དེ།།
ཉི་བརྒྱ་དུས་གཅིག་འཆར་ཡང་གསལ་ནུས་མིན།།
སྐུ་ཞབས་རས་ཆུང་བས་དཔྱད་བརྗོད་ཡག་པོ་ཞིག་སྤེལ་འདུག ཡིན་ནའང་། ཁྱོས་དང་ཁོས་ཁོ་ཚོས་ཞེས་པ་དག་ནི་སྔར་ནས་བེད་སྤྱོད་གནང་བསྡད་པ་ཞིག་རེད་ལ། ལྷག་པར་ལུང་རིགས་རྒྱལ་གྱི་《ཁྱོད་གསར་འགོད་པ་བྱེད་ན་འདོད་དམ》ཞེས་པའི་དེབ་ནང་ལ་ཁྱོས་ཞེས་པ་དེ་མང་དུ་བེད་སྤྱོད་གནང་ཡོད་སྙམ་བྱུང་ལ། ཁོང་གིས་དེ་ལུགས་ཀྱི་འགྲེལ་བཤད་ཅིག་ཡང་གནང་ཡོད་སྙམ་བྱུང་། དེ་རིང་ལག་སྣེ་ན་དཔེ་ཆ་མེད་པས་ལྟ་རྒྱུ་མ་བྱུང་མོད། ཕལ་ཆེར་ཁོང་གི་དེབ་ཀྱི་མགོ་ནས་འཇུག་བར་དེ་བེད་སྤྱོད་གནང་ཡོད་སྙམ།
དེ་ནས་ཉིས་ཤུ་ཞེས་པ་དེ་ད་བདེ་བོ་ཞིག་མ་བྱུང་ཐལ། ཉི་འབུམ་ཉི་ཁྲི་སོགས་ནི་བརྗོད་བདེ་མིན་པ་མ་ཟད། དོན་ནོར་ཡང་འབྱུང་ངེས་ཡིན་པས་ཉིས་ཁྲི་སོགས་སྦྱར་བ་རེད་སྙམ་ཞིང་ཉི་ཤུ་ལ་ཉི་ཁྲི་ལྟར་དོན་ནོར་འབྱུང་ས་མེད་པས་རང་སོར་བཞག་པ་མིན་ནམ་སྙམ།
དེ་ནས་ཤེས་ལྡན་དང་བློ་ལྡན་ལ་ཤེས་ཅན་དང་བློ་ཅན་ཞེས་སུ་སྦྱོར་འོས་པ་མ་ཟད་ནང་དོན་ལའང་འགྱུར་བ་མི་ཐེབས་མོད་ཤེས་མཁན་དང་བློ་མཁན་སྦྱར་ན་ནང་དོན་ལ་འགྱུར་བ་ཐེབས་སྟེ་གོ་རྒྱུ་མེད་པས་མི་འགྲིག་པ་འདྲ།
གང་ལྟར་བསམ་ཚུལ་ཙམ་ཡིན།